Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: January, 2017

དྲ་རྒྱའི་བརྒྱུད་ནས་དུས་དབང་གི་བཀའ་ཆོས་ཞུ་རྒྱུའི་མཐུན་རྐྱེན་སྦྱོར་བཞིན་པ།

༸གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་དབུ་འཛུགས་མཛད་པ་དང་བསྟུན་དུས་དབང་གོ་སྒྲིག་གནང་མཁན་བོད་མིའི་སྒྲིག་འཛུགས་ཀྱིས་དུས་དབང་ཞུ་བར་ཕེབས་མ་ཐུབ་པ་རྣམས་ཀྱི་ཆེད་དུ་དྲ་རྒྱའི་བརྒྱུད་ནས་དུས་དབང་གི་བཀའ་ཆོས་ཆ་ཚང་ཉིན་རེ་བཞིན་ཐད་སྲིང་གནང་བཞིན་ཡོད་པ་ལྟར། བོད་མིའི་ག ཞིས་སྒར་སོ་སོའི་ས་འགོ་རྣམ་པས་འགན་ཁུར་གཙོ་བཞེས་འོག་རྡོ་རྗེ་གདན་དུ་བཅར་མ་ཐུབ་མཁན་རྣམས་ལ་ས་གནས་སོོ་སོའི་ནང་དུ་བརྙན་འཕྲིན་དང་དྲ་རྒྱའི་བརྒྱུད་ནས་བཀའ་ཆོས་ཆ་ཚང་གསན་གཟིགས་ཞུ་རྒྱུའི་མཐུན་རྐྱེན་སྦྱོར་མུས་ཡིན་པ་རེད་འདུག དེ་ཡང་རྒྱ་གར་བྱང་ཕྱོགས་ཨུཏྲ་ཁནྡྲ་མངའ་ཁུལ་གྱི་དོན་གྲུབ་གླིང་བོད་མིའི་གཞིས་ཆགས་སུ་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ངོས་ནས་དོན་གྲུབ་གླིང་གི་ས་གནས་མང་ཚོགས་དང་ཉེ་འཁོར་གྱི་བོད་མི་མང་ཚོགས་རྣམས་ལ་དེ་རིང་ནས་དབུ་འཛུགས་ཀྱིས་དུས་འཁོར་དབང་ཆེན་ལེགས་གྲུབ་མ་མཛད་བར་དུ་གཞིས་ཆགས་ཀྱི་ཚོགས་ཁང་ནང་དུ་དྲ་རྒྱའི་བརྒྱུད་ནས་དུས་དབང་གི་བཀའ་ཆོས་ཞུ་རྒྱུའི་མཐུན་རྐྱེན་སྦྱོར་གྱི་ཡོད་པ་རེད་འདུག དོན་གྲུབ་གླིང་ས་གནས་ལས་ཁུངས་ནས་ཐོག་མའི་འཆར་མི་གྲངས་ ༧༠ ནས་ ༨༠ བར་ཡོང་བར་ཚོད་དཔག་གནང་ཡོད་ཀྱང་། ད་ལྟའི་ཆར་ཚོགས་ཁང་ནང་ཁྱོན་མི་གྲངས་ ༢༠༠ ལྷག་ཕེབས་ཡོད་སྟབས་སང་ཉིན་ནས་གཞིས་ཆགས་ཀྱི་སློབ་གྲྭའི་ཚོགས་ཁང་ཆེ་བའི་ནང་དུ་བཀའ་ཆོས་གསན་གཟིགས་ཞུ་རྒྱུའི་གོ་སྒྲིག་གནང་འཆར་ཡོད་འདུག དེ་བཞིན་རྡ་ས་ཉེ་འཁོར་གྱི་སྦིར་ཁུལ་དུ་རྟེན་གཞི་བྱས་པའི་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་འཛིན་སྐྱོང་གི་ངོས་ནས་ཀྱང་སློབ་ཕྲུག་རྣམས་ལ་དུས་དབང་གི་བཀའ་ཆོས་གསན་གཟིགས་ཞུ་རྒྱུའི་མཐུན་རྐྱེན་དེ་ལྟར་སྦྱོར་གྱི་ཡོད་པ་རེད་འདུག ཤེས་རྟོགས་བྱུང་བར་གཞིགས་ན། སུ་ཇཱ་བོད་ཁྱིམ་སློབ་གྲྭའི་ཉེ་ཁྲིས་སུ་ཆགས་པའི་སྦིར་བོད་མིའི་གཞིས་ཆགས་སུ་མི་མང་རྣམས་ལ་འདི་བཞིན་བརྙན་འཕྲིན་ཐོག་དུས་དབང་གི་བཀའ་ཆོས་ཞུ་རྒྱུར་གྲ་སྒྲིག་གནང་བཞིན་ཡོད་པ་མ་ཟད། རྒྱ་གར་བྱང་ཤར་འབྲས་ལྗོང་མངའ་སྡེའི་སྒང་ཏོག་ཏུའང་ས་གནས་འགོ་འཛིན་ལས་ཁུངས་དང་ས་གནས་ཀྱི་ Golcon དྲ་རྒྱའི་ཚོང་ལས་ཁང་དང་ཟུང་འབྲེལ་གྱིས་ཁུལ་དེའི་མང་ཚོགས་དང་ཉེ་འཁོར་གྱི་ནང་པའི་དད་ལྡན་རྣམས་ལ་དེ་ལྟར་མཐུན་འགྱུར་བསྐྲུན་གྱི་འདུག གཞན་ཡང་ལ་དྭགས་ས་གནས་སུ་དེ་མཚུངས་ཀྱི་མཐུན་འགྱུར་སྦྱོར་མུས་ཡིན་པ་རེད་འདུག རྩ་བའི་ཐེངས་འདིའི་དུས་འཁོར་དབང་ཆེན་གྱི་ཆེས་ཐོག་མའི་འཆར་བོད་ནས་ཆོས་ཞུ་བ་ཕོན་ཆེ་ཞིག་ཕེབས་འབྱོར་བྱུང་ཡོད་ཀྱང་། རྒྱ་གཞུང་གིས་དམ་བསྒྲགས་ཤུགས་ཆེ་བྱས་པ་དང་ཆོས་ཞུ་བ་དོ་བདག་སོ་སོའི་ནང་མིར་ཉེན་བརྡ་བཏང་བ་སོགས་ཀྱི་གནད་དོན་རྐྱེན་པས་བོད་མི་མང་དག་ཞིག་དུས་དབང་གོང་དུ་བོད་ལ་ཕྱིར་ལོག་གནང་ཡོད་པ་རེད།  གཞིས་བཞུགས་བོད་མི་རྣམས་ལ་རང་དབང་ཐོག་དྲ་རྒྱ་དང་བརྙན་འཕྲིན་སོགས་ཀྱི་ཐད་གཏོང་ལས་རིམ་བརྒྱུད་དུས་དབང་ཞུ་རྒྱུའི་གོ་སྐབས་ཤིག་མེད་སྟབས།  ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་སྔོན་བོད་ནས་ཕེབས་པའི་བོད་མི་རྣམས་ལ་དམིགས་བསལ་གྱི་མཇལ་ཁ་དང་བཀའ་སློབ་རིམ་པ་བསྩལ་བའི་སྐབས། བོད་ཟླ་ ༡༡ ཚེས་ ༡༣ ནས་ ༡༥ བར་དུས་འཁོར་དབང་ཆེན་དངོས་གཞི་འཁེལ་གྱི་ཡོད་སྟབས། ཁྱེད་རང་ཚོས་བོད་ནས་ཚུར་སྨོན་ལམ་ཡག་པོ་བརྒྱབ། ཁྱེད་རང་ཚོ་དད་པ་གཡོ་བ་མེད་པ་ཞིག་ཡོད་པ་རེད། ངོས་ཀྱིས་ཁྱེད་རང་ཚོ་བོད་ནང་ལ་ཡོད་པའི་རྒྱ་ཆེ་མི་མང་གི་དད་པ་དང་དམ་ཚིག་གཡོ་བ་མེད་པ་ཡོད་པ་དེ་དག་དབང་གི་དམིགས་འོག་ཏུ་བཅུག་ནས་སྨོན་ལམ་རྒྱག་གི་ཡིན་ཅེས་བཀའ་བསྩལ་བ་མ་ཟད། རྒྱ་ནག་ནང་དུ་ཡོད་པའི་རྒྱ་རིགས་ནང་པ་དེ་དག་ལའང་དེ་མཚུངས་སུ་དབང་གི་དམིགས་འོག་ཏུ་བཅུག་ནས་ཐུགས་སྨོན་མཛད་རྒྱུ་ཡིན་ཅེས་བཀའ་གནང་ཡོད་པ་རེད།

དུས་དབང་འདིའི་ཐོག་ཧི་མཱ་ལ་ཡའི་ཆོས་ཞུ་བ་རྒྱུན་ལྡན་ལས་ཆེས་མང་བ་ཕེབས་འདུག

གནས་མཆོག་རྡོ་རྗེ་གདན་དུ་ད་རེས་དུས་ཀྱི་འཁོར་དབང་ཆེན་ཐེངས་ ༣༤ པ་འདིའི་ཐོག་ལ་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་ད་ལྟའི་ཆར་ཁྱོན་རྒྱལ་ཁབ་ཁག་ ༨༠ ལྷག་ནས་ཆོས་ཞུ་བ་འབུམ་གཉིས་འབྱོར་གྱི་ཡོད་པར་ཚོད་དཔག་གནང་འདུག་པ་དང་།  ཆོས་ཞུ་བ་དེ་དག་ཁྲོད་ནས་འབྲུག་དང་བལ་ཡུལ། རྒྱ་གར་གྱི་ཧི་མཱ་ལ་ཡའི་རི་རྒྱུད་ཁག་གཅིག་པོ་ནས་ཆོས་ཞུ་བ་ཁྲི་ཚོ་ཁ་ཤས་འབྱོར་འདུག། དེའང་ཐོག་མའི་འཆར་དུས་དབང་གོ་སྒྲིག་ཚོགས་ཆུང་གིས་ཧི་མཱ་ལ་ཡའི་རི་རྒྱུད་ནས་ཆེད་བཅར་ཞུས་པའི་ཆོས་ཞུ་བ་ཚོར་དམིགས་བསལ་གྱི་དཔུང་རྟགས་གནང་ནས་གསུང་ཆོས་ར་བའི་ནང་བཞུགས་གནས་ལོགས་སུ་གོ་སྒྲིག་ཞུས་ཡོད་ཀྱང་། ད་ལྟའི་ཆར་དམིགས་བསལ་གྱི་བཞུགས་གནས་གནང་པའི་ཤོང་ཚད་ལས་བརྒལ་བའི་ཆོས་ཞུ་བ་ཕེབས་ཡོད་པ་མ་ཟད། ཉིན་རེ་བཞིན་ཁུལ་དེ་དག་ནས་ཆོས་ཞུ་བ་མང་པོ་ཞིག་ཕེབས་མུས་ཡིན་སྟབས། དུས་དབང་གོ་སྒྲིག་ཚོགས་ཆུང་གིས་ཁོང་རྣམས་ཚེས་ ༢ ནས་བཟུང་དམིགས་བསལ་གྱི་དཔུང་རྟགས་བཞེས་མི་དགོས་པར་མི་མང་དཀྱུས་མ་ལྟར་ཕེབས་དགོས་སྐོར་ལམ་སྟོན་གནང་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གིས་ད་རེས་ཧི་མཱ་ལ་ཡའི་རི་རྒྱུད་ཁག་ནས་ཆོས་ཞུ་བ་མང་པོ་ཞིག་ཕེབས་དང་ཕེབས་མུས་ཡིན་པར་བརྟེན། དེ་འདྲ་འབྱོར་དོན་གང་ཡིན་ཞིབ་དཔྱད་བྱེད་སྐབས་དང་པོ་བལ་ཡུལ་གྱི་ཤར་པ་དང་རྟ་དམག་སོགས་བལ་པོའི་ནང་པ་ཚོས་༸་གོང་ས་༸་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་གྱི་ཡོད་པ་དང་། གཉིས་པ་ལ་དྭགས་ཀྱི་ལུང་ཁུག་ཁག་ཅིག་ནས་ཀྱང་ཆོས་ཞུ་བ་དེ་སྔ་ལས་མང་བ་འབྱོར་ཡོད་པ་མ་ཟད། གསུམ་པ་བལ་ཡུལ་ཁུལ་དུ་ད་རེས་ཀྱི་དུས་འཁོར་དབང་ཆེན་དེ་དུས་དབང་མཐའ་མ་དེ་ཡིན་པར་དཀྲོག་གཏམ་ཞིག་ཁྱབ་པར་བརྟེན་ཆོས་ཞུ་བ་མང་པོ་ཕེབས་པའི་གནས་སྟངས་ཤིག་ཆགས་འདུག རྣམ་ཀུན་ཡིན་ན་ལ་དྭགས་ཁུལ་དུ་ད་ལྟའི་དུས་ཚོད་འདིའི་སྐབས་གཞུང་ལམ་ཁག་ལ་གངས་འབབ་སྟེ་འགྲོ་ལམ་འགག་པའི་གནས་སྟངས་ཆགས་ཀྱི་ཡོད་ཀྱང་། ད་བར་འགྲོ་ལམ་འགག་མེད་པ་དེས་ལ་དྭགས་ཀྱིི་ས་ཁུག་སྐྱོག་སྐྱོག་འདྲ་མིན་ནས་ཀྱང་ཆོས་ཞུ་བ་མང་པོ་ཕེབས་ཐུབ་ཡོད་པ་རེད། ད་ལན་དུས་དབང་ཐེངས་ ༣༤ པ་འདིའི་ཐོག་འབྲུག་དང་བལ་ཡུལ། རྒྱ་གར་གྱི་ཧི་མཱ་ལ་ཡའི་རི་རྒྱུད་གཞན་ཁག་ཅིག་ནས་ཕེབས་པའི་ཆོས་ཞུ་བའི་ཁོངས་སུ་དུས་འཁོར་དབང་ཆེན་ཐེངས་དང་པོ་ཞུ་མཁན་ཡང་མང་དག་ཞིག་ཕེབས་འདུག

བོད་ནས་ཕེབས་མཁན་རྣམས་དུས་དབང་ཞུ་རྒྱུ་མ་ཐོབ་པར་བློ་ཕམ་ཡོད་པ་ཅེས་གསུངས་པ།

དེ་རིང་ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༤ ཉིན་རྒྱབ་ཚོུད་ ༣།༤༥ ཐོག་གནས་མཆོག་རྡོ་རྗེ་གདན་དུ་བོད་མིའི་སྒྲིག་འཛུགས་ཀྱི་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་པ་དགེ་ལེགས་མཆོག་དང་ཚོགས་གཞོན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་རྣམ་གཉིས་དབུ་བཞུགས་གནང་སྟེ་ཐེངས་འདིའི་དུས་དབང་དང་འབྲེལ་ནས་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་པ་དང་འབྲེལ། རྒྱ་ནག་གཞུང་གི་དམ་བསྒྲགས་འོག་ཐེངས་འདིར་བོད་ནས་ཕེབས་མཁན་བོད་མི་མང་པོ་ཞིག་དུས་དབང་ཞུ་མ་ཐུབ་པར་ཕྱིར་ལོག་གནང་དགོས་བྱུང་བར་བློ་ཕམ་ཆེན་པོ་ཡོད་ཅེས་གསུངས་སོང་། སྐབས་དེར་ཚོགས་གཙོ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་པ་དགེ་ལེགས་མཆོག་གིས་ཐོག་མའི་འཆར་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་ད་ལན་གྱི་དུས་དབང་འཁོར་ཆེན་འདིའི་ཐོག་བོད་ནས་ཆོས་ཞུ་བ་སྟོང་ཕྲག་མང་པོ་ཕེབས་པའི་ཚོགས་དཔག་གནང་ཡོད་ཀྱང་། རྒྱ་ནག་གཞུང་གིས་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པའི་གནས་སྟངས་འོག་བོད་ནས་ཆོས་ཞུ་བ་ཕེབས་ཐུབ་མེད་པ་མ་ཟད། དེ་བཞིན་ཕེབས་པ་ཚོའང་དུས་བཀག་ཚོད་འཛིན་འོག་བོད་ལ་ཕྱིར་ལོག་གནང་དགོས་བྱུང་བར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བློ་ཕམ་ཧ་ཅང་ཆེན་པོ་ཡོད་པ་གསུངས་སོང་། རྩ་བའི་ཕྱི་ལོ་ ༢༠༡༢ ལོར་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་ཚོགས་པའི་དུས་དབང་སྐབས་བོད་ནས་ཕེབས་མཁན་ཆོས་ཞུ་བ་ ༩༠༠༠ མན་ཙམ་བྱུང་ཡོད་པ་དང་། སྐབས་དེར་བོད་མི་དེ་དག་བོད་ལ་ཕྱིར་ལོག་གནང་རྗེས་རྒྱ་གཞུང་གིས་བཀག་བསྐྱིལ་བྱས་ཏེ་རྒྱལ་གཅེས་ཀྱི་སློབ་གསོ་སྤེལ་བ་སོགས་ཀྱི་དཀའ་ངལ་དུ་མ་འཕྲད་ཡོད་པ་རེད། ཐེངས་འདིའི་དུས་དབང་ཆེད་དུའང་བོད་ནས་བོད་མི་མང་དག་ཞིག་རྒྱ་གར་ལ་ཕེབས་འབྱོར་བྱུང་ཡོད་ཀྱང་རྒྱ་གཞུང་གིས་དམ་བསྒྲགས་ཤུགས་ཆེ་བྱེད་རྐྱེན་མང་པོ་ཞིག་ཕྱིར་ལོག་གནང་དགོས་བྱུང་སྟབས། ༸གོང་ས་མཆོག་གིས་བོད་མི་དེ་དག་ལ་རུ་ཁག་སོ་སོ་དབྱེ་ནས་མཇལ་ཁ་དང་ཆོས་འབྲེལ་དམིགས་བསལ་བསྩལ་བ་མ་ཟད། བོད་ནང་གི་བོད་མི་རྣམས་ད་རེས་ཀྱི་དུས་དབང་ཐོག་དངོས་སུ་བཅར་མ་ཐུབ་ཀྱང་། མགོན་པོ་༧གང་ཉིད་མཆོག་གིས་དབང་དངོས་གཞིའི་སྐབས་ཁོང་རྣམས་དབང་གི་མིག་འོག་ཏུ་བཅུག་ནས་ཐུགས་སྨོན་མཛད་རྒྱུ་ཡིན་པའི་ཞལ་བཞེས་བཟང་པོ་གནང་ཡོད་པ་རེད། དེ་མིན་གསར་འགོད་ལྷན་ཚོགས་ཐོག་ད་ལན་གྱི་དུས་འཁོར་དབང་ཆེན་སྐབས་བྷི་ཧར་མངའ་སྡེའི་གཞུང་དང་རྫོང་སྡེ་ལས་ཁུངས་གཉིས་ཀྱིས་མཐུར་འགྱུར་ཧ་ཅང་ཡག་པོ་གནང་པར་བརྟེན་ནས་ད་བར་དུས་དབང་གི་ལས་དོན་རྣམས་དཀའ་ངལ་མེད་པའི་ཐོག་གོ་སྒྲིག་ཞུ་ཐུབ་པར་ཐུགས་རྗེ་ཆེ་ཞེས་གསུངས་པ་མ་ཟད། ལྷག་པར་དུ་བཀའ་བློན་མཆོག་གིས་དུས་དབང་གི་དུས་སྐབས་སུ་རྒྱ་གར་གཞུང་གི་དངུལ་མར་ཚད་བཀག་སྲིད་བྱུས་དུས་ཚོད་དང་སྟབས་འཁྱེལ་སྟབས། སྤྱི་ཚོགས་ཁྲོད་དུས་དབང་ཚོགས་ཐུབ་མིན་ཐད་གླེང་སློང་བྱུང་ཡོད་ཀྱང་། དོན་དངོས་ཐོག་དུས་དབང་གི་གོ་སྒྲིག་ལས་དོན་ཐད་དཀའ་ངལ་ཅི་ཡང་བྱུང་མེད་ཅེས་གསུངས་ཡོད་པ་རེད། གཞན་ཡང་གསར་འགོད་ལྷན་ཚོགས་དེའི་ཐོག་གོ་སྒྲིག་ཚོགས་ཆུང་གིས་ཆོས་ཞུ་བ་ཚོའི་ངོས་ནས་དུས་དབང་གི་དུས་ཡུན་རིང་དཀར་སྐྱོང་གནང་དགོས་པ་དང་། གནས་མཆོག་རྡོ་རྗེ་གདན་དུ་གུར་དང་བཞུགས་གནས་ཁག་ཏུ་བཞུགས་མཁན་བོད་མི་ཚོས་མེ་སྐྱོན་མི་ཡོང་སླད་ཡིད་གཟབ་གནང་དགོས་པ། དེ་བཞིན་དུས་དབང་དང་འབྲེལ་བའི་ཐོག་སྤྱི་ཚོགས་ནང་དུ་དཀྲོག་གཏམ་རིགས་ལ་ཡིད་ཆེས་མ་གནང་པར་དོན་གང་ཡིན་བརྟགས་དཔྱད་གནང་སྐྱོང་ཡོང་བ་བཅས་ཀྱི་འབོད་སྐུལ་ཡང་ཞུས་གནང་སོང་། རྩ་བའི་ཐེངས་འདིའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པའི་ཐོག་འཛམ་གླིང་རྒྱལ་ཁབ་མི་འདྲ་ ༨༠ ལྷག་ནས་ཆོས་ཞུ་བ་ཁྱོན་ཉིས་འབུམ་ཙམ་ཕེབས་ཡོད་པ་རེད། ཐོག་མའི་འཆར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཆོས་ཞུ་བ་འབུམ་གཉིས་དང་ཕྱེད་ཀ་ལྷག་ཕེབས་རྒྱུར་ཚོད་དཔག་གནང་ཡོད་ཀྱང་། དངོས་སུ་ཚོད་དཔག་གནང་པ་ལས་ཉུང་བ་ཕེབས་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དེའི་རྒྱུ་རྐྱེན་གཙོ་བོ་ནི་བོད་ནས་ཕེབས་མཁན་མང་པོ་ཞིག་ཕྱིར་ལོག་གནང་དགོས་བྱུང་བ་དང་། དེ་བཞིན་རྒྱ་གར་གྱི་དངུལ་ལོར་ཚད་བཀག་སྲིད་བྱུས་བཟོས་པ་དེ་ཡིན་པར་འགྲེལ་བརྗོད་ཀྱང་གནང་ཡོད་པ་རེད།

རེས་གཟའ་ལྷག་པ། ༢༠༡༧།༠༡།༠༤

ཉན་པ།: Listen ཕབ་ལེན། Download བོད་ནས་ཕེབས་མཁན་རྣམས་དུས་དབང་ཞུ་རྒྱུ་མ་ཐོབ་པར་བློ་ཕམ་ཡོད་པ་གསུངས་སོང་། རྡོ་རྗེ་གདན་དུ་སྟོན་པའི་མཛད་རྣམ་གཟིགས་འབུལ། དུས་དབང་དང་བསྟུན་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གོ་སྒྲིག ༧གོང་ས་མཆོག་ཐོག་འཛིན་པའི་རྒྱ་གར་གཞུང་གི་སྲིད་བྱུས་ལ་འགྱུར་བ་འགྲོ་བཞིན་པ་བརྗོད་འདུག རྒྱ་གཞུང་ནས་ས་མཚམས་སུ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་འདུག Wednesday 04/01/2017 CTA expresses disappointment over tight restriction against Kalachakra devotees from Tibet TIPA presents Toenpe Zenam, Life of Buddha Tibetan Champions league in Bodh Gaya Rethink in New Delhi: Dalai Lama, Karmapa to be in the public gaze China introduces new Tibet border regulation to curb ‘separatism’

༸གོང་ས་མཆོག་གི་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་འགྲོ་བཞིན་པ་གསུངས་འདུག

རྒྱ་གར་གཞུང་གིས་རིང་མིན་ཕྱི་ཟླ་ ༣ པའི་ནང་རྒྱ་གར་གྱི་བྷི་ཧར་མངའ་སྡེའི་ནཱ་ལེནྡྲ་རྫོང་གི་ Rajgir གྲོང་ཁྱེར་ནང་དུ་འཚོགས་གཏན་ཁེལ་བའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་མཛད་རྒྱུར་ཆོག་མཆན་ཕུལ་ཡོད་པ་དང། དཔྱད་ཞིབ་པ་རྣམས་ཀྱིས་རྒྱ་གར་གཞུང་གིས་ད་ཆ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐོག་འཛིན་པའི་བཞེངས་ཕྱོགས་ལ་འགྱུར་བ་བཏང་ནས་༸གང་ཉིད་མཆོག་ལ་ཆེས་མཐོང་སྔར་ལྷག་ཕུལ་བཞིན་པ་གསུངས་འདུག དེ་རིང་ཟླ་ ༡ ཚེས་ ༤ ཉིན་རྒྱ་གར་གྱི་ Indian Express གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཉེ་ཆར་རྒྱ་ནག་གཞུང་གིས་དགག་བྱ་ལ་མ་ལྟོས་པར་རྒྱ་གར་གྱི་སྲིད་འཛིན་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་ཡོད་པ་དང་། དེ་བཞིན་༸གང་ཉིད་མཆོག་རིང་མིན་ཟླ་ ༣ པའི་ནང་ཨ་རུ་ནཱ་ཅལ་ཁུལ་དུ་ཆིབས་བསྒྱུར་མཛད་རྒྱུར་ཆོག་མཆན་ཕུལ་བ་མ་ཟད། གཞན་ཡང་རིང་མིན་ཕྱི་ཟླ་ ༣ ཚེས་ ༡༧ ནས་ ༡༩ བར་བྷི་ཧར་མངའ་སྡེའི་ནཱ་ལེནྡྲ་རྫོང་གི་ Rajgir གྲོང་ཁྱེར་ནང་དུ་ཚོགས་རྒྱུའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཐོག་༸གང་ཉིད་མཆོག་ཆིབས་བསྒྱུར་མཛད་རྒྱུར་ཆོག་མཆན་ཕུལ་ཡོད་པ་ལུང་འདྲེན་གནང་པ་དང་འབྲེལ། ད་སྐབས་རྒྱ་གར་གཞུང་ཕྱོགས་ནས་སྲིད་བྱུས་དེར་བསྐྱར་ཞིབ་ཀྱིས་༸གོང་ས་མཆོག་ལ་སྔར་ལས་ལྷག་པའི་ཆེས་མཐོང་ཕུལ་བཞིན་ཡོད་སྐོར་གསུངས་ཡོད་པ་རེད། བོད་པའི་སྤྱི་ཚོགས་ཁྲོད་ནས་རྒྱ་གར་གཞུང་གི་བཞེངས་ཕྱོགས་དེར་བསྔགས་བརྗོད་ཞུ་བཞིན་ཡོད་པ་དང་། རྒྱ་གར་གྱི་ཐབས་བྱུས་དང་འབྲེལ་བའི་སྡེ་ཚན་མང་པོ་ཞིག་གིས་ཀྱང་རྒྱ་གར་གཞུང་གི་ངོས་ནས་རྒྱ་ནག་ལ་ཁོང་ཁྲོ་སློང་མིན་ལ་འཛེམས་རྒྱུ་མེད་སྐོར་འགྲེལ་བརྗོད་གནང་འདུག ཆེས་མཐོའི་མི་སྣ་གཅིག་གིས་རྒྱ་གར་གཞུང་གི་ངོས་ནས་༸གོང་ས་མཆོག་ནི་རྒྱ་གར་གྱི་གཅེས་ནོར་ཡིན་པ་ལས། རྡོག་ཁྲེས་འཕར་མ་ཞིག་མིན་པ་ད་སྐབས་གོ་དོན་རྟོགས་ཐུབ་པ་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་པ་མུང་འདྲེན་གནང་འདུག དེའི་ཁྲོད་ཉེ་ཆར་སོག་པོའི་གཞུང་གིས་རྒྱ་ནག་གི་གནོན་ཤུགས་འོག་༸གོང་ས་མཆོག་ཕྱིན་ཆད་རྒྱལ་ཁབ་དེའི་ནང་གདན་ཞུ་གནང་རྒྱུ་མིན་སྐོར་བརྗོད་ཡོད་ཀྱང་། དེའི་བར་ན་རྒྱ་གར་གཞུང་གིས་༸གོང་ས་མཆོག་ལ་མངོན་གསལ་དོད་པོས་གཞུང་ཕྱོགས་ནས་ཆེས་མཐོང་ཕུལ་བ་མ་ཟད། འདས་པའི་ལོ་ངོ་ ༡༧ ནས་བཀག་པའི་དཔལ་༸རྒྱལ་བ་ཀརྨ་པ་རིན་པོ་རིན་པོ་ཆེ་མཆོག་ལའང་དེ་སྔ་དང་མི་འདྲ་བའི་འགྲུལ་བསྐྱོད་ཀྱི་རང་དབང་ཤུགས་ཆེ་ཕུལ་བའི་ཁྲོད་རིང་མིན་ Sikkim མངའ་ཁུལ་དུ་ཆིབས་བསྒྱུར་གནང་རྒྱུའི་ཆོག་མཆན་ཕུལ་ཡོད་པ་གསུངས་འདུག རྩ་བའི་འདི་ལོའི་ཕྱི་ཟླ་ ༣ པའི་ནང་ནཱ་ལེནྡྲར་འཚོགས་གཏན་ཁེལ་བའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་དེ་རྒྱ་གར་གྱི་རིག་གཞུང་ལྷན་ཁང་གིས་གོ་སྒྲིགས་གནང་གི་འདུག་པ་དང། དེའང་དུས་རབ་ ༢༡ ནང་དུ་ནང་ཆོས་སམ Buddhism in the 21st Century ཞེས་པའི་མིང་བྱང་འོག་ཕྱི་ཟླ་ ༣ ཚེས་ ༡༧ ནས་ ༡༩ བར་ཚོགས་ཀྱི་ཡོད་པ་དང། དེའི་ཐོག་༸གོང་ས་མཆོག་གིས་དབུས་པའི་རྒྱ་གར་དང་ཤྲི་ལངྒ། ཐེ་ལེནཌ་དང་ བྷར་མ།  སོགས་ནས་ནང་པའི་བླ་ཆེན་མང་དག་ཞིག་ནས་མཉམ་ཞུགས་གནང་གི་ཡོད་པ་དང་། དེ་བཞིན་རྒྱལ་སྤྱིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ Richard Gere ལགས་ཀྱང་མཉམ་ཞུགས་གནང་སྲིད་པ་རེད་འདུག རྒྱ་གར་གཞུང་གི་ངོས་ནས་ད་ལན་༸གོང་ས་མཆོག་ལ་ནང་པའི་ལྷན་ཚོགས་ཐོག་དབུ་བཞུགས་མཛད་རྒྱུའི་ཆོག་མཆན་ཕུལ་བ་དེ་ནི་༸གོང་ས་མཆོག་གིས་རྣམ་ཀུན་༸གང་ཉིད་མཆོག་  Son of India འམ་རྒྱ་གར་གྱི་བུ་ཞིག་ཡིན་པ་དང། མགོན་པོ་༸གང་ཉིད་མཆོག་ལ་སྐུ་ཡོན་གང་བྱུང་བ་དེ་དག་ཆ་ཚང་དཔལ་ནཱ་ལེནྡྲའི་མཁས་པ་རྣམས་ཀྱི་སྐུ་དྲིན་ཉག་གཅིག་ཡིན་ཅེས་གསུངས་པར་ལེགས་སྐྱེས་ཕུལ་བ་ལྟ་བུ་ཡིན་སྐོར་གསུངས་ཡོད། Indian Express གསར་ཁང་གིས་གསུངས་པར་གཞུགས་ཚེ། ཕྱི་ལོ་ ༢༠༡༧ ལོ་འདིའི་ནང་རྒྱ་ནག་ཙམ་མ་ཟད་ རྒྱ་གར་གཞུང་ནས་ཀྱང་རང་ཉིད་ཀྱི་སྟོབས་ཤུགས་ངོམ་རྒྱུའི་ལོ་ཞིག་བཟོ་རྩིས་གནང་གི་ཡོད་པ་དང་། ནང་པའི་ཆོས་དེ་ཐོག་མ་རྒྱ་གར་ནས་དར་བ་ཞིག་ཡིན་སྟབས། དེ་རྒྱ་གར་གྱི་བཟང་ཕྱོགས་ཀྱི་སྟོབས་ཤུགས་ཤིག་ཆགས་དགོས་ངེས་ཡིན་པ་གསུངས་འདུག

བོད་ཀྱི་ཟློས་གར་ཚོགས་པས་དུས་དབང་སྐབས་བོད་ཀྱི་རིག་གཞུང་འཁྲབ་སྟོན་གནང་བཞིན་པ།

དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་དབུ་འཛུགས་དང་བསྟུན་དེ་རིང་བོད་ཀྱི་ཟློས་གར་ཚོགས་པས་དུས་དབང་བསྩལ་ཡུལ་གནས་མཆོག་རྡོ་རྗེ་གདན་དུ་མང་ཚོགས་ལ་སྟོན་པའི་མཛད་རྣམ་གཟིགས་འབུལ་ཞུས་སོང་། བོད་ཀྱི་ཟློས་གར་ཚོགས་པས་ཁུལ་དེར་རྟེན་གཞི་བྱས་པའི་གཏེར་སྒར་དགོན་པའི་ཚོགས་ཁང་ཆེན་མོར་ཁ་ས་ནས་དབུ་འཛུགས་ཀྱིས་བོད་ཀྱི་ཡུལ་ལུང་སོ་སོའི་གཞས་སྣ་དང་གཏམ་བརྗོད་སོགས་ཀྱི་ལས་རིམ་ཁག་ཅིག་སྤེལ་མུས་ཡིན་པ་ལྟར། དེ་རིང་ཉིན་གཉིས་པར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་རྣམ་གཉིས་ཀྱིས་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་བཅས་གཙོ་བཞུགས་ཐོག་མང་ཚོགས་ལ་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པའི་མཛད་རྣམ་དང་འབྲེལ་ལྷ་མོའི་འཁྲབ་གཞུང་གཟིགས་འབུལ་ཞུས་ཡོད་པ་རེད། གཏེར་སྒར་དགོན་པའི་ཚོགས་ཁང་དུ་འཁྲབ་སྟོན་གནང་པའི་སྟོན་པའི་མཛད་རྣམ་འདི་ནི་བོད་ཀྱི་ཟློས་གར་ཚོགས་པས་སྔ་ལོ་དབྱར་སྐྱིད་སྐབས་གསར་གཏོད་གནང་པ་ཞིག་ཡིན་པ་དང་། མཛད་རྣམ་ཁུངས་གཏུགས་ཞུ་ཡུལ་གྱི་གཞུང་ནི་༸རྒྱལ་མཆོག་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ་མཆོག་གིས་མཛད་པའི་མཛད་རྣམ་ལས་ཟུར་བཏོན་ཞུས་པ་ཞིག་ཡིན་འདུག དེ་བཞིན་མཛད་རྣམ་དེ་ཕྱོགས་བསྒྲིགས་གནང་ཕྱོགས་ཐད་ལམ་སྟོན་པ་གཙོ་བོ་རྣམ་གྲྭ་དགེ་བཤེས་བློ་བཟང་གྲགས་པ་ལགས་དང་། འཁྲབ་སྟོན་གྱི་ཆས་གོས་ཡོངས་རྫོགས་༸སྐུའི་ན་བཟའ་ཆེན་མོ་བ་རྣམ་གཉིས་ཀྱིས་དམིགས་བསལཐུགས་འགན་བཞེས་ཡོད་པ་རེད།  དངོས་སུ་སྟོན་པའི་མཛད་རྣམ་དེའི་ནང་འཁྲབ་སྟོན་གནང་མཁན་ཁྱོན་མཉམ་ཞུགས་བ་མི་ ༥༢ འདུག བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་ཟུར་པ་ཚེ་རིང་དབང་ཕྱུག་ལགས་ཀྱིས་བོད་ཀྱི་ཟློས་གར་ཚོགས་པའི་ངོས་ནས་བོད་ཀྱི་རིག་གཞུང་ཕྱུག་པོ་དེ་གཅེས་སྐྱོང་དང་ཁྱད་པར་དུ་ཕྱི་ནང་གི་མི་རིགས་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་གླུ་གར་གྱི་རིག་གཞུང་ངོ་སྤྲོད་དང་དར་སྤེལ་རྒྱ་ཆེ་ཡོང་སླད་ཐེངས་འདིའི་དུས་དབང་དང་བསྟུན་ནས་ལས་རིམ་དེ་དག་གོ་སྒྲིག་ཞུས་པ་ཡིན་ཅེས་འགྲེལ་བརྗོད་གནང་སོང་། ལས་རིམ་ལྟར་ན། སང་ཉིན་བོད་ཀྱི་ཟློས་གར་ཚོགས་པས་ཆིག་སྒྲིལ་གྱི་ནུས་པའི་སྐོར་ལ་གཏམ་བརྗོད་གཟིགས་འབུལ་ཞུ་རྒྱུ་དང་དེ་བཞིན་དེང་དུས་ཀྱི་གཞས་སྣ་ཁག་ཅིག་འཁྲབ་སྟོན་གནང་རྒྱུ་མ་ཟད། ཚེས་ ༦ ཉིན་ཆེས་དར་སྲོལ་ཆེ་བའི་ཨ་ཀ་མ་རོལ་ཚོགས་ཀྱི་གཞས་སྣ་གཟིགས་འབུལ་ཞུ་རྒྱུ། དེ་རྗེས་ཚེས་ ༧ ཉིན་ཡུལ་ལུང་སོ་སོའི་གཞས་སྣ་དང་བྲོ་གཞས་སོགས་འཁྲབ་སྟོན་གནང་རྒྱུ་རེད་འདུག ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་དུས་དབང་དང་བསྟུན་ཧི་མཱ་ལ་ཡའི་རྒྱལ་སྤྱིའི་སྒྱུ་རྩལ་ཁང་དང་ཕུར་བ་རྒྱལ་སྤྱིའི་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག་གནས་མཆོག་རྡོ་རྗེ་གདན་དུ་ཟླ་བ་འདིའི་ཚེས་ ༦ ནས་ ༡༠ བར་བཅས་ཁྱོན་ཉིན་གྲངས་ལྔའི་རིང་ལ་རྒྱལ་སྤྱི་ཁྱོན་ཡོངས་སུ་ཡོད་པའི་བོད་པའི་གཞས་པ་དང་གཞས་མ།དེ་བཞིན་སྒྱུ་རྩལ་བ་སོགས་ལྷན་འཛོམས་ཀྱིས་བཀྲ་ཤིས་བདེ་ལེགས་ཞེས་པའི་འཁྲབ་སྟོན་དང་། སློབ་དཔོན་གྱི་ལས་རིམ་ནས་ང་བོད་ལ་དགའ་ཞེས་པའི་སྙན་དབྱངས་དགོང་མོའི་རོལ་ཚོགས་ལ་སོགས་པའི་གནའ་དེང་ཟུང་འབྲེལ་གྱི་གཞས་སྣ་འདྲ་མིན་གཟིགས་འབུལ་ཞུ་རྒྱུ་རེད་འདུག

དུས་དབང་སྐབས་རྐང་སྤོལ་རྩེད་འགྲན་གོ་སྒྲིག་ཞུས་འདུག

དེང་སྐབས་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་ཆོས་ཞུ་བ་ཁྲི་ཚོ་བརྒལ་བ་དཔལ་དུས་འཁོར་ལོའི་དབང་ཆེན་ཐོག་འདུ་འཛོམས་བྱུང་བ་དང་སྟབས་བསྟུན། ཁ་སང་ཕྱི་དྲོ་བོད་ཀྱི་ན་གཞོན་རྩེད་མོ་མཉམ་སྡེབ་ཚོགས་པས་གོ་སྒྲིག་འོག་གནས་མཆོག་རྡོ་རྗེ་གདན་དུ་ཕྱི་ལོ་ ༢༠༡༧ ལོའི་བོད་ཀྱི་རྩེད་ཕུད་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དབུ་འཛུགས་གནང་སོང་། དེའང་དུས་དབང་གི་གསུང་ཆོས་ར་བ་ནས་རྒྱང་ཐག་སྤྱི་ལེ་ ༢ ལྷག་ཡོད་པའི་ཆོས་ཞུ་བའི་དབུ་གུར་ཕུབ་ས་མ་གྷ་ད་གཙུག་ལག་སློབ་གཉེར་ཁང་གི་རྩེད་ཐང་དུ་གོ་སྒྲིག་ཞུས་འདུག་པ་དང། བོད་ཀྱི་རྩེད་ཕུད་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དེའི་ནང་རྒྱ་གར་དང་བལ་ཡུལ་ཁུལ་ནས་བོད་མིའི་རྐང་རྩེད་སྤོ་ལོའི་རུ་ཁག་ཁྱོན་བརྒྱད་ནས་མཉམ་ཞུགས་གནང་འདུག རུ་ཁག་དེ་དག་ནི་བལ་ཡུལ་འཇོ་ལཱ་ཁེལ་རྐང་སྤོལ་རུ་ཁག་དང་Clement town དོན་གྲུབ་གླིང་རུ་ཁག བལ་ཡུལ་ Kathmandu རུ་ཁག སྦེལ་ཀོབ་བདེ་སླར་རུ་ཁག ཁ་བ་དཀར་པོ་ Kerala རུ་ཁག South United  མོན་གྷོ་གཏན་ཉིན་སློབ་གྲྭའི་རུ་ཁག དེ་བཞིན་ཝ་ཎ་སློབ་ཕྲུག་རུ་ཁག་བཅས་ཡིན་པ་རེད། རྩེད་འགྲན་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་རུ་ཁག་གི་རྩེད་འགྲན་པ་ཚོ་བཞུགས་གནས་ནས་ལམ་གྲོན་དང་ཉིན་རེའི་ཞལ་ལག་ཆ་ཚང་རིན་མེད་ཐོག་ཕུལ་གྱི་འདུག ཁ་སང་དབུ་འབྱེད་ཀྱི་རྩེད་འགྲན་དང་པོ་དེ་བལ་ཡུལ་འཇོ་ལཱ་ཁེལ་རྐང་རྩེད་སྤོ་ལོའི་རུ་ཁག་དང་Clementow དོན་གྲུབ་གླིང་རུ་ཁག་དབར་རྩེད་འགྲན་གནང་ཡོད་པ་དང་སྐབས་དེར་རུ་ཁག་གཉིས་དབར་སྤོ་ལོ་གཅིག་ཀྱང་བླུགས་ཐུབ་མེད་པ་རེད། རྩེད་འགྲན་གཉིས་པ་དེ་མོན་གྷོ་གཏན་ཉིན་སློབ་གྲྭའི་རུ་ཁག་དང། South United རུ་ཁག་བར་རྩེད་འགྲན་གནང་སྐབས་མོན་གྷོ་གཏན་ཉིན་སློབ་གྲྭའི་རུ་ཁག་གིས་སྤོ་ལོ་གཉིས་བླུགས་སྟབས་རུ་ཁག་དེ་རྒྱལ་ཁ་ཐོབ་ཡོད་པ་རེད། གསར་འགོད་པས་བོད་ད་ཀྱི་ན་གཞོན་རྩེད་མོ་མཉམ་སྡེབ་ཚོགས་པའི་ཚོགས་གཙོ་ཉི་མ་རྒྱལ་མཚན་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་རྐང་རྩེད་འགྲན་དེའི་བརྒྱུད་བོད་པའི་གཞོན་སྐྱེས་གང་མང་དུས་འཁོར་དབང་ཆེན་ཞུ་བར་འདུ་འཛོམས་ཡོང་བའི་ཆེད་དུ་ཡིན་ཅེས་སོགས་འགྲེལ་བརྗོད་གནང་སོང་། རྩ་བའི་ཁ་སང་ཕྱི་དྲོ་རྩེད་འགྲན་གྱི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་དང། དམིགས་བསལ་སྐུ་མགྲོན་དུ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག དེ་བཞིན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག གཞན་ཡང་རྐང་རྩེད་སྤོ་ལོར་དགའ་བའི་ན་གཞོན་དང་དགེ་འདུན་པ་སོགས་འདུ་འཛོམས་བྱུང་འདུག གཞི་རྩའི་ད་ལན་གནས་མཆོག་རྡོ་གདན་དུ་ཚོགས་པའི་རྐང་རྩེད་སྤོ་ལོའི་རྩེད་འགྲན་དེ་ཁ་སང་ཚེས་ ༣ ནས་དབུ་འཛུགས་ཀྱིས་ཚེས་ ༡༣ བར་ཉིན་རེའི་དུས་དབང་གི་གསུང་ཆོས་གྲུབ་རྗེས་ཕྱི་དྲོ་རྩེད་འགྲན་ གནང་གི་འདུག་པ་དང། ཐེངས་འདིའི་རྩེད་འགྲན་གྱི་ཨང་རིམ་དང་པོ་ཧིན་སྒོར་འབུམ་གཉིས་དང། ཨང་རིམ་གཉིས་པ་ཧིན་སྒོར་འབུམ་གཅིག་བཅས་གནང་གི་ཡོད་པ་རེད།

རེས་གཟའ་མིག་དམར། ༢༠༡༧།༠༡།༠༣

ཉན་པ།: Listen ཕབ་ལེན། Download ས་ཆོག་དང་དཀྱིལ་འཁོར་ངོ་སྤྲོད། ཆོས་ཞུ་བ་ཁག་ཅིག་ཉིན་གྲངས་མང་པོར་གོམ་པ་བརྒྱབ་དགོས་བྱུང་འདུག ཉམ་ཐག་༤༠༠ ལྷག་ལ་བཞུགས་གནས་སོགས་ཀྱི་མཐུན་འགྱུར་སྦྱོར་མུས་རེད་འདུག དུས་དབང་སྐབས་ཆོས་ཕྱོགས་དང་ཆབ་སྲིད་ཀྱི་གོ་རྟོགས་སྤེལ་བཞིན་པ། Tuesday 03/01/2017 Introduction to Earth Ritual and Kalachakra Mandala Devotees walk for miles to receive Kalachakra initiation Photo exhibition on life of Milarepa opens in Bodh Gaya CTA accommodates over 400 needy and elderly pilgrims

Latest news