Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: September, 2016

༸གོང་ས་མཆོག་ལ་མཚན་སྨད་སྒྲོ་སྐུར་ཞུ་རིགས་ལ་གདོང་ལེན་གནང་རྒྱུའི་གྲ་འགྲིག་ཆ་ཚང་ཡོད་ཅེས་གསུངས་པ།

དེ་རིང་ཟླ་ ༩ ཚེས་ ༢ ཉིན་སྔ་དྲོ་བོད་མིའི་གཞིས་སྒར་ལྡི་ལི་བསམ་ཡས་གླིང་དུ་ལྡི་ལི་བོད་ཀྱི་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས་བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༥༦ པའི་མཛད་སྒོའི་ཐོག་དེ་རིང་གི་དུས་ཆེན་དེའི་འཕེལ་རིམ་རང་བཞིན་ གྱི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་མིར་བཀའ་དྲིན་ཤིན་ཏུ་ནས་ཆེ་ཡིན་པ་བསམ་ཤེས་ཐུབ་ཀྱང་། བོད་མིའི་སྤྱི་ཚོགས་ཁྲོད་རང་མགོ་ཐོན་ཡིན་སྙམ་ཏེ་བོད་མིའི་སྒྲིག་འཛུགས་ལ་གཞི་མེད་སྐྱོན་བརྗོད་དང་། ལྷག་པར་༸གོང་ས་མཆོག་ལ་ མཚན་སྨད་སྒྲོ་སྐུར་ཞུ་བའི་བྱ་སྤྱོད་ནི་དགྲ་དགའ་གཉེན་སྡུག་བཟོ་གཞི་གནས་ཚུལ་ཁག་ཅིག་ཡོང་བཞིན་འདུག་ཅེས་གསུངས་པ་མ་ཟད། སྔར་དོལ་རྒྱལ་ཚོགས་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁྲིམས་རར་སྦྱར་རྒྱུའི་འབད་བརྩོན་ཆ་ཚང་བྱས་ཀྱང་དེ་ལྟར་མ་ཐུབ་པ་ཞིག་རེད། འོན་ཀྱང་དེང་ཆར་མི་སྒེར་ལ་ལས་༸གོང་ས་མཆོག་ཁྲིམས་རར་སྦྱར་རྒྱུའི་གནས་ཚུལ་ཐོས་རྒྱུ་འདུག་པ་ལྟར། གལ་ཏེ་དེ་ལྟར་བྱ་རྒྱུ་ཡོད་ན་ངེས་པར་རྒྱུ་མཚན་ལྡན་པ་བྱེད་རོགས་ང་ནི་༸གོང་ས་མཆོག་གི་སྐུ་ཚབ་གཅིག་གི་མིང་འཁྱེར་ཡོད་པ་མ་ཚད་བོད་མིའི་སྒྲིག་འཛུགས་ཀྱི་ལྡི་ལི་སྐུ་ཚབ་ཡིན་པའི་ངོས་ནས་གནད་དོན་དེ་དག་གི་མདུན་སར་བཅར་དགོས་བྱུང་ཚེ་བཅར་ནས་གདོང་ལེན་བྱ་རྒྱུའི་གྲ་འགྲིག་ཆ་ཚང་ཡོད་ཅེས་གསུངས་སོང་། ད་དུང་ཁོང་གིས་ས་གནས་ཀྱི་བོད་མི་ཚོ་སྤྱི་བའི་རྩ་དོན་ཐོག་ལ་ལྷག་བསམ་ཡོད་པ་དང་རྡོག་དྲིལ་པོ་ཡོད་པར་ངོས་བཞེས་ཀྱིས་བོད་མི་ཕལ་ཆེ་བ་འཚོ་བ་རང་འཚོ་ཡིན་པས་འཚོ་ཐབས་གང་གཉེར་རུང་བོད་སྒར་རང་གི་ནང་ཁྲིམས་དང་། ལྷག་པར་དུ་རྒྱ་གར་གཞུང་གི་རྩ་ཁྲིམས་དང་མཐུན་པ་གནང་དགོས་གལ་ཡིན་པའི་ལམ་སྟོན་གནང་པ་མ་ཟད། བོད་སྒར་འདིའི་ནང་ད་དུང་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཁན་རིགས་མཁན་ཉུང་ཤས་ཤིག་ཡོད་པ་དེ་དག་ཚོས་ཀྱང་རིམ་པས་ཁྲིམས་མཐུན་ཡོང་ཐབས་གནང་གལ་ཆེ་བའི་ལམ་སྟོན་གནང་ཡོད་པ་རེད། བོད་མི་ཚོས་རང་ཉིད་ཀྱི་འཚོ་ཐབས་གཉེར་སྐབས་ཁྲིམས་མཐུན་གྱི་འཚོ་ཐབས་ཤིག་སྐྱེལ་ཐུབ་ཚེ་ཞི་བདེ་བག་ཕེབས་ཀྱི་འཚོ་ཐབས་ཤིག་སྐྱེལ་ཐུབ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་མང་ཉུང་ལ་ལྟོས་མེད་རོགས་རམ་དང་མཐུན་འགྱུར་ཞུ་སྒོ་དག་ཞུས་ངེས་ཡིན་སྐོར་གསུངས་སོང་།

གཞོན་ནུའི་ཚོགས་ཆེན་ཐོག་གཞོན་ནུའི་དམིགས་ཡུལ་བསྐྱར་བཅོས་གནང་ཕྱོགས་ཐད་ལ་བགྲོ་གླེང་ལྷུག་པོ་གནང་པ།

དེ་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་གཞི་ལེ་ཚན་བཞི་པའི་ནང་གསེས་དང་པོའི་ནང་། གཞིས་བྱེས་བོད་མི་ཡོངས་ཀྱི་བློ་གཏོད་རེ་རེ་ཡུལ་གཅིག་ཉིད་༸གོང་ས་༸སྐྱབས་མགོན་ཆེན་པོའི་དབུ་ཁྲིད་ལམ་སྟོན་ཡང་དག་མུན་སེལ་འོག་ཤར་བསྐྱོད་བྱ་རྒྱུ་གཞི་རྩར་བཟུང་ཐོག་བོད་གཞུང་འབངས་ཀྱི་སྤྱི་དོན་ལ་ལྷག་བསམ་འཁུར་ལེན་རྨང་གཞིར་འཁྱེར་བ་དང་། དེ་བཞིན་ནང་གསེང་བཞི་པའི་ནང་གཞིས་བྱེས་བོད་རིགས་མི་མང་གནས་བོད་རང་བཙན་གྱི་དམིགས་ཡུལ་ངེས་ཅན་ཞིག་བཟུང་སྟེ་དགྲ་བོར་རྒོལ་འཛིངས་ཀྱི་ལས་འགུལ་དཔེ་བསྔགས་ཀྱི་གནས་སུ་ཡོད་པ་དེ་དག་སྒྲུབ་ཆེད་དཀའ་ངལ་དྭང་ལེན་གྱིས་རང་སྲོག་ཚུན་ལའང་ལྟོས་མེད་ཀྱིས་མདུན་སྐྱོད་བྱ་རྒྱུ་ཡིན་སྐོར་སོགས་འཁོད་ཡོད་པ་བརྟེན། འདས་པའི་ལོ་ཤས་ནང་ལ་བོད་མི་མང་ཚོགས་དང། གཞོན་ནུ་ནང་ཁུལ་དབར་གཞོན་ནུའི་དམིགས་ཡུལ་དང་པོ་དང་བཞི་པ་དབར་འགལ་ཟླ་ཡོད་པའི་བསམ་ཚུལ་དང་གླེང་སློང་ཤུགས་ཆེ་བྱུང་ཡོད་པ་མ་ཟད། སྐབས་སྔོན་མའི་ཚོགས་ཆེན་ཐོག་ས་གནས་གཞོན་ནུ་ཁག་ཅིག་གིས་དབུས་སྒྲིག་འཛུགས་ནས་ཕྱིར་འཐེན་བྱས་པའི་གནས་ཚུལ་ཡང་བྱུང་ཡོད་པ་རེད། ཐེངས་འདིའི་ཚོགས་དུས་ཐོག་ཚོགས་ཆེན་ཐེངས་ ༡༥ པའི་ཐོག་གྲོས་ཆོད་གཏན་འབེབས་གནང་དོན་ལྟར། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་དང་པོ་དང་བཞི་པར་བསྐྱར་བཅོས་ཀྱི་ཚིག་བརྗོད་གསར་པ་ཞིག་འཁྱེར་འདུག་པ་དང་། དམིགས་ཡུལ་དང་པོའི་ནང་༸གོང་ས་མཆོག་སྤྱི་བོའི་གཙུག་ཏུ་བཀུར་ནས་བོད་ཀྱི་སྤྱི་དོན་རྩོད་རྒྱུ་སྐོར། དེ་བཞིན་དམིགས་ཡུལ་བཞི་པའི་ཚིག་བརྗོད་གསར་པའི་ནང་མ་འོངས་བོད་ཀྱི་དཀའ་རྙོག་འགྲིག་འཇགས་མཚམས་སུ་སླེབས་སྐབས་༸གོང་ས་མཆོག་གི་བཀའ་དགོངས་དང་གཞིས་བྱེས་མང་ཚོགས་ཀྱི་མཐའ་མའི་ཐག་གཅོད་ལ་རྒྱབ་སྐྱོར་ཞུ་རྒྱུ་སྐོར་སོགས་འཁོད་འདུག དེ་བཞིན་ཁ་སང་དང་དེ་རིང་བཅས་ཀྱི་ཚོགས་དུས་ནང་ཚོགས་བཅར་བ་ནང་ཁུལ་དབར་སྒྲིག་གཞི་བསྐྱར་གཅོས་ཀྱི་ཚིག་བརྗོད་གསར་པ་འདིའི་ཐོག་བགྲོ་གླེང་ལྷུག་པོ་གནང་སོང་བ་དང་། ཚོགས་བཅར་བ་ཁག་གིས་དམིགས་ཡུལ་དང་པོ་དང་བཞི་པར་འགའ་ཟླ་མེད་པར་ངོས་འཛིན་གྱིས་འགྱུར་བ་གཏོང་དགོས་ཀྱི་མ་རེད་ཅེས་དང་། ལ་ལས་དོན་དག་ཐོག་འགྱུར་བ་མི་དགོས་ཀྱང་ཚིག་བརྗོད་ཀྱི་ཐད་ལ་སྤྱི་ཚོགས་ཀྱི་གནས་བབ་དང་མཐུན་པའི་འགྱུར་བ་གཏོང་དགོས། དེ་བཞིན་དམིགས་ཡུལ་དང་པོ་འགྱུར་བ་བཏང་བ་མ་གཏོགས་བཞི་པ་འགྱུར་བ་གཏོང་མི་དགོས་པ་སོགས་ཀྱི་བསམ་ཚུལ་གླེང་མཁན་ཡང་བྱུང་ཡོད་པ་རེད། གཞན་ཡང་བགྲོ་གླེང་ལས་རིམ་དེའི་སྐབས་སུ་ཚོགས་བཅར་བ་ཁག་ཅིག་གིས་དམིགས་ཡུལ་བཞི་པའི་ཚིག་བརྗོད་གསར་པ་དེས་གཞོན་ལྷན་གྱི་སྒྲིག་འཛུགས་གནས་བབ་སྐྱོ་རུ་ཕྱིན་པར་ངོས་འཛིན་གྱིས་འགྱུར་བ་གཏོང་རྒྱུར་རྒྱབ་སྐྱོར་མེད་སྐོར་གསུངས་མཁན་བྱུང་སོང་། ལྷག་པར་དུ་ད་རེས་ཀྱི་ཚོགས་ཆེན་དེའི་ཐོག་གཞོན་ནུའི་སྒྲིག་འཛུགས་དང་རང་བཙན་ཁ་ལ་འཁྱེར་ནས་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་ཁ་གཏད་བཅོག་མཁན་ཚོར་གདོང་ལེན་བྱེད་ཕྱོགས་ཀྱི་གྲོས་ཆོད་ཞོག་དགོས་པའི་འབོད་སྐུལ་ཞུ་མཁན་ཡང་བྱུང་ཡོད་པ་རེད། གཞི་རྩའི་ཚོགས་ཆེན་དེའི་ཐོག་ལ་གཙོ་བོ་དབུས་རྒྱུན་ལས་གསར་འདེམས་ཞུ་རྒྱུ་གཙོས། དབུས་ས་གཉིས་ཀྱི་ལོ་གསུམ་གྱི་ལས་བསྡོམས་སྙན་སྒྲོན་དང་དེར་བགྲོ་གླེང་དང། བོད་རང་བཙན་ལས་འགུལ་སྔར་ལྷག་ནུས་སྟོབས་གོང་འཕེལ་གཏོང་ཕྱོགས། ༸གོང་ས་མཆོག་གི་༸སྐུ་ཕྱྭ་དང་འབྲེལ་བའི་དོལ་རྒྱལ་རྗེས་འབྲང་པའི་ཚབས་ཆེན་ལས་དོན་ལ་གདོང་ལེན་བྱེད་ཕྱོགས། དབུས་ས་གཉིས་ཀྱི་སྒྲིག་འཛུགས་སྲ་བརྟན་རྒྱུན་སྐྱོང་ཡོང་ཐབས། བོད་ནང་གི་ཛ་དྲགས་གནས་སྟངས་སྐོར། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་སོགས་ཀྱི་གྲོས་གཞི་འདྲ་མིན་ཐད་ལ་གྲོས་བསྡུར་གནང་རྒྱུ། ལྷག་པར་དུ་ཚོགས་ཆེན་དེའི་སྐབས་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་གཞི་བསྐྱར་བཅོས་དང་འབྲེལ་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་ཐོག་བགྲོ་གླེང་གིས་མང་མོས་ཐག་གཅོད་གནང་རྒྱུ་བཅས་ཡིན་པ་རེད། སང་ཉིན་མཐའ་མའི་གྲོས་བཞི་དེ་དག་ཐོག་གྲོས་ཆོད་གཏན་འབེབས་དང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་རྒྱུན་ལས་གསར་པ་འོས་འདེབས་གནང་རྒྱུ་ཡིན་པ་རེད།

༸གོང་ས་མཆོག་གིས་༸གང་ཉིད་མཆོག་ལྷོ་ཀོ་རི་ཡར་ཆིབས་བསྒྱུར་བསྐྱང་ཐུབ་པའི་ཐུགས་རེ་གནང་བཞིན་ཡོད་ཅེས་བཀའ་བསྩལ་བ།

དེའང་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཟླ་ ༨ ཚེས་ ༢༩ ཉིན་ནས་དབུ་འཛུགས་ཀྱིས་ཁ་སང་ཚེས་ ༡ བར་བཅས་ཉིན་གྲངས་བཞིའི་རིང་ཆེད་དུ་བྱ་བའི་གདུལ་བྱ་ཐའེ་ལན་ཌི་དང་སིངྒ་པུར། ཀོ་རི་ཡ། ཨིན་ཌོ་ནེ་ཤཱིཡ། མ་ལེ་ཤཱི་ཡ། ཝེ་ཏི་ནམ་བཅས་ཀྱི་ཨེ་ཤེ་ཡའི་དད་ལྡན་ཁག་ཅིག་གཙོས་པའི་ཕྱི་ནང་གི་མང་ཚོགས་ཆོས་ཞུ་བ་ ༥༠༠༠ ལྷག་ལ་དབུ་མའི་ཤིང་རྟ་སྲོལ་འབྱེད་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་བཀའ་ཆོས་བསྐྱངས་པ་དང་བསྟུན།  མགོན་པོ་༸གང་ཉིད་མཆོག་གིས་རེས་གཟའ་མིག་མར་ཉིན་༸རྒྱལ་བའི་ཕོ་བྲང་དུ་ཆོས་འབྲེལ་གསོལ་འདེབས་ཞུ་མཁན་ཚོགས་པའི་འཐུས་མི་ཁག་ཅིག་དང་ལྷོ་ཀོ་རི་ཡའི་གསར་འགོད་པ་ཁག་ཅིག་བཅས་ལ་ཟུར་དུ་བཀའ་སློབ་བཀྲིན་མཛད་ཡོད་པ་རེད། སྐབས་དེར་༸གོང་ས་མཆོག་གིས་ངོས་རང་ད་བར་ཨེ་ཤེ་ཡའི་རྒྱལ་ཁབ་ལས་ཉི་ཧོང་མ་གཏོགས་དེ་མིན་རྒྱལ་ཁབ་གཞན་གང་དུའང་བསྐྱོད་ཐུབ་མ་སོང། ལྷོ་ཀོ་རི་ཡའི་དད་ལྡན་རྣམས་ཀྱི་བློ་གཙང་མ་དང་རང་ཉིད་ཀྱི་དད་པ་མུ་མཐུད་བརྟན་པོ་གནས་པ་ཡིན་ན། ངོས་རང་མ་འོངས་པར་ཡུལ་དེའི་ནང་ངེས་པར་དུ་བསྐྱོད་ཐུབ་པའི་ཡིད་ཆེས་ཡོད་ཅེས་བཀའ་བསྩལ་འདུག རྩ་བའི་ལྷོ་ཀོ་རི་ཡའི་ནང་གི་ཆོས་ཚོགས་ཁག་ཅིག་གིས་དེ་སྔོན་ ༢༠༠༢ དང། ༢༠༠༧ ལོ་བཅས་ཀྱི་ནང་༸གོང་ས་མཆོག་ཁུལ་དེར་གདན་འདྲེན་ཞུ་ཕྱིར་མཐོང་མཆན་རག་ཐབས་སུ་འབད་བརྩོན་ལྷོད་མེད་གནང་ཡོད་ཀྱང། ཀོ་རི་ཡའི་གཞུང་གིས་རྒྱ་གཞུང་དང་ཀོ་རི་ཡའི་གཞུང་དབར་གྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་ཉེན་ལ་འཛེམས་ཏེ་ད་བར་ངོས་བཞེས་ཀྱི་མཐོང་མཆན་ཕུལ་མེད་པ་རེད། འོན་ཀྱང་༸གོང་ས་མཆོག་གིས་རེས་གཟའ་མིག་མར་ཉིན་༸གང་ཉིད་ཀྱི་ད་ཆ་ཆབ་སྲིད་ཀྱི་༸སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་མགོ་ཁྲིད་ལ་རྩིས་སྤྲོད་ཟིན་སྐོར་བཀའ་སྩལ་བསྐྱར་ནན་མཛད་པ་དང་འབྲེལ། ད་སྐབས་རྒྱལ་སྤྱིའི་ཁྲོད་རྒྱ་ནག་གི་གནས་བབ་ལ་འགྱུར་བ་འགྲོ་བཞིན་པ་དང་བསྟུན། མགོན་པོ་༸གང་ཉིད་ཡུལ་དེར་ཆིབས་བསྒྱུར་བསྐྱང་ཐུབ་པའི་ཐུགས་རེ་གནང་བཞིན་ཡོད་ཅེས་བཀའ་བསྩལ་འདུག

བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༥༦ སྲུང་བརྩི་ཞུས་པ།

དེ་རིང་ཕྱི་ཟླ་ ༩ པའི་ཚེས་ ༢ ཉིན་སྔ་དྲོ་ཚོུད་ ༡༠ ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་དབུ་གཡབ་ཏུ་སྐུ་མགྲོན་གཙོ་བོ་ཨ་རུ་ན་ཅཱལ་བློན་ཆེན་ཟུར་པ་དང་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་མུ་ཀུཊ་མི་ཐི་ Shri Mukut Mithi མཆོག་གིས་དབུ་བཞུགས་ཐོག་དམིགས་བསལ་སྐུ་མགྲོན་རྒྱ་གར་གྲོས་ཚོགས་འཐུས་མི་ཨ་རུན་ཀུ་མཱར་ Dr Arun Kumar མཆོག མཆོག ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གི་དབུས་པའི་ཁྲིམས་ཞིབ་པ་གཞན་རྣམ་གཉིས་མཆོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་གཙོས་སྤྱི་འཐུས་རྣམ་པ། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། གཞུང་འབྲེལ་མིན་པའི་ཚོགས་ཁག་གི་སྐུ་ཚབ་རྣམ་པ། མི་མང་དང་སློབ་ཕྲུག དེ་བཞིན་སེར་སྐྱ་མང་ཚོགས་བཅས་ལྷན་འཛོམས་ཐོག་བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༥༦ སྲུང་བརྩི་གཟབ་རྒྱས་ཞུས་སོང་། མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸སྐུ་ཚེ་ཧྲིལ་པོའི་རིང་ལ་སྐུ་ངལ་འཛེམས་མེད་ཀྱིས་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་དང་འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས་མང་གཙོའི་ལམ་ལུགས་ཀྱི་ཕྱོགས་སུ་བསྒྱུར་གནང་མཛད་པའི་རླབས་ཆེན་གྱི་མཛད་རྗེས་ལ་ཆེ་བསྟོད་དང་སྦྲགས། དེ་རིང་གི་དུས་ཚིགས་འདིའི་ཐོག་ནས་བོད་མི་རྣམས་ལ་ང་ཚོ་ནི་རྩ་དོན་རྩོད་མཁན་གྱི་སྒྲིག་འཛུགས་ཤིག་དང་། བཙན་བྱོལ་གྱི་གནས་བབ་འོག་མང་གཙོའི་ལམ་ལུགས་ལག་བསྟར་བྱེད་མཁན་ཞིག་ཡིན་སྟབས། གཞན་དང་གནས་སྟངས་མི་འདྲ་བ་ཡིན་པ་ཤེས་དགོས། མང་གཙོའི་རིང་ལུགས་ནང་ཐོབ་ཐང་དང་ལས་འགན་གཉིས་ཟུང་འབྲེལ་ཐོག་འགྲོ་དགོས་པ་ལས་ཐོབ་ཐང་གཅིག་པུ་ལོངས་སུ་སྤྱོད་པ་ནི་མང་གཙོ་ཡང་དག་པ་ཆགས་ཀྱི་མེད་ཅེས་གསུངས་སོང་། དེ་བཞིན་ཉེ་ཆར་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཚོགས་ཀྱི་དྲུང་ཆེ་བརྗེ་བསྒྱུར་བྱས་ཡོད་པའི་གནད་དོན་དང་འབྲེལ། བོད་ཁྱོན་ཡོངས་ནང་ཞི་བདེ་ལྷིང་འཇགས་ཡང་དག་པ་ཞིག་ཡོང་བར་འགོ་འཁྲིད་འཕོ་བསྒྱུར་བཏང་བ་ཙམ་མ་ཡིན་པར་བོད་མིའི་ཐོག་མི་སྤྱོད་ལས་འདས་པའི་མཁྲེགས་འཛིན་དང་དྲག་གནོན་གྱི་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་བཞིན་པ་མཚམས་འཇོག་གིས་བོད་དོན་དཀའ་རྙོག་སེལ་ཐབས་བྱ་རྒྱུའི་དུས་ལ་བབས་ཡོད་ཅེས་གསུངས་སོང་། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་འདི་ལོའི་བཙན་བྱོལ་བོད་མིའི་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་ལས་རིམ་གཙོས་པའི་ཕྱི་ནང་གི་གནད་དོན་འགའི་རྐྱེན་པས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཡ་རབས་བཟང་སྤྱོད་དང་འགལ་སྟབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྷ་དགོངས་འཁྲུག་གཞིར་འགྱུར་ཡོད་པ་ལུང་འདྲེན་དང་སྦྲགས། ༸གོང་ས་མཆོག་གིས་ཨ་རི་ཁེ་ལི་ཕོར་ནི་ཡའི་ཁུལ་གནས་སྡོད་བོད་མི་ཚོར་བཀའ་སློབ་སྩལ་སྐབས། “ ད་ཆ་འོས་བསྡུའི་སྐབས་དང་འབྲེལ་བའི་གནས་ཚུལ་ཚང་མ་འཇགས་ཡོད་པས་ནམ་མཁའ་གཡའ་དག་དང་། ས་གཞི་རྡུལ་དག་ཡིན། བློ་བདེ་པོ་བྱས་ནས་སྡོད ་”ཅེས་བཀའ་བཟང་འཐོབ་ཡོད་པ་བཞིན། ད་ལྟའི་ཆར་གྲོས་ཚོགས་དང་འཛིན་སྐྱོང་གཉིས་ཀའི་འགོ་འཁྲིད་མི་སྣ་འདེམས་བསྐོའི་རིམ་པ་གྲུབ་སྟེ་རང་རང་ལས་དོན་ཐོག་དངོས་སུ་ཞུགས་ཟིན་སྟབས། བོད་མི་ཡོངས་ཀྱིས་ཁ་ཞེ་གཉིས་མེད་ངང་ལག་ལེན་དངོས་ཀྱི་ཐོག་ནས་ཕན་ཚུན་མཛའ་བརྩེའི་ངང་མཐུན་ལམ་དམ་ཚིག་གཟོང་ཁ་གཅིག་སྒྲིལ་གནང་དགོས་གཞི་རྩར་བཞག་སྟེ། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་ཡོངས་དང་། རྒྱ་ཆེའི་མང་ཚོགས་བཅས་ཀྱིས་ཕྱར་གྲུ་མཉམ་འདེགས་དང་། རྒྱབ་སྐྱོར་གྱི་ནུས་ཤུགས་འདོན་དགོས་པའི་དུས་ལ་སླེབས་ཡོད་ཅེས་གསུངས་སོང་། དེ་མཚུངས་སུ་ཚོགས་གཙོ་མཆོག་གིས་རྒྱ་གཞུང་གིས་བོད་དཀར་མཛེས་ཁུལ་གསེར་རྟ་རྫོང་ཁོངས་སུ་ཡོད་པའི་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་གྲྭ་བཙུན་ཚད་བཀག་དང་། གྲྭ་ཤག་གཏོར་བཤིག་བཏང་བ་སོགས་སྲིད་བྱུས་ངན་པ་དངོས་སུ་ལག་བསྟར་བྱས་པའི་གནད་དོན་དང་འབྲེལ་ཏེ་བོད་ནང་ཡར་རྒྱས་ཀྱི་འཛུགས་སྐྲུན་ལས་གཞིར་ཁ་གཡར་བ་ལས། དོན་དངོས་ཐོག་དེ་ནི་རྒྱ་ནག་རྒྱ་བསྐྱེད་རིང་ལུགས་པས་བོད་ལྟ་ཅི་སྨོས། བལ་ཡུལ་དང་རྒྱ་གར་རྒྱལ་ཁབ་སོགས་ཁྱིམ་མཚེས་ཡུལ་གྲུར་འཇིགས་ཉེན་བཟོ་བའི་ཕུགས་རིང་གི་འཆར་གཞི་ལྡན་པའི་འཛུགས་སྐྲུན་ཞིག་ཡིན་སྐོར་སོགས་གསུངས་སོང་། སྐུ་མགྲོན་གཙོ་བོ་སྐུ་ཞབས་མུ་ཀུཊ་མི་ཐི་མཆོག་གིས་ཁོང་དུས་ཡུན་རིང་པོ་ཞིག་ནས་བོད་དོན་ལ་དོ་སྣང་དང་རྒྱབ་སྐྱོར་ཞུ་མཁན་ཞིག་ཡིན་པ་མ་ཟད། རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཞིག་ཡིན་སྟབས། ཚོགས་པ་དེའི་ངོས་ནས་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་ཚོགས་གཙོ་སྦྲེལ་པོས་གཙོས་པའི་འཐུས་མི་རྣམས་ཀྱིས་རྒྱ་གར་གྲོས་ཚོགས་ནང་༸གོང་ས་༸སྐྱབས་མགོན་མཆོག་གདན་འདྲེན་ཞུ་དགོས་པའི་གྲོས་ཆོད་བཞག་ཡོད་སྐོར་གསུངས་པ་མ་ཟད། ཉེ་ཆར་བོད་མི་མང་སྤྱི་འཐུས་རྣམ་པའི་རུ་ཁག་གིས་རྒྱ་གར་གཞུང་ལ་རྒྱ་ནག་དང་འབྲེལ་ལམ་ཁྲོད་བོད་དོན་ཐོག་ཐུགས་འཁུར་ཆེ་ཙམ་བཞེས་དགོས་པའི་རེ་འབོད་གནང་དོན་ལྟར། ཁོང་གིས་ཀྱང་བོད་མིའི་རེ་དོན་དེ་རྒྱ་གར་གཞུང་གི་གསན་འཇོག་ཡོང་བར་འབད་གཙོན་གནང་རྒྱུ་ཡིན་སྐོར་སོགས་གསུངས་ཡོད་པ་རེད། དེ་བཞིན་དམིགས་གསལ་སྐུ་མགྲོན་ Dr. Arun Kumar མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་དབུ་ཁྲིད་འོག་བཙན་བྱོལ་ནང་དུ་བོད་མི་རྣམས་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་རྣམས་མི་ཉམས་རྒྱུན་འཛིན་གནང་པ་དང། བོད་མི་རྣམས་ནས་མང་གཙོའི་ལམ་ལུགས་ལ་བློ་སེམས་བརྟན་པོའི་ཐོག་ནས་ཤར་བསྐྱོད་གནང་བཞིན་པར་བསྔགས་བརྗོད་དང་སྦྲགས། རྒྱ་གཞུང་གིས་བོད་ནང་དགོན་པ་ཁ་ཤས་གཏོར་བཤིག་བཏང་བ་ཙམ་གྱིས་བོད་མིའི་ཆོས་དང་རིག་གཞུང་རྩ་མེད་བཟོ་ཐུབ་ཀྱི་མ་རེད་ཅེས་གསུངས་སོང་། གལ་ཏེ་རྒྱ་ནག་གི་དཔོན་རིགས་རྣམས་ལ་བསམ་ཤེས་ཡོད་ན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་མཛད་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་༸གོང་ས་མཆོག་གམ་བོད་མིའི་སྐུ་ཚབ་ལྷན་དུ་གྲོས་མོལ་ངེས་པར་དུ་གནང་དགོས་ཀྱི་རེད་གསུངས་ཡོད་པ་རེད། གཞན་ཡང་དེ་རིང་མཛད་སྒོའི་ཐོག་གཏན་ཉིན་སློབ་གྲྭ་ཁག་གི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་སྡེ་ཚན་ཁག་གསུམ་ནས་རྒྱུགས་སྤྲོད་ནང་ཨང་རིམ་རྩིས་ཕུད་སོན་མཁན་སློབ་མ་ཁག་ལ་དགའ་ལྡན་ཕོ་བྲང་སློབ་ཕྲུག་གཟེངས་བསྟོད་བྱ་དགའ་དང། དེ་བཞིན་འདི་ལོ་འབུམ་རམས་པ་སློབ་ཐོན་སློབ་མ་ལྔ་ལ་གཟེངས་བསྟོད་བྱ་དགའ་གནང་བ་མ་ཟད། དཔལ་འབྱོར་ལས་ཁུངས་ཀྱི་ཚོང་ལས་ཡར་རྒྱས་རམ་འདེགས་ཚན་པའི་ལས་གཞིའི་འོག་ཁྱད་མཁས་ཚོང་པ་གསར་པའི་མ་དངུལ་རོགས་སྐྱོར་གཟེངས་རྟགས་སོགས་གནང་ཡོད་པ་རེད།

རེས་གཟའ་པ་སངས། ༢༠༡༦།༠༩།༠༢

ཉན་པ།: Listen ཕབ་ལེན། Download སྲིད་སྐྱོང་མཆོག་གིས་མང་གཙོའི་རིང་ལུགས་ནང་ཐོབ་ཐང་གཅིག་པོ་མིན་པར་ཐོབ་ཐང་དང་ལས་འགན་གཉིས་ཟུང་འབྲེལ་ཐོག་འགྲོ་དགོས་གལ་ཡིན་པ་གསུངས་སོང་། ༸གོང་ས་མཆོག་ལ་མཚན་སྨད་སྒྲོ་སྐུར་ཞུས་མཁན་ཚོར་ཁ་གཏད་གདོང་ལེན་བྱ་རྒྱུའི་གྲ་འགྲིག་ཆ་ཚང་ཡོད་གསུངས་པ། གྲྭ་བློ་བཟང་སྐལ་བཟང་ལགས་སུ་ལོ་༣གྱི་བཙོན་འཇུག་ཁྲིམས་ཆད་སྐྱེལ་འདུག ༸གོང་ས་མཆོག་གིས་གང་ཉིད་མཆོག་ལྷོ་ཀོ་རི་ཡར་ཆིབས་བསྒྱུར་བསྐྱང་ཐུབ་པའི་ཐཱུགས་རེ་གནང་བཞིན་ཡོད་ཅེས་བཀའ་བསྩལ་བ། གཞོན་ནུའི་ཚོགས་ཆེན་ཐོག་གཞོན་ནུའི་དམིགས་ཡུལ་བསྐྱར་བཅོས་གནང་ཕྱོགས་ཐད་བགྲོ་གླེང་གནང་པ། ཁེ་ན་ཊའི་སྲིད་བློན་མཆོག་གིས་རྒྱ་གཞུང་ནས་སྨྲ་བརྗོད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་སྔར་ལྷག་འབད་དགོས་པའི་ཞུ་སྐུལ། Friday 02/09/2016 CTA commemorates 56th anniversary of Tibetan Democracy Day: Dharamsala Kasur Donchung Ngodup addresses Democracy Day celebration in Delhi, challenges people defaming the Dalai Lama Solo protestor Lobsang Kalsang sentenced to 3 years in prison Dalai Lama hopes to visit South Korea TYC members hold heated discussion on amendment to core rules Canadian PM urges China to do more to promote and protect human rights

༸གོང་ས་མཆོག་གིས་ཐུགས་རྗེ་ཆེན་པོའི་བཀའ་དབང་བཀྲིན་སྩལ་ཏེ་བཞུགས་སྒར་དུ་ཆོས་འབྲེལ་ལེགས་གྲུབ་མཛད་པ།

དེ་རིང་ཟླ་ ༩ ཚེས་ ༡ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འདས་པའི་ཉིན་གྲངས་བཞིའི་རིང་དབུ་མ་རིན་ཆེན་ཕྲེང་བའི་བཀའ་ཆོས་བཀྲིན་བསྐྱངས་ཡོད་པ་ལྟར། དེ་རིང་མགོན་པོ་མཆོག་གིས་ཐེངས་འདིའི་ཆོས་འབྲེལ་ཉིན་མཐའ་མའི་ཐོག་ཕྱི་ནང་གི་དད་ལྡན་མང་ཚོགས་ ༥༠༠༠ ལྷག་ལ་འཕགས་པ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་བཀའ་དབང་སྩལ་ཏེ་ཆོས་འབྲེལ་རེ་ཞིག་ལེགས་གྲུབ་མཛད་སོང་། སྐབས་དེར་༸གོང་ས་མཆོག་གིས་ཐོག་མར་མང་ཚོགས་ལ་ཐུགས་རྗེ་ཆེན་པོའི་དབང་དེ་ནི་དགེ་སློང་མ་པདྨོ་ནས་བརྒྱུད་པའི་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་འཁོར་ཞིག་ཆགས་ཡོད་པར་ངོ་སྤྲོད་དང་འབྲེལ། ཆོས་ཆོས་སུ་སོང་བར་གཙོ་བོ་ཀུན་སློང་བཟང་པོ་དགོས་གལ་ཡིན་པ་དང་། ལྷག་པར་དུ་དབང་ཞུ་སྐབས་དམིགས་པ་སེམས་ཅན་ཐམས་ཀྱི་དོན་དུ་སངས་རྒྱས་བོ་སྙམ་པའི་ཀུན་སློང་དགོས་གལ་ཆེ་བའི་ལམ་སྟོན་བསྩལ་སོང་། མགོན་པོ་མཆོག་གིས་ཐུགས་རྗེ་ཆེན་པོའི་བཀའ་དབང་དངོས་གཞིི་དབུ་འཛུགས་མ་མཛད་གོང་། ཆོས་ཞུ་བ་ཚོར་དགེ་བསྙེན་དང་སེམས་བསྐྱེད། དེ་བཞིན་བྱང་ཆུབ་སེམས་པའི་སྡོམ་པ་བཅས་འབོག་ཆོག་གནང་པ་མ་ཟད།  རྒྱལ་བ་དགྱེས་པའི་མཆོད་པ་ངོ་མ་བྱང་ཆུབ་སེམས་ཀྱིས་རྩིས་ཟིན་པའི་སྟོང་ཉིད་ཀྱི་ལྟ་བའི་ཉམས་ལེན་གཞི་མ་ཡོད་པའི་ཐོག་ནས་གསང་སྔགས་ཀྱི་ཆོས་ཉམས་ལེན་གནང་རྒྱུ་ཡིན་པའི་བཀའ་གནང་ཡོད་པ་རེད། ༸གོང་ས་མཆོག་གིས་ཆོས་འབྲེལ་མཇུག་སྒྲིལ་དང་བསྟུན་ནང་པའི་དད་ལྡན་ཚོར་ངོས་ནས་འདས་པའི་ཉིན་བཞིའི་རིང་ཆོས་ངོ་སྤྲོད་ཞུ་རྒྱུའི་ལས་འགན་དེ་དེ་རིང་ཚར་ཡོད། འོན་ཀྱང་ཆོས་ཞུ་བ་ཁྱེད་རང་ཚོས་ལས་འགན་དེ་ཆོས་ཉམས་ལེན་བྱེད་རྒྱུ་དེ་རེད་ཅེས་སྐུལ་ལྕག་མཛད་ཡོད། གཞི་རྩའི་ ༸གོང་ས་མཆོག་གི་བཀའ་ཆོས་ཐོག Singapore དང་ཀོ་རི་ཡ། Malaysia  Vietnam དེ་བཞིན་ Thailand དང་། Indonesia ལ་སོགས་པའི་ཨེ་ཤེ་ཡའི་ནང་པའི་དད་ལྡན་པ་ ༡༥༥༠ གཙོས་པའི་འཛམ་གླིང་རྒྱལ་ཁབ་འདྲ་མིན་ ༥༧ གྱི་ཆོས་ཞུ་བ་ ༥༠༠༠ ལྷག་བཅར་ཡོད་པ་རེད།            

ཧྥ་རན་སི་བོད་དོན་རྒྱབ་སྐྱོར་ཚོགས་ཁག་གིས་སྲིད་འཛིན་ཨོ་ལན་ཌི་མཆོག་ནས་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་དགོས་པའི་ཞུ་སྐུལ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་བྷེལ་ཇམ་དང་ཧྥ་རན་སི་བཅས་སུ་ཆིབས་བསྒྱུར་གནང་གཏན་འཁེལ་ཡོད་པ་དང་བསྟུན། ཧྥ་རན་སི་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་ཁག་ཅིག་གིས་ཡུལ་དེའི་སྲིད་འཛིན་ Francios Hollande མཆོག་ནས་༸གོང་ས་མཆོག་དང་ལྷན་མཇལ་མོལ་ཞུ་དགོས་པའི་འབོད་སྐུལ་ཞུས་འདུག མཛད་འཆར་ཁག་ལ་གཞིགས་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཚེས་ ༦ ཉིན་བཞུགས་སྒར་ནས་ཆིབས་བསྒྱུར་གྱིས་ཆེས་ཐོག་མར་བྷེལ་ཇམ་གྱི་རྒྱལ་ས་ Brussels ནང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐོག་དབུ་བཞུགས་མཛད་རྒྱུ་གཙོ་བོར་འགྱུར་བའི་མཛད་འཆར་ཁག་གཅིག་བསྐྱང་རྒྱུ་དང་། དེ་རྗེས་ཟླ་བ་འདིའི་ཚེས་ ༡༢ ནས་ ༡༨ བར་ཧྥརན་སིའི་ Strasbourg གྲོང་ཁྱེར་ནང་ལ་ཆིབས་བསྒྱུར་བཀྲིན་བསྐྱང་གནང་གི་ཡོད་པ་རེད། བོད་མིའི་སྒྲིགས་འཛུགས་ཀྱི་དྲ་གནས་ཐོག་འཁོད་པར་གཞིགས་ན། Association Tibet Libre ཞེས་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྐང་སྣེ་འཁྲིད་འོག ཧྥ་རན་སི་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ ༢༠ ཙམ་གྱིས་སྲིད་འཛིན་ཨོ་ལན་ཌི་མཆོག་ལ་ཡོངས་ཁྱབ་ཞུ་ཡིག་ཞིག་ཕུལ་ཡོད་པ་དང། དེའི་ནང་གཙོ་བོ་ཉེ་ལམ་ནས་ཧྥ་རན་སི་ནང་འཇིགས་སྐུལ་རིང་ལུགས་པས་དྲག་སྤྱོད་ཀྱི་ལས་གཞི་ཚད་ལས་འགལ་བ་སྤེལ་ཏེ་ཡུལ་དེའི་མང་ཚོགས་ཀྱི་སེམས་ཁམས་ལ་རྨ་ཁ་ཆེན་པོ་བཟོས་ཡོད་པ་དེ་ཞི་ཐབས་སླད་སྲིད་འཛིན་མཆོག་གིས་ད་རེས་ཆོས་ལུགས་མཐུན་བསྒྲིལ་གོང་འཕེལ་དང་ཚེ་མེད་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་ཞུ་དགོས་པ་མ་ཟད། མགོན་པོ་༸གང་ཉིད་དང་ལྷན་རྒྱས་མཇལ་མོལ་གནང་སྟེ་མང་ཚོགས་ཁྲོད་ཡུལ་དེའི་ནང་སླར་ཞི་བདེ་ལྷིང་འཇགས་བསྐྲུན་རྒྱུའི་སེམས་སྐུལ་སྤེལ་དགོས་ཀྱི་རེད་ཅེས་ཞུ་འབོད་གནང་འདུག དེ་སྔ་ཕྱི་ལོ་ ༢༠༠༨ ལོར་ཧྥན་རན་སིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ནི་ཀོ་ལ་སར་ཀོ་ཛི་མཆོག་དང། དེ་བཞིན་ཉེ་བའི་ཆར་ཨ་རིའི་སྲིད་འཛིན་སྦ་རག་ཨོ་བྷ་མ་མཆོག་གིས་ཕོ་བྲང་དཀར་པོའི་ནང་༸གོང་ས་མཆོག་དང་ལྷན་རྒྱས་མཇལ་མོལ་ཞུ་མྱོང་ཡོད་པའི་གནད་དོན་ནན་བརྗོད་ཀྱིས་སྲིད་འཛིན་ཧོ་ལན་ཌི་མཆོག་གིས་ཀྱང་རྒྱལ་སྤྱིའི་དབུ་ཁྲིད་ཁག་དང་དཔུང་པ་མཉམ་ཞིབ་ཐོག་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ་དང་། ལྷག་དོན་བོད་ཀྱི་གནད་དོན་དེ་ཞི་བའི་སྒོ་ནས་སེལ་ཐབས་སླད་བོད་རྒྱ་ཕྱོགས་གཉིས་ཀྱི་དབར་འབྲེལ་ལམ་བསྐྱར་མཐུད་ཡོང་ཐབས་གནང་དགོས་ཀྱི་རེད་ཅེས་སྐུལ་མ་ཞུས་འདུག རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧྥ་རན་སིའི་ནང་ཟླ་བ་འདིའི་ཚེས་ ༡༢ ཉིན་ནས་དབུ་འཛུགས་ཀྱིས་ཁྱོན་བདུན་གཅིག་ཙམ་གྱི་མཛད་འཆར་ཁོངས་སུ་མང་ཚོགས་ལ་བྱང་ཆུབ་སེམས་འབྲེལ་དང་སྤྱན་རས་གཟིགས་ཀྱི་བཀའ་དབང་བསྩལ་རྒྱུ་སོགས་ཀྱི་ཆོས་འབྲེལ་ཡོད་པ་དང་། མང་ཚོགས་ལ་ཆོས་ལས་འདས་པའི་ཀུན་སྤྱོདསྐོར་ལ་བཀའ་སློབ་ལམ་སྟོན་སྩལ་རྒྱུ་བཅས་ཀྱི་མཛད་འཆར་ཡོད་པ་རེད་འདུག

རེས་གཟའ་ཕུར་བུ། ༢༠༡༦།༠༩།༠༡

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་དབུ་མ་རིན་ཆེན་ཕྲེང་བའི་ཆོས་འབྲེལ་མཇུག་སྒྲིལ་མཛད་པ། སྲིད་འཛིན་ཧོ་ལན་ཌི་མཆོག་གིས་༸གོང་ས་མཆོག་དང་མཇལ་འཕྲད་ཞུས་དགོས་པའི་འབོད་སྐུལ། ཝུ་ཡིང་ཇེས་ཏཱ་ལའི་བླ་མའི་བྱ་ངན་ཐེར་བཏོན་བྱེད་དགོས་པ་བརྗོད་འདུག སྲིད་སྐྱོང་མཆོག་གིས་བོད་ཀྱི་གྱོན་ཆས་གྱོན་རྒྱུ་ནི་མི་རིགས་ཀྱི་ངོ་བོ་མཚོན་ཐུབ་པ་གསུངས་འདུག G20 ལྷན་ཚོགས་འགོ་ཁྲིད་རྣམས་ཀྱིས་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་ཞུ་སྐུལ། ཨོ་སི་ཊོ་ལི་ཡའི་ནང་འཚོགས་རྒྱུ་མའོ་མཚན་ཚོགས་ཕྱིར་འཐེན་བྱེད་དགོས་བྱུང་བ། Thursday 01/09/2016 Dalai Lama concludes four-day teaching to Asian devotees France TSGs urge Hollande to receive Dalai Lama during upcoming visit China’s new Party Chief urges stronger criticism of Dalai Lama Sikyong speaks at closing ceremony of TED Tibetan Entrepreneurs’ Game Changers grant G20 leaders urged to press China on acute crackdown on civil society Mao memorial concert in Australia canceled citing safety concerns Health awareness and free checkup in South India Tibetan Settlements

ཨོ་སི་ཊོ་ལི་ཡའི་ནང་ཚོགས་རྒྱུའི་མའོ་མཚན་ཚོགས་ཕྱིར་འཐེན་བྱེད་དགོས་བྱུང་བ།

ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སིཌ་ནི་དང། མེལ་བོ་རན་གཉིས་ནང་ཚོགས་འཆར་ཡོད་པའི་མའོ་རྗེས་དྲན་མཚན་ཚོགས་ཕྱིེར་འཐེན་བྱེད་དགོས་བྱུང་འདུག འདི་ལོ་རྒྱ་ནག་གི་དམར་ཤོག་ཚོགས་པ་ཆེད་བཙུགས་བྱེད་མཁན་མའོ་གྲོངས་ནས་ལོ་ ༤༠ འཁོར་བའི་དུས་ཚིགས་དང་བསྟུན་ཕྱི་ཟླ་ ༩ ཚེས་ ༦ དང་། ༩ གཉིས་ལ་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་ཆེས་གྲས་ Sydney དང། Melbourne གཉིས་སུ་མའོ་ལ་ཆེ་བསྟོད་ཀྱི་མཚན་ཚོགས་ཤིག་ཚོགས་འཆར་ཡོད་པ་དང།  དེ་ཡང་གཙོ་བོ་ཁུལ་དེའི་ནང་རྒྱ་ནག་གཞུང་ཚབ་ཁང་དང་འབྲེལ་ཡོད་ LB HOME GROUP ཚོང་གཉེར་ཁང་།  དེ་བཞིན་ཁུལ་དེའི་ནང་ཡོད་པའི་ international Culture Exchange Association Australia གཉིས་ཟུང་སྦྲེལ་གྱིས་སྒྲིག་ཞུས་ཡོད་པ་རེད།  ཉིན་ཤས་སྔོན་ཁུལ་དེའི་ནང་བོད་རིགས་ཚོགས་པ་དང། རྒྱ་རིགས་མང་གཙོ་དོན་གཉེར་ཅན་ཚོས་མཚན་ཚོགས་དེ་ཚོགས་རྒྱུར་ངོ་རྒོལ་ཤུགས་ཆེ་བྱས་ཡོད་པ་མ་ཟད། གཞུང་འབྲེལ་གནད་ཡོད་མི་སྣ་ཚོར་མཚན་ཚོགས་དེ་བཀག་སྡོམ་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད་འདུག དེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ Channel News Asia ཐོག་གནས་ཚུལ་ཐོན་པར་གཞིགས་ན། སིཌ་ནི་གྲོང་ཁྱེར་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ད་ལྟའི་ Australia གྲོང་ཁྱེར་ Sydney ནང་དུ་ཚོགས་རྒྱུའི་མའོ་མཚན་ཚོགས་དེའི་ཐད་ཁུལ་དེའི་ནང་གི་མང་ཚོགས་ནང་ཁུལ་དབར་ལ་བསམ་ཚུལ་མཐུན་མིན་ཤུགས་ཆེ་བྱུང་ཡོད་པ་དང། དེ་བཞིན་མཚན་ཚོགས་སྐབས་སུ་མང་ཚོགས་ཀྱི་བདེ་འཇགས་ལའང་ཉེན་ཚབས་ཆེན་པོ་ཡོད་པ་བརྗོད་ནས་ད་རེས་མའོ་མཚན་ཚོགས་འདི་ཕྱིར་འཐེན་བྱས་ཡིན་པ་བརྗོད་འདུག འདི་ག་རླུང་འཕྲིན་ཁང་གིས་ཚོགས་རྒྱུའི་མཚན་ཚོགས་འདིར་སྐྱོན་བརྗོད་ཀྱི་ལས་འགུལ་སྤེལ་མཁན་ཁོངས་སུ་ཡོད་པ་བོད་མི་བསྟན་པ་འབྲུག་གྲགས་ལགས་སུ་དེ་འབྲེལ་བཅར་འདྲི་ཞུས་པར་ཁོང་གིས་མཚན་མཚོག་དེ་ཕྱིར་འཐེན་བྱས་པའི་གནས་ཚུལ་ཐོས་པར་ཁུལ་དེའི་ནང་གི་བོད་མི་ཚོར་དགའ་སྐྱོ་གཉིས་ལྡན་གྱི་ཚོར་སྣང་ཞིག་བྱུང་ཡོད་པ་གསུངས་ཀྱི་འདུག དེ་བཞིན་ Channel News Asia གསར་ཁང་གི་ངོས་ནས་ད་རེས་མའོ་མཚན་ཚོགས་དེ་ཕྱིར་འཐེན་བྱས་པའི་གནད་དོན་དང་འབྲེལ་ཏེ་གོ་སྒྲིག་བྱེད་མཁན་ལ་བཅར་འདྲི་གནང་པར་གོ་སྒྲིག་ཚོགས་པའི་ངོས་ནས་གནད་དོན་དེའི་ཐོག་གང་ཡང་བཤད་རྒྱུ་མེད་ཅེས་བརྗོད་འདུག་པ་མ་ཟད།  ཐེངས་འདིའི་ Melbourne གྲོང་ཁྱེར་ནང་མའོ་མཚན་ཚོགས་དེ་ཡང་ཕྱིར་འཐེན་བྱས་འདུག

Latest news