Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: February, 2017

སློབ་དཔོན་ཨེ་ལི་ཡེཊ་སི་པར་ལིངྒ་དམ་པར་མྱ་ངན་གུས་འདུད་ཀྱི་རྗེས་དྲན་འདུ་འཛོམས་ཚོགས་པ།

ཉིན་ཤས་གོང་ཨ་རིའི་བོད་རིག་པའི་མཁས་པ་གྲགས་ཅན་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ Elliot Sperling ལགས་དགུང་ལོ་ ༦༦ ཐོག་གློ་བུར་དུ་དགོངས་པ་རྫོ གས་ཡོད་པ་དང་འབྲེལ། ཁ་སང་ཟླ་ ༢ ཚེས་ ༥ ཉིན་རྒྱབ་འདི་ག་བཞུགས་སྒར་ནོར་བུ་གསོལ་མགྲོན་ཁང་དུ་དམ་པ་ཁོང་གིས་བོད་རིག་པའི་ཐོག་ལ་ཞབས་འདེགས་དང་ཁྱད་པར་དུ་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་པའི་མཛད་རྗེས་ཁག་ཅིག་རྗེས་དྲན་ཞུས་ནས་མྱ་ངན་གུས་འདུད་ཞུས་སོང་། ཁ་སང་གི་འདུ་འཛོམས་དེ་ནི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་སོགས་ཚོགས་པ་ཁག་ལྔས་གོ་སྒྲིག་གནང་ཡོད་པ་རེད།  སྐབས་དེར་རྩོམ་པ་པོ་བུ་ཆུང་ཌི་བསོད་ནམས་ལགས་ཀྱིས་སློབ་དཔོན་ Elliot དམ་པ་དེ་ཉིད་ལ་རྗེས་དྲན་སྙན་རྩོམ་ཕུལ་བ་དང་། དེ་བཞིན་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་ལོ་རྒྱུས་སྨྲ་བ་བཀྲིས་ཚེ་རིང་ལགས་ཀྱིས་སློབ་དཔོན་དེ་ཉིད་ཐོག་མར་བཞུགས་སྒར་དུ་མཇལ་འཕྲད་བྱུང་བ་ནས་མཐར་འཆི་ཁ་མའི་བར་གྱི་ལོ་རྒྱུས་ཆེས་སྙིང་བསྡུས་ཤིག་གསུངས་སོང་། དེའི་ཁྲོད་བཀྲིས་ཚེ་རིག་ལགས་ཀྱིས་སློབ་དཔོན་དམ་པ་དེ་ཉིད་ཕྱི་རྒྱལ་བ་བོད་རིག་པ་གཞན་དང་མི་འདྲ་བ་བོད་པའི་བདེ་སྡུག་ལ་ཚོར་བ་ཡོད་མཁན་ཞིག་ཡིན་པར་འགྲེལ་བརྗོད་གནང་ཡོད།  དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་ལགས་ཀྱིས་ཀྱང་དམ་པ་ཁོང་དང་ཤུལ་ལུས་ནང་མི་རྣམས་ལ་མྱ་ངན་གུས་འདུད་ཡོད་སྐོར་གསུངས་པ་མ་ཟད། སྒོས་སུ་སློབ་དཔོན་དམ་པ་དེ་ཉིད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་གསར་འཛུགས་གནང་སྐབས་ནས་འབྲེལ་བ་ཡོད་པའི་རང་བཙན་འཐབ་རྩོད་ལ་འགྱུར་བ་མེད་པའི་རྒྱབ་སྐྱོར་གནང་ཞིག་ཆགས་ཡོད་པ་གསུངས་སོང་། གཞི་ཙའི་ཨ་རིའི་བོད་རིག་པའི་མཁས་པ་སྐུ་ཞབས་ Elloit ལགས་དམ་པ་དེ་ཉིད་ཨ་རིའི་ Indiana གཙུག་ལག་སློབ་གཉེར་ཁང་གི་དབུས་ཡུ་རོབ་དང་ཨེ་ཤ་ཡ་ཚན་པའི་ནང་ལོ་ངོ་ ༢༩ རིང་སློབ་དཔོན་གྱི་ཕྱག་ལས་གནང་མྱོང་ཡོད་པ་མ་ཟད། ཁོང་ནི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཞིག་ཀྱང་ཡིན་པ་རེད། ཁོང་གིས་ད་བར་རྒྱ་ནག་ཡོན་དང་མིང་། ཆིང་རྒྱལ་རབས་དང་བོད་ཀྱི་འབྲེལ་བའི་སྐོར་ལ་ཞིབ་འཇུག་གནང་པའི་གྲུབ་དོན་དང་། དེ་བཞིན་བོད་རྒྱ་དཀའ་རྙོག་ཅེས་སོགས་བརྩམས་ཆོས་མང་པོ་ཞིག་དེབ་གཟུགས་དང་རྒྱལ་སྤྱིའི་ཐོག་སྙན་གྲགས་ཆེ་བའི་ཚགས་ཤོག་སྟེང་ཐོན་ཡོད་པ་རེད།  བོད་ནང་གི་འགྲོ་མིའི་ཐོབ་ཐང་གི་གནས་སྐོར་དང་འབྲེལ་ཨ་རི་དང་ཡུ་རོབ་རྒྱལ་ཁབ་མང་པོའི་གཞུང་དང་གྲོས་ཚོགས་སུ་ཞུ་གཏུགས་ལན་མང་གནང་ཡོད་པ་རེད།

༸གོང་ས་མཆོག་གིས་ལྡི་ལིར་མི་མང་སྟོང་ཕྲག་བརྒལ་བར་ལམ་སྟོན་བཀའ་སློབ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་བིདྱཱ་ལོཀ་ Vidyaloke  ཞེས་རྒྱ་གར་གནའ་རབས་ལེགས་སྦྱང་སླར་གསོའི་བསྟི་གནས་ཁང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་ Talkatora ཞེས་པའི་རྩེད་ཐང་དུ་མི་མང་སྟོང་ཕྲག་འགར་ལམ་སྟོན་བཀའ་སློབ་བཀྲིན་བསྩལ་གནང་ཡོད་པ་དང་།   རྒྱལ་ས་ལྡི་ལིའི་ནང་གི་སློབ་གྲྭ་གྲགས་ཅན་ཁག་ཅིག་གི་དགེ་ལས་སློབ་ཕྲུག་དང་། ལས་ཁུངས་འདྲ་མིན་གྱི་ལས་བྱེད། དེ་བཞིན་ཕྱི་རྒྱལ་མི་རིགས་བཅས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་འདུ་འཛོམ་བྱུང་ཡོད་པ་རེད། སྐབས་དེར་༸གོང་ས་མཆོག་གིས་ང་ཚོ་ཚང་མ་འགྲོ་བ་མི་ཡིན་པ་གཅིག་པ་རེད། དེས་ན་ངོས་ཀྱིས་རྒྱུན་དུ་འཛམ་གླིང་ནང་ཡོད་པའི་མི་འབོར་དུང་ཕྱུར་བདུན་ལྷག་ཡོད་པ་དེ་དག་གཉིས་སུ་མེད་པ་གནང་དགོས་སྐོར་བཤད་ཀྱི་ཡོད་ལ། ཆོས་ཕྱོགས་ནས་བསམ་བློ་གཏང་ཚེ་ཚང་མ་མཉམ་གནས་བྱ་རྒྱུ་དེ་འགྲོ་ལུགས་དང་མཐུན་པ་ཞིག་ཆགས་ཡོད་པ་མ་ཟད། ཐ་ན་མི་ཙམ་མ་ཟད་སྲོག་ཆགས་གཞན་ལའང་འདོད་པ་དེ་གཅིག་མཚུངས་ཡོད་པ་དང་། དེ་ལོངས་སུ་སྤྱོད་རྒྱུའི་རང་དབང་ཡང་ཡོད་པ་རེད།  ལྷག་པར་དུ་ང་ཚོ་མིའི་རིགས་སུ་སྐྱེས་པ་ནས་མ་ཤི་བར་དུ་བསམ་བློ་གཏོང་སྟངས་དང་། དགའ་སྡུག་གི་འདུ་ཤེས་འཛིན་སྟངས། དེ་བཞིན་ལུས་པོའི་ཁམས་བཅས་ཕྱོགས་གང་ས་ནས་སྐྱེས་མ་ཐག་མི་ཚེ་འདི་བདེ་སྐྱིད་ལྡན་པ་ཞིག་བྱུང་ན་བསམ་པ་གཅིག་མཚུངས་ཡིན་སྟབས། སྐབས་རེ་ངོས་རང་སྒེར་གྱི་བསམ་བློ་གཏོང་ཕྱོགས་ཞིག་ལ་མི་ཚེའི་དགོས་པ་ནི་བདེ་སྐྱིད་ཡོང་ཐབས་བྱེད་རྒྱུ་མིན་ནམ་བསམ་གྱི་འདུག་ཅེས་སྐུ་སྒེར་གྱི་དངོས་མྱོང་དང་འབྲེལ་ཏེ་ལམ་སྟོན་བསྩལ་ཡོད། ང་ཚོ་འཚོ་དང་མ་འཚོ་ཟེར་བ་དེའང་འབྱུང་འགྱུར་གནས་སྟངས་བཟང་པོ་ཞིག་ཡོང་རྒྱུ་རེད་ཅེས་རེ་བ་དེའི་ཐོག་ནས་འཚོ་བཞིན་ཡོད་པ་རེད་ཅེས་བཀའ་བསྩལ་མཛད་སོང་། དེ་བཞིན་༸གོང་ས་མཆོག་གིས་རྩ་བའི་འཛམ་གླིང་འདི་ཐོག་ཡོད་པའི་ཆོས་ལུགས་སོ་སོར་ལྟ་གྲུབ་འདྲ་མིན་ཡོད་ཀྱང་། དེ་དག་ཚང་མའི་དམིགས་ཡུལ་དེ་བརྩེ་བ་དང་བྱམས་སྙིང་རྗེ་སོགས་ཁྱབ་སྤེལ་གནང་རྒྱུ་གཅིག་མཚུངས་ཡིན་སྐོར་བཀའ་གནང་པ་དང་སྦྲགས། དེང་སྐབས་སྟབས་མ་ལེགས་པ་ཞིག་ལ་གཅན་གཟན་སྟག་དང་གླང་པོ་ཆེ་ལྟ་བུས་མི་བསད་འདུག་ཟེར་ན་མི་ཚང་མར་ཧང་སང་བའི་གནས་ཚུལ་ཆགས་ཀྱི་ཡོད་པ་དང་། མིས་མི་བསད་འདུག་ཟེར་ན་སྤྱིར་སྟངས་ལྟ་བུ་ཞིག་ཏུ་ངོས་འཛིན་བཞིན་ཡོད་པ་རེད་ཅེས་བཀའ་གནང་སྟེ། གལ་ཏེ་ང་ཚོས་དུས་རབས་ ༢༠ ནང་ཕྱི་མིག་ཞིག་བལྟ་ཚེ་ལོ་རྒྱུས་སྨྲ་བ་པ་ཚོས་བཤད་པ་ལྟར་མི་ས་ཡ་གཉིས་ལྷག་བསད་པར་ངོས་འཛིན་གྱི་ཀྱི་ཡོད་པ་རེད། དེས་ན་དཀའ་སྡུག་ཚད་མེད་ཀྱི་འོག་མི་གསོད་ཁྲག་སྦྱོར་བྱུང་བའི་ལོ་རྒྱུས་ལས་སློབ་གསོ་ལེན་ནས་མི་རབས་གཞོན་པ་ཚོས་དུས་རབས་ ༢༡ པ་འདི་བདེ་སྐྱིད་ལྡན་པའི་དུས་རབས་ཤིག་བསྐྲུན་ཐབས་བྱེད་དགོས་པ་སོགས་ཀྱི་ལམ་སྟོན་བཀའ་སློབ་རྒྱ་ཆེ་བསྩལ་ཡོད་པ་རེད། གཞན་ཡང་༸གང་ཉིད་མཆོག་གིས་མང་ཚོགས་རྣམས་ལ་བརྗོད་གཞི་དང་འབྲེལ་ནས་བཀའ་སློབ་གནང་དོན་ལ་རྒྱ་གར་གྱི་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་ལྟ་གྲུབ་དང་འཚེ་མེད་ཞི་བའི་ལྟ་གྲུབ་གཉིས་ད་ལྟའི་འཛམ་བུ་གླིང་འདིར་ཤིན་ཏུ་ནས་འོས་ཤིང་འཚམ་པ་ཞིག་ཡོད་པ་མ་ཟད། དངོས་ཡོད་ཀྱི་གནས་སྟངས་ཆ་ནས་ཀྱང་ང་ཚོ་ཚང་མ་བྱམས་པ་དང་བརྩེ་གདུང་ཀྱི་ཚོར་བ་ཡོད་པའི་སྤྱི་ཚོགས་གཅིག་གི་སེམས་ཅན་གཅིག་མཚུངས་ཡིན་སྟབས། ང་ཚོར་མའི་མངལ་ནས་བྱམས་བརྩེའི་ས་བོན་དེ་ཡོད་པ་ཡིན་དུས་ང་ཚོས་རྣམ་དཔྱོད་དེ་སྤྱོད་ནས་བྱམས་བརྩེའི་ས་བོན་དེ་ཕྱོགས་ལྷུང་མེད་པ་ཞིག་ཡོང་ཐབས་འབད་དགོས་ཞེས་གསུངས་པ་དང་ཆབས་ཅིག རིམ་པས་རྣམ་དཔྱོད་དེའི་ཐོག་ནས་ས་བོན་དེ་རྒྱ་སྐྱེད་བྱེད་དགོས་ཞིང་། དེ་ཡང་རྣམ་འགྱུར་ལ་ལྟོས་མེད་ཀྱིས་འགྲོ་བ་མི་ཞིག་ཡིན་པའི་འདུ་ཤེས་འཛིན་ཐོག་རང་ཉིད་བདེ་སྐྱིད་འདོད་པ་ལྟར་གཞན་དེ་བདེ་སྐྱིད་འདོད་པ་གཅིག་མཚུངས་ཡིན་པ་ཚོར་དགོས་སྐོར་སོགས་བཀའ་སློབ་བཀྲིན་ཆེ་བ་བསྩལ་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་དུང་དེང་སྐབས་རྒྱ་གར་བ་མི་སྒེར་པ་དང་ཚོགས་པ་ཁག་ཅིག་གིས་རང་ཉིད་ལ་སྔ་མོ་ནས་ཤིན་ཏུ་ཕྱུག་པའི་རིག་གཞུང་དེ་ངོས་ཟིན་ཐོག་དེར་དོ་སྣང་དང་སླར་གསོ་ཡོང་ཐབས་གནང་གི་ཡོད་པ་མ་ཟད། སྐབས་བབ་ Max སྨན་ཁང་གི་སྦྱིན་བདག་དང་ད་རེས་མང་ཚོགས་ཀྱི་གསུང་བཤད་ལས་རིམ་མཐུན་འགྱུར་གནང་མཁན་སྐུ་ཞབས་ Veer Singh  མཆོག་ལ་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། ལས་དོན་འདི་འཛམ་གླིང་སྤྱིའི་བདེ་དོན་ཙམ་མིན་པར་འཛམ་གླིང་སྤྱིའི་ཁོར་ཡུག་དང་ཡང་འབྲེལ་བ་ཡོད་པ་རེད་ཅེས་བཀའ་བསྩལ་མཛད་སོང་།

རེས་གཟའ་ཉི་མ། ༢༠༡༧།༠༢།༠༥

ཉན་པ།: Listen ཕབ་ལེན། Download གཟའ་འཁོར་གཅིག་གི་གལ་ཆེ་གསར་འགྱུར་བསྐྱར་ཞིབ། Sunday 05/02/2017 Week Review

རེས་གཟའ་སྤེན་པ། ༢༠༡༧།༠༢།༠༤

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་དེ་སྔ་བོད་ནང་བཀའ་བསྟན་གཉིས་ལ་དོ་སྣང་དེ་ཙམ་གནང་མེད་པ་དེ་འཐུས་ཤོར་ཞིག་ལ་གཟིགས་ཀྱི་ཡོད་པ་བཀའ་བསྩལ་བ། ༢༠༡༧’༡༨ ལོའི་སྔོན་རྩིས་འཆར་འབུལ་ཐོག་བཀའ་ཤག་གིས་རྒྱབ་གཉེར་གཏན་འབེབས་གནང་པ། འཇར་མན་སྲིད་བློན་མཆོག་ནས་སྐུ་ཞབས་རིཅཊ་གྷེར་ལགས་དང་ལྷན་བོད་དོན་བཀའ་བསྡུར་གནང་རྒྱུ། རྡ་རམ་ས་ལ་རྒྱ་གར་གྲོང་སྡེ་ལས་ཁུངས་སུ་བོད་པའི་འཐུས་མི་གཅིག་ཐེངས་དང་པོ་མིང་འདོན་གནང་འདུག གསུང་ཆོས་ལེ་ཚན། ༸གོང་ས་མཆོག་གིས་མ་ཎི་ཡིག་དྲུག་གི་གོ་དོན་ངོ་སྤྲོད། Saturday 04/02/2017 Dalai Lama concludes two days teaching in Delhi Dalai Lama to address UC San Diego commencement ceremony in June Louisville Mayor announces Dalai Lama’s visit to Louisville cancelled Kashag finalises consolidated budget for financial year 2017–2018 In a first, Tibetan is appointed councillor in Dharamshala Municipal Corporation FEATURE: Dalai Lama’s teaching on Six Syllables of Mani in Ladakh

༸གོང་ས་མཆོག་གིས་བོད་ནང་བཀའ་བསྟན་གཉིས་ལ་དོ་སྣང་དེ་ཙམ་གནང་མེད་པ་དེ་འཐུས་ཤོར་ཞིག་ལ་གཟིགས་ཀྱི་ཡོད་པ་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་བྱས་པའི་རྒྱ་གར་གནའ་རབས་ཀྱི་རིག་གནས་དང་ལེགས་བྱང་བསྐྱར་གསོ་བསྟི་གནས་ཁང་བིདྱཱ་ལོཀ་འམ་འཇིག་རྟེན་གྱི་སྣང་གསལ་ཞེས་པས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། མགོན་པོ་༸གང་ཉིད་མཆོག་གིས་དེ་རིང་སྔ་དྲོ་ཚོུད་ ༨།༣༠ སྟེང་ཉིན་གཉིས་པའི་ཆོས་འབྲེལ་མུ་མཐུད་བསྐྱངས་གནང་ཡོད་པ་དང་། སྐབས་དེར་༸གོང་ས་མཆོག་གིས་དེ་སྔོན་བོད་ནང་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་བཞག་པའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་བཀའ་འགྱུར་དང་བསྟན་འགྱུར་བཅས་ལ་དོ་སྣང་དེ་ཙམ་མེད་པར་གསང་སྔགས་ཀྱི་ཆོས་ལ་དོ་སྣང་ཆེན་པོ་གནང་པ་དེ་འཐུས་ཤོར་ཆེན་པོ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་ཅེས་བཀའ་སློབ་བསྩལ་གནང་སོང་། ཁ་སང་ཚེས་ ༣ ཉིན་དབུ་འཛུགས་ཀྱིས་དེ་རིང་བར་ཉིན་གྲངས་གཉིས་རིང་གི་ཆོས་འབྲེལ་དེ་ནི་བིདྱཱ་ལོཀ་ཞེས་པ་རྒྱ་གར་གྱི་སྤྱི་ཚོགས་ནང་དཔལ་འབྱོར་དང་ཤེས་ཡོན་སོགས་ཀྱི་དྲག་རིམ་མི་སྣའི་གཞོན་སྐྱེས་ཚོགས་པ་ཞིག་གིས་གསོལ་འདེབས་ཞུས་པ་ཞིག་ཡིན་པ་རེད། ཆོས་འབྲེལ་དེའི་དམིགས་ཡུལ་གཙོ་བོ་ནི་རྒྱ་གར་གཞོན་སྐྱེས་དང་ལྷག་པར་དུ་སྤྱི་ཚོགས་ཁྱོན་ཡོངས་ཀྱི་ཁྲོད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱུན་དུ་ཡང་ནས་ཡང་དུ་བཀའ་སྩལ་གནང་བཞིན་པའི་རྒྱ་གར་གྱི་ཕ་མེས་ནས་ཡོད་པའི་ལེགས་བྱང་བཟང་པོ་དེ་མི་ཉམས་རྒྱུན་འཛིན་ཡོང་ཐབས་དང་། ད་ལྟའི་དུས་རབས་དང་མཐུན་པའི་ལེགས་བྱང་འདི་འཛམ་གླིང་སྤྱིའི་བདེ་དོན་ལ་ཕན་རླབས་ཆེན་པོ་ཞིག་བསྐྲུན་རྒྱུའི་ནུས་པ་ལྡན་ཡོད་སྟབས། ཆོས་ལུགས་མཐུན་འབྲེལ་དང་ཆོས་དང་མ་འབྲེལ་བའི་བཟང་པོའི་ཡོན་ཏན་གྱི་རིན་ཐང་དེ་དག་རྒྱ་གར་སྤྱི་ཚོགས་ཁྲོད་ལ་ངོ་སྤྲོད་གསལ་པོ་གནང་རྒྱུ་དང་། རྒྱ་གར་མང་ཚོགས་ཀྱིས་ལེགས་བྱང་དེའི་རིན་ཐང་ཤེས་ཐོག་དེ་དག་ཉམས་པ་སོར་ཆུད་གནང་སྟེ་རང་ཉིད་ཀྱི་སྤྱི་ཚོགས་གཙོས་འགྲོ་བ་སྤྱིར་ཕན་ཐོགས་ཡོང་བ་བཅས་ལ་དམིགས་པ་ལྟར་ཆོས་འབྲེལ་གོ་སྒྲིག་ཞུ་མཁན་ཚོས་ཀྱང་དཔལ་མགོན་ཀླུ་སྒྲུབ་ཀྱིས་མཛད་པའི་བཤེས་སྤྲིངས་ཀྱི་བཀའ་ཆོས་གསོལ་འདེབས་ཞུས་ཡོད་པ་རེད། ཆོས་འབྲེལ་དབྱིན་སྐད་གསུང་བསྒྱུར་བ་ལྡི་ལི་བོད་ཁང་གི་ངེས་སྟོན་པ་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་སུ་བཀའ་ཆོས་ཐོག་ཕེབས་པའི་རྒྱ་གར་གྱི་དྲག་རིམ་མི་སྣ་ཚོས་དོ་དབྱིངས་ཇི་ཙམ་གནང་གི་ཡོད་མེད་སོགས་ཀྱི་ཐོག་བཀའ་འདྲི་ཞུས་པར་ཁོང་གིས་ཁ་སང་ཆོས་འབྲེལ་ཉིན་དང་པོའི་ཐོག་༸གོང་ས་མཆོག་གིས་ཁོང་རྣམས་ལ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཐོག་བཀའ་ནན་གནང་ནས་བཟང་སྤྱོད་དེ་ཡོང་ས་ནི་རྒྱ་གར་འཕགས་པའི་ཡུལ་རང་ནས་ས་སྐྱེས་རྡོ་སྐྱེས་ལྟ་བུ་ཤིག་ཡིན་སྐོར་ངོ་སྤྲོད་གནང་སྟབས། ཚོགས་བཅར་བ་རྣམས་ནས་ཞེ་དྲག་གིས་དགའ་སྣང་ཆེན་པོ་གནང་བཞིན་ཡོད་པ་སོགས་གསུངས་སོང་། ཤེས་རྟོགས་བྱུང་བར་གཞིགས་ན། སང་ཟླ་ ༢ ཚེས་ ༥ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེང་གི་དུས་སུ་རྒྱ་གར་གནའ་བོའི་ཤེས་བྱ་བསྐྱར་གསོ་གནང་ཕྱོགས་ཐོག་མང་ཚོགས་ལ་བཀའ་བསྩལ་མཛད་རྒྱུ་དང་ཚེས་ ༦ ཉིན་ཁུལ་དེའི་རྒྱ་གར་རིག་གཞུང་བསྟི་གནས་ཁང་དུ་བདེ་སྐྱིད་ཀྱི་རྩ་བ་ནི་སྙིང་རྗེ་དང་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་རྒྱུ་ཡིན་པ་རེད། དེ་བཞིན་ཚེས་ ༧ དང་ ༨ ཉིན་ Jesus and Mary མཐོ་རིམ་སློབ་གཉེར་ཁང་དུ་བྱམས་བརྩེ་དང་འཇིག་རྟེན་ཀུན་ཁྱབ་འགན་ཁུར་ཐོག་བཀའ་སློབ་དང་མཐར་ཚེས་ ༩ ཉིན་ Vivekananda International Foundation བཅས་ལ་ཆིབས་བསྒྱུར་གྱིས་བཀའ་སློབ་བསྩལ་རྒྱུ་སོགས་ཀྱི་མཛད་འཆར་ཁག་བང་སྒྲིག་ཡོད་པ་རེད།

རེས་གཟའ་པ་སངས། ༢༠༡༧།༠༢།༠༣

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་ད་ལྟའི་དུས་རབས་དེ་བདེ་སྐྱིད་ལྡན་པ་ཞིག་ཡོང་རྒྱུ་ངའི་རེ་བ་ཡིན་ཞེས་བཀའ་སྩལ་འདུག གཞས་པ་ཕུལ་བྱུང་དང་གྲྭ་ཡོན་ཏན་ལགས་གློད་བཀྲོལ་ཐོབ་པ། སྲིད་སྐྱོང་མཆོག་གིས་ཐེངས་འདིའི་ཉི་ཧོང་ནང་གི་གཞུང་འབྲེལ་ཕྱོགས་བསྐྱོད་དེ་གལ་ཆེན་པོ་ཞིག་ཏུ་གསུངས་སོང་། རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་༢༤ ཕྱི་ཟླ་བཞི་པའི་ནང་ཚོགས་རྒྱུ། བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད། བོད་པ་ཁ་ཆེའི་སྤྱི་ཚོགས་སྐོར། Friday 03/02/2017 Dalai Lama begins 2 days teaching to youth group in Delhi Tibetan singer released after almost four years imprisonment Sikyong embarks on 2 weeks trip to Japan 24th Gyalyum Chenmo tournament to be held in Kollegal, registrations to close soon DIASPORA FEATURE: Tibetan Muslim Community in Srinagar

ད་ལྟའི་དུས་རབས་འདི་བདེ་སྐྱིད་ལྡན་པ་ཞིག་ཡོང་རྒྱུ་ནི་༸གང་ཉིད་ཀྱི་ཐུགས་རེ་ཡིན་ཅེས་བཀའ་བསྩལ་བ།

དེ་རིང་ཟླ་ ༢ ཚེས་ ༣ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་ས་ལྡི་ལིའི་ནང་རྒྱ་གར་གྱི་ས་གནས་གང་ས་ནས་ཕེབ ས་པའི་ཤེས་ཡོན་ཅན་གྱི་ན་གཞོན་ཕོ་མོ་ཁྱོན་ ༤༠༠  ལྷག་ལ་དུས་རབས་ཉི་ཤུ་དང་ཉེར་གཅིག་གི་མགོ་སྟོད་དུ་ལྟ་གྲུབ་ཕན་ཚུན་དབར་མ་མཐུན་པ་དང་། ལམ་ལུགས་འདྲ་མིན། དེ་བཞིན་རྒྱལ་ཁབ་ཕན་ཚུན་གྱི་ཞེན་ཁོག་སོགས་གི་མིང་ཐོག་ནས་འཛམ་གླིང་ནང་མི་གསོད་ཁྲག་སྦྱོར་གྱི་དཀའ་ངལ་སྣ་ཚོགས་པ་ཞིག་འཕྲད་མྱོང་ཡོད་སྐོར་དྲན་སྐུལ་གནང་པ་དང་སྦྲགས། ༸གོང་ས་མཆོག་གི་ངོས་ནས་ད་ལྟའི་དུས་རབས་འདི་ཞི་ཞིང་བདེ་སྐྱིད་ལྡན་པ་ཞིག་ཡོང་རྒྱུ་ནི་༸གང་ཉིད་ཀྱི་ཐུགས་རེ་གནང་གི་ཡོད་ཅེས་བཀའ་སློབ་བསྩལ་བ་མ་ཟད། རྒྱ་གར་གྱི་མི་རབས་གཞོན་པ་ཚོར་གནའ་སྔ་མོ་ནས་ཡོད་པའི་སོ་སོའི་རིག་གཞུང་བཟང་པོ་དེའི་བརྒྱུད་ནས་སྤྱིར་སོ་སོའི་རྒྱལ་ཁབ་དང་མི་རིགས་སྒོས་འཛམ་གླིང་སྤྱིའི་ཞི་བདེ་གོང་འཕེལ་ཡོང་ཕྱིར་ཞབས་འདེགས་རླབས་ཆེན་ཞུ་ཐུབ་པའི་ནུས་པ་ཡོད་སྐོར་སོགས་ལམ་སྟོན་བཀའ་སློབ་རྒྱ་ཆེ་བསྩལ་ཡོད་པ་རེད། འཇིག་རྟེན་གྱི་སྣང་གསལ་ཞེས་པ་རྒྱ་གར་གྱི་སྔ་མོའི་རྒྱ་གར་གྱི་རིག་གཞུང་བསྐྱར་གསོའི་ལས་འཆར་གྱི་ན་གཞོན་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། མགོན་པོ་༸གང་ཉིད་མཆོག་གིས་ལྡི་ལི་གསར་པའི་ཨབ་དུལ་ཀ་ལམ་ལམ་གཞུང་ཁུལ་དུ་རྟེན་གཞི་བྱས་པའི་ཁང་ཨང་། ༡༥ ནང་རྒྱ་གར་གྱི་མངའ་སྡེ་འདྲ་མིན་ནས་ཕེབས་པའི་ཤེས་ཡོན་ཅན་གྱི་ན་གཞོན་ཕོ་མོ་ཁྱོན་  ༤༠༠   ལྷག་ལ་བཤེས་སྤྲིངས་ཀྱི་ཆོས་འབྲེལ་བཀྲིན་བསྩལ་གནང་ཡོད་པ་རེད། ༸གོང་ས་མཆོག་གིས་ཆོས་འབྲེལ་དངོས་གཞི་དབུ་འཛུགས་མ་གནང་གོང་༸གང་ཉིད་ཀྱིས་ངོས་རང་གི་རེ་བ་དེ་དེ་རིང་ང་ཚོ་འདིར་འདུ་འཛོམས་བྱུང་བ་འདི་ཆོས་བཤད་བྱེད་རྒྱུ་ཙམ་དང་། ལྷག་དོན་ནང་པ་སངས་རྒྱས་པའི་ཆོས་འགྲེལ་བཤད་བྱེད་རྒྱུ་ཙམ་ཞིག་མིན་པར། ད་ལྟའི་དུས་རབས་འདི་ཞི་ཞིང་བདེ་སྐྱིད་ལྡན་པ་ཞིག་ཡོང་རྒྱུ་ནི་དམིགས་ཡུལ་གཙོ་བོ་རེད། གལ་སྲིད་མིའི་འཇིག་རྟེན་གོ་ལ་འདི་བདེ་སྐྱིད་ལྡན་པ་ཞིག་ཡོད་ཚེ་ང་ཚོ་འདིར་འདུ་འཛོམས་གནང་དགོས་དོན་མེད་པ་རེད། འོན་ཀྱང་ང་ཚོས་ཕྱིར་མིག་ཞིག་བལྟ་བ་ཡིན་ན་དུས་རབས་ཉི་ཤུ་དང་ཉེར་གཅིག་གི་མགོ་སྟོད་དུ་ལྟ་གྲུབ་ཕན་ཚུན་དབར་མ་མཐུན་པ་དང་། ལམ་ལུགས་འདྲ་མིན། དེ་བཞིན་རྒྱལ་ཁབ་ཕན་ཚུན་གྱི་ཞེན་ཁོག་སོགས་གི་མིང་ཐོག་ནས་འཛམ་གླིང་ནང་མི་གསོད་ཁྲག་སྦྱོར་གྱི་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་རེད། ད་ལྟའི་དུས་སྐབས་འདིར་གཞིགས་ན་མིའི་བསམ་བློ་ལ་འགྱུར་བ་ཞིག་སླེབས་ཡོད་པ་དང་། དེ་ལྟར་སླེབས་ཡོད་པའི་དཔེ་མཚོན་གསལ་པོ་ཞིག་ནི་གནའ་སྔ་མོ་ཡིན་ན་རྒྱལ་ཁབ་གཅིག་གིས་ཁྱིམ་མཚེས་རྒྱལ་ཁབ་གཞན་ཞིག་ལ་དམག་དྲངས་པ་ཡིན་ན། རྒྱལ་ཁབ་དེའི་མི་རིགས་ཀྱིས་དྲི་བ་གང་ཡང་མེད་པའི་ཐོག་སྤོབས་པ་དང་བཅས་དམག་དེར་རྒྱབ་སྐྱོར་གྱིས་མཉམ་ཞུགས་གནང་གི་ཡོད། འོན་ཏང་དེང་གི་ཆར་གནས་སྟངས་དེར་འགྱུར་ལྡོག་ཕྱིན་ཡོད་པ་རེད། དཔེ་མཚོན་ཡག་ཤོས་ནི་ཝིཏ་ནམ་དམག་འཁྲུག་ཆེན་པོའི་སྐབས་མི་གསོད་ཁྲག་སྦྱོར་ཤུགས་ཆེན་པོ་བྱུང་ཡོད་པ་དེར་བློ་འགྱོད་ཆེན་པོ་ཡོང་གི་ཡོད་པ་རེད།  གནས་སྟངས་དེ་དག་ལ་བལྟ་ཚེ་ད་ཆ་མི་མང་ཆེ་བས་ཞི་བདེར་མོས་པ་བྱེད་ཀྱི་ཡོད་པ་གསལ་པོ་ཞིག་ཡིན་སྐོར་ལམ་སྟོན་མཛད་སོང་། དེ་བཞིན་༸གོང་ས་མཆོག་གིས་རྒྱ་གར་རྒྱལ་ཁབ་འདི་ནི་མི་འབོར་མང་ཤོས་དང་མང་གཙོ་ཡང་དག་པའི་རྒྱལ་ཁབ་ཅིག་ཡིན་སྟབས། ངོས་རང་གི་ངོས་ནས་འཛམ་བུ་གླིང་འདིའི་ནང་རྒྱལ་ཁབ་ཁག་ ༢༠༠ ལྷག་ཡོད་པ་ལས་རྒྱ་གར་འདི་ཞི་བདེའི་ཐོག་ཕྱག་ལས་གནང་ཐུབ་མཁན་གྱི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་ཞུ་མུས་ཡིན་ཅེས་བཀའ་བསྩལ་བ་དང་། དེའང་རྒྱ་གར་ལ་ཕ་མེས་ནས་ཡོད་པའི་རིག་གཞུང་བཟང་པོ་དེ་དང་དེང་དུས་ཀྱི་ཤེས་ཡོན་བཅས་ཕྱོགས་གཉིས་ཀའི་མཐུན་རྐྱེན་འཛོམས་ཡོད་པས་དེ་གཉིས་ཟུང་འབྲེལ་ཐོག་ནས་ཐོག་མར་རང་ཉིད་ཀྱི་རྒྱལ་ཁབ་ཀྱི་ངལ་བ་ཁག་སེལ་ཐབས་བྱ་དགོས་པ་དང་། དེ་ལྟར་བྱེད་ཐུབ་ན་རྒྱ་གར་དེ་དྲང་བདེན་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་དང་། ལྷག་དོན་དེའི་བརྒྱུད་ནས་སོ་སོའི་སྤྱི་ཚོགས་ཀྱི་དཔལ་འབྱོར་དབུལ་ཕྱུག་གི་དཀའ་ངལ།   སྤྱོ་ཚོགས་ཁྱོན་ཡོངས་ཞི་བདེ་ལྷིང་འཇག་ཡོད་པ་ཞིག་བྱུང་ཚེ་རྒྱལ་ཁབ་ཀྱང་བདེ་འཇགས་ལྡན་པ་ཞིག་ཡོང་ངེས་ཡིན་སྐོར་གསུངས་པ་དང་ཆབས་ཅིག  ཁྱེད་རང་ཚོར་འཛམ་གླིང་སྤྱིར་ཕན་པའི་གོ་སྐབས་དང་མཐུན་རྐྱེན་བཅས་ཀྱི་ནུས་པ་ལྡན་ཡོད་སྟབས། ད་ཆ་ང་ཚོས་ཁ་ནས་བཤད་པ་ཙམ་མིན་པར་དོན་འཁྱོལ་ཡོང་བར་འབད་དགོས་པ་དང་། དེར་ཆོས་ལུགས་མཐུན་འབྲེལ་དང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་ལྟ་གྲུབ་དེ་ཁྱབ་སྤེལ་གནང་དགོས་ཞེས་སོགས་ལམ་སྟོན་རྒྱ་ཆེ་བསྩལ་རྗེས་བཀའ་ཆོས་དབུ་འཛུགས་མཛད་ཡོད། གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་སང་བཞུགས་སྒར་དྷ་ས་ནས་ཕེབས་ཐོན་གྱིས་རྒྱལ་ས་ལྡི་ལིར་༸ཞབས་སོར་བདེ་བར་འཁོད་ཡོད་པ་རེད། ༸གང་ཉིད་མཆོག་གིས་རྒྱལ་ས་ལྡི་ལིའི་ནང་མང་ཚོགས་ལ་བཀའ་སློབ་བསྩལ་རྒྱུ་སོགས་ཀྱི་མཛད་འཆར་ཁག་ཅིག་གོ་སྒྲིག་ཞུས་ཡོད་པ་རེད། དེའང་དེ་རིང་ཟླ་ ༢ ཚེས་ ༣ དང་ ༤ བཅས་ལ་ཁུལ་དེའི་ Vidyaloke ཞེས་པའི་རྒྱ་གར་ན་གཞོན་ཤེས་ཡོན་ཚོགས་ཆུང་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ Talkatora རྩེད་ཐང་དུ་རྒྱ་གར་གྱི་ན་གཞོན་དད་ལྡན་ཚོར་དཔལ་མགོན་ཀླུ་སྒྲུབ་ཀྱིས་མཛད་པའི་བཤེས་སྤྲིངས་བཀའ་ཆོས་བསྩལ་རྒྱུ་དང་། ཚེས་ ༥ ཉིན་དེང་གི་དུས་སུ་རྒྱ་གར་གནའ་བོའི་ཤེས་བྱ་བསྐྱར་གསོ་གནང་ཕྱོགས་ཐོག་མང་ཚོགས་ལ་བཀའ་བསྩལ་མཛད་རྒྱུ། དེ་རྗེས་ཚེས་ ༦ ཉིན་ཁུལ་དེའི་རྒྱ་གར་རིག་གཞུང་བསྟི་གནས་ཁང་དུ་བདེ་སྐྱིད་ཀྱི་རྩ་བ་ནི་སྙིང་རྗེ་དང་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་རྒྱུ་ཡིན་པ་རེད། དེ་བཞིན་ཚེས་ ༨ ཉིན་ Jesus and Mary མཐོ་རིམ་སློབ་གཉེར་ཁང་དུ་བྱམས་བརྩེ་དང་འཇིག་རྟེན་ཀུན་ཁྱབ་འགན་ཁུར་ཐོག་བཀའ་སློབ་དང་མཐར་ཚེས་ ༩ ཉིན་ Vivekananda International Foundation བཅས་ལ་ཆིབས་བསྒྱུར་གྱིས་བཀའ་སློབ་བསྩལ་རྒྱུ་སོགས་ཀྱི་མཛད་འཆར་ཁག་བང་སྒྲིག་ཡོད་པ་རེད།

གླུ་བ་ཨ་མཆོག་ཕུལ་བྱུང་ལགས་དང་གྲྭ་ཡོན་ཏན་ལགས་གློད་བཀྲོལ་ཐོབ་འདུག

ཁ་སང་ཟླ་ ༢ ཚེས་ ༢ ཉིན་སྔ་དྲོ་རྔ་པ་བོད་རིགས་རང་སྐྱོང་ཁུལ་ཁྱུང་མཆུ་རྫོང་ཨ་མཆོག་ཡུལ་ཚོ་ནས་ཡིན་པའི་གླུ་བ་གྲགས་ཅན་ཨ་མཆོག་ཕུལ་བྱུང་ལགས་ལོ་བཞིའི་རིང་གི་བཙོན་འཇུག་དུས་ཡུན་གཙང་སྟེ་སི་ཁྲོན་མིན་ཡཱང་བཙོན་ཁང་ནས་གློད་བཀྲོལ་བཏང་འདུག རྩ་བའི་ཨ་མཆོག་ཕུལ་བྱུང་ལགས་ཀྱིས་ ༢༠༡༢ ལོར་གླུ་གཞས་ཆེད་བསྒྲིགས་ཀྱི་འོད་སྡེར་ལྔ་པ་ཁུར་གྱིས་རྣོན་པའི་ང་ཚོ་ཞེས་པའི་ནང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་རྣམ་གཉིས་ཀྱི་གཙོས། རྒྱལ་གཅེས་པ་རྣམས་ལ་བསྟོད་གླུ་དང་། དེ་བཞིན་བོད་གཞིས་བྱེས་གཉིས་ལྷན་འཛོམས་ཀྱི་སྨོན་ཚིག་སོགས་གསུང་ཡོད་པ་རེད། རྒྱ་གཞུང་གིས་སྐབས་དེར་ཁོང་འཛིན་བཟུང་བྱ་དགོས་པའི་བཀའ་རྒྱ་བཀྲམས་པར་བརྟེན་ཨ་མཆོག་ཕུལ་བྱུང་ལགས་རེ་ཞིག་རི་སྒང་དང་ས་གནས་གཞན་དུ་ཉེན་ཡོལ་ཕེབས་ཡོད་ཀྱང་། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༣ ཉིན་གྱི་བོད་ནང་གི་དགོང་དྲོའི་ཚོུད་ ༨།༠༠ ཡས་མས་སུ་རྒྱ་གཞུང་གི་ས་གནས་ཉེན་རྟོག་པས་ཁོང་འབར་ཁམས་གྱི་ཇ་ཁང་ཞིག་ནས་འཛིན་བཟུང་བྱས་པ་མ་ཟད། ཡུན་རིང་ཞིག་ལ་ཁོང་གི་གནས་སྟངས་ཇི་ཆགས་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་གྱུར་ཡོད་པ་དང་། མཐར་ཁྲིམས་ཐག་བཅད་དེ་སི་ཁྲོན་མེན་ཡཱང་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་ཤེས་རྟོགས་ཐུབ་ཡོད། གཞི་རྩའི་ཨ་མཆོག་ཕུལ་བྱུང་ལགས་ནི་རྔ་པ་བོད་རིགས་རང་སྐྱོང་ཁུལ་ཁྱུང་མཆུ་རྫོང་ཨ་མཆོག་ཡུལ་ཚོ། ཨ་མཆོག་སྟོད་མ་སྡེ་བའི་ཕ་སྒྲོལ་མ་སྐྱབས་དང་མ་སྒྲོལ་མ་གཉིས་ཀྱི་བུ་ཡིན་ཞིང་། ཆུང་དུས་སློབ་གྲྭ་ཆུང་འབྲིང་འགྲིམས་མྱོང་ཡོད་པ་དང་།  ཁོང་ལ་ལྷན་སྐྱེས་ཀྱི་སྐད་ངག་སྙན་པོ་ཡོད་ཁར་རྒྱ་གཞུང་གི་བཙན་གནོན་ལ་འཛེམས་མེད་ཀྱིས་བོད་མི་རིགས་ཀྱི་བདེ་སྡུག་དང་ལ་རྒྱའི་གླུ་གཞས་མང་པོ་བླངས་སྟབས། ས་གནས་བོད་མི་ཚོས་ཁོང་ལ་ལ་རྒྱའི་གླུ་བ་ཅེས་པའི་མཚན་འབོད་ཀྱི་ཡོད་པ་རེད། ད་བར་ཁོང་གིས་གླུ་གཞས་འོད་སྡེར་ལྔ་ལྷག་འགྲེམས་སྤེལ་གནང་ཡོད་པ་དང་། དེ་དག་ལ་བོད་གཞིས་བྱེས་གཉིས་ནས་དགའ་མོས་ཆེན་པོ་གནང་བཞིན་ཡོད་པ་རེད། དུས་མཚུངས་ཡང་མདོ་སྨད་མཛོད་དགེ་རྫོང་ཁོངས་སོག་ཚང་དགོན་པའི་རང་ལོ་ ༣༧ ཡས་མས་ཡིན་པའི་གྲྭ་ཡོན་ཏན་ཞི་ཕྲུག་ཞུ་བའི་བོད་མི་ཆབ་སྲིད་བཙོན་པ་གཞན་ཞིག་ཀྱང་ལོ་གསུམ་དང་ཟླ་བ་དྲུག་བཙོན་འཇུག་མྱངས་རྗེས་ཕྱི་ཟླ་ ༡ ཚེས་ ༣༡ ཉིན་གློད་བཀྲོལ་ཐོབ་འདུག རྩ་བའི་གྲྭ་ཡོན་ཏན་ལགས་༢༠༡༣ལོར་འཛིན་བཟུང་བྱས་ཡོད་པ་དེ་ཡང་། རྒྱ་ནག་གཞུང་གིས་ལོ་དེའི་ཕྱི་ཟླ་ ༧ པའི་ནང་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་པ་དཀོན་མཆོག་བསོད་ནམས་ལགས་དང་འབྲེལ་གཏགས་ནས་ཕྱི་ཟླ་ ༧ ཚེས་ ༣༡ ཉིན་འཛིན་བཟུང་གིས་ཁྲིམས་བཅད་ཡོད་པ་རེད།

རེས་གཟའ་ཕུར་བུ། ༢༠༡༧།༠༢།༠༢

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་བཞུགས་སྒར་ནས་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་བསྐྱངས་པ། བེུད་ཀྱི་ནུས་སྟོབས་སྤེལ་བའི་སྲིད་བྱུས་ལ་བསྐྱར་ཞིབ་ཀྱིས་གཏན་འབེབས་གནང་པ། རྒྱ་གཞུང་གིས་སོག་རྫོང་གི་ལྷ་ཁང་ཁག་ཅིག་གཏོར་གཤིག་གཏོང་བཞིན་པ། ཨ་རིའི་ཕྱི་སྲིད་བློན་ཆེན་གསར་པས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་གསུངས་འདུག བོད་རིག་པའི་མཁས་པ་དང་བོད་དོན་རྒྱབ་སྐྱོར་བ་ཞིག་འདས་གྲོངས་སོང་བར་བོད་མི་ཚོས་མྱ་ངན་གུས་འདུད། འཕྲོད་བསྟེན་ཤེས་བྱ། ཕོ་བའི་ནད་རྟགས་དང་སྔོན་འགོག Thursday 02/02/2017 Dalai Lama leaves for 16 days trip to Delhi and Andhra Pradesh CTA releases 15th Kashag’s Revised Women Empowerment Policy China destroys over 20 Tibetan temples in Sog County, Tibet New US Secretary of State assures support for Tibet issue Renowned Tibetologist Elliiot Sperling passes away at 66 HEALTH FEATURE: Dr. Rinzin Sangmo on Symptoms and Precaution of Gastroenteritis

Latest news