Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: September, 2016

བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དབུ་བཞུགས་ཐོག་སྦིར་བོད་ཁམས་བཟོ་གཞིས་ཚོགས་པ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་འདུག

ཁ་སང་ཕྱི་ཟླ་༩པའི་ཚེས་༥ཉིན་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་ནང་དུ་རྟེན་གཞི་བྱས་པའི་སྦིར་བོད་ཁམས་བཟོ་གཞིས་དབུ་བརྙེས་ནས་ལོ་ངོ་༥༠འཁོར་བའི་དུས་དྲན་མཛད་སྒོ་ཚོགས་གནང་འདུག མཛད་སྒོའི་སྐུ་མགྲོན་ཁོངས་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀི་ཤོར་རི་ལལ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལས་ཚབ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག དམིགས་བསལ་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་བསྟན་འཕེལ་མཆོག་གིས་དབུས་པའི་སྤྱི་འཐུས་ཚོགས་གཞོན་མཆོག་དང་རྒྱུན་ལས་རྣམ་པ། ནང་སྲིད་དྲུང་ཆེ་ལས་ཚབ་འཆི་མེད་རིག་འཛིན་ལགས་བཅས་གདན་ཞུས་ཕུལ་འདུག བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་གནས་ཐོག་དེ་དོན་གནས་ཚུལ་སྤེལ་བར། ཉིན་དེའི་མཛད་སྒོའི་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པའི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེར་སྐུ་མགྲོན་རྣམ་པས་མཇལ་དར་ཕུལ་བ་དང་། སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་རིན་པོ་ཆེ་མཆོག་གིས་བོད་ཁམས་བཟོ་གཞིས་ཚོགས་པའི་ལོ་རྒྱུས་དངོས་ཀྱི་རྒྱབ་ལྗོངས་དང་འབྲེལ་བའི་ཐོག་ནས་གསུང་བཤད་དབུ་འཛུགས་གནང་འདུག དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དུས་དྲན་ཐོག་འཚམས་འདྲིའི་གསུང་བཤད་གནང་པའི་ཁྲོད། གཏེར་ཆེན་མཆོག་གླིང་པ་སྐུ་ཕྲེང་གསུམ་པ་པདྨ་འགྱུར་མེད་རྒྱ་མཚོ་མཆོག་དང་། ཆུ་སྒང་དམག་སྤྱི་ཟུར་པ་སྐབས་དེའི་མདོ་སྟོད་སྤྱི་འཐུས་བྱ་རྒོད་རྣམ་རྒྱལ་རྡོ་རྗེ་ལགས་གཉིས་ནས་ཕུགས་རྒྱང་རིང་པོའི་དགོངས་བཞེས་ཀྱིས་ས་ཆ་སྤུས་གཟིགས་དང་། དེ་རྗེས་གཞིས་ཆགས་འཛུགས་བསྐྲུན་ཙམ་མ་ཟད། གཞིས་ཆགས་འདིའི་དབུ་དབྱེད་མཛད་སྒོའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཡོད་པ་བཅས་གཞིས་ཆགས་ཐོག་མར་གསར་འཛུགས་གནང་མཁན་དང་དེའི་ཚེ་དེའི་དུས་ཀྱི་མི་རབས་རྒན་པའི་མཛད་རྗེས་སྐོར་གསུངས་ཏེ། གཞིས་ཆགས་འདིས་བོད་མི་རིགས་ཀྱི་བསྟན་པ་ཆབ་སྲིད་ལ་ཞབས་འདེགས་ཧུར་སྐྱེད་ཞུས་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་གསུངས་བཤད་གནང་འདུག ད་དུང་དམིགས་བསལ་མཆོག་གིས་འདས་པའི་ལོ་ ༥༠ ཐམ་པའི་བྱུང་རབས་རྣམས་དྲན་གསོ་དང་སྦྲགས། གལ་ཆེ་བ་མ་འོངས་པར་གཞིས་ཆགས་འདིའི་འཛིན་སྐྱོང་ཡིན་ནའང་འདྲ། བོོད་མིའི་ཆོས་རིག་དང་། སྐད་ཡིག་གོམས་གཤིས་སོགས་ལ་འཐུས་ཤོར་མེད་པར་རྒྱུན་འཛིན་བྱེད་ནས་ཡར་རྒྱས་ཚགས་ཚུད་ཡོང་ཐབས་སུ་འབད་བརྩོན་བྱེད་དགོས་རྒྱུ་དང་། དེ་བཞིན་བོད་མིའི་འཐབ་རྩོད་ཐོག་ལའང་ཐུགས་སྣང་གནང་དགོས་རྒྱུ་གལ་ཆེ་ཡིན་པའི་སྐོར་སོགས་གསུངས་འདུག ཁ་སང་གི་མཛད་སྒོ་དེའི་ཐོག་སྐུ་མགྲོན་གཞན་རྣམ་པས་གསུང་བཤད་དང་དེ་རྗེས་གཞས་སྣ་འཁྲབ་སྟོན་བཅས་གཟིགས་འབུལ་ཞུས་ཡོད་པ་རེད་འདུག དུས་དྲན་གོ་སྒྲིག་ཚོགས་པས་ད་རེས་སྦིར་བོད་ཁམས་བཟོ་གཞིས་དབུ་བརྙེས་ནས་ལོ་ངོ་༥༠འཁོར་བའི་དུས་དྲན་དེ་བཞིན་དེ་རིང་བར་ཁྱོན་ཉིན་གསུམ་རིང་སྲུང་བརྩི་ཞུས་ཀྱི་ཡོད་པ་རེད་འདུག

རེས་གཟའ་ཟླ་བ། ༢༠༡༦།༠༩།༠༥

ཉན་པ།: Listen ཕབ་ལེན། Download གྲྭ་འཇམ་དབྱངས་ཕུན་ཚོགས་ལགས་གསང་བའི་ཐོག་ནས་གློད་བཀྲོལ་བཏང་འདུག ཨ་རིའི་གཞུང་ཚབ་པ་ ཝར་མ་མཆོག་ནས་༸གོང་ས་མཆོག་མཇལ་ཁ་ཞུས་འདུག སྲིད་སྐྱོང་མཆོག་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐོག་ལྷན་བཞུགས་གནང་རྒྱུ། ཨོ་སི་ཊོ་ལི་ཡའི་ཆབ་སྲིད་ཚོགས་པ་ཁག་ཅིག་ལ་དངུལ་འབོར་ཆེན་སྤྲོད་མཁན་རྣམས་རྒྱ་གཞུང་དང་འབྲེལ་བ་ཡོད་པ་ཐེར་བཏོན། ཨ་རིའི་སྲིད་འཛིན་མཆོག་གིས་རྒྱ་གཞུང་ནས་མང་ཚོགས་ཀྱི་ཆོས་དད་རང་དབང་སྲུང་སྐྱོབ་གནང་དགོས་པ་གསུངས་འདུག དམིགས་བསལ་ལེ་ཚན། སྲིད་སྐྱོང་སྟག་བྲག་གི་མཛད་འཛོལ་དང་། གུང་བྲན་གིས་བོད་ལ་བཙན་འཛུལ། Monday 05/09/2016 Kirti monk released after 7 and half years in Chinese jail US Ambassador to India Richard Verma meets Dalai Lama Sikyong to attend International Tibet Support Groups Conference in Brussels Australian ‘Non-profit’ group linked to Chinese donors US President urges China to protect religious freedom of its citizens HISTORY FEATURE: Blunders of Taktra Rinpoche and China’s invasion of Tibet

ཐེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་འཆར་ཡོད་པ།

དེ་རིང་ཟླ་ ༩ ཚེས་ ༥ ཉིན་གྱི་སྔ་དྲོ་ཚོུད་ ༡༠།༣༠ སྟེང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གིས་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་པའི་ཐོག་ཐེ་ཝན་གྲོས་ཚོགས་འཐུས་མི་སྐུ་ཞབས་ Freddy Lim ལགས་ཀྱིས་ཐེ་ཝན་གྱི་ཆབ་སྲིད་ཚོགས་པ་འདྲ་མིན་ལས་བསྡུས་པའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་འཆར་ཡོད་པ་གསུངས་གནང་སོང་། དེ་བཞིན་ཚོགས་པ་དེའི་ཚོགས་མི་ཡིན་པ་ཐེ་ཝན་བོད་རིགས་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་ཞེས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་དེའི་དགོས་དམིགས་ངོ་སྤྲོད་དང་སྦྲགས། ཚོགས་པ་དེ་ནི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོ་བོ་ཞིག་མ་ཡིན་པར་ཕྱོགས་གཉིས་ཀ་ལ་དཀའ་ངལ་འཕྲད་མཚམས་རོགས་ཕན་བསྒྲུབ་ཆེད་རང་ལ་དམིགས་ཡོད་པ་གསུངས་གནང་སོང་། སྐབས་དེར་ཚོགས་པ་དེའི་ཚོགས་གཙོ་སྐུ་ཞབས་ Song Lih ལགས་ཀྱིས་ད་རེས་རྡ་རམ་ས་ལར་ཐེངས་དང་པོ་སླེབས་པ་འདིའི་ཐོག་ནས་ཕྱོགས་གཉིས་དབར་ཕན་ཚུན་མཉམ་ལས་ཀྱི་ལས་འཆར་གཙོ་བོ་གཉིས་གཏན་འཁེལ་བྱུང་ཡོད་པ་ལྟར། དང་པོ། ཐེ་ཝན་གཞུང་ལ་ཞུ་སྐུལ་བརྒྱུད་བོད་ཕྲུག་སློབ་གཉེར་བའི་ཐོག་དམ་དྲག་གི་དཀའ་ངལ་མི་འཕྲད་པར་འབད་བརྩོན་བྱ་རྒྱུ་དང། གཉིས་པ། རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ཁག་གི་སློབ་མ་རྣམས་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་མི་ཉམས་སླད་བོད་ཡིག་གསར་ཤོག་འདོན་སྤེལ་གནང་སྟེ་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་གསུངས་ཡོད་པ་རེད། ཁྱད་པར་དུ་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་ཚོགས་མི་ཡིན་པ་ཐེ་ཝན་གྲོས་ཚོགས་འཐུས་མི་སྐུ་ཞབས་ Freddy Lim ལགས་དང་ལྕམ་ Kulas Yotaka ལགས་རྣམ་གཉིས་ཀྱིས་དེ་རིང་སྔ་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུས་སྐབས་ཁོང་རྣམ་པས་གཞུང་འབྲེལ་གྱི་ཐོག་ནས་༸གོང་ས་མཆོག་ཐེ་ཝན་དང་ཐེ་ཝན་གྲོས་ཚོགས་སུ་ཆིབས་བསྒྱུར་ཡོང་བའི་གསོལ་འདེབས་ཞུས་ཡོད་པ་གསུངས་པ་དང་། ད་དུང་གྲོས་ཚོགས་འཐུས་མི་ཁོང་རྣམ་གཉིས་གཙོས་པའི་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་འཐུས་མི་གཞན་ནས་ཀྱང་རིམ་པས་ཐེ་ཝན་གྱི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་ཐུབ་པ་གནང་རྒྱུ་སོགས་ཀྱི་སྐོར་གསུངས་གནང་སོང་། བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གསར་འཛུགས་ལེགས་གྲུབ་ཐོག་ད་རེས་ཚོགས་མི་རྣམས་པ་བཞུགས་སྒར་དུ་ཉིན་གྲངས་ལྔ་རིང་ཕེབས་པའི་ཁྲོད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དབུས་པའི་གཞུང་གི་མཛད་གཙོ་རྣམ་པ་ཁག་ཅིག་དང་། རྡ་སར་རྟེན་གཞི་བྱས་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་སོགས་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ཅིག་གི་ཚོགས་གཙོ་དང་འགན་འཛིན་བཅས་མཇལ་འཕྲད་ཡང་གནང་འདུག རྩ་བའི་ཐེ་ཝན་ནང་དུ་རྟེན་གཞི་བྱས་པའི་ཁུལ་དེའི་གྲོས་ཚོགས་འཐུས་མི་བཞི་དང་ས་གནས་ཀྱི་གཞུང་འབྲེལ་མིན་པའི་ཚོགས་ཁག་དྲུག་གི་འགན་འཛིན་སོགས་ལས་བསྡུས་པའི་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་འབྲེལ་མཐུད་ཁང་གསར་འཛུགས་ལེགས་གྲུབ་དང་བསྟུན། ད་རེས་ཚོགས་མི་རྣམས་ཟླ་འདིའི་ཚེས་ ༢ ནས་དབུ་འཛུགས་ཀྱིས་ཚེས་ ༦ བར་བཞུགས་སྒར་དུ་ཕེབས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཙོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་མཇལ་འཕྲད་ཞུས་ཡོད་པ་དང་། ལྷག་པར་དུ་དེ་རིང་སྔ་དྲོ་ཚོུད་ ༡༠།༣༠ སྟེང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཡོད་པ་རེད།

རྔ་བ་ཀིརྟི་དགོན་པའི་གྲྭ་འཇམ་དབྱངས་ཕུན་ཚོགས་ལགས་གསང་སྟབས་ཀྱིས་གློད་གྲོལ་བཏང་པ།

དེའང་ཟླ་ ༩ ཚེས་ ༢ ཉིན་རྒྱ་གཞུང་གིས་བོད་མདོ་སྨད་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་འཇམ་དབྱངས་ཕུན་ཚོགས་ལགས་མི་ལོ་བདུན་དང་ཕྱེད་ཀའི་རིང་བཙོན་འཇུག་གི་དུས་ཡུན་ཚང་སྟེ་གསང་སྟབས་ཀྱིས་རྒྱ་ནག་གི་ཟི་ཁྲོན་མེན་ཡང་བཙོན་ཁང་ནས་གློད་གྲོལ་བཏང་འདུག་པ་དང་། ཁོང་རང་ཁྱིམ་དུ་དུ་འབྱོར་སྐབས་"འགྲོ་བ་མིའི་རང་དབང་ཁྲི་ལོར་བརྟན་པ་ཤོག་"ཅེས་འཁོད་པའི་སྟོད་གོས་ཞིག་གྱོན་ཏེ་ཕེབས་ཡོད་པ་དང་། སྐབས་དེར་ཁོང་གི་ནང་མི་གཙོས་པའི་དགའ་ཉེ་སྤུན་མཆེད་ཚོས་ཁོང་ལ་དགའ་བསུ་ཆེན་པོ་ཞུས་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་ལ་ས་གནས་བོད་མི་ཞིག་གིས་ཁུངས་ལྡན་གནས་ཚུལ་ངོ་སྤྲོད་གནང་དོན་ལ། རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་འཇམ་དབྱངས་ཕུན་ཚོགས་ལགས་ལ་ལོ་ངོ་བདུན་དང་ཟླ་བ་དྲུག་ཙམ་བཙོན་འཇུག་བྱས་རྗེས་ཟླ་འདིའི་ཚེས་ ༢ ཉིན་གློད་གྲོལ་བཏང་ཡོད་པ་དང་། དེ་སྔོན་ཁོང་གློད་གྲོལ་མ་བཏང་གོང་རྒྱ་གཞུང་འབྲེལ་ཡོད་ཉེན་རྟོག་པས་ཁོང་གི་ཁྱིམ་ལ་བརྡ་ལན་ཞིག་བཏང་པའི་ནང་ཁོང་གློད་གྲོལ་གཏོང་རྒྱུ་ཡིན་ཚུལ་བཀོད་པ་ལས་དུས་ཚོད་སོགས་ཁ་གསལ་བཀོད་མེད་པ་མ་ཟད། ཁོང་གི་ནང་གཙོས་ཉེ་འབྲེལ་སུ་གང་ཡང་ཕེབས་བསུར་བཅར་མི་ཆོག་ཚུལ་བརྗོད་ཡོད་པ་གསུངས་སོང་། ད་དུང་ཁོང་གིས་ཁོང་རང་ཁྱིམ་དུ་འབྱོར་སྐབས་འགྲོ་བ་མིའི་རང་དབང་ཁྲི་ལོར་བརྟན་པ་ཤོག་ཅེས་པའི་སྟོད་གོས་ལྭ་བ་སེར་པོ་ཞིག་གྱོན་ཡོད་པ་མ་ཟད་ཕྱི་ཚུལ་ནས་བལྟས་ན་ཁོང་གི་གཟུགས་གཞིའི་གནས་སྟངས་སྐྱོ་པོ་ཆགས་འདུག་ཅེས་གསུངས་པ་དང་། ཁོང་གི་ནང་མི་ཉེ་འབྲེལ་མང་པོ་ཞིག་གིས་མཇལ་དར་ཁྱེར་ཏེ་ཁོང་ལ་ཕེབས་བསུ་ཞུས་ཡོད་ཞུས་པ་མ་ཟད། ཕྱི་ཉིན་ཚེས་ ༣ ཉིན་ནས་ཁོང་གི་དགའ་ཉེ་དང་གྲོགས་པོ་ཚོས་རིམ་བཞིན་འཚམས་འདྲི་ཞུས་ཡོད་པ་འགྲེལ་བརྗོད་གནང་སོང་། རྩ་བའི་དགེ་འདུན་པ་འཇམ་དབྱངས་ཕུན་ཚོགས་ལགས་ནི་དེ་སྔོན་ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༣ ཚེས་༣ ཉིན་གྱི་མཚན་མོོ་རྒྱ་གཞུང་དམག་མིས་རྔ་བ་ཀིརྟི་དགོན་པའི་ཁོང་གི་རང་ཤག་ནས་འཛིན་བཟུང་བྱས་ཡོད་པ་དང་། རྔ་བ་རང་སྐྱོང་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ཁོང་ལ་ཕྱི་ལོ་ ༢ ༠༠༦ ལོ་ནས་བཟུང་བོད་ཕྱི་ཕྱོགས་སུ་འབྲེལ་བ་བྱས་པ་དང་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

རེས་གཟའ་ཉི་མ། ༢༠༡༦།༠༩།༠༤

ཉན་པ།: Listen ཕབ་ལེན། Download བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༦ པ་དང་བསྟུན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གནས་བབས་སྐོར་གླེང་བ། Sunday 04/09/2016 Panel Discussion with 3 regional chapters of TYC on ‘Current State of Tibetan Youth Congress’

བསྟན་འཛིན་འཇིགས་མེད་ལགས་བསྐྱར་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོར་བདམས་ཐོན་བྱུང་སོང་།

བསྟན་འཛིན་འཇིགས་མེད་ལགས་སྐབས་ ༡༦ པའི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐྱར་དུ་བདམས་ཐོན་བྱུང་བ་དང་སྦྲགས། ༸གོང་ས་མཆོག་ལ་གཞི་མེད་སྐྱོན་བརྗོད་བྱེད་མཁན་ཚོར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་གསུངས་སོང་། དེ་རིང་ཟླ་ ༩ ཚེས་ ༣ ཉིན་གྱི་ཕྱི་དྲོར་ཐེངས་ ༡༦ པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་འདུ་མཇུག་སྒྲིལ་དང་འབྲེལ། བོད་ཀྱི་གཞོན་ལྷན་གྱི་དབུས་རྒྱུན་ལས་གསར་པ་འོས་འདེབས་གནང་ཡོད་པ་དང་། སྐབས་དེར་གཞོན་ནུའི་ཚོགས་གཙོ་ཚོགས་གཞོན་དང་། དེ་བཞིན་དྲུང་ཆེ་བཅས་ཀྱི་འོས་འདེབས་ནང་ཚོགས་མི་ཁྱོན་ ༡༠༢ ནས་མཉམ་ཞུགས་གནང་པའི་ཁྲོད། འོས་ཤོག་གཉིས་རྩིས་མེད་ཕྱིན་ཏེ་མཐར་སྐབས་སྔོན་མའི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ལ་འོས་གྲངས་ ༨༧ ཐོབ་སྟེ་ཚོགས་གཙོར་བསྐྱར་དུ་བདམས་ཐོན། བསྟན་འཛིན་སྲི་གཅོད་ལགས་ལ་འོས་གྲངས་ ༨༦ ཐོབ་སྟེ་ཚོགས་གཞོན་ལ་བསྐྱར་དུ་བདམས་ཐོན་བྱུང་བ་དང། དེ་བཞིན་བཀྲ་ཤིས་ལམ་བཟང་ལགས་ལ་འོས་གྲངས་ ༨༧ ཐོབ་སྟེ་དྲུང་ཆེར་བསྐྱར་དུ་བདམས་ཐོན་བྱུང་ཡོད་པ་རེད། ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་རྩ་ཆེན་པོ་དང་གལ་ཆེན་ཞིག་ཡིན་པ་གསུངས་པ་དང་སྦྲགས།  ད་ལྟའི་བར་ང་ཚོའི་སྒྲིག་འཛུགས་དང་འཐབ་རྩོད་སོགས་མུ་མཐུད་གནས་ཐུབ་པ་དེ་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ཡིན་པ་གསལ་པོ་ཞེ་དྲག་ཡིན་སྟབས། སྐད་ཆ་བཤད་པ་ཡིན་ནའང་རེད། ལས་འགུལ་སྤེལ་བ་ཡིན་ནའང་༧གོང་ས་མཆོག་གོང་དུ་བཀུར་བའི་ཐོག་ནས་གནང་དགོས་པ་དེ་གལ་ཆེ་ཞིག་ཆགས་ཡོད་པ་མ་ཟད། གཞོན་ལྷན་སྒྲིག་འཛུགས་ཀྱི་ངོས་ནས་༸གོང་ས་མཆོག་ལ་གཞི་མེད་སྐྱོན་བརྗོད་བྱེད་མཁན་ཚོར་མཐའ་ཐ་གཅིག་ཏུ་ངོ་རྒོལ་གནང་རྒྱུ་ཡིན་ཅེས་གསུངས་སོང་། གཞན་ཡང་ད་རེས་བདམས་ཐོན་བྱུང་བའི་སྐབས་ ༡༦ པའི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུས་ལས་གསར་ཁག་ལ་གཞིགས་ཚེ་སྐབས་སྔོན་མའི་ཤེས་ཡོན་འགན་འཛིན་བཀྲ་ཤིས་དོན་འགྲུབ་ལགས། ཉི་མ་གཡང་འཛོམས་ལགས། བཀྲ་ཤིས་དར་རྒྱས་ལགས། ངག་དབང་བློ་བཟང་ལགས། སྤེན་པ་ཚེ་རིང་ལགས། བདེ་སྐྱིད་ལྷ་ས་བ་ལགས། སྐབས་སྔོན་མའི་དྲིལ་བསྒྲགས་འགན་འཛིན་ཚེ་དབང་སྒྲོལ་མ་ལགས་བཅས་ཡིན་པ་རེད།   http://www.youtube.com/watch?v=CygN4kh2lb8

རེས་གཟའ་སྤེན་པ། ༢༠༡༦།༠༩།༠༣

ཉན་པ།: Listen ཕབ་ལེན། Download བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་ལ་འགྱུར་བ་གཏོང་རྒྱུ་མིན་པའི་མང་མོས་ཐག་གཅོད། རྒྱ་གར་ལྷོ་ཕྱོགས་ཁུལ་དུ་བོད་མིའི་མང་གཙོའི་དུས་ཆེན་སྲུང་བརྩི་ཞུས་པ། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་འཆར་འཛིན་ཚོགས་ཆུང་གི་ལས་དོན་དབུ་འཛུགས། ཝུ་ཡིང་ཇེ་བོད་རང་སྐྱོང་ལྗོངས་ཟེར་བའི་འགོ་གཙོར་བསྐོས་པར་སྐྱོན་བརྗོད། ཇར་མན་སྲིད་བློན་མཆོག་ལ་རྒྱ་ནག་ལྷན་དུ་བླ་རུང་སྒར་གཏོར་བཤིག་གི་ལས་དོན་ཐོག་གླེང་དགོས་པའི་ཞུ་འབོད། Saturday 03/09/2016 TYC GBM concludes, members vote no change in the organization’s Rangzen stand Tibetans in South India commemorate Tibetan Democracy Day Tibetan Electoral Reform Committee begins work on compilation of recommendations Wu’s appointment as new TAR Chief indicates continuity of tough policies in the region German Chancellor urged to press China on destruction of Larung Gar

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་ལ་འགྱུར་བ་གཏོང་རྒྱུ་མིན་པའི་མང་མོས་ཐག་གཅོད་གནང་སོང་།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༦ ཐོག་གཞོན་ནུའི་དམིགས་ཡུལ་ལ་འགྱུར་བ་གཏོང་རྒྱུ་མིན་པའི་མང་མོས་ཐག་གཅོད་བྱུང་སོང་། དེ་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༦ དེ་རྡ་རམ་ས་ལར་ཟླ་བ་གོང་མའི་ཕྱི་ཚེས་ ༢༩ ནས་དབུ་འཛུགས་ཀྱིས་དེ་རིང་བར་ཉིན་གྲངས་དྲུག་རིང་ཚོགས་ཏེ་མཇུག་སྒྲིལ་གནང་ཡོད་པ་རེད། དེ་རིང་ཚོགས་ཆེན་ཉིན་མཐའ་མའི་ཐོག་འདས་པའི་ཉིན་གྲངས་དྲུག་གི་ཚོགས་དུས་སྐབས་སུ་ཚོགས་མི་ནང་ཁུལ་དབར་ལ་གྲོས་གཞི་ཁག་འདྲ་མིན་དགུ་ཐོག་ལ་བགྲོ་གླེང་གནང་པ་ཁག་རིམ་བཞིན་གཏན་འབེབས་གནང་སོང་བ་དང་། ལྷག་པར་དུ་ཐེངས་འདིའི་ཚོགས་ཆེན་ནང་གི་གྲོས་གཞི་གཙོ་བོ་གཅིག་ནི། གཞོན་ནུའི་སྒྲིག་གཞི་བསྐྱར་བཅོས་དང་འབྲེལ། གཞོན་ནུའི་དམིགས་ཡུལ་དང་པོ་༸གོང་ས་མཆོག་གི་ལམ་སྟོན་འོག་ཤར་བསྐྱོད་བྱ་རྒྱུ་དང་། བཞི་པ་བོད་རང་བཙན་རྩོད་རྒྱུ་གཉིས་ལ་འགྱུར་བ་གཏོང་མིན་གྱི་གྲོས་ཆོད་འདི་ཆགས་ཀྱི་ཡོད་པ་རེད། ཁ་ཉིན་དང་ཁ་སང་བཅས་ཉིན་གཉིས་རིང་གྲོས་ཆོད་འདིའི་ཐོག་ལ་བགྲོ་གླེང་ལྷུག་པོ་གནང་རྗེས། དེ་རིང་ཉིན་མཐའ་མའི་ཚོགས་དུས་ཐོག་གཞོན་ནུའི་དམིགས་ཡུལ་དང་པོ་དང་བཞི་པ་གཉིས་ལ་འགྱུར་བ་གཏོང་རྒྱུ་མིན་པའི་ཐག་གཅོད་བྱུང་ཡོད་པ་རེད། གཞན་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༦ དེའི་ཐོག་ཚོགས་མི་ནང་ཁུལ་དབར། སྐབས་སྔོན་མའི་གྲོས་ཆོད་ཁག་བསྐྱར་ཞིབ་དང་། བོད་རང་བཙན་ལས་འགུལ་སྔར་ལྷག་ནུས་སྟོབས་གོང་འཕེལ་གཏོང་ཐབས།  ༸གོང་ས་མཆོག་གི་༧སྐུ་ཕྱྭ་དང་།  སྒྲིག་འཛུགས་སྲ་བརྟན་རྒྱུན་སྐྱོང་ཡོང་ཐབས། སྤྱི་ཚོགས་ཞབས་ཞུའི་ལས་དོན། དེ་བཞིན་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་སོགས་ཀྱི་ཐད་ལ་བགྲོ་གླེང་ལྷུག་པོ་གནང་སྟེ། དེ་རིང་གྲོས་གཞི་དོན་ཚན་དགུ་ཅན་གྱི་གྲོས་ཆོད་གཏན་འབེབས་གནང་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གིས་གསར་འགྱུར་རྒྱང་སྲིང་ཞུ་སྐབས་འདིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྐབས་རྗེས་མའི་རྒྱུན་ལས་གསར་པ་འོས་འདེམས་གནང་བཞིན་པ་རེད་འདུག  

Latest news