Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: February, 2017

ཨ་རིའི་ཕྱི་སྲིད་བློན་ཆེན་གསར་པས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་ཅེས་གསུངས་པ།

ཨ་རིའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་གིས་གསར་དུ་བསྐོ་གཞག་གནང་པའི་ཨ་རིའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Rex Tillerson ལགས་ཀྱིས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་ཅེས་གསུངས་འདུག ཁ་སང་ཟླ་ ༢ ཚེས་ ༡ ཉིན་ཨ་མི་རི་ཀའི་གྲོས་ཚོགས་ནས་མང་མོས་ཐོག་སྐུ་ཞབས་ Rex Tillerson ལགས་ཨ་རིའི་ཕྱི་སྲིད་བློན་ཆེན་ལ་བསྐོ་གཞག་མ་གནང་པའི་གོང་དུ་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་སྐུ་ཞབས་ Rex Tillerson ལགས་ཀྱིས་མ་འོངས་ལས་དོན་གནང་ཕྱོགས་དང་འབྲེལ་ཨ་རི་དང་རྒྱ་ནག དེ་བཞིན་བོད་བཅས་ཀྱི་གནད་དོན་སྐོར་བཀའ་འདྲི་ཁག་ཅིག་ཞུས་པར།  སྐུ་ཞབས་ Rex Tillerson ལགས་ཀྱིས་ཨ་རི་དང་རྒྱ་ནག་གཉིས་ཀྱི་ཕྱི་འབྲེལ་ལས་དོན་ཁྲོད་རྒྱ་ནག་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། ཆབ་སྲིད་བཙོན་པའི་གནད་དོན་རྣམས་མུ་མཐུད་གླེང་སློང་གནང་རྒྱུ་ཡིན་ཅེས་གསུངས་པ་མ་ཟད། ལྷག་པར་དུ་ཆོས་དད་ཀྱི་རང་དབང་གཙོ་འཛིན་གྱིས་རྒྱ་གཞུང་གི་སྲིད་བྱུས་འོག་དཀའ་སྡུག་མྱོང་བཞིན་པའི་ནང་པ་དང་ཁ་ཆེ། དེ་བཞིན་ཡི་ཤུའི་རྗེས་འབྲང་པ་དང་ཕ་ལུང་ཀུང་རྩ་རླུང་སྒོམ་སྒྲུབ་གནང་མཁན་ཚོའི་རང་དབང་སྲུང་སྐྱོབ་ཐུབ་ཐབས་སུ་ཨ་རིའི་སྲིད་གཞུང་གིས་མུ་མཐུད་རྒྱ་ནག་ནང་གི་ཆོས་དད་རང་དབང་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་རྣམས་ཨ་རི་གཞུང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚན་པའི་ལོ་འཁོར་སྙན་ཐོའི་ནང་དམིགས་བཀར་གྱིས་ཟུར་བཀོད་གནང་རྒྱུ་ཡིན་ཅེས་གསུངས་འདུག ལྷག་པར་དུ་ཁོང་གིས་བོད་རྒྱ་གཉིས་ཀྱི་འབྲེལ་མོལ་དང་འབྲེལ་གསུངས་པར་ཨ་མི་རི་ཀའི་ངོས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གམ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དང་རྒྱ་ནག་གཉིས་ཀྱི་དབར་ལ་གྲོས་མོལ་གནང་རྒྱུར་རྒྱབ་སྐྱོར་མུ་མཐུད་ཞུ་རྒྱུ་ཡིན་ཅེས་གསུངས་པ་མ་ཟད། རྒྱ་ནག་གཞུང་གཙོ་བོར་གྱུར་པའི་རྒྱལ་སྤྱིའི་རྒྱལ་ཁབ་རྣམས་ཀྱིས་བོད་ཀྱི་ཐུན་མོང་མིན་པའི་ཆོས་དང་སྐད་ཡིག་སོགས་མི་རིགས་ཀྱི་ངོ་བོ་མཚོན་པར་བྱེད་པའི་རིག་གཞུང་ཁག་སྲུང་སྐྱོབ་ཐུབ་ཐབས་སུ་རྒྱབ་སྐྱོར་གནང་དགོས་གལ་ཡིན་པའི་སྐུལ་མ་ཡང་གནང་འདུག དེ་བཞིན་ཁོང་གིས་གདེང་ཚོད་ཆེན་པོའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུ་རྒྱུ་ཡིན་ཅེས་གསུངས་པ་དང་ཆབས་ཅིག རྒྱ་གཞུང་གིས་བོད་ནང་དུ་གསར་འགོད་པ་དང་ཉམས་ཞིབ་པ། སྤྱི་མང་ཐོབ་ཐང་གི་ལས་འགུལ་བ། རྒྱལ་སྤྱིའི་ཡུལ་གྲུ་ཁག་གི་སྐུ་ཚབ་རྣམས། གཞུང་འབྲེལ་མི་སྣ་སོགས་ལ་མཐོང་མཆན་མ་སྤྲད་པ་དང་།  བོད་ནང་རང་དབང་ཐོག་ཕྱིན་ནས་གནས་ཚུལ་དྲིལ་བསྒྲགས་བྱ་རྒྱུར་དམ་བསྒྲགས་བཀག་འགོག་བྱེད་བཞིན་པ་དེ་ནི་དཀའ་ངལ་ཞིག་ཡིན་སྟབས། རྒྱ་གཞུང་གིས་གནད་དོན་དེར་བསམ་ཤེས་མ་བྱེད་ཚེ་ཨ་རིའི་ངོས་ནས་ཀྱང་མ་འོངས་པར་རྒྱ་རིགས་གསར་འགོད་པ་དང་ཆབ་སྲིད་མི་སྣ་རྣམས་ཨ་རི་ནང་བསྐྱོད་རྒྱུའི་མཐོང་མཆན་ལ་དམ་བསྒྲགས་དང་ཚོད་འཛིན་བྱ་རྒྱུ་ཡིན་ཅེས་གསུངས་འདུག གཞི་རྩའི་སྐུ་ཞབས་ Rex Tillerson ལགས་ཨ་རིའི་ཕྲི་སྲིད་བློན་ཆེན་ལ་བསྐོ་གཞག་མ་གནང་པའི་གོང་དུ་ཨ་རིའི་ Texas མངའ་སྡེའི་ནང་རྟེན་གཞི་བྱས་པའི་ Exxon Mobil ཚོང་ལས་སྒྲིག་འཛུགས་ཀྱི་འཛིན་སྐྱོང་འགན་འཛིན་ཡིན་ཞིང་།  ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ལན་ཊམ་མཆོག་གིས་ཁོང་ཕྱི་སྲིད་བློན་ཆེན་གསར་པར་མིང་འདེམས་གནང་དོན་ལྟར་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚན་པའི་ནང་འོས་ཤོག་འཕེན་སྐབས་རྒྱབ་སྐྱོར་གནང་མཁན་འོས་གྲངས་ ༡༡ དང་། དགག་པ་གནང་མཁན་འོས་གྲངས་ ༡༠ བྱུང་། དེ་རྗེས་ཨ་རིའི་གྲོས་ཚོགས་གོང་མའི་ནང་ཁོང་ལ་རྒྱབ་སྐྱོར་འོས་གྲངས་ ༥༦ དང་། དགག་གྲངས་ ༤༣ བར་གནས་ ༡ བཅས་བྱུང་བ་ལས་ཁོང་ཨ་རིའི་ཕྱི་སྲིད་བློན་ཆེན་གསར་པར་བསྐོ་གཞག་གནང་ཡོད་ཀྱང་། ཨ་རིའི་ཚོང་དང་གསང་བའི་གནས་ཚུལ་སོགས་མང་ཚོགས་ཀྱི་ཁེ་ཕན་ཁག་ལ་དོ་ཕོག་ཤུགས་ཆེ་ཐེབས་སྲིད་པ་སོགས་སྐྱོན་བརྗོད་མང་དག་ཞིག་གནང་ཡོད་པ་རེད།

༸གོང་ས་མཆོག་བཞུགས་སྒར་ནས་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་བསྐྱངས་པ།

དེ་རིང་ཟླ་ ༢  ཚེས་ ༢  ཉིན་དགུང་ཚོུད་ ༡༢།༤༠ ཙམ་ལ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དྷ་ས་བཞུགས་སྒར་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་ཨནྡྲ་པར་དེ་ཤི་མངའ་སྡེའི་ནང་གི་མཛད་འཆར་བསྐྱང་ཕྱིར་ཆིབས་བསྒྱུར་མཛད་སོང་། མཛད་འཆར་ལྟར་ན།  ཟླ་ ༢ ཚེས་ ༣ ནས་ ༩ བར་བདུན་ཕྲག་གཅིག་ལྷག་རིང་བཞུགས་ཞག་མཛད་པའི་ཁྲོད། སང་ཟླ་ ༢ ཚེས་ ༣ དང་ ༤ བཅས་ལ་ཁུལ་དེའི་ Vidyaloke ཞེས་པའི་རྒྱ་གར་ན་གཞོན་ཤེས་ཡོན་ཚོགས་ཆུང་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ Talkatora རྩེད་ཐང་དུ་རྒྱ་གར་གྱི་ན་གཞོན་དད་ལྡན་ཚོར་དཔལ་མགོན་ཀླུ་སྒྲུབ་ཀྱིས་མཛད་པའི་བཤེས་སྤྲིངས་བཀའ་ཆོས་བསྩལ་རྒྱུ་དང་། ཚེས་ ༥ ཉིན་དེང་གི་དུས་སུ་རྒྱ་གར་གནའ་བོའི་ཤེས་བྱ་བསྐྱར་གསོ་གནང་ཕྱོགས་ཐོག་མང་ཚོགས་ལ་བཀའ་བསྩལ་མཛད་རྒྱུ། དེ་རྗེས་ཚེས་ ༦ ཉིན་ཁུལ་དེའི་རྒྱ་གར་རིག་གཞུང་བསྟི་གནས་ཁང་དུ་བདེ་སྐྱིད་ཀྱི་རྩ་བ་ནི་སྙིང་རྗེ་དང་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་རྒྱུ་ཡིན་པ་རེད། དེ་བཞིན་ཚེས་ ༨ ཉིན་ Jesus and Mary མཐོ་རིམ་སློབ་གཉེར་ཁང་དུ་བྱམས་བརྩེ་དང་འཇིག་རྟེན་ཀུན་ཁྱབ་འགན་ཁུར་ཐོག་བཀའ་སློབ་དང་མཐར་ཚེས་ ༩ ཉིན་ Vivekananda International Foundation བཅས་ལ་ཆིབས་བསྒྱུར་གྱིས་བཀའ་སློབ་བསྩལ་རྒྱུ་སོགས་ཀྱི་མཛད་འཆར་ཁག་ལེགས་གྲུབ་ཟིན་རྗེས། རྒྱ་གར་ལྷོ་ཕྱོགས་ Andhra Pradesh མངའ་སྡེའི་ Vijayawada གྲོང་ཁྱེར་དང་། Hyderabad དེ་བཞིན་ Amravati ས་གནས་བཅས་སུ་ཆིབས་བསྒྱུར་མཛད་ཀྱི་ཡོད་པ་རེད། དེའང་ Andhra Pradesh མངའ་སྡེའི་གྲོས་ཚོགས་ཀྱིས་གདན་ཞུའི་གསོལ་འདེབས་ཕུལ་བ་ཞིག་ཆགས་ཀྱི་ཡོད་པ་རེད། ཕྱི་ཚེས་ ༡༡ དང་ ༡༢ བཅས་སུ་མངའ་ཁུལ་དེའི་གྲོང་ཁྱེར་ Hyderabad ནང་རྟེན་གཞི་བྱས་པའི་རྒྱལ་ཡོངས་སྐོར་སྲུང་བསྟི་གནས་ཁང་དུ་བཀའ་སློབ་བསྩལ་རྒྱུ་བཅས་ཀྱི་མཛད་འཆར་སྣ་མང་བསྐྱང་གཏན་འཁེལ་ཡོད་པ་རེད། མཛད་འཆར་ལྟར་ན། ༸གོང་ས་མཆོག་ད་ལན་རྒྱ་གར་གྱི་ས་གནས་ཁག་བཞིའི་ནང་གི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་ཟླ་ ༢ ཚེས་ ༡༣ ཉིན་བཞུགས་སྒར་དུ་ཆིབས་༸ཞལ་བསྒྱུར་གནང་མཛད་ཀྱི་འདུག  

བུད་མེད་ཀྱི་ནུས་སྟོབས་སྤེལ་བའི་སྲིད་བྱུས་ལ་བསྐྱར་ཞིབ་ཀྱིས་གཏན་འབེབས་གནང་པ།

བོད་མིའི་སྒྲིག་འཛུགས་ཀྱིས་བེུད་ཀྱི་ནུས་སྟོབས་སྤེལ་བའི་སྲིད་བྱུས་ལ་བསྐྱར་ཞིབ་ཀྱིས་གཏན་འབེབས་གནང་པ་དང་འབྲེལ་ཏེ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྲིད་བྱུས་འདི་ནི་བེུད་ཚོའི་ནུས་སྟོབས་སྤེལ་རྒྱུའི་ཆེད་ཡིན་པ་ལས་བེུད་ཀྱི་འདྲ་མཉམ་དང་ཐོབ་ཐང་ཆེད་མ་རེད་ཅེས་གསུངས་ཡོད། དེ་རིང་ཟླ་ ༢ ཚེས་ ༢ ཉིན་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས། བཀའ་དྲུང་སྟོབས་རྒྱལ་ཚེ་རིང་ལགས་དང་བོད་མིའི་སྒྲིག་འཛུགས་ཀྱི་བེུད་ཀྱི་ནུས་སྟོབས་སྤེལ་བའི་སྲིད་བྱུས་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མི་བཅས་ལྷན་འཛོམས་ཐོག་ད་ལྟའི་བཀའ་ཤག་སྐབས་བཅོ་ལྔ་པས་བེུད་ཀྱི་ནུས་སྟོབས་སྤེལ་བའི་སྲིད་བྱུས་ལ་བསྐྱར་ཞིབ་ཀྱིས་གཏན་འབེབས་གནང་བ་ཡོངས་བསྒྲགས་གནང་སོང་། སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ད་ལན་གཏན་འབེབས་གནང་པའི་བེུད་ཀྱི་ནུས་སྟོབས་སྤེལ་བའི་སྲིད་བྱུས་འདི་ནི་༸གོང་ས་མཆོག་གིས་བེུད་ཐོག་གནང་པའི་གལ་ཆེའི་རང་བཞིན་གྱི་བཀའ་སློབ་དང་། ཕྱི་ལོ་ ༢༠༠༨ ལོར་བཀའ་ཤག་གོང་མས་བེུད་ཀྱི་ནུས་སྟོབས་སྤེལ་བའི་གཏན་ཕབ་ཀྱི་སྲིད་བྱུས་དང་། དེ་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་བེུད་རྣམས་ལས་རིགས་འདྲ་མིན་ཐོག་གོམ་པ་མདུན་སྤོས་བྱེད་བཞིན་པར་དངོས་ཡོད་དང་མཐུན་པའི་ཡར་རྒྱས་ཡོང་བའི་དགོས་མཁོ་གནད་ཆེ་བཅས་ལ་གཞིགས་ཏེ་བཀའ་ཤག་སྐབས་བཅུ་བཞི་པ་དང་ད་ལྟའི་བཀའ་ཤག་བཅས་ཀྱིས་ལོ་གསུམ་རིང་ཚོགས་འདུ་དང་ཉམས་ཞིབ་རིམ་པ་གནང་པ་མ་ཟད། ཚོགས་ཆུང་ཆེད་བཙུགས་གནང་པའི་བརྒྱུད་བོད་པའི་བེུད་རྣམས་ནས་རྒྱལ་སྤྱི་དང་། ཁྱད་པར་དུ་བོད་མིའི་སྤྱི་ཚོགས་ནང་ནས་ནུས་པ་གང་ཐུབ་བཏོན་ནས་སྤྱི་སྒེར་གཉིས་ཀའི་བྱ་གཞག་ལ་ལག་རྗེས་འཇོག་ཐུབ་ཕྱིར་རེད་ཅེས་གསུངས་སོང་བ་དང་། ལྷག་དོན་དེ་སྔའི་སྲིད་བྱུས་ལ་བསྐྱར་ཞིབ་ཀྱིས་གཏན་ལ་ཕབ་པ་ཞིག་ཡིན་པ་དང་། ད་རེས་གཏན་ལ་ཕབ་པའི་སྲིད་བྱུས་འདི་ནི་བེུད་ཚོའི་ནུས་སྟོབས་སྤེལ་རྒྱུའི་ཆེད་ཡིན་པ་ལས་བེུད་ཀྱི་འདྲ་མཉམ་དང་ཐོབ་ཐང་ཆེད་མ་རེད་ཅེས་གསུངས་སོང་། སྲིད་སྐྱོང་མཆོག་གིས་གསར་འགོད་ལྷན་ཚོགས་དེའི་སྐབས་བེུད་ལ་བཙན་དབང་དང་རྩུབ་སྤྱོད་རིགས་འགོག་ཐབས་སྡེ་ཚན་དང་འབྲེལ་གསུངས་པར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུ་བེུད་ལ་བཙན་དབང་དང་རྩུབ་སྤྱོད་རིགས་གནས་ཚུལ་གང་འདྲ་ཞིག་བྱུང་རུང་། སྲིད་བྱུས་དེར་བཟོད་བསྲན་དང་སྦས་གསང་རྩ་བ་ཉིད་ནས་མི་བྱེད་པར་འཕྲལ་མར་རྒྱ་གར་གྱི་ཁྲིམས་སར་བསྐྱལ་ངེས་ཡིན་ཅེས་གསུངས་སོང་། སྲིད་བྱུས་དེའི་དམིགས་ཡུལ་ནི་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་མིའི་ཆབ་སྲིད་ཐེ་བའི་སྤྱི་ཚོགས་ཀྱི་བྱ་གཞག་ཚང་མའི་ཐོག་བོད་པའི་བེུད་ཀྱི་ནུས་པ་དང་འགན་འཁུར་མཉམ་སྤུངས་ཐུབ་པའི་ཁོར་ཡུག་ཅིག་བསྐྲུན་རྒྱུའི་ཆེད་ཡིན་ཅེས་གསུངས་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བསྐྱར་ཞིབ་ཀྱིས་གཏན་ལ་ཕབ་པའི་བེུད་ཀྱི་ནུས་སྟོབས་སྤེལ་བའི་སྲིད་བྱུས་ནང་ཁྱོན་སྡེ་ཚན་ཁག་ ༧ ཡོད་པ་ལས་བེུད་མེད་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང། ཤེས་ཡོན། འཕྲོད་བསྟེན། དཔལ་འབྱོར། འཛིན་སྐྱོང་། འགོ་ཁྲིད། སྤྱི་ཚོགས། དེ་བཞིན་བེུད་ལ་བཙན་དབང་དང་རྩུབ་སྤྱོད་རིགས་འགོག་ཐབས་བཅས་ཡིན་པ་རེད། གཞི་རྩའི་ད་ལན་བཀའ་ཤག་གིས་བསྐྱར་ཞིབ་ཐོག་ནས་གཏན་ལ་ཕབ་པའི་བེུད་ཀྱི་ནུས་སྟོབས་སྤེལ་བའི་སྲིད་བྱུས་ཀྱི་ཟིན་བྲིས་ཚོགས་ཆུང་ཁོངས་སུ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་འཕར་མན་གྱི་བེུད་ལས་བྱེད་བཞི་དང་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་བཅས་ཡིན་པ་རེད། ཤེས་རྟོགས་བྱུང་བར་ད་ལྟའི་ཆར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ནང་ལ་བེུད་ནས་ལས་རིགས་འདྲ་མིན་འཛིན་མཁན་གྱི་བརྒྱ་ཆར་གཞིགས་ཚེ། སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་སུ་བེུད་བརྒྱ་ ༢༠ དང་སྲི་ཞུ་ལས་བྱེད་ཁོངས་སུ་བེུད་བརྒྱ་ ༤༥ ཆགས་ཀྱི་འདུག

རེས་གཟའ་ལྷག་པ། ༢༠༡༧།༠༢།༠༡

ཉན་པ།: Listen ཕབ་ལེན། Download རྒྱ་ནག་དེ་རྒྱལ་སྤྱི་ཐོག་ཆབ་སྲིད་དང་སྤྱི་དམངས་ཀྱི་ཐོབ་ཐང་བརྩི་མེད་གཏོང་མཁན་རྒྱལ་ཁབ་ཆེས་སྡུག་ཤོས་ཡིན་པར་ཐེར་བཏོན། ཐེ་ཝན་ནང་བོད་རང་དབང་ཆེད་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་དབུ་འཛུགས། བོད་ནག་ཆུ་ཁུལ་དུ་ས་ཡོམ་ཤུགས་ཚད་ ༤.༥ ཅན་ཞིག་རྒྱག་འདུག དགའ་ལྡན་དུ་དབུ་མ་དང་ཕར་ཕྱིན་གྱི་ཆོས་ཐོག་ཆེན་མོ་གསར་ཚོགས། གུང་སེང་དུ་བསྐྱོད་ས་མེད་པའི་བོད་ཁྱིམ་སློབ་ཕྲུག་ཁག་ཅིག་རྒྱ་གར་དང་བལ་ཡུལ་ནང་སྐོར་བསྐྱོད་དུ་འཁྲིད་བཞིན་པ། བཀའ་སློབ་ལེ་ཚན། ༸གོང་ས་མཆོག་གིས་ ༢༠༡༠ ལོར་ཉི་ཧོང་ས་གནས་བོད་མིར་བསྩལ་བའི་བཀའ་སློབ། Wednesday 01/02/2017 Freedom House report names China amongst countries with worst human rights record Tibetan activists in Taiwan begin cycle rally for Tibet 4.5 magnitude earthquake hits Sog County in Nagchu, Tibet Tibetan religious debate held in Ganden Monastery Special Feature: Winter Excursion for TCV students FEATURE: Dalai Lama speech to Tibetans in Japan

རྒྱ་ནག་དེ་རྒྱལ་སྤྱི་ཐོག་ཆབ་སྲིད་དང་སྤྱི་དམངས་ཀྱི་ཐོབ་ཐང་བརྩི་མེད་གཏོང་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་ཡིན་པར་ཐེར་བཏོན།

སྲིད་འཛིན་ཞི་ཅིང་ཕིང་གིས་འགོ་ཁྲིད་པའི་རྒྱ་ནག་རྒྱལ་ཁབ་དེ་རྒྱལ་སྤྱི་ཐོག་མང་ཚོགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཆབ་སྲིད་ཀྱི་རང་དབང་དང་སྤྱི་དམངས་ཀྱི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་ཡིན་པར་ཐེར་བཏོན་གནང་འདུག དེ་ཡང་ཁ་སང་ཚེས་ ༣༡ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་ནང་རྟེན་གཞི་བྱས་པའི་ Freedom House འམ་རང་དབང་ཁང་པས་སྤྱི་ལོ་ ༢༠༡༡༦ ལོའི་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་གནང་འདུག་པ་དང་། སྙན་ཐོ་དེའི་ནང་སྤྱི་ལོ་ ༢༠༡༢ ལོར་ཞི་ཅིང་ཕིང་གིས་རྒྱ་ནག་གི་སྲིད་འཛིན་བྱས་པ་ནས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དབང་འཛིན་ལ་བརྩི་སྲུང་རྩ་བ་ནས་མ་བྱས་པར་རྒྱ་ནག་དམར་ཤོག་ཚོགས་པའི་དབང་ཆ་གཅིག་བསྡུས་ཀྱི་ལམ་ལུགས་འདི་བཞིན་སྔར་ལས་རྒྱ་སྐྱེད་ཆེད་གཏོང་གིས་རྒྱ་ནག་སྤྱི་དང་ལྷག་པར་དུ་བོད་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་རྣམས་ཀྱི་ཆབ་སྲིད་ཀྱི་རང་དབང་གཙོ་བོར་གྱུར་པའི་སྨྲ་བརྗོད་དང་འདུ་འཛོམས་ཀྱི་རང་དབང་། དེ་བཞིན་ཆོས་དད་ཀྱི་རང་དབང་སོགས་གཞི་རྩའི་འགྲོ་བ་མིར་དགོས་ངེས་ཀྱི་ཐོབ་ཐང་ཁག་སྔར་ལས་ཆེས་སྟུག་ཏུ་གཏོང་བཞིན་པ་ཐེར་བཏོན་གནང་འདུག ལྷག་པར་དུ་འདས་པའི་ལོ་དུས་དེའི་ནང་རྒྱ་ནག་གཞུང་གིས་ཆོས་ཕྱོགས་དང་འབྲེལ་བའི་ཚོགས་པ་ཁག་གི་ལས་དོན་ཁག་ལ་དམ་བསྒྲགས་སྔར་ལྷག་བྱ་རྒྱུའི་ཐག་གཅོད་བྱས་པ་མ་ཟད། བོད་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་ཀྱི་ཆོས་དད་རང་དབང་ལ་དམ་བསྒྲགས་ཚོད་འཛིན་ཤུགས་ཆེ་བྱས་ཡོད་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད། གཞི་རྩའི་རང་དབང་ཁང་པའི་སྙན་ཐོ་དེའི་ནང་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ ༡༨ ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གསལ་བཏོན་གནང་ཡོད་པ་དང་། ཁྱད་པར་དུ་དེའི་ནང་ལ་རྒྱ་ནག་དེ་སྤྱི་ཡོངས་ནས་རྒྱལ་སྤྱིའི་ཐོག་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་ཨང་ ༡༥ ཡིན་པ་བཀོད་འདུག་ཀྱང་། ཆབ་སྲིད་ཀྱི་རང་དབང་དང་སྤྱི་དམངས་ཀྱི་ཐོབ་ཐང་ཁག་བརྩི་མེད་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་ཡིན་པར་ཐེར་བཏོན་གནང་འདུག སྙན་ཐོ་དེའི་ནང་གཞི་རིམ་མང་ཚོགས་ཀྱི་རང་དབང་དང་འབྲེལ་ཏེ་རྒྱ་གཞུང་གིས་དེ་སྔ་སྤྱི་ལོ་ ༢༠༡༥ ལོར་འཛིན་བཟུང་བྱས་པའི་རྒྱ་རིགས་འགྲོ་བ་མིའི་ཐོབ་སྲུང་སྐྱོབ་གནང་མཁན་ཁྲིམས་རྩོད་པ་དང་ཞི་རྒོལ་བ་ཁག་ཅིག་ལ་རྒྱལ་ཁབ་ཁ་བྲལ་གྱི་ལས་འགུལ་སྤེལ་སྐོར་ཉེས་མིང་གཡོགས་ནས་བཙོན་འཇུགས་ཁྲིམས་ཐག་བཅད་པའི་གནས་ཚུལ་འགྲེལ་བརྗོད་གནང་འདུག རྒྱ་གཞུང་གི་བྱ་སྤྱོད་དེ་ནི་སྲིད་འཛིན་ཞི་ཅིང་ཕིང་གིས་རྒྱ་ནག་ནང་རྒྱལ་ཞེན་གྱི་བསམ་བློ་སྔར་ལྷག་གོང་སྤེལ་ཡོང་ཆེད་མང་ཚོགས་ཀྱི་བསམ་བརྗོད་རང་དབང་ལ་ཚོད་འཛིན་ཤུགས་ཆེ་བྱས་པ་ཞིག་རེད་ཅེས་བཀོད་འདུག གཞི་རྩའི་རང་དབང་ཁང་པ་ནི་སྤྱི་ལོ་ ༡༩༤༡ ལོར་གསར་འཛུགས་གནང་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ཡིན་པ་དང་། ཚོགས་པ་དེས་སྤྱི་ལོ་ ༡༩༧༢ ལོ་ནས་བཟུང་སྟེ་རྒྱལ་སྤྱིའི་ཡུལ་གྲུ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་དཔྱད་ཞིབ་འདྲ་མིན་གནང་པའི་བརྒྱུད་ལོ་ལྟར་ Freedom in the world འམ་རྒྱལ་སྤྱིའི་རང་དབང་ཞེས་པའི་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་གནང་གི་ཡོད་པ་རེད།

ཐེ་ཝན་ནང་བོད་རང་དབང་ཆེད་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་དབུ་འཛུགས།

ཐེ་ཝན་ནང་བོད་དོན་དྲིལ་བསྒྲགས་དང་འབྲེལ་བའི་བོད་རང་དབང་ཆེད་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་ཞིག་དབུ་འཛུགས་གནང་འདུག དེ་རིང་ཟླ་ ༢ ཚེས་ ༡ སྟེ་རེས་གཟའ་ལྷག་པ་ལྷག་དཀར་གྱི་ཉིན་མོ་དང་བསྟུན་ནས་ཐེ་ཝན་ནང་རྟེན་གཞི་བྱས་པའི་བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཚོགས་པས་གོ་སྒྲིག་འོག་ཁུལ་དེར་ཡུལ་སྐོར་སྤྲོ་འཆམ་དུ་ཕེབས་པའི་རྒྱ་རིགས་རྣམས་ལ་བོད་ཀྱི་གནད་དོན་གསལ་བཤད་དང་དྲིལ་བསྒྲགས་གནང་ཕྱིར་ཐེ་ཝན་གྱི་ ༢༢༨ ཞེས་པའི་དྲན་རྟེན་སྐྱེས་མོའི་ཚལ་ནས་དབུ་འཛུགས་ཀྱིས་Taiwai དཔལ་འབྱོར་བསྟི་གནས་དབར་བོད་རང་དབང་ཆེད་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་ཞིག་སྤེལ་གནང་ཡོད་པ་རེད། ལས་འགུལ་དེའི་ནང་ས་གནས་བོད་མི་དང་ཁུལ་དེར་རྟེན་གཞི་བྱས་པའི་གཞུང་འབྲེལ་མིན་པའི་ཚོགས་ཁག་གི་ཚོགས་མི་དང་མང་གཙོ་དོན་གཉེར་བ་བཅས་ཁྱོན་མི་གྲངས་ ༣༠ ཙམ་གྱིས་མཉམ་ཞུགས་གནང་འདུག ལས་འགུལ་གོ་སྒྲིག་པས་ཡུལ་དེའི་ནང་ཡོད་པའི་གྲགས་ཅན་གྱི་རང་དབང་ཐང་ཆེན་ས་ཚིགས་སུ་སྐུ་མགྲོན་གཙོ་བོ་ཐེ་ཝན་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Freddy lim ལགས་གཙོས་པའི་ཁུལ་དེའི་གཞུང་འབྲེལ་མིན་པའི་ཚོགས་ཁག་གི་ཚོགས་མི་བཅས་གདན་ཞུས་ཐོག་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་འདུག་པ་དང་། སྐབས་དེར་སྐུ་ཞབས་ Freddy Lim ལགས་ཀྱིས་ཐེ་ཝན་གཞུང་མང་དང་གྲོས་ཚོགས་བཅས་ཀྱི་ངོས་ནས་བོད་ཀྱི་བདེན་མཐའ་མ་སེལ་བར་དུ་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་དགོས་ཞེས་དང་བོད་པའི་གནམ་ལོ་གསར་ཚེས་དེ་ཟླ་ ༢ པའི་ནང་འཁེལ་གྱི་ཡོད་ཀྱང་། དོན་དངོས་བོད་ཀྱི་ལོ་གསར་དེ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནམ་ཞིག་བོད་ནང་ལ་དངོས་སུ་གདན་ཞུས་ཀྱིས་བོད་གཞིས་བྱེས་ལྷན་འཛོམས་ངང་སྲུང་བརྩི་ཞུ་རྒྱུ་དེ་ཆགས་ཀྱི་ཡོད་ཅེས་གསུངས་འདུག དེ་བཞིན་ཁོང་གིས་ད་ལན་བོད་མི་གཅིག་ལ་ཐེ་ཝན་གཞུང་ནས་མཐོ་རིམ་སློབ་གྲྭའི་སློབ་ཡོན་ཐོབ་ཡོད་པ་རེད། མ་འོངས་པའང་བོད་མི་ཚོས་དེ་ལྟར་རག་ཐབས་ལ་འབད་བརྩོན་རྒྱ་གང་ཆེ་གནང་དགོས་གལ་ཡིན་སྐོར་སོགས་གསུངས་ཡོད། ལས་འགུལ་དེའི་དམིགས་གཙོ་བོ་ནི་རྒྱ་ནག་སྐམ་ས་ཆེན་པོ་ནས་ཕེབས་པའི་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ལ་རྒྱ་ནག་གཞུང་གིས་བོད་ས་ཁྱོན་ཡོངས་ལ་ལག་བསྟར་བྱེད་བཞིན་པའི་ཆེས་སྡུག་རྩུབ་ཅན་གྱི་སྲིད་བྱུས་རྣམས་མངོན་གསལ་གནང་སྟེ། རྒྱ་རིགས་མི་དམངས་རྣམས་ནས་བོད་ནང་གི་དངོས་ཡོད་གནས་སྟངས་ཐོག་དོ་སྣང་སྔར་ལྷག་འཕར་མ་ཞིག་སླེབས་ཐབས་ཡིན་པ་རེད་འདུག གཞི་རྩའི་བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་ཚོགས་གཙོ་བཀྲིས་ཚེ་རིང་ལགས་ཀྱིས་གཙོ་འགན་བཞེས་ཐོག་བོད་རང་དབང་ཆེད་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་དེ་ལོ་བཞི་ཙམ་གྱི་གོང་ནས་བསྟུད་མར་སྤེལ་མུས་ཡིན་པ་དང་། ད་ལན་ཐེངས་ལྔ་པ་དེ་ཆགས་ཀྱི་ཡོད་པ་རེད། རྩ་བའི་ཐེ་ཝན་ནང་བོད་རང་དབང་ཆེད་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་དེ་དེ་རིང་ཟླ་ ༢ ཚེས་ ༡ སྟེ་རེས་གཟའ་ལྷག་པ་ཉིན་ནས་དབུ་འཛུགས་ཀྱིས་ཟླ་ ༣ ཚེས་ ༡༠ བར་རེས་གཟའ་ལྷག་པ་ནམ་ཡིན་ལ་ལས་འགུལ་སྤེལ་གནང་རྒྱུ་རེད་འདུག

Latest news