Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: May, 2016

མང་ཚོགས་ནས་རྡ་སའི་ས་གནས་འགོ་འཛིན་གྱི་འོས་བསྡུར་དོ་སྣང་ཆེན་པོ་གནང་བཞིན་འདུག

དེ་རིང་ཟླ་ ༥ ཚེས་ ༢༥ ཉིན་གྱི་སྔ་དྲོར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དང་གངས་ཅན་སྐྱིད་ཤོངས། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་སོགས་ས་ཚིགས་བཅུར་ཆ་བགོས་ལྟར། བཞུགས་སྒར་ཁུལ་གྱི་ས་གནས་མང་ཚོགས་ནས་རྡ་སའི་ས་གནས་འགོ་འཛིན་གསར་པའི་སྔོན་འགྲོ་འོས་བསྡུར་མང་ཚོགས་ནས་དོ་སྣང་ཆེན་པོས་འོས་འཕེན་བཞིན་འདུག ཐེངས་འདིའི་འོས་བསྡུའི་ནང་འོས་མི་རང་ངོས་ནས་དང་བླངས་ཐོག་དྲིལ་བསྒྲགས་གནང་མཁན་བཀྲིས་ལགས་དང་ཟླ་བ་རིན་ཆེན་ལགས། ཐུབ་བསྟན་འཇིགས་མེད་ལགས། བསྟན་འཛིན་རབ་རྒྱལ་ལགས་བཅས་བཞི་ཡོད་འདུག   ད་ལྟའི་རྡ་སའི་ས་གནས་འགོ་འཛིན་ལས་ཚབ་དང་ས་གནས་འོས་བསྡུའི་འགན་འཛིན་ཚེ་རིང་ལྷ་མོ་ལགས་ཀྱིས་གསུངས་པར། སྔོན་འགྲོ་འོས་བསྡུའི་གྲུབ་འབྲས་དེ་ཕྱི་ཚེས་ ༢༨ ཉིན་གནང་གཏན་འཁེལ་འདུག་པ་དང་། རྡ་སའི་འགོ་འཛིན་གྱི་དངོས་གཞི་འོས་བསྡུ་དེ་ཟླ་ ༦ ཚེས་ ༤ ཉིན་གནང་རྒྱུ་དང་ཚེས་ ༨ ཉིན་དངོས་གཞི་གྲུབ་འབྲས་གསལ་བསྒྲགས་གནང་རྒྱུུ་རེད་འདུག ལྷག་པར་དུ་ས་གནས་འོས་བསྡུའི་འགན་འཛིན་མཆོག་གིས་དངོས་གཞི་ནང་དུ་འོས་བསྡུའི་སྒྲིག་གཞི་དགོངས་དོན་འོས་གཞི་མི་གྲངས་ ༢ ལས་མ་ཉུང་བ་འདོན་རྒྱུའི་ཐག་གཅོད་བྱུང་འདུག གཞི་རྩའི་མང་ཚོགས་ནས་འོས་འདེམས་ཞུས་པའི་དེ་སྔའི་ས་གནས་འགོ་འཛིན་བསོད་ནམས་རྡོ་རྗེ་ལགས་ནས་སྐབས་གཉིས་པའི་ལོ་གསུམ་དུས་ཡུན་མ་ཚང་སྔོན་དུ་རྩ་དགོངས་ཞུས་རྗེས། འདས་པའི་ཟླ་ཤས་ནང་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་ཚེ་རིང་ལྷ་མོ་ལགས་ཀྱིས་ས་གནས་འགོ་འཛིན་ལས་ཚབ་ཀྱི་ཐུགས་འགན་བཞེས་གནང་ཡོད་པ་རེད། རྡ་སར་གནས་སྡོད་བོད་མི་ཚོས་ས་གནས་འགོ་འཛིན་ནི་གཞུང་དང་མང་ཚོགས་དབར་གྱི་ཟམ་པ་ལྟ་བུ་གནད་ཆེ་ཞིག་ཡིན་སྟབས། མང་ཚོགས་ནས་ཞིབ་དཔྱད་ཀྱིས་འོས་མི་ཡག་པོ་ཞིག་འདེམས་རྒྱུ་ཧ་ཅང་གི་གལ་ཆེ་ཡིན་པ་གསུངས་ཀྱི་འདུག རྩ་བའི་བཞུགས་སྒར་ཁུལ་དུ་གནས་སྡོད་བོད་མི་ཆིག་ཁྲི་བཞི་སྟོང་ཡས་མས་ཡོད་པ་རྣམས་ནས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ནང་གསལ་ལོ་གསུམ་རེའི་མཚམས་སུ་ས་གནས་འགོ་འཛིན་འཕོ་འགྱུར་ཐོག་གསར་འདེམ་གནང་གི་ཡོད་པ་རེད།

ཨ་རི་གྲོས་ཚོགས་ནང་རྒྱ་གཞུང་གིས་རྒྱལ་སྤྱིའི་ཐོག་དམ་དྲག་གི་སྲིད་བྱུས་སྤེལ་བར་ཉན་ཞིབ་ཀྱི་ལས་རིམ།

དེའང་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ཨང་ ༢༡༠ ནང་ CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གིས་གོ་སྒྲིག་འོག རྒྱ་ནག་གཞུང་གིས་རྒྱ་ནག་ནང་ལ་ཡོད་པའི་གསར་འགོད་པ་དང་དཔྱད་ཞིབ་པ། འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་བཅས་ལ་དམ་དྲག་བྱས་པ་མ་ཟད། ཚོང་དང་དཔལ་འབྱོར། ཆབ་སྲིད་སོགས་ལ་གནོན་ཤུགས་སྤྲད་པའི་བརྒྱུད་ཕྱི་སྡོད་རྒྱ་རིགས་མང་གཙོ་དོན་གཉེར་ཅན་རྣམས་ལ་དམ་དྲག་གི་སྲིད་བྱུས་སྤེལ་བར་ཉན་ཞིབ་ཀྱི་ལས་རིམ་ཚོགས་འདུག ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Chris Smith ལགས་དང་ཚོགས་གཞོན་སྐུ་ཞབས་ Marco Rubio ལགས་རྣམ་པ་གཉིས་གཙོས་པའི་ཚོགས་མི་དང་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི། ཕྱི་སྡོད་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་སྐུ་ཞབས་ Teng Biao ལགས་དང་རྒྱ་གཞུང་གིས་ཕྱིར་ཕུད་བཏང་པའི་ Dutch Welle གསར་སྤེལ་ཁང་གི་རྒྱ་རིགས་གསར་འགོད་པ་ Su Yutong ལགས། དེ་བཞིན་རྒྱ་ནག་གཞུང་ནས་འཛིན་བཟུང་བྱས་པའི་ཧོང་ཀོང་གི་དཔེ་ཚོང་བ་ Gui Minhai ལགས་ཀྱི་བུ་མོ་ Angela Gui ལགས་བཅས་མཉམ་ཞུགས་གནང་འདུག སྐབས་དེར་སྐུ་ཞབས་ Chris Smith ལགས་ཀྱིས་ཉེ་ལམ་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་ཡོད་པའི་དཔེ་དེབ་ཚོང་མཁན་འཛིན་བཟུང་བྱས་པའི་གནས་ཚུལ་དང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་སྙན་ལ་མཛད་དཀའ་བཟོ་ཐབས་ཀྱི་བྱ་ངན་རིགས་ལ་དམིགས་ཏེ། དོལ་རྒྱལ་ཚོགས་པར་དཔལ་འབྱོར་སོགས་ཀྱི་མཐུན་རྐྱེན་བསྐྲུན་པའི་གནས་ཚུལ་ཁག་ལུང་འདྲེན་གྱིས་རྒྱ་ནག་གཞུང་ནས་དེ་སྔ་གནམ་སྡེ་སྒོར་མོ་ཆེའི་དོན་རྐྱེན་དང་འབྲེལ་བའི་རྒྱ་རིགས་ལས་འགུལ་བ་གཙོས་རྒྱ་ནག་ནང་ཡོད་རྒྱ་རིགས་ཞི་རྒོལ་བ་རྣམས་ལ་དམ་དྲག་བྱེད་བཞིན་པའི་ཁར། ཕྱི་སྡོད་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་དཔྱད་ཞིབ་པ་སོགས་ཀྱི་རང་དབང་ལ་དམ་དྲག་བྱས་པ་དང་། ལྷག་དོན་རྒྱལ་སྤྱིའི་རྒྱལ་ཁབ་རྣམས་ལ་གནོན་ཤུགས་སྤྲོད་རྒྱུའི་སྲིད་བྱུས་དེ་རྒྱ་བསྐྱེད་གཏོང་བཞིན་ཡོད་པ་གསལ་བརྗོད་གནང་འདུག དེ་བཞིན་སྐུ་ཞབས་ Marco Rubio ལགས་ཀྱིས་ལོ་ཤས་གོང་ནས་རྒྱ་ནག་གཞུང་གིས་ཨ་རི་གཙོས་པའི་རྒྱ་སྤྱིའི་ཡུལ་གྲུ་ཁག་ཏུ་རྟེན་གཞི་བྱས་པའི་སློབ་གྲྭ་ཆེ་ཁག་དང་མཐོ་སློབ་སོགས་ཀྱི་ནང་མ་དངུལ་མཁོ་སྤྲོད་བྱས་ཏེ་ཁུང་ཙི་སློབ་གླིང་ཞེས་རྒྱ་བསྐྱེད་གཏོང་བཞིན་པ་དེ་ནི་རྒྱ་ནག་རང་གི་སྲིད་བྱུང་སྤེལ་ཐབས་ཤིག་ཡིན་པ་དང་། ལྷག་དོན་མཐོ་སློབ་ཁག་གི་ནང་༸གོང་ས་མཆོག་གདན་ཞུ་བྱ་རྒྱུར་གནོན་ཤུགས་ཀྱང་ཇི་སྙེད་ཅིག་སྤྲོད་ཡོད་པ་གསུངས་ཡོད་པ་རེད། གཞན་ཡང་ཕྱི་སྡོད་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་སྐུ་ཞབས་ Teng Biao ལགས་དང་ཧོང་ཀོང་གི་དཔེ་དེབ་ཚོང་མཁན་ Gui Minhai ལགས་ཀྱི་བུ་མོ་ Angela Gui ལགས་དང་ Dutch Welle གསར་སྤེལ་ཁང་གི་རྒྱ་རིགས་གསར་འགོད་པ་ Su Yutong ལགས་བཅས་རྣམ་པ་གསུམ་གྱིས་རྒྱ་ནག་གཞུང་གིས་ད་ལྟའི་འཆར་རྒྱ་ནག་ནང་ལོག་ཙམ་མ་ཟད། ཕྱི་སྡོད་རྒྱ་རིགས་གསར་འགོད་པ་རྣམས་ཀྱི་ནང་མིའི་བདེ་འཇགས་ལ་གཟིགས་ཏེ། རྒྱ་ནག་གི་ཆབ་སྲིད་གནད་དོན་དང་། ཁྱད་པར་དུ་བོད་ནང་བསྟུད་མར་བྱུང་བཞིན་པའི་རང་ལུས་མེར་སྲེག་གི་གནད་དོན་ཐད་གསར་འགྱུར་བཀོད་རྒྱུ་ཁག་པོ་ཆགས་ཡོད་པ་འགྲེལ་བརྗོད་གནང་འདུག  

༸གོང་ས་མཆོག་མེག་སི་ཀོའི་མི་མང་ཚོའི་ཡིད་མོས་ཆེ་ཤོས་ཞུ་ཡུལ་དུ་བདམས་པ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མེག་སི་ཀོའི་མི་མང་ཚོའི་ཡིད་མོས་ཆེ་ཤོས་ཞུ་ཡུལ་གྱི་ཨང་དང་པོར་བདམས་ཐོན་བྱུང་འདུག     དེའང་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ཡུ་གོབ་ YuoGov ཞེས་པའི་རྒྱལ་སྤྱིའི་ཁྲོམ་རྭའི་གནས་སྟངས་ལ་རྟོག་ཞིབ་བྱེད་མཁན་གྱི་དྲ་གནས་བརྒྱུད་མེག་སི་ཀོའི་མི་མང་ཚོས་ཆེས་ཡོད་མོས་ཞུ་ཡུལ་སྐྱེས་པ་དང་བུད་མེད་ཀྱི་མཚན་གཞུང་མང་དག་ཞིག་བསྡུ་རུབ་གནང་པའི་གྲུབ་འབྲས་ལས། མང་ཚོགས་ཚོས་སྐྱེས་པའི་འོས་གཞི་ལས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དགའ་མོས་ཆེ་ཤོས་ཞུ་ཡུལ་དུ་བདམས་ཡོད་པ་དང་། ཨང་གཉིས་པར་ཨ་རིའི་འབྱོར་ལྡན་སྐུ་ཞབས་བིལ་གེ་ཊི་དང་ཨང་རིམ་གནིས་པ་ཨ་རིའི་སྲིད་འཛིན་སྐུ་ཞབས་བྷ་རག་ཨོ་བྷ་མ་མཆོག་བདམས་ཡོད་པ་རེད། དེ་བཞིན་བེུད་ཁྲོད་མེག་སི་ཀོའི་གསར་འགོད་པ་ལྕམ་ Carmen Aristegui ལགས་ལ་ཡིད་མོས་ཆེ་ཤོས་ཞུ་ཡུལ་ཨང་དང་པོར་བདམས་འདུག་པ་དང་། ཨང་གཉིས་པ་ཨ་རིའི་སྲིད་འཛིན་ཨོ་བྷ་མའི་སྐུ་ཟླ་ལྕམ་ Michellle Obama དེ་ནས་རིམ་བཞིན་པ་ཀི་སི་ཐན་ནས་ཡིན་པའི་ནོ་སྦེལ་ཞི་བདེའི་གཟེང་རྟགས་བཞེས་མཁན་ Malala Yousuf སོགས་ཡོད་པ་རེད། རྩ་བའི་ལས་ཁང་དེས་འོས་བསྡུ་གནང་སྐབས་ཐོག་མར་རྒྱལ་ཁབ་ ༣༠ ནང་འདེམས་སྒྲུག་ཚོགས་མི་ཆེད་བཙུགས་ཀྱིས་མཚན་གཞུང་བསྡུ་རུབ་ཐོག་བདམས་ཐོན་བྱུང་བའི་གྲངས་འབོར་མཐོ་ཤོས་ཀྱི་སྐྱེས་པ་ ༢༠ དང་བུད་མེད་ ༢༠ འདེམས་ཡོད་པ་རེད། དེ་སྔ་ལས་ཁང་དེས་༸གོང་ས་མཆོག་འཛམ་གླིང་ནང་ཡིད་མོས་ཆེ་ཤོས་ཞུ་ཡུལ་གྱི་མི་སྣ་ཨང་ ༨ པའི་མཚན་སྙན་ཐོབ་ཡོད་པ་དང་།  ལྷག་དོན་ཕྷ་རན་སི་དང་འཇར་མ་ནི། ནོར་ཝེ། དེ་བཞིན་ཨོ་སི་ཊོ་ལི་ཡ་དང་མེག་སི་ཀོ་ནང་མགོན་པོ་༸གང་ཉིད་མཆོག་ལ་ཡིད་མོས་ཆེ་ཤོས་ཞུ་ཡུལ་གྱི་ཨང་དང་པོར་ངོས་བཞེས་གནང་ཡོད་པ་རེད།

རེས་གཟའ་མིག་དམར། ༢༠༡༦།༠༥།༢༤

ཉན་པ།: Listen ཕབ་ལེན། Download རྔ་པ་ཀིརྟི་དགོན་པའི་གྲྭ་ཆོས་དར་ལགས་ཀྱིས་བཙོན་ཁང་དུ་ཟས་བཅད་ངོ་རྒོལ་གནང་པ། གནས་མཆོག་རྡོ་རྗེ་གདན་དུ་འཆར་ལོའི་ཟླ་ ༡ ཚེས་ ༣ ནས་ ༡༣ བར་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་གཏན་འཁེལ་འདུག དྷ་སའི་མང་ཚོགས་ཀྱིས་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ལ་ཆེ་བསྟོད་ཞུས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་དབུ་འཛུགས། ཕ་རན་སི་གྲོང་སྡེ་ལས་ཁུངས་གཉིས་ནས་བོད་ནང་གི་གྲོང་ཁྱེར་གཉིས་ལ་བདག་སྐྱོང་གནང་གཏན་འཁེལ་བ། དམིགས་བསལ་ལེ་ཚན། གཞས་མ་ཀླུ་མོ་མཚོ་ལགས་ཀྱི་བླངས་པའི་གདོང་དམར་བོད། Tuesday 24/05/2016 Kirti monk sits on hunger strike in prison 34th Kalachakra to be held from January 3 to 13 next year Dharamsala Tibetans felicitate Home Kalon Dolma Gyari Outgoing 14th Kashag cabinet members receive Dalai Lama audience 7th General Meeting of NDPT commences in Dharamsala Tibet Support: Two French municipalities adopt Tibets’ Purang and Kyegudo township MUSIC FEATURE: 'Dongmar Bhodpa' by Lumo Tso

གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཚོགས་རྒྱུའི་ཚེས་གྲངས་གཏན་འཁེལ་བྱུང་འདུག

དེ་རིང་ཟླ་ ༥ ཚེས་ ༢༤ ཉིན་རྒྱབ་ཏུ་བོད་མིའི་སྒྲིགས་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་ཐོན་པར་གཞིགས་ན། །སྐབས་ ༡༤ བཀའ་ཤག་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། བོད་རྒྱལ་ལོ་ ༢༡༤༣ རབ་གནས་མེ་སྤྲེལ་ཟླ་ ༡༡ ཚེས་ ༥ ནས་ ༡༦ བར་དང་། ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༣ ནས་ ༡༤ བར་འཕགས་ཡུལ་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བཀའ་དྲིན་ཆེ་གཏན་འཁེལ་འདུག གཞི་རྩའི་བོད་མིའི་སྒྲིགས་འཛུགས་བཀའ་ཤག་གིས་འདི་ལོའི་ཕྱི་ཟླ་ ༡ ནང་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ གོ་སྒྲིག་ཞུ་གཏན་འཁེལ་ཡོད་ཀྱང། མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་འཕྲོད་བཞེས་ཀྱི་གནད་དོན་ལ་གཞིགས་ཏེ་དུས་འཁོར་དབང་ཆེན་ལོ་གཅིག་རིང་ཕར་འགྱངས་གནང་ཡོད་པ་དང། འདི་ལོའི་ཕྱི་ལོ་གསར་ཚེས་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོའི་གདན་སར་ཕྱི་ལོ་ ༢༠༡༧ ཟླ་ ༡ ནང་དུས་འཁོར་དབང་ཆེན་སྩལ་རྒྱུ་ཡིན་པའི་གསལ་བསྒྲགས་མཛད་ཡོད་པ་ལྟར། ༸གང་ཉིད་མཆོག་གིས་འཆར་ལོའི་དུས་འཁོར་དབང་ཆེན་གྱི་ཚེས་གྲངས་གཏན་འཁེལ་སྐོར་གསལ་བསྒྲགས་བྱེད་འཐུས་ཀྱི་བཀའ་བཟང་སྤྱི་སྨན་སྨིན་བྱུང་བ་ཞིག་རེད་འདུག ཡང་དེ་དང་ཆབས་ཅིག བོད་མིའི་སྒྲིགས་འཛུགས་ཀྱི་དྲ་གནས་ཐོག རིང་མིན་ཟླ་བ་རྗེས་མའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་དུ་ཆོས་འབྲེལ་ཁག་གཉིས་སྩལ་གཏན་འཁེལ་བའི་གནས་ཚུལ་སྤེལ་འདུག དེའང་རྡ་སའི་ནང་ཆོས་ངོ་སྤྲོད་ཚོགས་ཆུང་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། ༸གོང་ས་མཆོག་ནས་ཕྱི་ཟླ་ ༦ ཚེས་ ༡ ནས་ ༣ བར་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་མཛད་པའི་རང་རྒྱུད་ལ་སྐུལ་མ་འདེབས་པའི་དད་པའི་ལྗོན་ཤིང་ཞེས་པའི་སྒོ་ནས་ཆོས་འབྲེལ་བསྐྱང་རྒྱུ་དང་། གཞན་ཡང་ནཱ་ལེནྡྲའི་ཤིཀ་ཤ་ Nalanda Shiksha དད་ལྡན་ཆོས་ཞུ་བས་ཇི་ལྟར་གསོལ་བ་བཏབ་པ་བཞིན། ཟླ་བ་དེ་རང་གི་ཚེས་ ༧ ནས་ ༩ བར་ཉིན་གསུམ་རིང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་ལེའུ་བཞི་པའི་གསུང་ཆོས་འཕྲོ་སྐྱོང་བཀའ་དྲིན་སྩལ་རྒྱུ་ཐུགས་གཏན་འཁེལ་འདུག བདེ་སྲུང་ལས་ཁུངས་ངོས་ནས་ཆོས་ཞུ་བའི་ཕྱག་ཁྱེར་རྣམ་ཀུན་བཞིན་བཞེས་དགོས་པ་དང། ཆོས་ཞུ་བའི་ཕྱག་ཁྱེར་ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༢༥ ཉིན་ནས་འབུལ་རྒྱུ་ཡིན་པ་མ་ཟད། བཞུགས་སྒར་ཁུལ་གཏན་སྡོད་སེར་སྐྱ་རྣམས་ནས་སོ་སོའི་ལོ་གཅིག་གི་གསུང་ཆོས་ཕྱག་ཁྱེར་ཐོག་ཐེལ་ཙེ་ཞུ་དགོས་ཀཀྱི་ཡོད་སྐོར་གསུང་འདུག

བོད་མི་རྣམས་ལ་མང་གཙོའི་ཤེས་ཡོན་གྱི་གོ་རྟོགས་རྒྱ་གང་ཆེ་སྤེལ་ཐབས་གནང་དགོས་པ་གསུངས་སོང་།

དེ་རིང་ཟླ་ ༥ ཕྱི་ཚེས་ ༢༤ ཉིན་དྷ་ས་མེག་གྷན་དུ་རྟེན་གཞི་བྱས་པའི་ནོར་བུ་གསོལ་མགྲོན་ཁང་དུ་སྐུ་མགྲོན་གཙོ་བོ་ཀིརྟི་རིན་པོ་ཆེ་མཆོག་གིས་གཙོས་དམིགས་བསལ་སྐུ་མགྲོན་ཧི་མཱ་ལ་ཡའི་རིག་གཞུངས་ལྟེ་གནས་ཁང་གི་འགན་འཛིན་བློ་བཟང་ཕུན་ཚོགས་ལགས་དང།བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བཀྲིས་ལམ་བཟང་ལགས། སྤྱི་འཐུས་རྒྱུན་ལས་ཁག་ཅིག་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། དེ་བཞིན་ཚོགས་བཅར་བ་མི་གྲངས་ ༤༠ ལྷག་ལྷན་འཛོམས་ཀྱིས་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་ ༧ དབུ་འཛུགས་གནང་སོང། སྐབས་དེར་སྐུ་མགྲོན་གཙོ་བོ་ཀིརྟི་རིན་པོ་ཆེ་མཆོག་གིས་ཚོགས་པ་དེ་བོད་མིའི་ཆབ་སྲིད་ཚོགས་པ་ཆེས་ཐོག་མ་དེར་ངོས་འཛིན་གྱིས་གསར་འཛུགས་གནང་པ་ནས་ད་བར་མངོན་གསལ་དོད་པོའི་ཡར་རྒྱས་ཀྱི་རྣམ་པ་དེ་ཙམ་མེད་པ་དང་། ད་ལྟའི་ཆར་ཚོགས་པའི་དམིགས་ཡུལ་དང་མཐུན་པའི་ཚགས་ཚུད་ཡོང་བར་ཚོགས་མི་ཉུང་དྲག་པས་སླད་མར་ཚོགས་མི་གང་མང་མཉམ་ཞུགས་ཡོང་ཐབས་འབད་བརྩོན་གནང་དགོས་གལ་ཡིན་པ་གསུངས་སོང་། ད་དུང་རིན་པོ་ཆེ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་མདུན་བསྐྱོད་གནང་རྒྱུ་ནི་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ལས་འགན་གཙོ་གྲས་ཞིག་ཆགས་ཡོད་ཅེས་གསུངས་པ་དང་ཆབས་ཅིག ད་ལན་གྱི་ཚོགས་ཆེན་འདིའི་ཐོག་ནས་ལས་དོན་ཁག་ཚགས་ཚུད་དང་ནུས་ལྡན་ཡོང་བར་ཤུགས་སྣོན་སྔར་ལྷག་གནང་དགོས་པའི་སྐུལ་མ་ཡང་གནང་པ་མ་ཟད། ཁྱད་པར་དུ་འདི་ལོའི་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་ལས་རིམ་ནང་བོད་མི་ཚོར་མང་གཙོའི་ཤེས་ཡོན་གྱི་གནས་ཚད་དེ་ཙམ་མེད་པས་དེ་འབྲེལ་ལས་སྣ་མང་དག་ཞིག་བརྩམས་པས་ལྷ་དགོངས་འཁྲུག་གཞི་སོགས་ཀྱི་གནས་ཚུལ་བྱུང་ཡོད་སྟབས། མ་འོངས་པར་ཚོགས་པ་དེས་བོད་མི་རྣམས་ལ་མང་གཙོའི་ཤེས་ཡོན་གྱི་གོ་རྟོགས་རྒྱ་གང་ཆེ་སྤེལ་ཐབས་གནང་དགོས་པ་གསུངས་ཡོད། དེ་བཞིན་ཚོགས་པ་དེས་མི་དམངས་ཀྱི་ངོ་ཚབ་ཞུས་ཏེ་མ་འགྲིག་པའི་གནས་སྟངས་ཡོད་རིགས་དབུས་འོས་བསྡུ་ལས་ཁུངས་ལ་ཐད་ཀར་དགོངས་འཆར་ཕུལ་དགོས་པའི་འགན་དབང་ཡོད་སྐོར་སོགས་གསུངས་སོང་། དེ་བཞིན་དམིགས་བསལ་སྐུ་མགྲོན་ཧི་མཱ་ལ་ཡའི་རིག་གཞུངས་ལྟེ་གནས་ཁང་གི་འགན་འཛིན་བློ་བཟང་ཕུན་ཚོགས་ལགས་ཀྱིས་ཚོགས་པ་དེ་ཆོལ་ཁ་དང་ཆོས་ལུགས་རིས་མེད། རྒན་གཞོན་དབྱེར་མེད་ལས་གྲུབ་པའི་སྲིད་དོན་ཚོགས་པའི་ངོ་བོར་གནས་ཡོད་པར་བསྔགས་བརྗོད་དང་སྦྲགས། མ་འོངས་པར་སྒྲིག་འཛུགས་དེ་སྲ་བརྟན་རྒྱུན་སྐྱོང་གནང་ཕྱིར། བཙན་བྱོལ་བོད་མིའི་ཁྲོད་མང་གཙོའི་གོ་རྟོགས་སྔར་ལྷག་སྤེལ་རྒྱུ་དང་། ཁྱད་པར་དུ་བོད་མིའི་འོས་བསྡུ་ཆེན་མོའི་ཁྲོད་བཀའ་སྤྱི་གཉིས་ཀྱི་འོས་མི་ཚད་ལྡན་མིང་བཏོན་གནང་རྒྱུ་སོགས་ཀྱི་ཐད་ལ་འབད་སྤུངས་གནང་དགོས་གལ་ཡིན་པ་སོགས་གསུང་ཡོད་པ་རེད། རྩ་བའི་ད་ལན་གྱི་ཚོགས་ཆེན་འདི་༸རྒྱལ་བའི་༸སྐུ་ཕྱྭའི་དང་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདོང་ལེན་གནང་ཕྱོགས་གཙོས་པའི་གྲོས་གཞི་དོན་གནད་གཙོ་ཁག་བཅུའི་ཐོག་གྲོས་བསྡུར་གནང་རྒྱུ་ཡིན་པ་དང་། ཚོགས་ཆེན་འདིའི་ཐོག་ནས་ཚོགས་པའི་རྒྱུན་ལས་གསར་འདེམས་གནང་གི་ཡོད་པ་རེད།

དྷ་སའི་མང་ཚོགས་ཀྱིས་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ལ་ཆེ་བསྟོད་ཞུས་པ།

འཁྱུར་ལ་ཉེ་བའི་བཀའ་ཤག་སྐབས་ ༡༤ བོད་མིའི་སྒྲིག་འཛུགས་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ལ་དྷ་སའི་མང་ཚོགས་ནས་ཆེ་བསྟོད་ཀྱི་མཛད་སྒོ་ཚོགས་གནང་སོང། དེ་རིང་ཟླ་ ༥ ཕྱི་ཚེས་ ༢༤ ཉིན་གྱི་ཚོུད་ ༡༠།༣༠ སྟེང་དྷ་ས་མེག་གྷན་དུ་རྟེན་གཞི་བྱས་པའི་ཉིན་སློབ་ཚོགས་ཁང་དུ་སྐུ་མགྲོན་གཙོ་བོ་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་གཙོས་དྷ་སའི་ས་གནས་མཐུན་ཚོགས་ཀྱི་ཚོགས་གཙོ་དང། རང་བདེན་ཚོགས་ཆུང་གི་ཚོགས་གཙོ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། དེ་བཞིན་དྷ་ས་མང་ཚོགས་བཅས་ཚང་འཛོམས་ཀྱིས་ཆེ་བསྟོད་མཛད་སྒོ་ཚོགས་ཡོད། དྷ་ས་ས་གནས་འགོ་འཛིན་ལས་ཚབ་ཚེ་རིང་ལྷ་མོ་ལགས་ཀྱིས་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་འདས་པའི་ལོ་ལྔའི་ནང་བོད་མིའི་སྒྲིག་འཛུགས་ནང་སྲིད་བཀའ་བློན་གྱི་ཐུགས་འགན་བཞེས་ཏེ་བོད་མིའི་གཞིས་ཆགས་སྤྱི་དང་། ལྷག་པར་དུ་བཞུགས་སྒར་ཁུལ་དུ་མུ་མཐུད་ངལ་བ་འཕྲད་བཞིན་པའི་ཁྱིམ་ཚང་ ༢༡༨ དང་ཐང་ཁྲོམ་སྐྱོན་མཁན་བོད་རིགས་རྣམས་ཀྱི་ངལ་བ་གཙོས་པའི་བཟའ་འབྲུའི་ལག་དེབ་སོགས་ཀྱི་དཀའ་ངལ་མང་དག་ཞིག་སེལ་ཐུབ་པར་ཐུགས་རྗེ་ཆེ་ཞུ་དང་སྦྲགས། དྷ་སར་གནས་སྡོད་མི་དམངས་སྐུ་ཚབ་ནས་བཀའ་བློན་མཆོག་ལ་སྒྲོལ་དཀར་གྱི་སྐུ་ཐང་དང་སྒྲོལ་མའི་གསེར་སྐུ་གཅིག་བཅས་ལེགས་སྐྱེས་སུ་ཕུལ་གནང་སོང་། སྐབས་དེར་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་དྷ་ས་མང་ཚོགས་ནས་ཁོང་གིས་ཕྱག་ལས་གནང་པར་ངོས་འཛིན་གྱིས་ཆེ་མཐོང་ཞུས་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། བོད་མིའི་སྒྲིག་འཛུགས་ནང་ཕྱག་ལས་གང་གནང་པ་ཚང་མ་རང་ཉིད་ཀྱི་ལས་འགན་ཞིག་ལ་ངོས་འཛིན་གནང་གི་ཡོད་སྐོར་གསུངས་སོང་། ད་དུག་མུ་མཐུད་གསུངས་པར་བོད་མི་རྣམས་ནས་དོན་དམ་པའི་ཐུགས་རྗེ་ཆེ་ཞུ་ཡུལ་གཙོ་བོ་དེ་ནི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིར་སྐྱབས་བཅོལ་གནང་མཁན་རྒྱ་གར་དབུས་དང་ས་གནས་གཞུང་། དེ་བཞིན་གནས་ཡུལ་རྒྱ་གར་གྱི་ས་གནས་ཡུལ་མི་ཡིན་པ་གསུངས་ཡོད་པ་རེད།  དེ་བཞིན་བཀའ་བློན་མཆོག་གིས་ཁ་སང་ཕྱི་ཚེས་ ༢༣ཉིན་བཀའ་ཤག་སྐབས་ ༡༤  ལས་ཡུན་འཁྱུར་ལ་ཉེ་བའི་སྲིད་སྐྱོང་གཙོས་པའི་བཀའ་བློན་རྣམས་ནས་༸གོང་ས་མཆོག་ལ་ཐོན་མཇལ་ཞུ་བར་བཅར་སྐབས་མགོན་པོ་༸གང་ཉིད་མཆོག་གིས་བོད་མི་རིགས་རྣམས་ཆོལ་ཁ་དང་ཆོས་བརྒྱུད་སོགས་ཀྱི་དབྱེ་བ་མེད་པར་རྡོག་རྩ་གཅིག་སྒྲིལ་ཐོག་གནས་རྒྱུར་ཐུགས་རེ་ཆེན་པོ་གནང་བཞིན་ཡོད་པ་བཀའ་རྩལ་གནང་པ་ལུང་འབྲེན་དང་སྦྲགས། འདི་ལོའི་འོས་བསྡུའི་ལས་རིམ་ནང་བོད་མི་གང་ཟག་སུ་ཞིག་ནས་ནོར་འཁྲུལ་ཤོར་ཡོད་ཚེ་དེར་བཤགས་སྡོམ་གནང་རྒྱུ་དང་། སླད་མར་དེ་ལྟར་མི་གནང་བའི་ཡིད་གཟབ་གནང་གལ་ཡིན་སྐོར་སོགས་གསུངས་སོང་། ད་ལན་༸གོང་ས་མཆོག་གིས་བོད་མི་ཉམས་ཐག་རྣམས་ལ་གཟིགས་སྐྱོང་སྔར་ལྷག་གནང་དགོས་པའི་བཀའ་སློབ་ལམ་སྟོན་ཕེབས་སྟབས། མ་འོངས་པར་ད་ལྟའི་བཀའ་ཤག་ནས་གསར་འཛུགས་གནང་པའི་ཉམས་ཐག་ལྟ་སྐྱོང་ཚོགས་ཚུང་དེ་ནང་སྲིད་ལས་ཁུངས་ལྟ་བུ་ལྷན་ཁང་ཞིག་གི་ཁོངས་སུ་བཞག་ཐུབ་ཚེ་ཕྱག་ལས་གནང་བདེ་པོ་ཡོང་རྒྱུ་ཡིན་པ་སོགས་གསུངས་ཡོད་པ་རེད། རྩ་བའི་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ནི་ཐོག་མར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནང་ཕྱག་ལས་གནང་ཡོད་པ་དང་། སྤྱི་ལོ་ ༡༩༩༡ ནས་ ༢༠༠༦ བར་སྐབས་བཞིའི་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་འདེམས་ཐོན་གྱིས་ཐེངས་ ༣ རིང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་གྱི་ཐུགས་འགན་བཞེས་ཡོད་པ་མ་ཟད། སྤྱི་ལོ་ ༢༠༡༡  ལོར་བཀའ་ཤག་སྐབས་ ༡༤ པའི་ནང་སྲིད་བཀའ་བློན་གྱི་ཐུགས་འགེན་བཞེས་ཡོད་པ་རེད།

རྔ་པ་ཀིརྟི་དགོན་པའི་གྲྭ་ཆོས་དར་ལགས་ཀྱིས་བཙོན་ཁང་དུ་ཟས་བཅད་ངོ་རྒོལ་གནང་པ།

རྒྱ་གཞུང་ནས་བཙན་འཁྲིད་འོག་རྒྱ་ནག་ཁྲིན་ཏུའུ་མན་ཡཱང་བཙོན་ཁང་དུ་ལོ་ངོ་ ༡༣ རིང་བཙོན་འཇུག་བྱས་ཡོད་པའི་གྲྭ་ཆོས་དར་ལགས་ཀྱིས་བཙོན་ཁང་དེའི་ནང་ཡོད་པའི་བཙོན་པ་ ༡༠༠༠ ལྷག་ལ་ཟས་སྤུས་ལེགས་སུ་གཏོང་ཆེད་བཙོན་ཁང་དུ་ཟས་བཅད་ངོ་རྒོལ་གནང་འདུག དེ་ཡང་རྔ་པ་ཀིརྟི་དགོན་པའི་གྲྭ་ཆོས་དར་ལགས་ཀྱིས་རྒྱ་གཞུང་ནས་བཙོན་པ་དེ་དག་ལ་ཆེས་ཞན་པའི་ཟས་སྤྲོད་པར་བརྟེན་བཙོན་པ་རྣམས་ཀྱི་གཟུགས་གཞིའི་གནས་སྟངས་ཀྱང་ཉིན་རེ་བཞིན་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་སྟབས། ཁོང་གིས་བཙོན་ཁང་གི་ཟས་ཀྱི་སྤུས་ཀ་ལེགས་སུ་གཏོང་ཕྱིར་དགོས་འདུན་ཁག་ཅིག་གསལ་བཏོན་གྱིས་བཙོན་ཁང་དུ་ཉིན་གྲངས་ ༡༢ རིང་ཟས་བཅད་ངོ་རྒོལ་གནང་འདུག བཙོན་སྲུང་བས་ཁོང་ལ་ཞལ་ལག་མཆོད་དགོས་པའི་ནན་སྐུལ་ལན་མང་བྱས་ཀྱང་། ཁོང་གིས་དེ་ལྟར་མ་གནང་པར་མུ་མཐུད་ཟས་བཅད་ངོ་རྒོལ་གནང་སྟབས། བཙོན་སྲུང་བས་ཁོང་གི་སྣ་བུག་གཉིས་ལས་བུ་གུ་བརྒྱུད་ཟས་སྤྲད་འདུག་པ་དང་། རྗེས་སུ་ཁོང་བཙོན་ཁང་ནས་ཁང་མིག་གཞན་ཞིག་ཏུ་གནས་སྤོས་བྱེད་བཅུག་པར་བརྟེན་ད་ལྟའི་ཆར་གཟུགས་གཞིའི་གནས་བབས་ཕྲན་བུ་བཟང་དུ་ཕྱིན་ཡོད་འདུག གཞི་རྩའི་རྒྱ་གཞུང་གིས་གྲྭ་ཆོས་དར་ལགས་བཙོན་འཇུག་བྱས་ཡོད་ཀྱང་། ཁོང་གི་ནང་མི་གཙོས་སྤུན་མཆེད་ཚོས་ཁོང་བཙོན་ཁང་དུ་བཙོན་འཇུག་བྱས་པ་དེ་ནི་བོད་རྒྱལ་ཁབ་དང་མི་རིགས་ཀྱི་སླད་ཡིན་པས་དེར་སྤོབས་པ་དང་ཁོང་གི་རེ་འདུན་རྣམས་མྱུར་དུ་ལེགས་གྲུབ་ཡོང་བར་རེ་སྨོན་གནང་བཞིན་ཡོད་པ་རེད་འདུག རྩ་བའི་འདི་ལོའི་ནང་ཁོང་གི་ནང་མི་ཚོ་བཙོན་ཁང་དུ་ཐེངས་གསུམ་ཙམ་ཐུགས་འཕྲད་བྱེད་བཅུག་འདུག

འདི་ལོའི་སྲིད་སྐྱོང་སློབ་ཡོན་ཐོབ་མཁན་སློབ་མ་གཅིག་ཀྱང་བྱུང་མི་འདུག

ཕྱི་ལོ་ ༢༠༡༦ ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅིུས་ཀྱི་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་སྤེལ་ཡོད་པ་ལྟར། ཡིག་རྒྱུགས་ནང་ཞུགས་མཁན་བོད་ཕྲུག་སློབ་མ་ ༡༣༥༩ ནས་ ༡༢༢༤ ཡིག་རྒྱུགས་གཙང་མ་འཕྲོད་ཡོད་ཀྱང་། སྔ་ལོའི་གྲུབ་འབྲས་ལས་ཕྲན་བུ་ཞན་པ་བྱུང་འདུག དེ་རིང་ཟླ་ ༥ ཚེས་ ༢༣ ཉིན་གྱི་སྔ་དྲོར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བོད་ཕྲུག་ཚོའི་ཕྱོགས་བསྡོམས་གྲུབ་འབྲས་གསལ་བསྒྲགས་གནང་པའི་ཁྲོད། ཐེངས་འདིའི་ཡིག་རྒྱུགས་ནང་བོད་ཕྲུག་སློབ་མ་ ༡༣༥༩ ཞུགས་ཡོད་པའི་ཁྲོད་ ༡༢༢༤ རྒྱུགས་གཙང་མ་འཕྲོད་ཡོད་པ་དང་། དེ་དག་གི་ཕྱོགས་བསྡོམས་བརྒྱ་ཆ་ ༩༠.༠༧ ལོན་ཡོད་འདུག་ཀྱང་། འདི་ལོའི་ཡིག་རྒྱུགས་ཀྱི་གྲུབ་འབྲས་ནི་སྔ་ལོའི་ཡིག་རྒྱུགས་ཀྱི་གྲུབ་འབྲས་ལས་བརྒྱ་ཆ་ ༡.༡༩ ཉུང་བ་ཆགས་ཀྱི་འདུག་པ་མ་ཟད། ཐེངས་འདིའི་ཡིག་རྒྱུགས་ནང་སྤྱི་ཡོངས་ཀྱི་བརྒྱ་ཆ་ ༩ ༥ ཡན་ལོན་མཁན་བོད་ཕྲུག་སློབ་མ་གཅིག་ཀྱང་བྱུང་མེད་སྟབས། ཤེས་རིག་ལས་ཁུངས་ནས་ལོ་ཤས་གོང་གསར་གཏོད་གནང་པའི་འདི་ལོའི་སྲིད་སྐྱོང་སློབ་ཡོན་བཞེས་མཁན་སློབ་མ་གཅིག་ཀྱང་བྱུང་མི་འདུག འོན་ཀྱང་འདི་ལོའི་ཡིག་རྒྱུགས་ཆེན་མོ་ལས་བརྒྱ་ཆ་ ༩༠ ལོན་མཁན་སློབ་མ་བཅུ་བྱུང་འདུག འདི་ལོའི་དགའ་ལྡན་ཕོ་བྲང་གི་གཟེངས་རྟགས་བཞེས་མཁན་སློབ་མ་བཅུ་ཆགས་ཀྱི་འདུག འདི་ལོའི་འཛིན་རིམ་བཅིུས་ཀྱི་ཚོང་རིག་དང་ཚན་རིག དེ་བཞིན་སྒྱུ་རྩལ་སྡེ་ཚན་གསུམ་པོ་སོ་སོའི་གྲུབ་འབྲས་རྩེ་ཕུད་སོན་པ་གསུམ་རེར་ཁྱོན་བསྡོམས་སློབ་མ་བཅུ་ལ་དགའ་ལྡན་ཕོ་བྲང་གི་བྱ་དགའ་ཐོབ་པའི་ཁྲོད། སེ་ལ་ཀུ་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་མཚོ་མོ་ལགས་ལ་བརྒྱ་ཆ་ ༩༤.༢༨ ཐོབ་པར་བརྟེན་ཚན་རིག་སྡེ་ཚན་གྱི་ཨང་དང་པོ་དང་། རྡ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་ནོར་སྒྲོན་ལགས་ལ་བརྒྱ་ཆ་ལས་ ༨༨ སོན་པར་བརྟེན་ཚོང་རིག་སྡེ་ཚན་གྱི་ཨང་དང་པོ། དེ་བཞིན་མ་སུ་རི་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ཕུན་ཚོགས་ལགས་ལ་བརྒྱ་ཆ་ ༩༢.༨ ཐོབ་པར་བརྟེན་སྒྱུ་རྩལ་སྡེ་ཚན་ཁོངས་ནས་ཨང་དང་པོ་བཅས་ཀྱི་བྱ་དགའ་རག་ཡོད་པ་རེད། རྩ་བའི་ཐེངས་འདིའི་རྒྱ་གར་རྒྱལ་ཡོངས་ཀྱི་ཡིག་རྒྱུགས་ཆེན་མོའི་ནང་བོད་པའི་སློབ་གྲྭ་ཁག་ ༡༧ གྱི་སློབ་ཕྲུག་ཕོ་མོ་ ༡༣༥༩ ནས་རྒྱུགས་འཕྲོད་པའི་གྲངས་འབོར་ ༡༢༢༤ དང་རྒྱུགས་མ་འཕྲོད་པའི་གྲངས་འབོར་ ༡༨ ཆགས་ཀྱི་འདུག་པ་མ་ཟད། སློབ་ཚན་གཅིག་རྒྱུགས་མ་འཕྲོད་ནས་བསྐྱར་རྒྱུགས་གཏོང་མཁན་གྲངས་འབོར་ ༡༡༥ བཅས་ཡིན་པ་རེད།  འདི་ལོའི་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད་གྲུབ་འབྲས་ལེགས་སོན་བྱུང་བའི་སློབ་གྲྭ་རྩེ་ཕུད་གསུམ་ནི་སུ་ཇཱ་བོད་ཁྱིམ་སློབ་གྲྭ་དང་སམ་བྷོ་ཊ་པོན་ཊ་གཏན་ཉིན་སློབ་གྲྭ། དེ་བཞིན་སེ་ལ་ཀུ་བོད་ཁྱིམ་སློབ་གྲྭ་བཅས་རེད་འདུག

Latest news