Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: January, 2017

རྒྱ་གཞུང་གིས་གྲྭ་དགེ་འཕེལ་ལགས་ནང་མི་དང་ཐུག་འཕྲད་བྱེད་བཅུག་མེད་པ་མ་ཟད་དངུལ་དུ་མ་ལྐོག་ཟ་བྱས་འདུག

ཉེ་ཆར་ལོ་ངོ་ ༡༢ རིང་རྒྱ་གཞུང་གིས་བཙོན་འཇུག་ཁྲིམས་ཐག་བཅད་ནས་རྒྱ་ནག་གི་ཟི་ཁྲོན་དན་ཡང་བཙོན ཁང་དུ་བཙོན་འཇུག་བྱས་པའི་མདོ་སྨད་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་དགེ་འཕེལ་ལགས་ཀྱི་ནང་མི་དང་ད་བར་ཐུག་འཕྲད་གཅིག་ཀྱང་བྱེད་བཅུག་མེད་པ་མ་ཟད། ཁོང་གི་ནང་མི་ལས་དངུལ་དུ་མ་ལྐོག་ཟ་བྱས་འདུག དེ་བཞིན་རྒྱ་གཞུང་གིས་ཁོང་ལ་ཁྲིམས་ཐག་བཅད་རྗེས་ནང་མི་ཚོས་བཙོན ཁང་དུ་ཐེངས་ཁ་ཤས་རིང་ཐུག་འཕྲད་གནང་ཕྱིར་ཆེད་བཅར་ཞུས་ཡོད་ཀྱང་། བཙོན་ཁང་གི་ལས་བྱེད་བརྒྱུད་ཁོང་ལ་སྤྲོད་རྒྱུའི་དངུལ་དམར་ཐེངས་འགའ་བཞག་པ་དེ་དག་ཕྱག་ཏུ་སོན་མེད་པའི་ཁར་བཙོན་ལས་ཡིན་དང་གང་ཡིན་ཤེས་རྟོགས་མེད་པའི་རྒྱ་སྐད་རྒྱག་མཁན་མི་གཅིག་གིས་ནང་མིར་ཁ་པར་བཏང་སྟེ་གྲྭ་དགེ་འཕེལ་ལགས་ལ་དངུལ་མེད་པས་ཁོང་ལ་དངུལ་གཏོང་དགོས་ལུགས་བརྗོད་ནས་དངུལ་སྐོག་ཟ་བྱས་ཡོད་པ་རེད་འདུག བོད་མི་ཞིག་གིས་འགྲེལ་བརྗོད་གནང་དོན། རྒྱ་གཞུང་འབྲེལ་ཡོད་ལས་བྱེད་ཀྱིས་ནང་མི་ཚོར་བཙོན་ཁང་དུ་གྲྭ་དགེ་འཕེལ་ལགས་དང་ཐུག་འཕྲད་གནང་ཆོག་ལུགས་བརྗོད་ཡོད་སྟབས། ནང་མི་ཚོས་ཐེངས་ཁ་ཤས་རིང་ཁོང་དང་ཐུག་འཕྲད་ཆེད་བསྐྱོད་ཡོད་ཀྱང་དོན་དངོས་ཐོག་གཏན་ནས་ཐུག་འཕྲད་བྱུང་མེད་པ་དང་དེ་ལས་ལྡོག་སྟེ་ཁོང་གི་ནང་མི་ལས་དངུལ་དུ་མ་ལྐོག་ཟ་བྱས་ཡོད་སྐོར་གསུངས་སོང་། གཞི་རྩའི་གྲྭ་དགེ་འཕེལ་ལགས་ཀྱིས་རྒྱ་གཞུང་གི་ཁྲིམས་དང་འགལ་བའི་ཕྱག་ལས་གང་ཡང་གནང་མེད་ཀྱང་། ཕྱི་ལོ་ ༢༠༡༥ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོོ་མཆོག་གི་༸སྐུའི་གྱ་སྟོན་སྐབས་ཁུལ་དེའི་མང་ཚོགས་ཚོས་མངོན་གསལ་མེད་པའི་ཐོག་ནས་གྱ་སྟོན་སྲུང་བརྩི་ཞུས་པར་མཉམ་ཞུགས་གནང་པའི་ནག་ཉེས་ལ་ཁ་གཡར་ནས་བོད་མི་ཁག་ཅིག་འཛིན་བཟུང་བྱས་པ་མ་ཟད། བོདམི་དེ་དག་ལ་ལོ་དུས་འདྲ་མིན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་ལས་ཁོང་ལ་ལོ་ ༡༢ རིང་བཙོན་འཇུག་ཁྲིམས་ཐག་བཅད་པ་ཞིག་རེད་འདུག

བོད་མི་རྣམས་དུས་དབང་ཞུ་མ་ཐུབ་པར་ཕྱིར་ལོག་གནང་དོན་གང་ཡིན་རྩད་གཅོད་བྱེད་དགོས་ཀྱི་རེད་ཅེས་གསུངས་པ།

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གཞུང་གིས་ཆེས་དམ་བསྒྲགས་འོག་ཐེངས་འདིར་བོད་ནས་ཕེབས་མཁན་བོད་མི་མང་པོ་ཞིག་དུས་དབང་ཞུ་མ་ཐུབ་པར་ཕྱིར་ལོག་གནང་དགོས་བྱུང་བའི་གནས་ཚུལ་དངོས་ཡིན་པའི་དཔང་རྟགས་ཡོད་སྐོར་གསུངས་པ་དང་སྦྲགས། གལ་ཏེ་རྒྱ་ནག་དབུས་གཞུང་གིས་བོད་མིར་བཀག་སྡོམ་བྱས་མེད་བརྗོད་ཀྱི་ཡོད་ན། བོད་ནས་ཕེབས་པའི་བོད་མི་མང་དག་ཞིག་ཐེངས་འདིའི་དུས་དབང་ཞུ་མ་ཐུབ་པའི་དོན་གནད་གང་ཡིན་བོད་རང་སྐྱོང་ལྗོངས་ཟེར་བ་གཙོས་པའི་བོད་མིའི་ས་གནས་ཁག་གི་ས་གནས་དཔོན་རིགས་སོ་སོར་འདྲི་བརྩད་ཀྱིས་རྒྱུ་རྐྱེན་རྩད་གཅོད་བྱེད་དགོས་ཀྱི་རེད་ཅེས་ནན་བརྗོད་གནང་སོང་། དེ་ཡང་རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་མི་རིགས་དང་ཆོས་རིག་ལྷན་ཁང་གི་འགན་འཛིན་ཀྲུ་ཝན་ཇན་གྱིས་ཁ་སང་རྒྱ་ནག་གཞུང་གི་ Global Times བརྒྱུད་ལམ་ཐོག་འགྲེལ་བརྗོད་བྱས་པར་གཞིགས་ན། ད་རེས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་མཆོག་རྡོ་རྗེ་གདན་དུ་གོ་སྒྲིག་ཞུས་པའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་དེ་ཆབ་སྲིད་ཀྱི་ལག་ཆ་ལྟ་བུར་སྤྱོད་ནས་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བརྒྱུད་ནས་རྒྱལ་སྤྱིའི་མང་ཚོགས་ཁྲོད་རྒྱ་ནག་གཞུང་ལ་སྡང་སེམས་ཀྱི་བློ་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་དང་། ཁྱད་པར་དུ་བོད་མིའི་སྒྲིག་འཛུགས་ཟེར་བའི་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོས་བརྗོད་པར་རྒྱ་ནག་གཞུང་གི་དམ་བསྒྲགས་འོག་ཐེངས་འདིར་བོད་ནས་ཕེབས་མཁན་བོད་མི་མང་པོ་ཞིག་དུས་དབང་ཞུ་མ་ཐུབ་པར་ཕྱིར་ལོག་གནང་དགོས་བྱུང་བའི་གནས་ཚུལ་དེ་དྲང་བདེན་རྩ་བ་ནས་མིན་པ་མ་ཟད། རྒྱ་གཞུང་གི་ངོས་ནས་བོད་མིར་དུས་བཀག་ཚོད་འཛིན་འོག་བོད་ལ་ཕྱིར་ལོག་དགོས་པའི་ཉེན་བརྡ་བཏང་འདུག་ཅེས་བཤང་དོན་ལྟར་དེ་འདྲ་གང་ཡང་བཏང་མེད་ལ། ཁོང་རྣམ་པར་དུས་དབང་ལ་བཅར་དགོས་པའི་བརྒྱུད་སྐུལ་ལ་སོགས་པ་ཡང་གང་ཡང་བྱེད་མེད་ཅེས་བརྗོད་འདུག དེ་བཞིན་ཀྲུ་ཝན་ཇན་གྱིས་བོད་མིའི་སྒྲིག་འཛུགས་ཟེར་བ་དེས་དུས་དབང་ཆེད་ཡུན་རིང་ནས་གོ་སྒྲིག་བྱེད་པ་ཡོངས་རྫོགས་ཐད་ཀར་ཆབ་སྲིད་དང་འབྲེལ་བ་ཆགས་ཀྱི་ཡོད་པ་དང་། དུས་དབང་ཁ་ལ་འཁྱེར་ནས་བོད་ནས་ཕེབས་མཁན་བོད་མི་རྣམས་དང་འབྲེལ་བ་དམ་ཟབ་ཡོང་རྒྱུར་དམིགས་བཞིན་ཡོད་པ་རེད། རྒྱ་གཞུང་གིས་བོད་ནང་གི་བོད་མི་ཚོར་བཙན་བྱོལ་ནང་ལ་གོ་སྒྲིག་ཞུ་སྲོལ་ཡོད་པའི་དུས་དབང་ལ་སོགས་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ཁ་བྲལ་རིང་ལུགས་པ་ཡིན་ཚུལ་གྱི་གསལ་བཤད་བྱེད་རྐྱེན་འདས་པའི་ལོ་ཤས་རིང་བོད་མིའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ཏུ་བོད་ནས་ཕེབས་མཁན་ལོ་རེ་བཞིན་ཇེ་ཉུང་དུ་འགྲོ་བཞིན་ཡོད་ཚུལ་བརྗོད་འདུག འོན་ཀྱང་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་དང་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་འདི་ག་རླུང་འཕྲིན་ཁང་ལ་རྒྱ་ནག་གཞུང་གི་བྱེད་སྟངས་དེ་ནི་རྒྱུན་ལྡན་གྱི་བྱ་སྤྱོད་ཞིག་ཡིན་པ་ལས། དེར་བདེན་པའི་ཕྲན་བུ་ཙམ་ཡང་མེད་སྐོར་ལན་འདེབས་གནང་པ་དང་སྦྲགས། རྒྱ་གཞུང་གིས་རྒྱལ་སྤྱིའི་ཁྲོད་བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་ཚུད་ཀྱི་ཡོད་པ་དང་དེར་ཆོས་དད་རང་དབང་ཆ་ཚང་སྤྲོད་ཡོད་ཚུལ་ཡོངས་བསྒྲགས་བྱས་ཀྱང་།བོད་མིའི་ཆོས་དང་རིག་གཞུང་དར་སྤེལ་གཏོང་རྒྱུ་མཚོན་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་གི་ཐོག་ལ་ཚོད་འཛིན་བྱེད་བཞིན་པར་བློ་ཕམ་ཆེན་པོ་དང་དེ་ཡ་མཚན་དགོས་པ་ཞིག་རེད་བཅས་གསུངས་སོང་། ད་དུང་ཆོས་རིག་བཀའ་བློན་མཆོག་གིས་དུས་དབང་གོ་སྒྲིག་ཚོགས་ཆུང་ལ་ཐེངས་འདིར་བོད་ནས་ཕེབས་མཁན་བོད་མི་མང་པོ་ཞིག་རྒྱ་གཞུང་གིས་དམ་བསྒྲགས་འོག་དུས་དབང་ཞུ་མ་ཐུབ་པར་ཕྱིར་ལོག་གནང་དགོས་བྱུང་བའི་དཔང་རྟགས་རག་སོན་བྱུང་ཡོད་སྐོར་གསུངས་པ་མ་ཟད། གལ་ཏེ་རྒྱ་ནག་གཞུང་ནས་བོད་ནས་ཕེབས་མཁན་བོད་མི་རྣམས་ལ་དམ་བསྒྲགས་བྱས་མེད་ཅེས་བརྗོད་ཀྱི་ཡོད་ཚེ། རྒྱ་ནག་དབུས་གཞུང་ནས་གནད་དོན་དེའི་ཐད་བོད་རང་སྐྱོང་ལྗོངས་ཟེར་བ་གཙོས་པའི་བོད་མི་གནས་སྡོད་རང་སྐྱོང་ས་གནས་ཁག་གི་དཔོན་རིགས་དང་ལྷན་འདྲི་བརྩད་ཀྱིས་རྒྱུ་རྐྱེན་རྩད་གཅོད་བྱེད་དགོས་ཀྱི་རེད་ཅེས་ནན་བརྗོད་གནང་པ་དང་སྦྲགས། རྒྱ་གཞུང་གིས་ད་རེས་བོད་མིར་དུས་དབང་ཞུ་རྒྱུར་བཀག་སྡོམ་བྱས་པ་དེ་རྒྱ་ནག་དབུས་གཞུང་རང་གི་སྲིད་བྱུས་ཤིག་ཡིན་མིན་ལ་ཐེ་ཚོམ་ཡོད་པའི་བརྡ་ལན་གནང་ཡོད་པ་རེད། རྒྱ་ནག་གི་ global times གསར་ཤོག་ཐོག་སྤེལ་བའི་གནས་ཚུལ་དེའི་ནང་ཀྲུ་ཝེ་ཇན་གྱིས་བོད་ནང་གི་བོད་མི་ཚོར་དུས་དབང་ཆེད་བཅར་རྒྱུར་བཀག་སྡོམ་བྱས་མེད་སྐོར་བརྗོད་པ་མ་ཟད། དུས་དབང་ཐོག་རྒྱ་རིགས་ཕྱིར་བསྐྱོད་ལག་འཁྱེར་ཡོད་པ་གང་ཙམ་བཅར་ཐུབ་ཡོད་པ་ཚོ་ལའང་དམ་བསྒྲགས་བྱས་མེད་སྐོར་བརྗོད་ཡོད་པ་རེད། འོན་ཏང་ཆོས་རིག་བཀའ་བློན་མཆོག་གིས་ཐེངས་འདིའི་དུས་དབང་ཆེད་ནང་ཆོས་ལ་དོ་སྣང་ཡོད་པའི་རྒྱ་རིགས་གནད་ཡོད་ཁག་ཅིག་ནས་ཀྱང་བློ་ཕམ་ཆེན་པོའི་ཐོག་དུས་དབང་ལ་བཅར་རྒྱུ་ཕྱིར་འཐེན་གནང་ཡོད་སྐོར་གསུངས་ཡོད། རྩ་བའི་དུས་དབང་འདིའི་ཐོག་བོད་ནས་བོད་མི་མང་དག་ཞིག་རྒྱ་གར་ལ་ཕེབས་འབྱོར་བྱུང་ཡོད་ཀྱང་རྒྱ་གཞུང་གིས་དམ་བསྒྲགས་ཤུགས་ཆེ་བྱེད་པའི་འོག་བོད་མི་མང་པོ་ཞིག་ཕྱིར་ལོག་གནང་དགོས་བྱུང་སྟབས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་སྔོན་བོད་ནས་ཕེབས་པའི་བོད་མི་རྣམས་ལ་དམིགས་བསལ་གྱི་མཇལ་ཁ་དང་བཀའ་སློབ་རིམ་པ་བསྩལ་བའི་སྐབས། བོད་ཟླ་ ༡༡ ཚེས་ ༡༣ ནས་ ༡༥ བར་དུས་འཁོར་དབང་ཆེན་དངོས་གཞི་འཁེལ་གྱི་ཡོད་སྟབས། ཁྱེད་རང་ཚོས་བོད་ནས་ཚུར་སྨོན་ལམ་ཡག་པོ་བརྒྱབ། ཁྱེད་རང་ཚོ་དད་པ་གཡོ་བ་མེད་པ་ཞིག་ཡོད་པ་རེད། ངོས་ཀྱིས་ཁྱེད་རང་ཚོ་བོད་ནང་ལ་ཡོད་པའི་རྒྱ་ཆེ་མི་མང་གི་དད་པ་དང་དམ་ཚིག་གཡོ་བ་མེད་པ་ཡོད་པ་དེ་དག་དབང་གི་དམིགས་འོག་ཏུ་བཅུག་ནས་སྨོན་ལམ་རྒྱག་གི་ཡིན་ཅེས་བཀའ་བསྩལ་བ་མ་ཟད། རྒྱ་ནག་ནང་དུ་ཡོད་པའི་རྒྱ་རིགས་ནང་པ་དེ་དག་ལའང་དེ་མཚུངས་སུ་དབང་གི་དམིགས་འོག་ཏུ་བཅུག་ནས་ཐུགས་སྨོན་མཛད་རྒྱུ་ཡིན་ཅེས་བཀའ་གནང་ཡོད་པ་རེད།

བྱང་སེམས་དང་སྟོང་ཉིད་ཀྱི་ལྟ་བ་བསྒོམ་རྒྱུ་དེ་རང་དོན་གྲུབ་པའི་ཐབས་མཆོག་ཏུ་གྱུར་བ་ཡིན་པར་ལམ་སྟོན་བསྩལ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་གནས་མཆོག་རྡོ་རྗེ་གདན་དུ་ཉིན་བཞིའི་སྔོན་འགྲོའི་ཆོས་འབྲེལ་དུ་སློབ་དཔོན་ཀ་མ་ལ་ཤྰི་ལས་མཛད་པའི་སྒོམ་རིམ་བར་པ་དང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོ་གཉིས་ཀྱི་བཀའ་ཆོས་བཀྲིན་བསྐྱངས་གནང་ཡོད་པ་ལྟར། སྤྱོད་འཇུག་གི་ལེའུ་དང་པོ་བྱང་ཆུབ་སེམས་པའི་ཕན་ཡོན་སྐོར་གྱི་ཆོས་འབྲེལ་བཀྲིན་སྩལ་སྐབས་ཆོས་ཞུ་བ་ཚོས་བྱང་ཆུབ་ཀྱི་སེམས་པ་དང་སྟོང་ཉིད་ཀྱི་ལྟ་བ་བསྒོམ་པ་ཡིན་ན་སྐྱེ་བ་ཕྱི་མ་མི་ལུས་བཟང་པོ་ཞིག་ཐོབ་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བརྒྱ་ཆ་བརྒྱ་ཐུགས་ཐག་བཅད་ཐུབ་ཀྱི་ཡོད་ཅེས་བཀའ་གནང་པ་མ་ཟད། ལྷག་དོན་ཆོས་ཞུ་བའི་ཁོངས་ལོ་རྒན་འཆི་ཁའི་ཆོས་བྱེད་མཁན་ཚོས་གཟུངས་སྔགས་བགྲང་པ་དང་སངས་རྒྱས་ཆོས་ཚོགས་མ་ལྟ་བུའི་སྟེང་ནས་བྱང་ཆུབ་ཀྱི་སེམས་པ་དང་སྟོང་པ་ཉིད་ཀྱི་ལྟ་བ་བསྒོམ་པ་ཡིན་ཚེ། ཚེ་རབས་ནས་ཚེ་རབས་བར་བདེ་ཞིང་སྐྱིད་པ་ཡོང་རྒྱུར་ལམ་སྟོན་བསྩལ་ཏེ་དེ་ནི་རང་དོན་གྲུབ་པའི་ཐབས་ཤེས་མཆོག་ཏུ་གྱུར་བ་ཞིག་རེད་ཅེས་ལམ་སྟོན་རྒྱ་ཆེ་མཛད་ཡོད། ད་དུང་༸གོང་ས་མཆོག་གིས་ཆོས་ཞུ་བ་ཚོའི་ངོས་ནས་༸གང་ཉིད་མཆོག་གིས་ཉིན་རེའི་ཆོས་འབྲེལ་སྐབས་ཆོས་ཀྱི་འགྲེལ་བརྗོད་གང་གནང་པ་དེ་དག་སེམས་ནང་ཉར་ཐུབ་པ་ཞིག་དང་། ལྷག་པར་དུ་ཆོས་གྲོགས་ཕན་ཚུན་དབར་བགྲོ་གླེང་གནང་པའི་བརྒྱུད་སེམས་ལ་འགྱུར་བ་ཤིག་ཐེབས་ཐབས་གནང་དགོས་གལ་ཡིན་པའི་ལམ་བཀའ་བསྩལ་མཛད་ཡོད་པ་རེད། གཞི་རྩའི་༸གོང་ས་མཆོག་གིས་དེ་རིང་གི་ཆོས་འབྲེལ་སྐབས་ཁ་སང་སྤྱོད་འཇུག་གི་ལེའུ་དང་པོ་བྱང་ཆུབ་སེམས་པའི་ཕན་ཡོན་ཞེས་པ་ནས་བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །  འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །  བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང། །  འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། ཞེས་པའི་བར་མུ་མཐུད་ཆོས་འབྲེལ་མཛད་པ་དང་སྦྲགས། སངས་རྒྱས་པའི་ཆོས་བྱེད་མི་བྱེད་སོ་སོའི་རང་དབང་ཡིན་ཀྱང་། ཆོས་ལ་དད་པ་བྱས་ཚར་བའི་རྗེས་སུ་ཆོས་ཆོས་སུ་འགྲོ་བ་ཞིག་བྱེད་དགོས་པ་དང་། དེའང་ཚེ་འདི་ཕྱི་གཉིས་ཀྱི་བདེ་སྐྱིད་ཀྱི་རྒྱུ་དེ་རང་གི་སེམས་འདུལ་བར་བྱེད་རྒྱུ་དེ་རེད་ཅེས་ལམ་སྟོན་གནང་སོང་།  ༸གོང་ས་མཆོག་གིས་དེ་རིང་ཉིན་རྒྱབ་ཚོུད་ ༡༢།༠༠ ནས་དབུ་འཛུགས་ཀྱིས་ཚོུད་ ༣།༠༠ བར་སྤྱོད་འཇུག་ལེའུ་གཉིས་པ་སྡིག་བཤག་ནས་ལེའུ་ལྔ་པ་ཤེས་བཞིན་བསྲུང་བའི་བར་མུ་མཐུད་བཀའ་ཆོས་མཛད་ཡོད་པ་རེད།

རེས་གཟའ་པ་སངས། ༢༠༡༧།༠༡།༠༦

ཉན་པ།: Listen ཕབ་ལེན། Download རྒྱ་གར་གྱིི་ཆོས་ལུགས་མཐུན་སྒྲིལ་དེ་འཛམ་གླིང་སྤྱི་ལ་མིག་དཔེ་སྟོན་དགོས། རྒྱ་གཞུང་གིས་དུས་དབང་ལ་བཀག་སྡོམ་བྱེད་མིན་གྱི་གནད་དོན་ལ་རྟོགས་ཞིབ་དགོས་གསུངས། བྱམས་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བ་གཉིས་རང་དོན་གྲུབ་ཐབས་མཆོག་ཡིན། རྒྱང་བསྒྲགས་༢༠༠ ལྷག་ཆེད་བཙུགས་ཀྱིས་སྤྱི་ཚོགས་ཞབས་ཞུ། Friday 06/01/2017 Dalai Lama leads Interfaith event in Bodh Gaya CTA refutes Chinese denial of pressure against Kalachakra Dalai Lama urges devotees to practice Bodhicitta and Emptiness TYC installs more than 200 speakers in and around Bodh Gaya

རྒྱ་གར་ལ་ཡོད་པའི་ཆོས་བརྒྱུད་མཐུན་སྒྲིལ་དེ་འཛམ་གླིང་སྤྱི་ལ་མིག་དཔེ་སྟོན་ཐུབ་པ་ཞིག་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་གནས་མཆོག་རྡོ་རྗེ་གདན་དུ་ཆོས་ལུགས་རིས་མེད་ཀྱི་མཛད་སྒོ་ཐོག་དབུ་ཞུགས་མཛད་ཡོད་པ་དང་། ༸གང་ཉིད་མཆོག་གིས་སྐབས་དེར་རྒྱ་གར་ནང་ལ་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་གྱི་གོམས་སྲོལ་བཟང་པོ་དེ་མུ་མཐུད་སྲ་བརྟན་གནང་ཐོག་འཛམ་གླིང་སྤྱི་ལ་མིག་དཔེ་སྟོན་ཐུབ་པ་ཞིག་དགོས་པའི་བཀའ་བསྩལ་སོང། དེའང་ཟླ་ ༡ ཚེས་ ༢ ཉིན་ནས་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་ཚོར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བཀྲིན་བསྩལ་བཞིན་ཡོད་པ་དང། དེ་རིང་ཉིན་རྒྱབ་ཀྱི་བཀའ་ཆོས་དངོས་སུ་དབུ་འཛུགས་མ་མཛད་གོང་ལ་མང་ཚོགས་ཁྲི་ཚོ་བརྒལ་བ་འདུ་འཛོམས་བྱུང་བའི་དུས་དབང་གི་གསུང་ཆོས་ར་བར་༸གོང་ས་མཆོག་དབུ་བཞུགས་ཐོག་འཛམ་གླིང་ནང་གི་ཆོས་ལུགས་འདྲ་མིན་གྱི་དབུ་ཁྲིད་བླ་ཆེན་ཁག་ཅིག་ལྷན་འཛོམས་ཀྱིས་ཆོས་ལུགས་རིས་མེད་ཀྱི་སྟབས་བདེའི་མཛད་སྒོ་ཞིག་ཚོགས་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་སྒོའི་ཐོག་ལ་བཀའ་སློབ་བསྩལ་དོན། ད་ལན་གནས་ཁྱད་པར་ཅན་འདིར་རྒྱ་གར་གྱི་ཆོས་བརྒྱུད་གཙོ་ཆེ་ཁག་གི་དབུ་ཁྲིད་རྣམ་པ་ཆེད་བཅར་ཞུས་པར་༸གང་ཉིད་མཆོག་ཐུགས་དགྱེས་ཚོར་ཆེན་པོ་བྱུང་སོང་ཞེས་བཀའ་བསྩལ་བ་དང་འབྲེལ། འཛམ་གླིང་འདིའི་སྟེང་མི་དུང་ཕྱུར་ ༧༠ ཙམ་ཡོད་པ་དང། དེ་དག་གི་ཁམས་མོས་བསམ་པ་བག་ལ་ཉལ་བ་བཅས་མི་འདྲ་བ་ཞིག་ཡོད་སྟབས། ཆོས་ལུགས་མི་འདྲ་བ་ངེས་པར་དུ་དགོས་ཀྱི་ཡོད་པ་རེད། ཆོས་ལུགས་དེ་དག་ཐམས་ཅད་ཀྱིས་མི་བྱམས་བརྩེ་དང་ལྡན་པ་ཞིག་དང། གཞན་ལ་ཕན་ཐོགས་པ། མི་བཟང་པོ་དགོས་པའི་བསླབ་བྱ་གཅིག་གྱུར་སྟོན་གྱི་ཡོད་ཅེས་བཀའ་བསྩལ་མཛད་པ་དང་ཆབས་ཅིག ༸གང་ཉིད་མཆོག་གིས་༸སྐུ་ཚེ་གང་བོ་བྱམས་བརྩེའི་ཐོག་ལ་ཤུགས་སྣོན་མཛད་རྒྱུ་ཡིན་པས་ད་རེས་འདིར་ཕེབས་པའི་ཆོས་གྲོགས་རྣམ་པ་ཚོ་གཙོས། དེ་མིན་ཕྱོགས་མཐའ་ཁག་ཏུ་བཞུགས་ཡོད་པའི་ཆོས་གྲོགས་རྣམ་པ་ཚོས་ཀྱང་ཆོས་ལུགས་ཕན་ཚུན་གཅིག་གྱུར་གྱི་འདུ་ཤེས་འཛིན་རྒྱུ་ཐོག་ཧུར་ཐག་གནང་རོགས་གནང་ཞེས་འབོད་སྐུལ་དང་བཅས་བཀའ་བསྩལ་མཛད་ཡོད་པ་རེད། དེ་བཞིན་མགོན་པོ་མཆོག་གིས་རྒྱ་གར་རྒྱལ་ཁབ་འདི་འཛམ་གླིང་འདིའི་སྟེང་གི་ཆོས་ལུགས་གཙོ་ཆེ་ཚང་མ་ཡོད་བསྡད་པའི་རྒྱལ་ཁབ་ཅིག་ཆགས་ཀྱི་ཡོད་པ་མ་ཟད། དེའང་ཆབ་སྲིད་ཀྱི་དགོས་མཁོ་གཅིག་པོ་མ་ཡིན་པར་འདས་པའི་ལོ་ངོ་སྟོང་ཁྲག་རིང་ལ་ལྟ་གྲུབ་མི་འདྲ་བའི་ཆོས་བརྒྱུད་རྣམས་ཕན་ཚུན་ལྷན་དུ་གནས་ཐུབ་པ་དེ་ནི་འཛམ་གླིང་སྤྱི་ལ་ཁྱད་དུ་འཕགས་པ་ཞིག་རེད་ཅེས་བཀའ་བསྩལ་དང་སྦྲགས། དེ་ལྟར་མུ་མཐུད་ནས་སྲ་བརྟན་གནས་པའི་ཐོག་འཛམ་གླིང་སྤྱི་ལ་མིག་དཔེ་སྟོན་ཐུབ་པ་ཞིག་བྱེད་དགོསཀྱི་རེད་ཅེས་ལམ་སྟོན་མཛད་ཡོད་པ་རེད། གཞི་རྩའི་དེ་རིང་ཐེངས་འདིའི་དུས་དབང་སྐབས་ཚོགས་པའི་ཆོས་ལུགས་རེས་མེད་ཀྱི་མཛད་སྒོར་རྒྱ་གར་ནང་གི་སིཀ་ཆོས་ལུགས་དང་གཅེར་བུ་བའི་ཆོས་ལུགས། ཁ་ཆེ་ཆོས་ལུགས། ཧིན་དུ་ཆོས་ལུགས་བཅས་ཀྱི་དབུ་ཁྲིད་ཁག་ཅིག་ཆེད་བཅར་ཞུས་འདུག སྐབས་དེར་ཆོས་ལུགས་ཁག་གི་དབུ་ཁྲིད་ཚོས་རང་རང་སོ་སོའི་ཆོས་ལུགས་ཀྱི་སྨོན་ལམ་གསུང་འདོན་གནང་པ་དང་འདི་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ད་བར་འཛམ་གླིང་ཞི་བདེ་དང་ཆོས་ལུགས་མཐུན་སྒྲིལ་ཐོག་མཛད་རྗེས་རླབས་པོ་ཆེ་ཞིག་འཇོག་གནང་མཛད་པར་ཆེ་བསྟོད་ཞུས་ཡོད་པ་རེད། རྩ་བའི་རྒྱ་གར་གྱི་ཆོས་ལུགས་འདྲ་མིན་ཁག་གི་དབུ་ཁྲིད་དེ་དག་ཁ་སང་བྷི་ཧར་མངའ་སྡེའི་རྒྱལ་ས་པ་ཊ་ནཱར་རྒྱ་གར་སིཀ་ཆོས་བརྒྱུད་ཀྱི་བླ་ཆེན་གུ་རུ་གྷོ་ཝིནཌ་སིངྒ་མཆོག་སྐུ་འཁྲུངས་ནས་ལོ་ངོ་ ༣༥༠ འཁོར་བའི་མཛད་སྒོར་བཅར་ཡོད་པ་དང། ཁོང་རྣམ་པས་གོ་སྐབས་དེ་དང་བསྟུན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆོས་ལུགས་རིས་མེད་ཀྱི་མཛད་སྒོ་དེ་ལྟར་ཚོགས་པར་གསོལ་འདེབས་ཞུས་པ་ཞིག་ཡིན་པ་རེད།

དུས་འཁོར་དབང་ཆེན་ལ་བཅར་བའི་ཆོས་ཞུ་བ་ཚོས་ཆོས་ལུགས་མཐུན་སྒྲིལ་ཡོང་བར་དགོངས་པ་བཅང་རོགས་ཅེས་གསུངས་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་གནས་མཆོག་རྡོ་རྗེ་གདན་དུ་ཉིན་བཞིའི་སྔོན་འགྲོའི་ཆོས་འབྲེལ་དབུ་འཛུགས་གནང་པ་དང་འབྲེལ། དུས་དབང་ཞུ་བར་བཅར་བའི་ཆོས་ཞུ་བ་ཚོའི་ངོས་ནས་འཛམ་གླིང་འདིའི་སྟེང་ཡོད་པའི་ཆོས་ལུགས་རྣམས་ཕན་ཚུན་དབར་མཐུན་སྒྲིལ་ཡོང་བར་དགོངས་པ་བཅང་དགོས་པ་རེད་ཅེས་བཀའ་བསྩལ་སོང་། དེའང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེངས་འདིའི་དུས་དབང་ཐོག་བཅར་བའི་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་ཉིས་འབུམ་བརྒལ་བར་དཔལ་དུས་ཀྱི་འཁོར་ལོའི་སྔོན་འགྲོའི་ཆོས་འབྲེལ་ལ་སློབ་དཔོན་ཀ་མ་ལ་ཤྰི་ལས་མཛད་པའི་སྒོམ་རིམ་བར་པ་དང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོ་གཉིས་ཀྱི་བཀའ་ཆོས་དབུ་འཛུགས་མཛད་ཡོད་པ་རེད། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་དངོས་གཞི་སྒོམ་རིམ་བར་པའི་བཀའ་ཆོས་དབུ་འཛུགས་མ་མཛད་གོང་ལ་ཐེངས་འདིའི་དུས་དབང་ཐོག་འཛམ་གླིང་ཡུལ་འདྲ་མིན་ནས་ཕེབས་པའི་ཆོས་ཞུ་བ་ཚོར་ བདེ་སྐྱིད་ཀྱི་རྩ་བ་བྱམས་བརྩེའི་གལ་གནད་སྐོར་བཀའ་བསྩལ་བ་དང་འབྲེལ་ཏེ། འགྲོ་བ་མི་རྣམས་བདེ་བ་འདོད་པ་དང་སྡུག་ངལ་མི་འདོད་པ་གཅིག་མཚུངས་ཡིན་ཀྱང་། དེང་སྐབས་སྤྱི་ཚོགས་ནང་དུ་ཆོས་ཕྱོགས་དང་། མི་རིགས། དཔལ་འབྱོར་སོགས་ཀྱི་ཐོག་ནས་ཕན་ཚུན་དབར་དབྱེ་འབྱེད་བྱས་སྟབས། མི་མང་པོ་ཞིག་དཀའ་ངལ་ནང་དུ་ཚུད་པ་དང་ཕན་ཚུན་གསོད་རེས་ཀྱིས་མི་གསོད་ཁྲག་སྦྱོར་གྱི་གནས་སྟངས་ཡོང་གི་ཡོད་སྐོར་བཀའ་བསྩལ་བ་དང་ཆབས་ཅིག དེ་དག་མཐོང་བཞིན་དུ་འཆར་ཅན་རེད་ཅེས་སྣང་མེད་དུ་བཞག་ཚེ། དུས་རྒྱུན་ང་ཚོས་སེམས་ཅན་ཐམས་ཅད་ཟེར་བ་འདི་སྐྱག་རྫུན་ཆགས་ཀྱི་ཡོད་ཅེས་བཀའ་བསྩལ་ཡོད། དེ་བཞིན་༸གོང་ས་མཆོག་གིས་འཛམ་གླིང་འདིའི་ཐོག་ཡོད་པའི་ཆོས་ལུགས་དེ་དག་ལྟ་གྲུབ་ཀྱི་ཆ་ནས་མི་འདྲ་བ་ཡོད་རུང་། བྱམས་བརྩེའི་བསླབ་བྱ་སྟོན་མཁན་གཅིག་མཚུངས་ཡིན་ཀྱང་དེང་སྐབས་ཆོས་ལུགས་མི་འདྲ་བའི་རྒྱུ་མཚན་དུ་བྱས་ནས་མི་གཅིག་གིས་གཅིག་ལ་གསོད་རེས་བཏང་པའི་གནས་སྟངས་ཤིག་ཡོང་བའི་དུས་སྐབས་དེར་ཆོས་ལུགས་ནང་ཕན་ཚུན་དབར་གཅིག་གྱུར་གྱི་འདུ་ཤེས་འཛིན་པའི་ཐོག་ནས་ཕན་ཚུན་གཅིག་གིས་གཅིག་ལ་བརྩི་བཀུར་དང་སློབ་སྦྱོང་གནང་སྟེ་ ཆོས་ལུགས་མཐུན་སྒྲིལ་ཡོང་ཐུབ་ཡག་ཞིག་ཡིན་སྟབས། ད་ལན་དུས་དབང་ལ་བཅར་བའི་ཆོས་ཞུ་བ་ཚོའི་ངོས་ནས་ཆོས་ལུགས་མཐུན་སྒྲིལ་ཡོང་བར་དགོངས་པ་བཅང་རོགས་ཅེས་འབོད་སྐུལ་གནང་སོང་། ལྷག་པར་དུ་ད་ལན་གྱི་ཆོས་འབྲེལ་འདིའི་ཐོག་མགོན་པོ་༸གང་ཉིད་མཆོག་གིས་ཆོས་ཞུ་བ་ཚོར་༸གང་ཉིད་མཆོག་གི་ཐུགས་ཀྱི་དམ་བཅའ་གསུམ་པོ་ལས། འགྲོ་བ་མིའི་གཅིག་འགྱུར་གྱི་འགན་འཁྲི་དང་། ཆོས་ལུགས་མཐུན་སྒྲིལ། དེ་བཞིན་བོད་པ་ཞིག་ཡིན་པའི་ཆ་ནས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་། ཁོར་ཡུག་བཅས་པ་མི་ཉམས་རྒྱུན་འཛིན་གནང་རྒྱུ་བཅས་ཀྱི་ཐོག་ངོ་སྤྲོད་ཞིབ་རྒྱས་གནང་པ་མ་ཟད། ༸གང་ཉིད་མཆོག་གིས་བོད་ལ་ཡོད་པའི་ནང་པ་སངས་རྒྱས་པའི་ཆོས་དང་འབྲེལ་བའི་རིག་གཞུང་དེ་དེང་སྐབས་འཛམ་གླིང་སྤྱིའི་སྤྱི་ནོར་ཞིག་ཆགས་ཡོད་སྟབས། དེ་མི་ཉམས་རྒྱུན་འཛིན་གནང་རྒྱུའི་ཐད་ཐེངས་འདིར་བསྡུས་པའི་བོད་མི་གཙོས་པའི་ཕྱི་རྒྱལ་མི་རིགས་དང་། ལྷག་དོན་རྒྱ་རིགས་ཆོས་ཞུ་བ་ཚོས་དགོངས་པར་བཞག་དགོས་པའི་བཀའ་བསྩལ་མཛད་ཡོད་པ་རེད། རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྔ་དྲོ་ཚོུད་ ༧།༠༠ ནས་དུས་དབང་གསུང་ཆོས་ར་བར་ཆིབས་བསྒྱུར་གྱིས་སྒྲུབ་བཤག་མཛད་ཀྱི་ཡོད་པ་དང་། ཉིན་གུང་ཚོུད་ ༡༢།༣༠ ནས་དབུ་འཛུགས་ཀྱིས་ཚོུད་ ༣།༠༠ བར་སྔོན་འགྲོིའི་བཀའ་ཆོས་བསྩལ་གནང་གི་ཡོད་རེད། དེ་རིང་ནས་དབུ་བཙུགས་མཛད་པའི་ཉིན་བཞིའི་ཆོས་འབྲེལ་དེ་ dalialama.com དང་། Kalachakra2017.net དྲ་གནས་གཉིས་ཀྱི་ཐོག་ལ་ཐད་སྲིང་གནང་གི་ཡོད་པ་མ་ཟད། དེའང་སྐད་རིགས་རྒྱ་སྐད་དང་ཧིན་དི། སོག་སྐད། དབྱིན་སྐད། ཀོ་རི་ཡ། ཨུ་རུ་སུ་སྐད། བོད་སྐད། ཝི་ཊ་ནམ་སྐད་བཅས་ཀྱི་ཐོག་གསུང་ཆོས་གསན་གཟིགས་ཞུ་རྒྱུ་ཡོད་པ་རེད།

རེས་གཟའ་ཕུར་བུ། ༢༠༡༧།༠༡།༠༥

ཉན་པ།: Listen ཕབ་ལེན། Download ༧གོང་ས་མཆོག་གིས་ཉིན་བཞིའི་སྔོན་འགྲོ་གསུང་ཆོས་དབུ་འཛུགས་མཛད་སོང་། ཐེངས་འདིའི་དུས་དབང་ཐོག་ཧི་མ་ལ་ཡའི་ཆོས་ཞུ་བ་ལྡབས་ཀྱི་མང་བ་ཕེབས་འདུག དུས་དབང་ལ་བཅར་མ་ཐུབ་མཁན་ཚོར་དྲ་རྒྱའི་བརྒྱུད་ཐད་གཏོང་མཐུན་སྦྱོར། Thursday 05/01/2017 Dalai Lama begins 4 day preliminary teaching in Bodh Gaya Kalachakra2017: Bodh Gaya sees unprecedented turn out of Himalayan devotees Tibetans unable to visit Bodh Gaya receive initiation through live feed

Latest news