Tibetan Royal Year of 2151 | Year of the Wood Dragon

ARCHIVE

Yearly Archives: 2016

ལ་དྭགས་རང་སྐྱོང་རི་ལྗོངས་ལྷན་ཚོགས་ནས་༸གོང་ས་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་ཕུལ་དགོས་པའི་གྲོས་ཆོད་གཏན་འབེབས་གནང་པ།

རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་ཇ་མུ་དང་ཀཤ་མཱིར་དུ་རྟེན་གཞི་བྱས་པའི་ལ་དྭགས་རང་སྐྱོང་རི་ལྗོངས་ལྷན་ཚོགས་ཀྱིས་རྒྱ་གར་དབུས་གཞུང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་སྤྱི་དམངས་ཀྱི་གཟེངས་རྟགས་ཆེ་ཤོས་ Bharat Ratna ཞེས་པ་དེ་ངེས་པར་དུ་ཕུལ་དགོས་པའི་གྲོས་ཆོད་ཞིག་གཏན་འབེབས་གནང་ཐུབ་པ་བྱུང་འདུག དེ་རིང་ཟླ་ ༡༢ ཚེས་ ༢༢ ཉིན་མངའ་སྡེ་དེའི་ State Times ཞེས་པའི་དྲ་གནས་ཐོག་གནས་སྤེལ་བར་གཞིགས་ན། ཁ་སང་ཚེས་ ༢༡ ཉིན་དབུ་འཛུགས་ཀྱིས་ལ་དྭགས་ཀྱི་གྲོང་འཁྱེར་སླེར་ལ་དྭགས་རང་སྐྱོང་རི་ལྗོངས་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་བསོད་ནམས་ཟླ་བ་ལགས་དང་མངའ་སྡེ་གཞུང་གི་ལ་དྭགས་ས་ཁུལ་བློན་ཆེན་ཚེ་རིང་རྡོ་རྗེ་ལགས་རྣམ་གཉིས་གཙོས་པའི་ཚོགས་མི་རྣམས་ལྷན་འཛོམས་ཀྱིས་ཚོགས་འདུ་ཞིག་ཚོགས་འདུག སྐབས་དེར་ཚོགས་འདུ་ཐོག་ཚོགས་བཅར་བའི་ཚོགས་མི་ཡོངས་ནས་སྤྱི་མོས་ཀྱིས་རྒྱ་གར་གཞུང་དང་སྲིད་བློན་མོ་དི་མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་རྒྱ་གར་གཙོ་བོར་གྱུར་པའི་འཛམ་གླིང་ཞི་བདེ་བསྐྲུན་སླད་ཞབས་འདེགས་རླབས་ཆེན་བསྒྲུབས་དང་སྒྲུབ་མུས་ཁག་ལ་ངོས་འཛིན་ཞུས་ཏེ་༸གོང་ས་མཆོག་ལ་རྒྱ་གར་སྤྱི་དམངས་ཀྱི་གཟེངས་རྟགས་ཆེ་ཤོས་སུ་གྲགས་པ་ Bharat Ratna ཞེས་པ་དེ་ངེས་པར་དུ་འབུལ་ལམ་ཞུས་དགོས་པའི་གྲོས་ཆོད་ཞིག་གཏན་འབེབས་གནང་འདུག རྩ་བའི་ཟླ་བ་སྔོན་མའི་ཚེ་ཤར་ཙམ་ལ་བཞུགས་སྒར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་དང་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཤཱན་ཏ་ཀུ་མཱར་མཆོག་གིས་བརྩམས་ཆོས་ཧི་མཱ་ལ་ཡ་པར་ལཱལ་ཆཱཡཱ་འམ་ཧི་མཱ་ལ་ཡིའི་མཐོ་སྒང་སྟེང་གྲིབ་གཟུགས་དམར་པོ་ཞེས་པའི་ཧིན་དྷིའི་སྐད་ཡིག་སྟེང་ཡོད་པའི་ལོ་རྒྱུས་ཀྱི་ཕྱག་དེབ་གཅིག་དབུ་འབྱེད་བཀྲིན་བསྩལ་སྐབས། སྐུ་ཞབས་ཤཱན་ཏ་ཀུ་མཱར་མཆོག་གིས་རྒྱ་གར་གཞུང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་རྗེས་ཁག་ལ་ཆེ་བསྟོད་ཞུ་ཕྱིར་རྒྱ་གར་སྤྱི་དམངས་ཀྱི་གཟེངས་རྟགས་ཆེ་ཤོས་ Bharat Ratna ཞེས་པ་དེ་མགོན་པོ་༸གང་ཉིད་མཆོག་ལ་ངེས་པར་དུ་འབུལ་ལམ་ཞུས་དགོས་ཅེས་གསུང་བཤད་གནང་ཡོད་པ་རེད། ལ་དྭགས་སུ་བཅའ་བཞུགས་ BJB གཞུང་འཛིན་ཚོགས་པའི་ས་གནས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ཀྱིས་སྐུ་ཞབས་ཤཱན་ཏ་ཀུ་མཱར་མཆོག་གི་གསུང་བཤད་དེར་རྒྱབ་སྐྱོར་ཞུས་པ་དང་སྦྲགས། ཐེངས་འདིིའི་ལྷན་ཚོགས་ཐོག་༸གོང་ས་མཆོག་ལ་གཟེངས་རྟགས་དེ་ཕུལ་དགོས་པའི་གྲོས་འཆར་བསྣམས་ཕེབས་པ་ཞིག་ཆགས་ཀྱི་ཡོད་པ་རེད། གཞི་རྩའི་ལ་དྭགས་རང་སྐྱོང་རི་ལྗོངས་ལྷན་ཚོགས་གཙོས་པའི་ཉེ་དུས་སུ་རྒྱ་གར་བྱང་ཤར་མངའ་སྡེ་ཨ་རུ་ནཱ་ཅལ་དུ་རྟེན་གཞི་བྱས་པའི་ཨ་རུ་ནཱ་ཅལ་བོད་དོན་རྒྱབ་སྐྱོར་ཚོགས་པ།  དེ་བཞིན་ཟླ་ ༡༢ ཚེས་ ༦ ཉིན་སྐུ་ཞབས་ཤཱན་ཏ་ཀུ་མཱར་མཆོག་གིས་དབུ་ཁྲིད་འོག་རྒྱལ་ས་ལྡི་ལིར་ཚོགས་པའི་སྐབས་ ༡༦ པའི་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་སྟེང་དེ་སྔའི་གྲོས་ཆོད་ཁག་ཅིག་བསྐྱར་ཞིབ་དང་མཇུག་སྐྱོང་གནང་ཕྱོགས་སོགས་ཀྱི་ཐོག་གྲོས་བསྡུར་གནང་པ་མ་ཟད། གྲོས་ཚོགས་འཐུས་མི་རྣམས་ནས་རིང་མིན་༸གོང་ས་མཆོག་ལ་རྒྱ་གར་གཞུང་ནས་རྒྱ་གར་སྤྱི་དམངས་ཀྱི་གཟེངས་རྟགས་ཆེ་ཤོས་ Bharat Ratna ཞེས་པ་དེ་འབུལ་ལམ་ཞུ་རྒྱུར་ཤུགས་སྣོན་བསྐྱོན་རྒྱུའི་གྲོས་ཆོད་ཞིག་ཀྱང་བཞག་གནང་ཡོད་པ་རེད།

༸གོང་ས་མཆོག་དབུ་བཞུགས་ཐོག་འབྲས་སྤུངས་ཕྱག་བཏབ་ནས་ལོ་ངོ་ ༦༠༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པ།

དེ་རིང་ཟླ་ ༡༢ ཚེས་ ༢༡ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཁུལ་དུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་ཆེན་པོ་འབྲས་སྤུངས་ཚོགས་ཆེན་དུ་༸རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་མཆོག་གི་དངོས་སློབ་འཇམ་དབྱངས་ཆོས་རྗེ་བཀྲིས་དཔལ་ལྡན་མཆོག་གིས་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་དགོན་པ་ཕྱག་བཏབ་ནས་ལོ་ངོ་ ༦༠༠ འཁོར་བའི་རྗེས་དྲན་མཛད་སྒོ་ཚོགས་ཡོད་པ་རེད། མཛད་སྒོའི་མགྲོན་གྱི་གཙོ་བོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་གཙོས་པའི་དགའ་ལྡན་ཁྲི་པ་གསར་རྙིང་གཉིས་དང་། ཤར་བྱང་གི་ཆོས་རྗེ། འབྲས་སྤུངས་ཁྲི་པ་རིན་པོ་ཆེ། མཁན་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། ཨུ་རུ་སུའི་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག རྒྱ་གར་ས་གནས་རྫོང་དཔོན་བཅས་ཕྱི་ནང་གི་གནད་ཡོད་སྐུ་མགྲོན་རྣམ་པ་དང་། དེ་བཞིན་ས་གནས་ཀྱི་སེར་སྐྱ་མང་ཚོགས་ ༣༠༠༠ ལྷག་འདུ་འཛོམས་ཀྱིས་དུས་དྲན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་རེད། ༸གོང་ས་མཆོག་གིས་སྐབས་དེར་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་དགེ་བཤེས་ལྷ་རམས་པ་ ༢༣༥ དང་སློབ་དཔོན་ ༢༣༩ བཀའ་རམས་པ་ ༣༣༤ བཅས་ལ་ཕྱག་འཁྱེར་གསོལ་བསྩལ་མཛད་ཡོད་པ་དང་། ༸གང་ཉིད་མཆོག་གིས་དགེ་བཤེས་དེ་དག་ལ་ཕྱག་དཔེ་གཟིགས་པའི་དགོས་དོན་གཙོ་བོ་ནི་རང་ཉིད་ལ་མཁས་པའི་མིང་གྲགས་ཡོང་བའི་ཆེད་དུ་མིན་པར་གཤིས་རྒྱུད་འདུལ་ཐབས་གནང་དགོས་པ་དང་། དེའང་རང་རྒྱུད་ཀྱི་ཉོན་མོངས་དུག་གསུམ་དྲུང་ནས་མེད་པ་བཟོ་ཐབས་ལ་འབད་དགོས་གལ་ཡིན་པར་ལམ་སྟོན་བཀའ་སློབ་བསྩལ་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཀའ་ཤག་གི་ངོས་ནས་འཚམས་འདྲི་གནང་པ་དང་ཆབས་ཅིག བོད་མི་རྣམས་བཙན་བྱོལ་དུ་གྱར་རྗེས་༸གོང་ས་མཆོག་གིས་གཙོས་པའི་དགེ་འདུན་པ་རྒན་པ་རྣམས་ཀྱི་བཀའ་དྲིན་འོག་བོད་ཀྱི་ནང་ཆོས་དེ་སླར་ཡང་བཙན་བྱོལ་ནང་བསྐྱར་གསོ་གནང་པ་མ་ཟད། འཛམ་གླིང་ཡོངས་ལ་ངོམས་སུ་ཆོག་པ་ཞིག་ཆགས་ཡོད་པ་རེད། ད་ལན་འབྲས་སྤུངས་དགོན་པ་ཕྱག་བཏབ་ནས་ལོ་ ༦༠༠ འཁོར་བའི་རྗེས་དྲན་དེའང་རླབས་ཆེན་ཞིག་ཆགས་ཡོད་པ་དང་། ང་ཚོས་ངོས་ནས་ཀྱང་འདས་པའི་ལོ་ ༦༠༠ ནང་གདན་ས་འབྲས་སྤུངས་གཙོས་པའི་གདན་གསུམ་གྱི་ངོས་ནས་དཔལ་ན་ལེནྡྲའི་ཆོས་བརྒྱུད་འཛིན་སྐྱོང་སྤེལ་གསུམ་གནང་པའི་མཁས་པ་གྲངས་ལས་འདས་པ་གསོ་སྐྱོང་གནང་ཡོད་པ་ལྟར། མ་འོངས་པར་ལོ་ངོ་ ༦༠༠ གནས་ཐུབ་ཐབས་ལ་སྙིང་སྟོབས་དང་འབད་བརྩོན་གནང་དགོས་པ་རེད་ཅེས་འབོད་སྐུལ་ཞུས་སོང་། དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་དེ་རིང་མཛད་སྒོ་དང་འབྲེལ་བའི་གསུང་བཤད་སྐབས་ད་བར་གཞིས་བཞུགས་བོད་མི་ཚོས་རྒྱ་གཞུང་གིས་དྲག་གནོན་བཟོད་ཐབས་མེད་པ་ལ་མ་ལྟོས་པར་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཀྱི་ཆེད་དུ་ཞུམ་པ་མེད་པའི་ལྷག་བསམ་དང་ལ་རྒྱ། དེ་བཞིན་སྙིང་སྟོབས་བཅས་ལ་ཡི་རངས་བསྔགས་བརྗོད་དང་རྗེས་དྲན་ཞུས་ཡོད་པ་རེད། གཞི་རྩའི་དེ་རིང་གི་མཛད་སྒོའི་ཐོག་ལ་རྒྱ་གར་ས་གནས་རྫོང་དཔོན་མཆོག་དང་དགའ་ལྡན་ཁྲི་པ་རིན་པོ་མཆོག་གིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་རེད། ཨུ་རུ་སུ་བོད་ཀྱི་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་ཁལ་མིག་དང་། ཐུ་བ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་རྣམ་པ་གཉིས་ནས་གནང་པའི་འཚམས་འཕྲིན་སྒྲོག་སྦྱངས་གནང་ཡོད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་འཚམས་འཕྲིན་སྒྲོག་སྦྱངས་གནང་ཡོད་པ་རེད། མཛད་འཆར་ལྟར་ན། སང་ཚེས་ ༢༢ ཉིན་སྔ་ཐོག་མགོན་པོ་༸གང་ཉིད་མཆོག་གིས་དགེ་བཤེས་མ་ཐོན་མཁན་རྣམས་ལ་དགེ་བཤེས་མའི་ཕྱག་འཁྱེར་གསོལ་བསྩལ་མཛད་རྒྱུ་དང་། ཉིན་རྒྱབ་ལ་མོན་གྷོ་འདོ་རྒུ་གླིང་བོད་མིའི་གཞིས་ཆགས་ཀྱི་གཏན་སློབ་གསར་འཛུགས་གནང་སྟེ་ལོ་ ༥༠ འཁོར་བའི་དུས་དྲན་མཛད་སྒོར་དབུ་བཞུགས་མཛད་ཀྱི་ཡོད་པ་རེད།

རེས་གཟའ་ལྷག་པ། ༢༠༡༦།༡༢།༢༡

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་དབུ་བཞུགས་འབྲས་སྤུངས་ཕྱག་བཏབ་ནས་ལོ་༦༠༠འཁོར་བའི་དུས་ཆེན་སྲུང་བརྩི། ནོར་ཝེ་དང་རྒྱ་ནག་ཕྱོགས་གཉིས་དབར་གྱི་འབྲེལ་ལམ་བསྐྱར་གསོ། བདམས་ཐོན་ཨ་རིའི་སྲིད་འཛིན་ནས་རྒྱ་ནག་དང་འབྲེལ་མོལ་གནང་སྐབས་རྒྱ་གར་ནས་སློབ་གསོ་ལེན་དགོས་གསུངས་འདུག ཨ་རིའི་ནང་གི་རྒྱ་རིགས་ཚོེར་བོད་ཀྱི་རིག་གཞུང་གཟིགས་འབུལ་ཞུས་པ། འདོད་རྒུ་གླིང་གཏན་སློབ་ལོ་༥༠འི་འཕེལ་རིམ་སྐོར། Wednesday 21/12/2016 Dalai Lama graces 600th anniversary celebration of Drepung Monastery Norway and China restores bilateral ties Trump should read India’s Playbook on taunting China Office of Tibet Washington hosts reception for Chinese Tibet supporters 50 years of CST Mundgod: Interview with Principal Dr. Lhakpa Choedon

༸གོང་ས་མཆོག་གིས་དུས་འཁོར་དབང་ཆེན་ཞུ་བར་བཅར་མི་ཐུབ་མཁན་བོད་མི་རྣམས་ལ་སྨོན་ལམ་རྒྱག་གི་ཡིན་ཅེས་བཀའ་བསྩལ་བ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་གཞིས་སྒར་མོན་གྷོ་འདུད་རྒུ་གླིང་དུ་མཛད་འཆར་ཁག་ཅིག་སྐྱོང་བཞིན་པའི་ཁྲོད། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞུ་བར་བཅར་མི་ཐུབ་མཁན་བོད་ནས་གསར་དུ་འབྱོར་བའི་བོད་མི་ཁག་ཅིག་ལ་ཟུར་དུ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད་པ་རེད། སྐབས་དེར་༸གང་ཉིད་མཆོག་གིས་བོད་ནས་གསར་དུ་འབྱོར་བ་རྣམས་ལ་ཁྱེད་རང་ཚོ་དུས་འཁོར་དབང་ཆེན་ཞུ་བར་བཅར་མི་ཐུབ་ཀྱང་། སེམས་འཁྲལ་གཏན་ནས་མ་བྱེད། བོད་ཟླ་ ༡༡ ཚེས་ ༡༣ ནས་ ༡༥ བར་དུས་འཁོར་དབང་ཆེན་དངོས་གཞི་འཁེལ་གྱི་ཡོད་སྐབས་དེར་ཁྱེད་རང་ཚོས་སྨོན་ལམ་ཡག་པོ་བརྒྱབ། ངོས་ཀྱིས་རྡོ་རྗེ་གདན་ནས་ཁྱེད་རང་ཚོ་དབང་འོག་ཏུ་བཅུག་ནས་སྨོན་ལམ་རྒྱག་གི་ཡིན་ཅེས་བཀའ་བསྩལ་འདུག ༸གང་ཉིད་མཆོག་གིས་ཆེས་ཐོག་མར་བོད་ནས་གསར་དུ་འབྱོར་བའི་བོད་མི་རྣམས་ལ་བོད་ཅེས་དུས་ད་ལྟ་བར་དུ་འཛམ་གླིང་འདིའི་ཐོག་གནས་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ནི་བོད་རྒྱ་ཆེ་མི་མང་གི་སྙིང་སྟོབས་དང་། ལྷ་བསམ་འགྱུར་བ་མེད་པ་ལ་བརྟེན་ནས་གནས་པ་ཞིག་ཡིན་པར་བཀའ་བསྩལ་དང་ཆབས་ཅིག མགོན་པོ་མཆོག་གིས་༸གང་ཉིད་མཆོག་དགུང་གྲངས་ ༨༡ ལ་ཕེབས་ཡོད་ཀྱང་སྐུ་གཟུགས་གསལ་ཐང་ཡིན་པ་གསུངས་ཡོད། ལྷག་དོན་འབྱུང་འགྱུར་ལོ་ཁ་ཤས་ནང་ཏན་ཏན་ང་ཚོ་གཞིས་བྱེས་མཉམ་འཛོམས་ཕལ་ཆེར་ཡོང་ཐུབ་ངེས་ཡིན་སྟབས།  ཁྱེད་རང་ཚོ་བློ་བདེ་པོ་བྱས་ནས་སྡོད་ཨ་ཅེས་བཀའ་སྩལ་མཛད་འདུག ཁྱད་པར་དུ་བོད་ནང་གི་བོད་མི་ཚོས་ད་ལྟའི་རྒྱ་ནག་གི་དཔལ་འབྱོར་ལྷུག་པོའི་སྲིད་བྱུས་ཀྱི་གོ་སྐབས་བཟུང་ནས་དཔལ་འབྱོར་འདུ་འགོད་བྱེད་དགོས་པ་དང་། དཔལ་འབྱོར་འདུ་འགོད་བྱས་པ་དེ་ཚོ་རང་ཉིད་སྒེར་གྱི་ཁང་པ་རྫིག་པོ་དང་མོ་ཊ་རིགས་ཉོ་རྒྱུ་སོགས་མིན་པར།  དངུལ་བྱུང་བ་རྣམས་ས་གནས་སུ་སློབ་གྲྭ་འཛུགས་རྒྱུ་དང་། སྨན་ཁང་འཛུགས་རྒྱུ་སོགས་ཀྱི་སླད་བེད་སྤྱོད་གཏོང་དགོས་གལ་ཡིན་པ་བཀའ་སྩལ་འདུག དེ་བཞིན་༸གོང་ས་མཆོག་གིས་བོད་མི་ཚོ་སངས་རྒྱས་པའི་ཆོས་ལ་དད་པ་བྱེད་མཁན་ཞིག་དང་འཕགས་པ་སྤྱན་རས་གཟིགས་ཀྱི་འདུལ་ཞིང་ཡིན་སྟབས། སངས་རྒྱས་པའི་ཆོས་ལ་དད་པ་ཙམ་མིན་པར་སློབ་སྦྱོང་བྱེད་དགོས་ཅེས་བཀའ་སྩལ་བ་དང་། ལྷག་པར་དུ་མགོན་པོ་མཆོག་གིས་ད་ལན་རྒྱ་གཞུང་གིས་དམ་དྲག་འོག་ཁྱེད་རང་ཚོ་ཁྱེད་རང་ཚོ་དུས་འཁོར་དབང་ཆེན་ཞུ་བར་བཅར་ཐུབ་ཀྱི་མེད་ཀྱང་། སེམས་འཁྲལ་གཏན་ནས་མ་བྱེད། བོད་ཟླ་ ༡༡ ཚེས་ ༡༣ ནས་ ༡༥ བར་དུས་འཁོར་དབང་ཆེན་དངོས་གཞི་འཁེལ་གྱི་ཡོད་སྐབས་དེར་ཁྱེད་རང་ཚོས་སྨོན་ལམ་ཡག་པོ་བརྒྱབ། ངོས་ཀྱིས་རྡོ་རྗེ་གདན་ནས་ཁྱེད་རང་ཚོ་དབང་འོག་ཏུ་བཅུག་ནས་སྨོན་ལམ་རྒྱག་གི་ཡིན། ཏན་ཏན་དབང་ཐོབ་ཀྱི་རེད་ཅེས་བཀའ་བསྩལ་མཛད་ཡོད་པ་རེད། རྩ་བའི་རྒྱ་ནག་གཞུང་གིས་འདི་ལོ་ནང་བོད་ནས་རྒྱ་གར་དུ་༸གོང་ས་མཆོག་གི་དྲུང་ནས་དུས་འཁོར་དབང་ཆེན་ཞུ་བར་བཅར་མཁན་བོད་མི་རྣམས་ལ་དམ་དྲག་ཆེད་ཕྱིར་བསྐྱོད་ལག་འཁྱེར་ཕྱིར་བསྡུ་དང་། དེ་བཞིན་རྒྱ་གར་དུ་བསླེབས་ཟིན་པ་མང་པོ་ཞིག་ལ་མཐོང་མཆན་དུས་བཀག་བཟོས་པ་མ་ཟད། བོད་དུ་ཕྱིར་ལོག་བྱེད་དགོས་པའི་ཉན་བརྡ་ཡང་བཏང་བ་བཅས་ལ་བརྟེན་ནས་བོད་མི་མང་པོ་ཞིག་དུས་དབང་ཞུ་བར་བཅར་མ་ཐུབ་ནས་ཕྱིར་ལོག་དགོས་བྱུང་ཡོད་སྟབ། ༸གོང་ས་མཆོག་གིས་ཟླ་བ་སྔོན་མའི་ཟླ་མཇུག་དང་ཟླ་བ་འདིའི་ཚེས་ཤར་བཅས་སུ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དམིགས་བསལ་ཟུར་མཇལ་གནང་པ་དང་སེམས་བསྐྱེད་ཀྱི་ཆོས་འབྲེལ། དུས་དབང་སྐབས་བཀའ་ཆོས་བསྩལ་གཏན་འཁེལ་བའི་ཕྱག་དཔེ་སྤྱོད་འཇུག་ཆེན་མོ་དང་སྒོམ་རིམ་བར་པའི་གཞུང་གཉིས་པོ་ངོ་སྤྲོད་སྤྱི་བཤད་ཀྱི་བཀའ་ཆོས་བཀྲིན་ཆེ་བ་བསྩལ་ཡོད་པ་རེད།   དེ་རིང་ཟླ་ ༡༢ ཚེས་ ༢༠ ཉིན་སྔ་དྲོར་༸གོང་ས་མཆོག་དབུ་བཞུགས་ཀྱིས་རྣམ་ཤེས་ཡོད་མེད་ཐོག་ལ་ཚན་རིག་གི་བགྲོ་གླེང་ཉིན་གསུམ་པ་ཚོགས་ཡོད་པ་དང་། ཉིན་རྒྱབ་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་དབུ་བཞུགས་ཐོག་ཤེས་ཡོན་སློབ་གསོའི་ནང་ཆོས་ལུགས་དང་མ་འདྲེས་པའི་བཟང་སྤྱོད་ལག་བསྟར་གནང་ཕྱོགས་སྐོར་ལ་གསུང་བཤད་དང་བགྲོ་གླེང་སོགས་ཀྱང་གནང་ཡོད་པ་རེད།དེ་བཞིན་ཕྱི་དྲོ་ནང་ཆོས་དང་ཚན་རིག་དབར་ཕན་ཚུལ་ལེགས་སྤེལ་གྱི་འབྲེལ་ལམ་འཛུགས་པ་ཞེས་པའི་ཚན་རིག་བགྲོ་གླེང་ཐེངས་དང་པོ་རེ་ཞིག་མཇུག་སྒྲིལ་གནང་ཡོད།

རེས་གཟའ་མིག་དམར། ༢༠༡༦།༡༢།༢༠

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་དུས་དབང་ལ་བཅར་མ་ཐུབ་མཁན་བོད་ནང་གི་བོད་མི་ཆེད་སྨོན་ལམ་བརྒྱབ་རྒྱུ་ཡིན་ཞེས་བཀའ་བསྩལ་བ། ༸གོང་ས་མཆོག་དབུ་བཞུགས་ཐོག་ཚན་རིག་པ་དང་ནང་པའི་མཁས་པའི་དབར་རྣམ་ཤེས་སྐོར་བགྲོ་གླེང་། བསྟན་པ་ལགས་རྒྱ་གཞུང་གིས་འཛིན་བཟུང་བྱས་འདུག རྒྱ་གར་གཞུང་ནས་རྒྱ་དཀར་ནག་གཉིས་ཀྱི་གནད་དོན་ཁྲོད་བོད་ཀྱི་གནད་དོན་གཙོ་བོར་བཞག་དགོས་པ་གསུངས་འདུག སྤྱི་འཐུས་ལྷན་ཚོགས་ཀྱི་རུ་ཁག་ནས་ཧི་མ་ཅལ་གྲོས་ཚོགས་ཀྱི་ཚོགས་གཙོ་བགྲེས་གཞོན་དང་མཇལ་འཕྲད། བོད་པའི་སློབ་གྲྭའི་དབར་མཐུན་རྐྱེན་མ་ཡིན་པར་ཤེས་ཡོན་ཐོག་འགྲན་བསྡུར་གནང་དགོས་པ་གསུངས་སོང་། Tuesday 20/12/2016 I will pray for you: Dalai Lama to Tibetans who cannot attend the Kalachakra Emory Tibet Symposium Day 3: Participants hold heated debate on Consciousness Lone Tibetan protests in Ngaba, arrested immediately TPiE delegation calls on Speaker and Deputy Speaker of HP Legislative Assembly Week long leadership workshop for class 10 students kicks off

བསྟན་པ་ལགས་རྒྱ་གཞུང་གིས་འཛིན་བཟུང་བྱས་འདུག

ཉེ་ཆར་ཟླ་ ༡༢ ཚེས་ ༡༦ ཉིན་རྒྱབ་ཏུ་རྔ་བ་རྫོང་གི་རྨེའུ་རུ་མའི་རུ་ཆེན་པོ་ནས་ཡིན་པའི་བློ་ཆོས་ཚང་གི་བསྟན་པ་ལགས་ཀྱིས་ཕྱག་ཏུ་བོད་ཀྱི་རྒྱལ་དར་དཀྱིལ་དུ་༸གོང་ས་མཆོག་གི་༸སྐུ་པར་ཡོད་ཞིག་བསྣམས་ཏེ་རྔ་བ་རྫོང་ཐོག་གི་དཔའ་བོའི་སྲང་ལམ་ནས་༸རྒྱལ་བ་རིན་པོ་ཆེ་ཕྱིར་ཕ་ཡུལ་དུ་ཕེབས་འཇུག་དགོས། བོད་ལ་རང་དབང་དགོས་ཞེས་ཞི་རྒོལ་སྐད་འབོད་གནང་སྐབས་རྒྱ་གཞུང་ཉེན་རྟོག་མི་སྣ་བཅུ་གྲངས་ཤིག་གིས་འཛིན་བཟུང་བཙན་ཁྲིད་བྱས་འདུག གཞི་རྩའི་བསྟན་པ་ལགས་ཀྱིས་ཕྱག་ཏུ་བོད་ཀྱི་རྒྱལ་དར་བསྣམས་ནས་དེའི་དཀྱིལ་དུ་༸གོང་ས་མཆོག་གི་༸སྐུ་པར་ཡོད་ཞིག་བསྣམས་ཏེ་རྔ་བ་རྫོང་ཐོག་གི་དཔའ་བོའི་སྲང་ལམ་ནས་༸རྒྱལ་བ་རིན་པོ་ཆེ་ཕྱིར་ཕ་ཡུལ་དུ་ཕེབས་འཇུག་དགོས། བོད་ལ་རང་དབང་དགོས་ཞེས་ཞི་རྒོལ་སྐད་འབོད་གནང་བཞིན་ཁྲོམ་གཞུང་ནས་གོམ་བགྲོད་གནང་ནས་སྐར་མ་ལྔ་ཙམ་མ་བགོར་པར་དེ་མ་ཐག་རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་མི་སྣ་བཅུ་གྲངས་ཤིག་གིས་གཅར་རྡུང་གཏོང་ཐོག་བཙན་ཁྲིད་བྱས་འདུག ད་ལྟའི་ཆར་ས་གནས་གང་དུ་བཙོན་འཇུག་བྱེད་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད། འདི་ག་རླུང་འཕྲིན་ཁང་དུ་ཨོ་སི་ཊོ་ལི་ཡར་བཞུགས་པའི་རྨེའུ་དཀོན་རྒྱམ་ལགས་ཀྱིས་ས་གནས་ནས་འབྱོར་བའི་གནས་ཚུལ་ཁོ་སྤྲོད་གནང་དོན། ཟླ་བ་འདིའི་ཕྱི་ཚེས་ ༡༦ ཉིན་རྒྱབ་ཙམ་ལ་བོད་མི་བསྟན་པ་ལགས་ཀྱིས་རྔ་བ་རྫོང་ཐོག་གི་དཔའ་བོའི་སྲང་ལམ་ནས་རྒྱ་གཞུང་ལ་ཞི་རྒོལ་གནང་ཡོད་པ་དང་། སྐབས་དེར་རྒྱ་གཞུང་ཉེན་རྟོག་མི་སྣ་བཅུ་གྲངས་ཤིག་གིས་དེ་མ་ཐག་ཁོང་འཛིན་བཟུང་བཙན་ཁྲིད་བྱས་ཡོད་སྐོར་གསུངས་སོང་། དེ་བཞིན་ཁོང་གིས་བསྟན་པ་ལགས་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་རྗེས་ཁོང་གི་གནས་སྟངས་ཇི་ཆགས་སོགས་ཤེས་རྟོགས་བྱུང་མེད་པ་རེད་ཅེས་གསུངས་ཡོད། རྩ་བའི་བསྟན་པ་ལགས་ཀྱི་ཕའི་མིང་ལ་བློ་ཆོས་དང་མའི་མིང་ལ་རྒྱལ་མོ། ད་ལྟ་ཁོང་ལོ་ན་ ༡༨ སོན་ཡོད་པ་དང་། དེ་སྔོན་རྔ་བ་ཀིརྟི་དགོན་གྲྭ་པ་གནང་མྱོང་ཞིང་རྗེས་སུ་སྐྱ་སར་བབས་ནས་འབྲོག་པའི་འཚོ་བར་རོལ་བཞིན་ཡོད་འདུག རྣམ་ཀུན་ཁོང་གིས་མི་མང་འཛོམས་སར་དཔའ་ངར་ཆེན་པོས་བོད་དོན་གླེང་སློང་གནང་མཁན་ཞིག་དང་སྤྱི་དོན་གཙོ་འཛིན་གནང་མཁན་ཞིག་ཡིན་པ་རེད་འདུག རྩ་བའི་ཕྱི་ལོ་ ༢༠༠༨ ལོར་བོད་ས་ཁྱོན་ཡོངས་སུ་བོད་མི་ཚོས་ས་བྱི་ཞི་རྒོལ་ཆེན་མོའི་སྒེར་ལངས་གནང་པ་ནས་བཟུང་སྟེ་རྒྱ་གཞུང་གིས་བོད་ཐོག་ཆེས་དམ་དྲག་ཆེ་བའི་སྲིད་བྱུས་ལག་བསྟར་བྱས་སྟབས། བོད་གཞིས་བྱེས་གཉིས་ཀྱི་བོད་མི་ཚོས་དེར་མ་བཟོད་པར་ཞི་རྒོལ་གྱི་རང་ལུས་མེར་བསྲེགས་གནང་ཡོད་པ་རེད། ད་བར་བོད་ནང་བོད་མི་ ༡༤༥ ཙམ་གྱིས་རང་ལུས་མེར་བསྲེགས་གནང་ཟིན་ཡོད་པ་དང་།དེའི་ཁོངས་ནས་རང་ལུས་མེར་སྲེག་གི་དོན་རྐྱེན་མང་ཤོས་བྱུང་ས་གཅིག་ནི་བོད་མདོ་སྨད་རྔ་བ་ཆགས་ཀྱི་ཡོད་པ་མ་ཟད། བོད་མི་ཁྱེར་རྐྱང་གིས་རྒྱ་གཞུང་ལ་ཞི་རྒོལ་གནང་མཁན་མང་ཤོས་བྱུང་ས་ཞིག་ཀྱང་ཆགས་ཡོད།

མཐུན་རྐྱེན་གྱི་འགྲན་བསྡུར་མ་ཡིན་པར་ཤེས་ཡོན་ཐོག་ལ་འགྲན་བསྡུར་གནང་དགོས་ཞེས་གསུངས་པ།

གཏན་ཉིན་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་པའི་སློབ་མ་རྣམས་ལ་འགོ་ཁྲིད་ནུས་པ་སྐྱེད་སྲིང་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་དཔལ་འབྱོར་བཀའ་བློན་མཆོག་གིས་བོད་པའི་སློབ་གྲྭ་ནང་ཁུལ་དབར་མཐུན་རྐྱེན་གྱི་ཐོག་འགྲན་བསྡུར་མ་གནང་པར་ཤེས་ཡོན་ཐོག་ལ་འགྲན་བསྡུར་གནང་དགོས་ཞེས་གསུངས་ཡོད་པ་རེད། དེ་རིང་ཟླ་ ༡༢ ཚེས་ ༢༠ ཉིན་སྔ་དྲོ་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་རྡ་ཤོད་བོད་ཁྱིམ་ཚོགས་ཁང་དུ་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་གཙོས་ ཤེས་རིགས་ལས་ཁུངས་ཀྱི་ཤེས་ཡོན་སྡེ་ཚན་གྱི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས། ཤེས་རིག་དྲུང་ཚབ་ངག་དབང་ཡོན་ཏན་ལགས། ཤེས་རིག་ལས་ཁུངས་ཀྱི་ལས་བྱེད། རྡ་ཤོད་བོད་ཁྱིམ་གྱི་སློབ་སྤྱི་དང་དགེ་ཆེ། རྒྱ་བལ་གཉིས་ཀྱི་བོད་མིའི་སློབ་གྲྭ་ ༣༠ འི་འཛིན་རིམ་བཅུ་པའི་སློབ་ཕྲུག་ ༢༨༢ དང་ཕྱག་རོགས་དགེ་ལས་གྲངས་ ༣༠ བཅས་ཚང་འཛོམས་ཐོག་འགོ་ཁྲིད་ནུས་པ་སྐྱེད་སྲིང་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཐེངས་བཞི་པ་དབུ་འཛུགས་གནང་སོང་། དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་ཟབ་སྦྱོང་དང་འབྲེལ་བའི་གསུང་བཤད་གནང་དོན། ཟབ་སྦྱོང་འདིའི་ཐོག་ཆེད་དུ་བཅར་བའི་སློབ་གྲྭ་ཁག་གི་སློབ་མ་ཚོས་རང་ཉིད་སྣོད་ཁ་སྦུབ་པ་དང་། སྣོད་ཞབས་རྡོལ་བ། སྣོད་དྲི་མ་ཅན་བཅས་སྣོད་ཀྱི་སྐྱོན་གསུམ་དང་ལྡན་པ་མ་ཡིན་པར་ཟབ་སྦྱོང་དེའི་བརྒྱུད་ནས་ཤེས་ཡོན་དང་འགོ་ཁྲིད་ཀྱི་ནུས་པའི་བསམ་བློོ་གསར་པ་ཞིག་སྐྱེས་ཐུབ་པར་འབད་བརྩོན་གནང་དགོས་གལ་ཡིན་པར་ལམ་སྟོན་གནང་སོང་། དེ་བཞིན་སློབ་ཕྲུག་ཚོའི་ངོས་ནས་དུས་དང་རྣམ་པ་ཀུན་ཏུ་༸གོང་ས་མཆོག་གི་བཀྲིན་ཡིད་ལ་ངེས་པར་དུ་དྲན་དགོས་པ་དང་འདི་བཞིན་བཙན་བྱོལ་ནང་གི་བོད་པའི་སློབ་གྲྭ་ནང་ཁུལ་དབར་མཐུན་རྐྱེན་གྱི་འགྲན་བསྡུར་མ་གནང་པར་ཤེས་ཡོན་ཐོག་ལ་འགྲན་བསྡུར་གནང་དགོས་ཞེས་གསུངས་ཡོད་པ་རེད། བཀའ་བློན་མཆོག་གིས་ད་དུང་ང་ཚོ་རང་དབང་ལུང་པའི་ནང་ཡོད་པའི་གཞོན་སྐྱེས་སློབ་ཕྲུག་ཚོས་གཞིས་བཞུགས་གཞོན་སྐྱེས་ཚོའི་མགྲིན་ཚབ་གནང་དགོས་པ་རེད་ཅེས་ལམ་སྟོན་གནང་སོང་། གཞན་ཡང་ཤེས་རིག་དྲུང་ཚབ་ངག་དབང་ཡོན་ཏན་ལགས་ཀྱིས་བོད་པའི་སློབ་ཕྲུག་ཞིག་གི་ངོ་བོ་མཚོན་པར་རང་མི་རིགས་ཀྱི་ཐུན་མིན་སྐད་ཡིག་དང་རིག་གཞུང་ཤེས་དགོས་རྒྱུ་ནི་གནད་ཆེ་ཡིན་པ་སོགས་གསུངས་ཡོད། རྩ་བའི་ཐེངས་འདིའི་ཟབ་སྦྱོང་དེ་རིང་ཟླ་ ༡༢ ཚེས་ ༢༠ ནས་དབུ་འཛུགས་ཀྱིས་ཚེས་ ༢༧ བར་ཟབ་ཁྲིད་གནང་གཏན་འཁེལ་ཡོད་པ་ལྟར། འཛིན་རིམ་བཅུ་པའི་སློབ་མ་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་རྣམ་གཉིས་ཀྱིས་དབུས་པའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཆེད་ལས་མི་སྣ་གདན་ཞུས་ཀྱིས་འགོ་ཁྲིད་ཀྱི་ཁྱད་ཆོས་དང་སྒྱུ་རྩལ། མདུན་ལམ།   བོད་ཀྱི་ཁོར་ཡུག་སྲུང་སྐྱོབ། འཚེ་མེད་ཞི་བའི་ལྟ་གྲུབ། དབུ་མའི་ལམ། བོད་ཀྱི་མང་གཙོའི་འཕེལརིམ། དེ་བཞིན་དུས་རབས་ ༢༡ པའི་ནང་པ་སོགས་བརྗོད་གཞི་འདྲ་མིན་ཐོག་ཟབ་ཁྲིད་གནང་རྒྱུ་ཡིན་པ་རེད།

༸གོང་ས་མཆོག་མཆོག་གིས་ཚན་རིག་གི་བགྲོ་གླེང་ཚོགས་འདུ་ཉིན་གཉིས་པར་ལམ་སྟོན་བཀའ་སློབ་བསྩལ་བ།

དེ་རིང་ཟླ་ ༡༢ ཚེས་ ༡༩  ཉིན་སྔ་དྲོ་ཚོུད་ ༨།༠༠ ཡོལ་ཙམ་ལ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་ནང་ཆོས་དང་ཚན་རིག་དབར་ཕན་ཚུན་ལེགས་སྤེལ་གྱི་འབྲེལ་ལམ་འཛུགས་པ་ཞེས་པའི་ཨེ་མོ་རི་དང་བོད་ཀྱི་ཆེད་བསྡུས་ནང་ཆོས་དང་ཚན་རིག་མཁས་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ཉིན་གཉིས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་གཙོས། རྒྱལ་སྤྱིའི་རིམ་པར་མིང་གྲགས་ཅན་གྱི་ཚན་རིག་པ་ཆེད་མཁས་ཁག་གཅིག བོད་བརྒྱུད་ནང་བསྟན་གྱི་སློབ་གཉེར་བ་དེང་རབས་ཚན་རིག་ལ་སྦྱངས་པ་ཅན་ཁག་གཅིག དེ་བཞིན་དགོན་སྡེ་གྲྭ་ཚང་ཁག་དང་མོན་གྷོ་འདོད་རྒུ་གླིིང་གཏན་སློབ་བཅས་ལྷན་འཛོམས་ཐོག་བགྲོ་གླེང་དབུ་འཛུགས་གནང་ཡོད་པ་རེད། དེ་རིང་གི་བརྗོད་གཞི་འཛམ་གླིང་འདི་ཐོག་མར་ཇི་ལྟར་ཆགས་ཡོད་མེད་སྐོར་དང་དེང་དུས་ཚན་རིག་གི་གཟའ་སྐར་རིག་པའི་སྐོར་ཨེམ་པི་ནི་ཨེ་རི་ཛོ་ནའི་གཙུག་ལག་སློབ་གཉེར་ཁང་གི་སྐར་དཔྱད་རིག་པའི་སློབ་དཔོན་ཆེན་མོ་ཁི་རི་སི་ལགས་ཀྱིས་གསུང་བཤད་གནང་པ་དང་དེའི་ཐོག་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནང་པ་སངས་རྒྱས་པའི་སེམས་ཙམ་པའི་ལྟ་གྲུབ་ཀྱི་ཐོག་ནས་དགོངས་ཚུལ་གསུང་གནང་ཡོད་པ་རེད། གཞན་ཡང་སེར་བྱེས་ཧར་གདོང་ཁམས་ཚན་གྱི་རྒན་ཐབས་མཁས་ལགས་ཀྱིས་ནང་པའི་གཞུང་ནས་གསུང་པའི་འཇིག་རྟེན་ཁམས་ཆགས་སྟངས་ཀྱི་ཐོག་མའི་རྒྱུ་རྐྱེན་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་པ་མ་ཟད། དེ་དང་དེང་དུས་ཚན་རིག་པའི་ལྟ་སྟངས་དབར་མཐུན་པའི་ཆ་གང་དང་གང་ཡོད་མེད་སྐོར་གསུང་བཤད་ཡང་གནང་ཡོད་པ་རེད། དེ་རིང་ཉིན་རྒྱབ་༸གོང་ས་མཆོག་དབུ་བཞུགས་ཐོག་སྐྱེ་དངོས་རིག་པའི་སློབ་དཔོན་ཟུར་པ་སི་ཁོཌ་གྷིལ་བྷཌ་ལགས་ཀྱིས་སྐྱེ་དངོས་རིག་པ་དེ་རྟེན་བྱུང་གི་ཚན་རིག་ཡིན་ཚུལ་སྐོར་གསུང་བཤད་གནང་པ་དང་འདི་བཞིན་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཚན་རིག་སྡེ་ཚན་གྱི་འབྲེལ་མཐུད་པ་ངག་དབང་ནོར་བུ་ལགས་ཀྱིས་སའི་གོ་ལའི་སྟེང་ཚེ་སྲོག་ཇི་ལྟར་ཆགས་ཚུལ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད། དེ་དང་ཕྱོགས་མཚུངས་ཁ་ས་ཕྱི་ཚེས་ ༡༨ ཉིན་གྱི་བགྲོ་གླེང་ཉིན་དང་པོར་སའི་གོ་ལའི་སྟེང་དུ་ཚེ་སྲོག་ཇི་ལྟར་ཆགས་ཚུལ་ཞེས་པའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་འབྲས་སྤུངས་བློ་གསལ་གླིང་དུ་ཚན་རིག་གི་བགྲོ་གླེང་དབུ་འཛུགས་གནང་ཡོད་པ་རེད། སྐབས་དེར་འབྲས་སྤུངས་བློ་གསལ་གླིང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་དབུ་བཞུགས་ཐོག དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་མཆོག གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག བྱང་རྩེ་ཆོས་རྗེ་མཆོག་གིས་དབུས་གདན་ས་ཁག་གི་མཁན་པོ་དང་མཁན་ཟུར། ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག རྒྱལ་སྤྱིའི་རིམ་པར་མིང་གྲགས་ཅན་གྱི་ཚན་རིག་པ་ཆེད་མཁས་ཁག་གཅིག ཕྱོགས་བཞུགས་སྤྱི་འཐུས་ཁག་གཅིག བོད་བརྒྱུད་ནང་བསྟན་གྱི་སློབ་གཉེར་བ་དེང་རབས་ཚན་རིག་ལ་སྦྱངས་པ་ཅན་ཁག་ཅིག དེ་བཞིན་དགོན་སྡེ་གྲྭ་ཚང་ཁག་དང་མོན་གྷོ་འདོད་རྒུ་གླིིང་གཏན་སློབ་བཅས་ལྷན་འཛོམས་ཐོག་བགྲོ་གླེང་ཚོགས་འདུ་དབུ་འཛུགས་གནང་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆེས་ཐོག་མར་བགྲོ་གླེང་ཚོགས་ཆེན་འདིའི་ཐོག་ཕེབས་མཁན་རྣམས་པར་དབྱིན་སྐད་ཐོག་ནས་འཚམས་འདྲིའི་གསུང་བཤད་གནང་པ་དང་སྦྲགས། ༸གོང་ས་མཆོག་གིས་འབྲས་སྤུངས་དགོན་པ་ཕྱག་བཏབ་ནས་ལོ་ངོ་ ༦༠༠ འགྲོ་བཞིན་པ་དང་དེའི་རིང་རྒྱལ་དབང་སྐུ་ཕྲེང་གཉིས་པས་འབྲས་སྤུངས་དགོན་པའི་མཁན་པོ་གནང་ཞིང་༸གོང་ས་ལྔ་པ་ཡང་འབྲས་སྤུངས་དགོན་པ་ནས་ཡིན་པ་སོགས་རྒྱལ་དབང་སྐུ་ཕྲེང་དང་འབྲས་སྤུངས་དགོན་པའི་བར་གྱི་དམིགས་བསལ་འབྲེལ་བའི་སྐོར་སོགས་བཀའ་སློབ་བསྩལ་བ་མ་ཟད། བགྲོ་གླེང་གི་གལ་ཆེའི་རང་བཞིན་དང་ལྷག་དོན་འདས་པའི་དུས་ཡུན་ལོ་ ༣༠ ཙམ་རིང་ཚན་རིག་དང་ནང་ཆོས་དབར་གྱི་འབྲེལ་བའི་འཕེལ་རིམ་དང་གྲུབ་འབྲས་ཇི་སོན་བཅས་ཀྱི་སྐོར་བཀའ་སློབ་བསྩལ་ཡོད་པ་རེད། དེ་བཞིན་༸གོང་ས་མཆོག་གིས་བོད་སྐད་ཐོག་ནས་ནང་ཆོས་དང་ཚན་རིག་བར་གྱི་འབྲེལ་བའི་བརྒྱུད་རིམ་སྐོར་ལ་ངོ་སྤྲོད་གསུང་གནང་པ་དང་ཆབས་ཅིག ད་བར་ཚན་རིག་པ་དང་འབྲེལ་བ་གནང་པའི་བརྒྱུད་རིམ་ནང་ཚན་རིག་པས་ནང་པའི་སེམས་ཁམས་རིག་པར་དོ་སྣང་བྱེད་འགོ་བཙུགས་ཟིན་པ་དང་། ཕྱིའི་འཇིག་རྟེན་ཆགས་རབས་སྐོར་ནང་པའི་གཞུང་ནས་གསུང་པའི་རིའི་རྒྱལ་པོ་རི་རབས་ཡོད་པ་སྒྲུབ་ཐུབ་མེད་སྐོར་གསུངས་སོང་། ཚན་རིག་དང་ནང་ཆོས་ཀྱི་འབྲེལ་བའི་བརྒྱུད་རིམ་ནང་ནང་པ་སངས་རྒྱས་པའི་གཞུང་ཁག་ནང་སྣོད་ཀྱི་འཇིག་རྟེན་གྱི་ཆགས་དབྱིབས་སྐོར་གཅིག་གྱུར་ཞིག་མེད་ཀྱང་དེར་གནད་འགག་དེ་ཙམ་གཟིགས་ཀྱི་མེད་སྐོར་གསུངས་པ་དང་། ལྷག་དོན་༸གང་ཉིད་མཆོག་གིས་སྣོད་བཅུད་ཀྱི་འཇིགས་རྟེན་ཆགས་རབས་སྐོར་ལ་ནང་པ་ལས་ཚན་རིག་པ་ཞིབ་ཚགས་པ་ཡོད་སྟབས་ཚན་རིག་དང་ནང་ཆོས་དབར་ཕན་ཚུལ་ལེགས་ཆ་མང་པོ་ཞིག་ལེན་རྒྱུ་ཡོད་སྐོར་བཀའ་སློབ་གནང་ཡོད། ཚན་རིག་བགྲོ་གླེང་གི་བརྗོད་གཞིའི་ནང་དུས་རབས་ ༢༡ པ་གཞུང་ཐིག་གསར་པའི་དུས་རབས་ཤིག་ཡིན་ནམ་ཞེས་པ་དང་ཚན་རིིག་དང་ནང་ཆོས་བར་གྱི་འབྲེལ་བའི་ཟམ་པར་གྱུར་བའི་ལྟ་གྲུབ་རིག་པ།  མི་མཐུན་པའི་ཁྱད་པར་ལས་བློ་སྐྱེད་ལེན་པ། ཚད་མ་ཇི་ལྟར་སྐྱེད་དགོས་མིན་སོགས་བརྗོད་གཞི་མི་འདྲ་བ་ ༦ ཐོག་མཁས་དབང་རྣམས་ནས་གསུང་བཤད་གནང་ཡོད་པ་མ་ཟད། ཉིན་རྒྱབ་ལ་གསུང་བཤད་གནང་མཁན་དང་ལྷན་དུ་བགྲོ་གླེང་དང་དྲི་བ་འདྲི་ལན་ཡང་གནང་ཡོད་པ་རེད། བགྲོ་གླེང་ཚོགས་འདུ་དེ་ནི་ཏཱ་ལའི་བླ་མའི་དགེ་རྩ་དང་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གཉིས་ནས་གོ་སྒྲིག་དང་རྒྱུ་གྲོན་མཐུན་རྐྱེན་གཙོ་བོར་སྦྱར་བའི་སྟེང་འབྲས་སྤུངས་བླ་སྤྱི་དང་འབྲས་སྤུངས་སྒོ་མང་གྲྭ་ཚང་། འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་། རྡ་ས་བོད་ཀྱི་དཔེ་མཛོད་ཁང་བཅས་ནས་རམ་འདེགས་མཐུན་འགྱུར་གནང་བ་བརྒྱུད་ནང་ཆོས་དང་ཚན་རིག་དབར་ཕན་ཚུན་ལེགས་སྤེལ་གྱི་འབྲེལ་ལམ་འཛུགས་པ།  ཞེས་པའི་ཨེ་མོ་རི་དང་བོད་ཀྱི་ཆེད་བསྡུས་ནང་ཆོས་དང་ཚན་རིག་མཁས་པའི་རྒྱལ་སྤྱིའི་བགྲོ་གླེང་འཚོགས་བཞིན་ཡོད་པ་རེད།

རེས་གཟའ་ཟླ་བ། ༢༠༡༦།༡༢།༡༩

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་དབུ་བཞུགས་ཐོག་ཚན་རིག་བགྲོ་གླེང་ཉིན་གཉིས་པ་ཚོགས་པ། རྒྱ་གར་གཞུང་དཔལ་འབྱོར་ལས་ཁུངས་ནས་དུས་དབང་སྐབས་མཐུན་འགྱུར་གནང་རྒྱུའི་ཞལ་བཞེས་གནང་པ། ༸གོང་ས་མཆོག་ལ་གཞི་མེད་བསྙོན་འཛུགས་བྱེད་མཁན་ཐེར་འདོན་གནང་ཏེ་མུ་མཐུད་གདོང་ལེན་བྱ་རྒྱུ། བོད་ཀྱི་བེུད་ལྷན་ཚོགས་ནས་མེ་སྐྱོན་ཕོག་མཁན་སུད་ཚོང་བར་འབུམ་དྲུག་དང་ཕྱེད་ཀ་གནང་འདུག ཚེ་རིང་ནོར་བུ་ལགས་ལ་གསེར་གྱི་གཟེངས་རྟགས་གཉིས་ཐོབ་འདུག Monday 19/12/2016 Dalai Lama participates in Bridging Buddhism and Science Symposium Indian finance ministry assures monetary facilities during Kalachakra Tibetan NGOs to expose people who hurl baseless allegation against Dalai Lama TWA donates 6.5 Lacs to Lal Quila fire victims Tsering Norbu bags two gold at MSU: Baroda

Latest news