Tibetan Royal Year of 2151 | Year of the Wood Dragon

ཨོ་གླིང་རྒྱལ་ཡོངས་བོད་ཀྱི་རྐང་རྩེལ་རུ་ཁག་དབུ་འབྱེད་དང་༸རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ནང་མཉམ་ཞུགས་གནང་འཆར།

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

ཕྱི་ཟླ་ ༣ ཚེས་ ༡༧ ཉིན་ཨོ་སི་ཊི་ལི་ཡའི་གྲོང་ཁྱེར་སིཌ་ནི་དུ་ཨོ་གླིང་རྒྱལ་ཡོངས་བོད་ཀྱི་རྐང་རྩེད་སྤོ་ལོ་རུ་ཁག་དངོས་སུ་དབུ་འབྱེད་དང་སྦྲགས། རིང་མིན་ཕྱི་ཟླ་ ༦ ནང་བཞུགས་སྒར་དུ་འཚོགས་གཏན་ཁེལ་བའི་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་ ༢༨ པ་ནང་ཆེས་ཐོག་མ་མཉམ་ཞུགས་གནང་གཏན་ཁེལ་ཡོད་པ་རེད།

རྐང་རྩེད་སྤོ་ལོ་རུ་ཁག་དབུ་འབྱེད་དང་འབྲེལ་བའི་མཛད་རིམ་ཐོག་ས་གནས་བོད་ཀྱི་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་དང་། གྲོང་ཁྱེར་སིཌ་ནི་བྱང་མཚོ་ངོགས་གྲོང་སྡེ་ལྷན་ཁང་གི་སྤྱི་ཁྱབ་པ་  Michael Regan ལགས་གཙོས་གྲོས་ཚོགས་འཐུས་མི། ས་གནས་ཀྱི་གཞུང་དང་གཞུང་མ་ཡིན་པའི་སྡེ་ཚན་ཁག་གི་གནད་ཡོད་མི་སྣ་དང་རྒྱབ་སྐྱོར་བ་སོགས་མཉམ་ཞུགས་གནང་འདུག

རླུང་འཕྲིན་ཁང་གིས་ཨོ་གླིང་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སྐལ་བཟང་ཚེ་རིང་ལགས་སུ་ཞལ་པར་བརྒྱུད་ཨོ་གླིང་རྒྱལ་ཡོངས་བོད་ཀྱི་རྐང་རྩེད་སྤོ་ལོ་རུ་ཁག་གསར་འཛུགས་ཀྱི་བརྒྱུད་རིམ་དང་རུ་ཁག་དེ་ཉིད་རིང་མིན་༸རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ནང་ཆེས་ཐོག་མ་མཉམ་ཞུགས་གནང་གཏན་ཁེལ་བ་སོགས་དང་འབྲེལ་བའི་བཅར་འདྲི་ཞུས་ཡོད།  

གཞི་རྩའི་འདི་ལོ་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་ ༢༨ པ་དེ་བཞིན་ཕྱི་ཟླ་ ༦ ཕྱི་ཚེས་ ༡ ནས་ ༡༡ བར་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་རྩེད་ཐང་དུ་འཚོགས་གཏན་ཁེལ་བར་མ་ཟད། རྩེད་འགྲན་ནང་རྒྱ་གར་ནས་རུ་ཁག་ ༡༢ དང་བལ་ཡུལ་ནས་རུ་ཁག་ ༢ དེ་བཞིན་ཡོ་རོབ་ཁུལ་ནས་རུ་ཁག་ ༡ ཨོ་གླིང་རྒྱལ་ཡོངས་བོད་ཀྱི་རྐང་རྩེད་སྤོ་ལོ་རུ་ཁག་བཅས་ཁྱོན་རུ་ཁག་ ༡༦ ནས་མཉམ་ཞུགས་གནང་གི་འདུག

འོང་ཀྱང་འདི་ལོའི་༸རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ནང་སླར་ཡང་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་མིའི་གནས་ཡུལ་གྱི་ས་གནས་ཁག་ནས་རུ་ཁག་གཅིག་ཀྱང་མཉམ་ཞུགས་གནང་མེད་པའི་གནས་སྟངས་དང་འབྲེལ་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་བསྟན་འཛིན་རིན་ཆེན་ལགས་སུ་དེ་འབྲེལ་བཅར་འདྲི་ཞུས་སྐབས་ལྷོ་ཕྱོགས་ཁུལ་ནས་རྩེད་འགྲན་ནང་རུ་ཁག་ལྔ་མཉམ་ཞུགས་ཆོག་པའི་ཞུ་སྙན་ཞིག་འབྱོར་དོན་བཞིན་རྩེད་འགྲན་ཐོག་མའི་འཆར་སྒྲིག་ལས་གནང་དཀའ་བ་ལས་མ་འདས་ཀྱང་། སྔ་ལོར་ས་མིག་གཅིག་སྤར་ཆ་གནང་ཡོད་པས་ཐེངས་འདིའི་རྩེད་འགྲན་ནང་ལྷོ་ཕྱོགས་ཁུལ་ནས་རུ་ཁག་གསུམ་མཉམ་ཞུགས་གནང་རྒྱུའི་གོ་སྐབས་ཕུལ་ཡོད་པ་སོགས་གསུངས་སོང་།

དེ་བཞིན་ལྷོ་ཕྱོགས་ཁུལ་གྱི་རྩེད་རིག་ཚོགས་པ་ཆེ་གྲས་བདེ་སླར་རྩེད་མོ་ཚོགས་པའི་ཚོགས་གཙོ་ཚེ་རིང་དབང་ཕྱུག་ལགས་སུ་དེ་འབྲེལ་བཅར་འདྲི་ཞུས་པར་ལྷོ་ཕྱོགས་ཁུལ་གྱི་གཞིས་ཆགས་ཁག་དེ་སྔ་ནས་༸རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ས་གནས་གང་དུ་ཚོགས་ཀྱང་ཆད་ལུས་མེད་པར་མཉམ་ཞུགས་གནང་བཞིན་ཡོད་སྟབས། དེ་སྔ་ལྟར་ས་མིག་ཆ་ཚང་རག་ཐབས་ལ་འབོད་སྐུལ་ཞུས་པར་དོན་འབྲས་གང་ཡང་མ་སོན་པའི་གནས་སྟངས་དང་། རྩེད་འགྲན་དང་འབྲེལ་བའི་འགྲོ་སོང་ཆ་ཚང་ས་གནས་སོ་སོ་ནས་ཐབས་ཤེས་གནང་དགོས་སྟབས་དཔལ་འབྱོར་གྱི་ཆ་ནས་ངལ་བ་འཕྲད་རྐྱེན་མཉམ་ཞུགས་གནང་མ་ཐུབ་པའི་གནས་སྟངས་སུ་གྱུར་བ་ལས་༸རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ལ་མི་དགའ་བ་དང་མཉམ་ཞུགས་གནང་བློ་མེད་པའི་རྒྱུ་མཚན་གང་ཡང་མ་རེད་ཅེས་གསུངས་ཡོད། པར་ཁག་སྤྱི་ཚོགས་དྲ་རྒྱ་ལས་བཏུས།

འབྲེལ་ཡོད་གསར་གནས།

གསར་གནས།