Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: February, 2017

བོད་མིའི་སྒྲིག་འཛུགས་ཀྱི་བཀའ་སྤྱི་གཉིས་ནས་ལོ་གསར་ལ་འཚམས་འདྲི་གནང་པ།

དེ་རིང་ཟླ་ ༢ ཚེས་ ༢༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་རྒྱལ་ལོ་ ༢༡༤༤ རབ་གནས་མེ་བྱ་ལོའི་གནམ་ལོ་གསར་དུ་བཞད་པའི་མཚམས་འདིར། གཞིས་བྱེས་བོད་མི་གཙོ་བོར་གྱུར་བའི་རྒྱ་གར་གཞུང་མང་གཉིས་དང་བོད་དོན་རྒྱབ་སྐྱོར་བ་སོགས་ལ་བཀྲིས་པའི་འཚམས་འདྲི་གནང་སོང་། དེའང་འདི་ག་རླུང་འཕྲིན་ཁང་བརྒྱུད། སྲིད་སྐྱོང་མཆོག་གིས་ལོ་གསར་ལ་འཚམས་འདྲི་བསྩལ་དོན།  བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་བཅས་པའི་བསྟན་བདག་བླ་ཆེན་རྣམ་པ། གཞིས་བྱེས་གཉིས་སུ་གནས་པའི་བོད་རིགས་སྤུན་ཟླ་རྣམ་པ། རྒྱ་གར་གཞུང་མང་གཉིས་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཡོད་པའི་བོད་རིགས་གྲོགས་པོ་གྲོགས་མོ་བཅས་ལ་བཀའ་ཤག་དང་སྲིད་སྐྱོང་སྒེར་གྱི་ངོས་ནས་བོད་རྒྱལ་ལོ་ ༢༡༤༤ རབ་གནས་མེ་བྱ་ལོའི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན་ཅེས་འཚམས་འཕྲིན་གནང་སོང་། ལོ་གསར་པ་འདི་ཡག་པོ་ཞིག་ཡོང་བའི་བརྟེན་འབྲེལ་ཆེད་ལོ་གསར་སྐབས་ཚང་མས་དགའ་དགའ་དགའ་སྤྲོ་སྤྲོ་གནང་དགོས་པ་གལ་ཆེན་པོ་ཡིན་ཞིང་། ཕྱོགས་མཚུངས་ལོ་གསར་པ་འདིའི་ནང་ང་ཚོས་རེ་བ་དང་ཡིད་ཆེས་གསར་པ་ཞིག་གི་ཐོག་ནས་གོམ་པ་མདུན་སྤོ་བྱེད་དགོས་རྒྱུའང་ཧ་ཅང་གལ་ཆེ་ཡིན་སྟབས། བོད་མིའི་ཆོས་དང་རིག་གཞུང་ལ་གཞི་འཛིན་པའི་བོད་མིའི་ཡ་རབས་བཟང་སྤྱོད་ཀྱི་གོམས་གཤིས་བཟང་པོ་འདི་ཉིད་མི་ཉམས་གོང་འཕེལ་ཡོང་བ་བྱ་རྒྱུ་ནི་དེ་བས་གནད་ཆེ་བ་དང་། བོད་མི་ཚོས་བོད་ནང་གི་གནས་སྟངས་ཛ་དྲག་དེ་དག་ ཡིད་ལ་བཅང་ཞིང་སྙིང་སྟོབས་གོང་ནས་གོང་དུ་འཕེལ་ཏེ་བོད་མིའི་བདེན་པའི་འཐབ་རྩོད་ལ་མུ་མཐུད་སྐུ་ལས་བསྐྱོན་རྒྱུར་ཆོད་སེམས་བརྟན་པོ་བཟུང་དགོས་གལ་ཡིན་པ་གསུངས་སོང་། འདི་ལོར་བོད་མིའི་སྒྲིག་འཛུགས་ཀྱིས་༸གོང་ས་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ བཀའ་དབང་སྩལ་དོན་ལྟར་ང་ཚོས་དུས་དབང་ཞུ་རྒྱུ་བྱུང་བ་དང་འདི་བཞིན་དུས་དབང་སྐབས་ལས་དོན་ཆ་ཚང་གྲ་སྒྲིག་པོ་བྱུང་སོང་ཞེས་གསུངས་ཡོད། དེ་བཞིན་སྲིད་སྐྱོང་མཆོགང་གིས་མགོན་པོ་༸གང་ཉིད་མཆོག་དགུང་ལོ་བརྒྱ་ལྷག་༸སྐུ་འཚོ་བཞུགས་མཛད་རྒྱུའི་བཀའ་བཞེས་བཟང་པོ་ཐོབ་པ་ནི་ཧ་ཅང་སྐལ་བ་བཟང་པོ་ཞིག་དང་རྩ་ཆེན་པོ་ཞིག་ཡིན་སཔས་ང་ཚོས་༸གོང་ས་མཆོག་གིས་ད་བར་བཀའ་སློབ་ལམ་སྟོན་ཕེབས་པ་དེ་དག་ཡིད་ལ་བཅངས་ཏེ་ལག་བསྟར་དོན་འཁྱོལ་ཐུབ་པ་ཞིག་གནང་ཚེ། བོད་སྤྱི་པའི་བསོད་ནམས་གསོག་རྒྱུ་གཙོས་སྤྱི་པའི་བསོད་ནམས་གོང་འཕེལ་འགྲོ་ནས་བོད་མིའི་བདེན་མཐའ་སེལ་བར་དོན་ཕན་སོན་རྒྱུ་ཡིན་པ་སོགས་གསུངས་སོང་། དེ་མཚུངས་སུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་རབ་གནས་མེ་བྱ་ལོའི་གནམ་ལོ་གསར་བཞད་ཀྱི་དུས་ཚིགས་དང་བསྟུན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་སྒེར་གྱི་ངོས་ནས་གཞིས་བྱེས་བོད་མི་ཡོངས་དང་བོད་དོན་རྒྱབ་སྐྱོར་གནང་མཁན། དེ་བཞིན་བོད་ཀྱི་གྲོགས་པོ་ཡོངས་ལ་ལོ་གསར་ལ་འཚམས་འདྲི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། གནམ་ལོ་གསར་པ་འདིའི་ནང་སྤྱིར་སྒེར་ཚང་མའི་འགེག་རྐྱེན་བར་ཆད་ཐམས་ཅད་ཞི་ཞིང་། མཐུན་རྐྱེན་ཐམས་ཅད་ཡིད་བཞིན་འགྲུབ་པ་དང། ལྷག་པར་དུ་གངས་ལྗོངས་ལུགས་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་རིས་སུ་མ་མཆིས་པའི་དབུ་ཁྲིད་བླ་ཆེན་ཁག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་བཞེས་ལྷུན་གྱིས་འགྲུབ་པ་དང། དེ་བཞིན་གཞིས་བྱེས་བོད་མི་ཚང་མས་ནང་ཁུལ་དམ་ཚིག་མཐུན་ལམ་རྡོ་རྩ་གཅིག་སྒྲིལ་གྱིས་བོད་ཀྱི་ཐོུང་མ་ཡིན་པའི་ཆོས་དང་རིག་གཞུང་། གོམས་གཤིས་ཡ་རབས་བཟང་སྤྱོད་དང། བོད་དོན་བདེན་མཐའ་སེལ་ཐབས་བཅས་ལ་ཚང་མས་འགན་ཁུར་མཉམ་བཞེས་དང་སེམས་ཤུགས་བསྐྱེད་ནས་མི་རིང་བར་གཞིས་བྱེས་མཉམ་འཛོམས་ཡོང་བར་ནུས་པ་བཏོན་ཐུབ་དགོས་པར་གོ་སྐབས་འདིའི་བརྒྱུད་ནས་ཚང་མར་འབོད་སྐུལ་ཞུ་རྒྱུ་ཡིན། ཚང་མ་ལ་བསྐྱར་དུ་བཀྲིས་སྨོན་འདུན་དང་འཚམས་འདྲི་ཞུ་རྒྱུ་ཡིན་ཅེས་གསུངས་སོང་།  

༸གོང་ས་མཆོག་གིས་བེུད་ཚོས་འཛམ་གླིང་འདི་ཞི་བདེ་ལྡན་པར་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བེུད་ཚོས་འཛམ་གླིང་ཞི་བདེར་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་བཀའ་བསྩལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༧ ཕྱི་ཟླ་ ༢ ཚེས་ ༡༤ ནས་བོད་ཀྱི་ལོ་གསར་བར་དུ་༸སྐུའི་བཅད་རྒྱར་བཞུགས་གནང་མཛད་རྒྱུའི་གསལ་བསྒྲགས་ཤིག་སྤེལ་ཡོད་པ་ལྟར། ཁ་སང་ཚེས་ ༢༣ ཉིན་མགོན་པོ་༸གང་ཉིད་མཆོག་གིས་བཞུགས་སྒར་དུ་བོད་ཀྱི་བེུད་ནུས་སྟོབས་གོང་སྤེལ་ཚོགས་ཆེན་ཐེངས་དང་པོར་བཅར་མཁན་སྐུ་ཚབ་ ༣༠༠ ལྷག་ལ་དུས་ཡུན་ཆུད་ཚོད་གཅིག་ཙམ་རིང་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བཀྲིན་བསྩལ་འདུག་པ་དང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་ཐོག་མར་ཚོགས་བཅར་བ་རྣམ་པར་ཐེངས་འདིའི་ཚོགས་ཆེན་ག་འདྲ་བྱུང་མིན་ཐད་བཀའ་འདྲི་གནང་པ་དང་སྦྲགས། གཙོ་བོ་དམིགས་ཡུལ་ངེས་ཅན་ཞིག་བསྒྲུབ་ཐབས་སླད་ཆེད་མངགས་འདིར་ལྷན་འཛོམས་གནང་པ་ཞིག་ཡིན་སྟབས། སྐད་ཆ་འདྲ་ཆགས་པོ་ཞིག་བཤད་ནས་འགྲིག་གི་མེད་པ་དང་། དུས་རྒྱུན་ལྡན་ནས་ལག་བསྟར་ཡག་པོ་བྱེད་རྒྱུར་འབད་བརྩོན་གནང་དགོས་ཀྱི་རེད་ཅེས་བཀའ་ནན་བསྩལ་འདུག ༸གོང་ས་མཆོག་གིས་ད་ལྟའི་ང་ཚོའི་འཛམ་གླིང་འདིའི་ཐོག་དཀའ་ངལ་དུ་མ་ཞིག་འཕྲད་བཞིན་པ་དེ་ནི་གཙོ་བོ་བྱམས་བརྩེ་མི་གདང་བ་དང་བྱམས་བརྩེ་དང་བྲལ་བའི་ལྷག་བསམ་མེད་པར་བརྟེན་ནས་བྱུང་གི་ཡོད་སྐོར་བཀའ་བསྩལ་དང་འབྲེལ། བེུད་ཚོར་རང་བཞིན་ལྷན་སྐྱེས་ཀྱི་བྱམས་དང་སྙིང་རྗེའི་ནུས་པ་ཆེ་བ་ཡོད་སྟབས། བེུད་ཚོས་དུས་རབས་ ༢༡ དེའི་ནང་འགོ་ཁྲིད་མང་ཙམ་གནང་ཐུབ་ན། འཛམ་གླིང་འདི་ཞི་བདེ་བསྐྲུན་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པར་ཐུགས་རེ་མཛད་ཀྱི་ཡོད་པ་སོགས་བཀའ་བསྩལ་ཡོད། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་མཆོག་གིས་བོད་པའི་ཐུན་མོང་མ་ཡིན་པའི་རིག་གཞུང་དེས་བོད་མིའི་ངོ་བོ་སྲུང་སྐྱོབ་བྱེད་པ་ཙམ་མ་ཡིན་པར་འཛམ་གླིང་སྤྱི་ལ་ཕན་པ་བསྒྲུབ་རྒྱུའི་དུས་ཚོད་ཞིག་སླེབས་ཡོད་པ་བཀའ་བསྩལ་བ་དང་ཆབས་ཅིག ཕོ་མོ་འདྲ་མཉམ་དགོས་སྐོར་བཤད་པ་ཙམ་གྱིས་འགྲིག་གི་མེད་པས་དོན་དངོས་ཐོག་ཕོ་མོ་འདྲ་མཉམ་ཡོང་རྒྱུའི་ཆ་རྐྱེན་གཙོ་བོ་དེ་བྱམས་བརྩེས་ཟིན་པའི་ཤེས་ཡོན་ལ་ཐུག་ཡོད་པ་བཀའ་བསྩལ་འདུག མགོན་པོ་༸གང་ཉིད་མཆོག་གིས་ད་ཆ་བོད་པའི་ལོ་རྒྱུས་ཁྲོད་དགེ་བཤེས་མ་གཏོང་རྒྱུའི་ལམ་སྲོལ་གསར་པ་ཞིག་གཏན་འབེབས་བྱུང་དོན་བཞིན་ཉེ་དུས་སུ་དགེ་བཤེས་མ་ཐོན་མཁན་བོད་པའི་བཙུན་མ་ ༢༠ ཐམ་པ་བྱུང་ཡོད་པ་དེ་དག་ལས་དམིགས་དཔེ་བླངས་ཏེ། ཁྱིམ་པ་ཕོ་མོ་ཚོའི་ཁྲོད་དུའང་རིམ་བཞིན་རིགས་ལམ་གཙོ་བོར་གྱུར་པའི་གཞུང་ཆེན་བཀའ་པོད་ལྔའི་ཐོག་ལ་རིགས་གཅིག་རྐང་འཛིན་གྱི་སློབ་གཉེར་མཐིལ་ཕྱིན་གནང་དགོས་གལ་ཡིན་པ་ལམ་སྟོན་མཛད་ཡོད་པ་རེད། མཐར་༸གོང་ས་མཆོག་གིས་ད་ལན་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ངོས་ནས་བོད་པའི་བེུད་ཀྱི་ཚོགས་ཆེན་དེ་འདྲ་བ་ཞིག་བསྐོང་ཚོགས་གནང་ཡོད་སྟབས། ད་རེས་ཚོགས་ཆེན་དེའི་བརྒྱུད་ལས་དོན་གསར་པ་གང་ཞིག་དབུ་འཛུགས་གནང་འཆར་ཡོད་པ་དེ་ཤོག་བུའི་སྟེང་འདྲ་ཆགས་ཆགས་བཞག་པ་ཙམ་མིན་པར།  ཁ་ཡོད་ལག་ཡོད་ཀྱི་ནུས་པ་ཐོན་པ་དང་ངོ་སོ་ཐོན་པ་ཡོང་རྒྱུར་ཚང་མས་ཤུགས་སྣོན་བསྐྱོན་དགོས་ཀྱི་རེད་ཅེས་ལམ་སྟོན་གྱི་བཀའ་སློབ་བཀྲིན་ཆེ་བ་བསྩལ་གནང་མཛད་ཡོད། རྩ་བའི་ད་རེས་བཞུགས་སྒར་དུ་ཚོགས་པའི་བོད་ཀྱི་བེུད་ནུས་སྟོབས་གོང་སྤེལ་གྱི་ཚོགས་ཆེན་ཐེངས་དང་པོ་དེའི་ཐོག་རྒྱ་གར་དང་བལ་ཡུལ། དེ་བཞིན་ཕྱི་རྒྱལ་བཅས་ཀྱི་ས་ཁུལ་མི་འདྲ་བ་ ༥༣ ནས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་སྡེ་ ཁག་དང་། མཐོ་སློབ་ཁག་ཏུ་སློབ་སྦྱོང་གནང་བཞིན་པའི་བེུད་སྐུ་ཚབ་ ༣༠༠ ཙམ་ལྷན་འཛོམས་གནང་ཡོད་པ་རེད། ཉིན་གསུམ་གྱི་ཚོགས་ཆེན་ཐོག་ཚོགས་བཅར་བ་རྣམས་ཚོགས་ཆུང་ཆ་བགོས་ཀྱིས་བོད་ཀྱི་བེུད་ནུས་སྟོབས་སྤེལ་བའི་སྲིད་བྱུས་ལ་བསྐྱར་ཞིབ་ཀྱིས་དོན་ཚན་བདུན་ཅན་ཐོག་གྲོས་བསྡུར་རིམ་པ་གནང་མཐར་སྲིད་བྱུས་དེ་ལག་བསྟར་གནང་ཕྱོགས་ཀྱི་བསམ་འཆར་ ༥༧ གཏན་འབེབས་གནང་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འདི་ལོ་ཕྱི་ཟླ་གསུམ་པའི་ཚེས་བཅིུས་ཉིན་ནས་དབུ་འཛུགས་ཀྱིས་ལོ་ལྟར་ཟླ་གསུམ་པའི་ཚེས་བཅིུས་ཉིན་མོ་དེ་བོད་ཀྱི་བེུད་ཉིན་མོར་གཞུང་འབྲེལ་གྱི་སྲུང་བརྩི་ཞུ་རྒྱུ་ཡིན་པ་ཡོངས་ཁྱབ་གནང་ཡོད་པ་རེད།

སྲིད་སྐྱོང་མཆོག་གིས་བྱ་དེ་ཁྲུང་ཁྲུང་དཀར་པོ་ཤོག་རྩལ་ང་ལ་གཡོར་དང་ཞེས་པའི་དབྱིན་ཡིག་བརྩམས་སྒྲུང་དཔེ་དེབ་དབུ་འབྱེད་གནང་སོང་།

ཁ་སང་ཚེས་ ༢༣ ཉིན་ཕྱི་དྲོ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་པའི་ཕྱི་ལུགས་སྨན་པ་དང་པོ་ཌོ་ཊར་ཚེ་དབང་ཡེ་ཤེས་སྤེན་དམ་པ་ཁོང་གིས་བརྩམས་གནང་པའི་བྱ་དེ་ཁྲུང་ཁྲུང་དཀར་པོ། ཤོག་རྩལ་ང་ལ་གཡོར་དང་ཞེས་པའི་དབྱིན་ཡིག་བརྩམས་སྒུང་དེབ་ཞིག་དབུ་འབྱེད་གནང་སོང་། རྩ་བའི་རྒྱལ་མཆོག་༸སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་གི་མགུར་གླུ། བྱ་དེ་ཁྲུང་ཁྲུང་དཀར་པོ།  ཤོག་རྩལ་ང་ལ་གཡོར་དང་ཞེས་པའི་མིང་བྱང་འོག་བརྩམས་གནང་པའི་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་དེང་དུས་ཀྱི་དབྱིན་ཡིག་བརྩམས་སྒུང་དེ་ཉེ་ཆར་ཟླ་འདིའི་ཚེས་ ༡༧ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནང་ཌོ་ཊར་ཚེ་དབང་ཡེ་ཤེས་སྤེན་པ་ལགས་ཀྱི་སྲས་མོ་བདེ་བོ་ལྷ་མོ་སྤེན་པ་ལགས་དང་། གློག་བརྙན་བྱུས་འགོད་པ་བསྟན་འཛིན་བསོད་ནམས་ལགས།  དེ་བཞིན་གསར་འགོད་པ་སྐུ་ཞབས་  Vijay Kranti ལགས་དང་བོད་གནས་ཉམས་ཞིབ་པ་དང་སྙན་ངག་མཁན་ལྕམ་སྐུ་   Shelly Bhoil  བཅས་ཀྱིས་དབུ་འབྱེད་ཐོག་མ་གནང་ཡོད་པ་དང་། དེབ་དེ་ནི་ ཌོ་ཊར་ཚེ་དབང་ཡེ་ཤེས་སྤེན་པ་ལགས་དམ་པ་དེ་ཉིད་ཀྱིས་ཆུང་དུས་དངོས་སུ་མཐོང་ཐོས་མྱོང་གསུམ་གྱི་ཚོར་བར་གཞི་བཅོལ་བའི་དེང་དུས་བརྩམས་སྒྲུང་དེབ་ཞིག་ཡིན་པ་དང་། དེ་ཁོང་གིས་བོད་ལ་ཡི་ཤུའི་ཆོས་ཁྱབ་སྤེལ་བྱེད་མཁན་ནུབ་ཕྱོགས་ཀྱི་མི་རིགས་ཐོག་མར་འབྱོར་སྐབས་ཀྱི་གནད་དོན་དང་། དེ་རྗེས་རྒྱ་ནག་གིས་བོད་ནང་བཙན་འཛུལ་བྱེད་སྐབས་བཅས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་གནས་སྟངས་ཙམ་མ་ཟད། དེང་དུས་ཀྱི་དངོས་གཙོའི་རིང་ལུགས་དང་སྔ་མོའི་བོད་ཀྱི་རིག་གཞུང་།  སྒེར་གྱི་འདེམས་ཀའི་རང་དབང་། ཆབ་སྲིད་སྐྱོང་ཕྱོགས།  ཆོས་དང་མི་རིགས་ཀྱི་འཚོ་གནས་སོགས་ཀྱི་བརྗོད་གཞི་སོ་སོའི་གནད་དོན་ཡང་བཀོད་ཡོད་པ་རེད། སྲིད་སྐྱོང་མཆོག་གིས་དཔེ་དེབ་དབུ་འབྱེད་སྐབས་ཌོ་ཊར་ཚེ་དབང་ཡེ་ཤེས་སྤེན་དམ་པ་ཁོང་གིས་བོད་དང་རྒྱ་གར། དེ་བཞིན་འབྲུག་ཡུལ་སོགས་ཀྱི་ནང་ཕྱག་ལས་གནང་པ་ཁག་གཅིག་དྲན་གསོ་དང་འབྲེལ་དམ་པ་ཁོང་ནི་ལོ་རྒྱུས་སུ་གྲགས་འོས་པའི་མི་སྣ་ཞིག་རེད་ཅེས་གསུངས་པ་མ་ཟད། ལྷག་པར་དུ་སྤྱི་ལོ་ ༡༩༥༠ ལོ་དུས་ནས་བཟུང་བོད་མི་སྐྱབས་བཅོལ་དུ་ཡོང་མཁན་རྣམས་ལ་རོགས་རམ་གྱིས་བོད་སྤྱིའི་པའི་ཐོག་རྒྱབ་སྐྱོར་ཡུན་རིང་གནང་པར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་། དམ་པ་ཁོང་གི་དཔེ་དེབ་འདི་ལམ་ལྷོངས་ཡོང་བ་དང་། ཁོང་སླར་ཡང་སྔར་གྱི་འཁྲུངས་ཡུལ་རྒྱལ་རྩེ་ཁོངས་སུ་འཁྲུངས་པའི་སྨོན་འདུན་ཡོད་ཅེས་གསུངས་སོང་། གཞི་རྩའི་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོར་ཌོ་ཊར་ཚེ་དབང་ཡེ་ཤེས་སྤེན་པ་དམ་པ་ཁོང་གི་སྲས་མོ་བདེ་བོ་ལྷ་མོ་སྤེན་པ་ལགས་དང་། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས། དེ་བཞིན་བོད་སྨྱུག་ཚོགས་པའི་རྩོམ་སྒྲིག་པ་བུ་ཆུང་བསོད་ནམས་ལགས་བཅས་ཀྱིས་དཔེ་དེབ་དེའི་ནང་དོན་ སྐོར་ལ་གྲོས་བསྡུར་དང་དྲི་བ་དྲིས་ལན་སོགས་ཀྱང་གནང་སོང་། རླུང་འཕྲིན་ཁང་གི་གསར་འགོད་པས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་སུ་བརྩམས་སྒུང་དེའི་ནང་དོན་དང་འབྲེལ་སྒེར་གྱི་དགོངས་ཚུལ་ཇི་བྱུང་ཐད་བཅར་འདྲི་ཞུས་པར། ཁོང་གིས་དཔེ་དེབ་དེའི་ནང་ལ་བོད་ནང་ཐོག་མ་ཡི་ཤུའི་ཆོས་ལུགས་ཁྱབ་སྤེལ་གནང་པ་དང་དེ་བཞིན་རྒྱ་གཞུང་གིས་དེང་དུས་སྤྱི་ཚོགས་རིང་ལུགས་གཉིས་ཁྱབ་སྤེལ་བྱས་པའི་གནས་སྟངས་སྤྱི་དང་སྒོས་སུ་དམ་པ་ཁོང་རང་ཉིད་ཀྱི་ཕ་ཡུལ་ལ་ཆེས་གདུང་ཟབ་པོ་ཡོད་པའི་རྣམ་པ་མངོན་རྒྱུ་ཡོད་པ་སོགས་གསུངས་སོང་། གཞི་རྩའི་བྱ་དེ་ཁྲུང་ཁྲུང་དཀར་པོ། ཤོག་རྩལ་ང་ལ་གཡར་དང་ཞེས་པའི་་བརྩམས་སྒྲུང་རྩོམ་བྲིས་གནང་མཁན་ཌོ་ཊར་ཚེ་དབང་ཡེ་ཤེས་སྤེན་པ་ལགས་ནི།   ཕྱི་ལོ་  ༡༩༣༢  ལོར་བོད་ཀྱི་རྒྱལ་རྩེ་ཁུལ་དུ་སྐུ་འཁྲུངས་པ་དང་། ཕྱི་ལོ་  ༡༩༥༥ ལོར་དབྱིན་ཇིའི་རྒྱལ་ས་ལོན་ཊན་གཙུག་ལག་སློབ་གྲྭ་ཆེན་མོ་ནས་གཤག་བཅོས་སྨན་པའི་ལག་འཁྱེར་ཐོབ་པའི་བོད་རིགས་ཕྱི་ལུགས་སྨན་པ་དང་པོ་དེ་ཆགས་ཀྱི་ཡོད་པ་རེད།    ཁོང་ནས་ད་བར་ད་རེས་ཀྱི་རྩམ་སྒྲུང་དེ་ཙམ་མ་ཟད། དེ་སྔ་ Idols on the Path ཞེས་པའི་བརྩམས་སྒྲུང་ཞིག་དང་།  Young Days in Tibet  ཞེས་པའི་ལོ་རྒྱུས་དཔེ་དེབ་ཞིག་ཀྱང་རྩམ་ཡོད་པ་རེད།

བོད་མིའི་རིག་རྩལ་འགྲན་བསྡུར་མཐའ་མ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་གནང་པ།

བོད་མིའི་སྤྱི་ཚོགས་ནང་རིག་རྩལ་ཡོད་པའི་གཞོན་སྐྱེས་ཚོའི་སླད་རྒྱ་གར་ལྷོ་ཕྱོགས་སེར་སྨད་རྒྱལ་ཐང་བཀའ་འགྱུར་སྤྲུལ་སྐུས་དབུ་ཁྲིད་པའི་བཀའ་འགྱུར་དགེ་རྩ་ཚོགས་པ་དང་གྲོང་ཁྱེར་སྦེང་ལོར་དུ་ཡོད་པའི་གཡག་རྩེད་རིགས་ཚོགས་པ་གཉིས་ཀྱིས་གོ་སྒྲིག་གནང་པའི་བོད་པའི་རིག་རྩལ་འགྲན་བསྡུར་ཉིན་མཐའ་མའི་ཨང་རིམ་རྩེ་ཕུད་ཀྱི་འགྲན་བརྩོད་དེ་དེ་རིང་ཟླ་ ༢ ཚེས་ ༢༤ ཉིན་ཕྱི་དྲོ་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཀྱི་རྒྱལ་ཡུམ་ཆེན་མོ་རྐང་སྤོལ་རྩེད་ཐང་དུ་གནང་རྒྱུ་ཡིན་པ་རེད། ཁ་སང་ཟླ་ ༢ ཚེས་ ༢༣ ཕྱི་དྲོ་སྐུ་མགྲོན་གཙོ་བོ་མེ་སོར་གྲོང་ཁྱེར་གྱི་ས་གནས་རྫོང་དཔོན་གྱིས་དབུས་པའི་ཕྱི་ནང་གི་གནད་ཡོད་སྐུ་མགྲོན་ཁག་དང་ཟུར་དཔང་མི་སྣ་ ༦ མང་ཚོགས་ ༢༠༠༠ བརྒལ་བ་འདུ་འཛོམས་བྱུང་བའི་ཁྲོད་འགྲན་བསྡུར་བ་ཕོ་མོ་ ༢༩ དབར་བོད་དང་དབྱིན་ཇི། ཧིན་དི་བཅས་ཡུལ་ལུང་མི་འདྲ་བའི་ཞབས་གཞས་དང་བོད་ཀྱི་ལྷ་མོའི་རྣམ་ཐར་སོགས་རིགས་རྩལ་རྣམ་གྲངས་འདྲ་མིན་གྱི་ཐོག་ནས་འགྲན་བསྡུར་གནང་སྟེ་དེ་དག་ནས་སྒྱུ་མ་མཁན་གཅིག་ཚུད་པའི་མི་སྣ་༡༤  དེ་རིང་གི་ཨང་རིམ་རྩེ་ཕུད་བྱ་དགའ་ལེན་མཁན་གྱི་འགྲན་བསྡུར་བའི་ནང་དྲག་འདེམས་བྱུང་ཡོད་པ་རེད། རྩ་བའི་བོད་པའི་རིག་རྩལ་འགྲན་བསྡུར་འདི་ཐོག་མ་སྦེལ་ཀོབ་ནས་འགོ་འཛུགས་ཀྱིས་མོན་གྷོ་འདོད་རྒུ་གླིང་དང་། སྦེང་ལོར། ལྡི་ལི་བཅས་ས་གནས་ཁག་འདྲ་མིན་ནང་སྐོར་བསྐྱོད་ཀྱིས་སྔོན་འགྲོའི་འགྲན་བསྡུར་གནང་ཡོད་པ་རེད།

བེུད་ཀྱི་འགོ་ཁྲིད་མང་ཙམ་བསླེབ་ཐུབ་པ་བཟོ་རྒྱུ་དེ་བུད་མེད་ཚོའི་ཕྱག་ཏུ་ཡོད།

བཞུགས་སྒར་དུ་ཚོགས་པའི་བོད་ཀྱི་བེུད་ནུས་སྟོབས་གོང་སྤེལ་ཚོགས་ཆེན་ཐེངས་དང་པོའི་མཇུག་སྡོམ་མཛད་སྒོའི་ཐོག མ་འོངས་པར་བེུད་ཀྱི་འགོ་ཁྲིད་མང་ཙམ་བསླེབ་ཐུབ་པ་བཟོ་རྒྱུ་དེ་བུད་མེད་ཚོའི་ཕྱག་ཏུ་ཡོད་ཅེས་གསུངས་སོང་། དེའང་ཉེ་སྔོན་བོད་མིའི་སྒྲིགས་འཛུགས་བཀའ་ཤག་གིས་ཟླ་ ༢ ཚེས་ ༢ ཉིན་བོད་ཀྱི་བེུད་ནུས་སྟོབས་སྤེལ་བའི་སྲིད་བྱུས་ལ་བསྐྱར་ཞིབ་ཀྱིས་དོན་ཚན་བདུན་ཅན་གྱི་སྲིད་བྱུས་གསར་པ་ཞིག་གཏན་འབེབས་གནང་པ་དང་འབྲེལ། ད་ལན་ བཞུགས་སྒར་དུ་རྒྱ་གར་དང་བལ་ཡུལ། དེ་བཞིན་ཕྱི་རྒྱལ་བཅས་ཀྱི་ས་ཁུལ་མི་འདྲ་བ་ ༥༣ ནས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་དང་། དེ་བཞིན་མཐོ་སློབ་ཁག་སློབ་སྦྱོང་གནང་བཞིན་པའི་བེུད་སྐུ་ཚབ་ ༣༠༠ ཙམ་འཛོམས་ཀྱིས་ཟླ་འདིའི་ཚེས་ ༢༡ ཉིན་ནས་དེ་རིང་བར་ཉིན་གསུམ་རིང་བོད་ཀྱི་བེུད་ནུས་སྟོབས་གོང་སྤེལ་གྱི་ཚོགས་ཆེན་ཐེངས་དང་པོ་ཚོགས་གནང་ཡོད་པ་རེད། དེ་རིང་ཚོགས་ཆེན་གྱི་མཇུག་སྒྲིལ་མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཚོགས་བཅར་བ་ཚོར་བེུད་ནུས་སྟོབས་གོང་སྤེལ་གྱི་སྲིད་བྱུས་གཏན་འབེབས་གནང་པའི་བརྒྱུད་རིམ་ཁག་རྒྱབ་ལྗོངས་དང་བཅས་པ་ངོ་སྤྲོད་གནང་པ་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ད་ལན་གྱི་ཚོགས་ཆེན་འདིའི་བརྒྱུད་ནས་བེུད་ཀྱི་ནུས་སྟོབས་སྤེལ་བར་རྒྱབ་སྐྱོར་དང་མུ་མཐུན་གྱི་རྣམ་པ་མངོན་གསལ་བཏོན་ཐུབ་པ་བྱུང་ཡོད་ཅེས་གསུངས་སོང་། སྲིད་སྐྱོང་མཆོག་གིས་ཚོགས་ཆེན་དེའི་ཐོག་ཚོགས་བཅར་བ་ཚོས་མ་འོངས་པར་བེུད་ཀྱི་འགོ་ཁྲིད་མང་ཙམ་བསླེབ་ཐུབ་བཟོ་དགོས་པའི་དགོངས་འཆར་གནང་པ་དང་ཆབས་ཅིག བོད་མིའི་སྒྲིག་འཛུགས་ཀྱིས་ད་བར་གཞིས་ཆགས་ཁག་ཏུ་ས་གནས་མགོ་འཛིན་མཚོན་པའི་འཛིན་སྐྱོང་གི་སྡེ་ཚན་ཁག་དང་ལྷན་དུ་ཚོགས་འདུ་རིམ་པ་ཚོགས་སྐབས་བེུད་ཚོར་གོ་སྐབས་དང་མཐུན་རྐྱེན་གང་ལེགས་བསྐྲུན་ཡོད་སྐོར་འགྲེལ་བརྗོད་གནང་ཡོད། བེུད་ཚོའི་ངོས་ནས་དེའི་ཐོག་ཆ་ཤས་ལེན་མཁན་ཧ་ཅང་ཉུང་ཉུང་རེད་འདུག་ཅེས་སོགས་གསུངས་པ་མ་ཟད། ལྷག་པར་དུ་གལ་ཏེ་མ་འོངས་པར་བེུད་ཀྱི་འགོ་ཁྲིད་མང་ཙམ་བསླེབ་དགོས་ཚེ། དེ་ཡོང་ཐུབ་པ་བཟོ་རྒྱུ་དེ་བུད་མེད་ཚོའི་ཕྱག་ཏུ་ཡོད་ཅེས་གསུངས་སོང་། དེ་བཞིན་སྲིད་སྐྱོང་མཆོག་གིས་ད་ལྟའི་ཆར་གཞུང་འབྲེལ་མ་ཡིན་པའི་ཚོགས་ཁག་ནང་ལས་བྱེད་ཚོ་ཡིན་ནའང་ཆ་རྐྱེན་ཚང་ཡོད་རིགས་ས་གནས་མགོ་འཛིན་གནང་རྒྱུ་འཛིན་སྐྱོང་བཀའ་ཤག་ནས་གོ་སྐབས་བསྐྲུན་ཡོད་ཅེས་གསུངས་སོང་། ལྷག་པར་དུ་ བེུད་ནུས་སྟོབས་གོང་སྤེལ་གྱི་སྲིད་བྱུས་དེ་ས་གནས་ས་ཐོག་ཏུ་ལག་བསྟར་དོན་འཁྱོལ་གནང་པར་ས་གནས་འགོ་འཛིན་དང་ས་གནས་ལས་བྱེད་བེུད་དགོས་ཀྱི་འདུག་ཅེས་སོགས་གསུངས་ཡོད། དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་ཀྱང་ད་ལན་བོད་ཀྱི་བེུད་ནུས་སྟོབས་གོང་སྤེལ་གྱི་ཚོགས་ཆེན་ཐེངས་དང་པོའི་ཐོག་བཅར་བའི་ཚོགས་བཅར་བ་ཚོས་ཕུལ་བའི་དགོངས་ཚུལ་ཐོག་གསུང་བཤད་གནང་ཡོད་པ་རེད། གཞི་རྩའི་ཐེངས་འདིའི་ཉིན་གསུམ་རིང་གི་ཚོགས་འདུ་དེའི་ཐོག་ཉེ་སྔོན་བོད་མིའི་སྒྲིགས་འཛུགས་བཀའ་ཤག་གིས་ཟླ་ ༢ ཚེས་ ༢ ཉིན་བོད་ཀྱི་བེུད་ནུས་སྟོབས་སྤེལ་བའི་སྲིད་བྱུས་ལས། བེུད་ཀྱི་ཤེས་ཡོན་དང་འཕྲོད་བསྟེན། དཔལ་འབྱོར། འཛིན་སྐྱོང་། འགོ་ཁྲིད། སྤྱི་ཚོགས། བེུད་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་། བེུད་བཙན་དབང་དང་རྩུབ་སྤྱོད་རིགས་འགོག་ཐབས་བཅས་ཀྱི་དོན་ཚན་བདུན་ཅན་གྱི་སྲིད་བྱུས་གསར་པ་གཞི་བཟུང་གིས་ཚོགས་བཅར་བ་ནང་ཁུལ་དབར་ཚོགས་ཆུང་ཆ་བགོད་དང་། གྲོས་བསྡུར་རིམ་པ་གནང་སྟེ་མཐར་སྲིད་བྱུས་ལག་བསྟར་གནང་ཕྱོགས་ཀྱི་དགོངས་འཆར་༥༧ གཏན་འབེབས་གནང་འདུག དེའང་ནང་བོད་མིའི་སྒྲིག་འཛུགས་ཀྱིས་རང་དབང་ལྡན་པའི་བེུད་ལྷན་ཚོགས་ཞིག་ཆེད་བཙུགས་གནང་དགོས་པ། བོད་ནང་གི་བེུད་ཚོའི་གནས་སྟངས་རྒྱལ་སྤྱིིའི་ཁྲོད་ཁྱབ་སྤེལ་བྱེད་དགོས་པ། ཤེས་ཡོན་གྲུབ་འབྲས་རྩེ་སོན་བེུད་རྣམས་ལ་ཆེ་བསྟོད་དང་དམིགས་བསལ་སློབ་ཡོན་ཕུལ་དགོས་པ། བུ་བཅོལ་ཁང་དུ་ཕྲུ་གུ་ལོ་ཚད་ངེས་བཅད་མེད་པའི་ཐོག་བཅོལ་རྒྱུའི་མཐུན་རྐྱེན་བསྐྲུན་དགོས་པ། བེུད་ནུས་སྟོབས་གོང་སྤེལ་དང་དབྱེ་འབྱེད་འགོག་ཐབས་སུ་སྐྱེས་པ་ཚོར་གོ་རྟོགས་སྤེལ་དགོས་པ། དེ་བཞིན་སྤྱི་ཚོགས་ནང་བེུད་ལ་བཙན་དབང་དང་རྩུབ་སྤྱོད་ཀྱི་གནས་སྟངས་ཇི་ཡོད་ཞིབ་འཇུག་དང་། དེ་དག་གི་ཐོག་ཚོགས་སྐྱིད་སྡུག་ཁག་གིས་མཉམ་རུབ་ཀྱིས་བརྒྱུད་ལམ་ཁག་ཏུ་འདྲ་པར་དང་བཅས་ཐེར་བཏོན་བྱ་རྒྱུ་སོགས་འཁོད་འདུག ད་རེས་གཏན་འབེབས་གནང་པའི་བསམ་འཆར་གྱི་དོན་གནད་ལྟར་མ་འོངས་པར་བེུད་ཀྱི་ནུས་སྟོབས་གོང་སྤེལ་གྱི་སྲིད་བྱུས་དང་འབྲེལ་བའི་ལས་འཆར་བང་སྒྲིག་གནང་རྒྱུ་རེད་འདུག གཞན་ཡང་ད་རང་བོད་ཀྱི་བེུད་ནུས་སྟོབས་གོང་སྤེལ་གྱི་ཚོགས་ཆེན་ཐེངས་དང་པོའི་ཐོག་ཕེབས་མཁན་ཚོགས་བཅར་བ་ཡོངས་ལ་ ༸གོང་ས་མཆོག་གིས་མཇལ་ཁ་དང་བཀའ་སློབ་སྩལ་བའི་ཁྲོད། བོད་ཀྱི་སྐད་ཡིག་གཙོས་རིག་གཞུང་ལ་དོ་སྣང་དང་སློབ་གཉེར་བྱ་རྒྱུ་གནང་ཆེ་ཡིན་པ་དང་། དུས་རབས་ ༢༡ པའི་ནང་བུད་མེད་ཚོར་རང་བཞིན་ལྷན་སྐྱེས་ཀྱི་བྱམས་པ་དང་སྙིང་རྗེའི་ནུས་པ་ཆེ་བ་ཡོད་སྟབས། དུས་རབས་ ༢༡ པ་དེའི་ནང་བུད་མེད་ཁྲོད་ནས་འགོ་ཁྲིད་པ་མང་ཙམ་ཐོན་རྒྱུར་ཤུགས་སྣོན་དང་འགན་ཁྱེར་དགོས་པ་སོགས་ཀྱི་ལམ་སྟོན་བཀའ་བསྩལ་མཛད་འདུག རྩ་བའི་ད་ལན་གྱི་ཚོགས་ཆེན་ཉིན་དང་པོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འདི་ལོ་ཕྱི་ཟླ་གསུམ་པའི་ཚེས་བཅིུས་ཉིན་ནས་དབུ་འཛུགས་ཀྱིས་ལོ་ལྟར་ཟླ་གསུམ་པའི་ཚེས་བཅིུས་ཉིན་མོ་དེ་བོད་ཀྱི་བེུད་ཉིན་མོར་གཞུང་འབྲེལ་གྱི་སྲུང་བརྩི་ཞུ་རྒྱུ་ཡིན་པ་ཡོངས་ཁྱབ་གནང་ཡོད་པ་ལྟར། སྲིད་སྐྱོང་མཆོག་གིས་གསུངས་པར་རིང་མིན་ཟླ་གསུམ་པའི་བཅིུས་ཏེ་གཞུང་འབྲེལ་གྱི་བོད་ཀྱི་བུད་མེད་ཉིན་མོའི་མཛད་སྒོར་སྤྱི་ནོར་༸གོང་ས་༸སྐྱབ་མགོན་ཆེན་པོ་མཆོག་དབུ་བཞུགས་མཛད་རྒྱུ་ཡིན་སྐོར་གསུངས་སོང་།

རྒྱ་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་དམ་བསྒྲགས་ཤུགས་ཆེ་བྱེད་རྐྱེན་བོད་ཙམ་མ་ཟད་བཙན་བྱོལ་དུའང་དེའི་ཤུགས་རྐྱེན་སླེབ་བཞིན་པ་མངོན་གསལ་གནང་པ།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་གྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་གཞུང་གིས་བོད་ནང་བོད་མིའི་སྨྲ་བརྗོད་རང་དབང་དང་སྒེར་གྱི་རང་དབང་སོགས་ལ་དམ་བསྒྲགས་ཤུགས་ཆེ་བྱེད་རྐྱེན་བོད་ནང་གི་བོད་མི་ཙམ་མ་ཟད་ཕྱི་ཕྱོགས་ཀྱི་བོད་མིའི་ཐོག་ལའང་དེའི་ཤུགས་རྐྱེན་སླེབ་བཞིན་ཡོད་པ་གསུངས་སོང། དེ་རིང་སྔ་དྲོ་ཚོུད་ ༡༠།༣༠ སྟེང་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཕྱི་ལོ་ ༢༠༡༦ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་སོང་བ་དང། སྐབས་དེར་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་དེང་སྐབས་རྒྱ་ནག་གཞུང་གིས་བོད་ནང་དམ་བསྒྲགས་ཀྱི་སྲིད་བྱུས་རིམ་བཞིན་ལག་བསྟར་བྱེད་མུས་ཁྲོད། བོད་ཁུལ་ཡོངས་སུ་མངོན་གསལ་དོད་པོ་དང་མངོན་གསལ་མིན་པའི་ཐབས་ལམ་གཉིས་ཀྱི་ཐོག་ནས་ས་ཁུལ་གང་སར་ལྟ་སྲུང་འཕྲུལ་ཆས་ཆེད་བཙུགས་དང་། དྲ་རྒྱ་སོགས་ཀྱི་ཐོག་ལ་དམ་བསྒྲགས་ཤུགས་ཆེ་བྱེད་རྐྱེན་བོད་མི་ཕན་ཚུལ་དབར་དོགས་ཟོན་དང་ཡིད་ཆེས་མེད་པར་རང་ཉིད་ལ་ཞིབ་བཤེར་དང་། ཉེན་རྟོག་པ་དངོས་སུ་མི་དགོས་པར་རང་གིས་རང་ལ་དམ་བསྒྲགས་བྱེད་པའི་གནས་སྟངས་ཆགས་ཡོད་པ་མ་ཟད། བཙན་བྱོལ་ནང་དུ་ཡོད་པའི་བོད་མི་རྣམས་ལ་ཡང་དམ་བསྒྲགས་དེའི་ཤུགས་རྐྱེན་སླེབ་བཞིན་ཡོད་པ་གསུངས་སོང། གསར་འགོད་ལྷན་ཚོགས་དེའི་སྐབས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་ལགས་ཀྱིས་དབུས་པའི་ཉམས་ཞིབ་པ་བསྟན་འཛིན་ཟླ་བ་ལགས་དང། པདྨ་ཆོས་སྒྲོན་ལགས། བསྟན་འཛིན་ཉི་མ་ལགས་བཅས་ཀྱིས་སྔ་ལོར་བོད་ནང་བོད་མིའི་བསམ་བློའི་རང་དབང་དང་སྨྲ་བརྗོད་རང་དབང་། མི་སྒེར་གྱི་རང་དབང་ཐོབ་ཐང། ཆོས་དད་རང་དབང། སྤྱི་དམངས་དང་ཆབ་སྲིད་ཀྱི་ཐོབ་ཐང་། བོད་ཀྱི་ཁོར་ཡུག་གི་གནས་སྟངས་དང། བོད་མི་ཆབ་སྲིད་བཙོན་པའི་གྲངས་ཐོ་སོགས་སྡེ་ཚན་སོ་སོར་ཆ་བགོས་ཀྱིས་གནས་སྟངས་ཇི་ཆགས་སྐོར་སྙན་སྒྲོན་གནང་ཡོད་པ་རེད། སྙན་ཐོའི་ནང་གསལ་བར་ལྟར་ན་སྔ་ལོ་ཡང་རྒྱ་ནག་གཞུང་གིས་བོད་མིའི་གཞི་རྩའི་ཐོབ་ཐང་དང་རང་དབང་རྩོད་པའི་གནད་དོན་ཁག་མུ་མཐུད་ཁྲིམས་འགལ་དང་ནག་ཉེས་སུ་བརྩིས་ནས་བོད་མི་གང་བྱུང་དུ་འཛིན་བཟུང་དང་མནར་གཅོད་བཏང་པ་སོགས་ཀྱི་གནས་ཚུལ་བསྟུད་མར་བྱུང་ཡོད་པ་མ་ཟད། སྔར་ཡོད་ཁྲིམས་སྒྲིག་ཁག་ལ་བསྐྱར་བཅོས་ཀྱིས་འཆར་གཞི་ལྡན་པའི་ཐོག་ནས་བོད་མིའི་གཞི་རྩའི་ཐོབ་ཐང་ཁག་བརྩི་མེད་རྡོག་རོལ་གྱི་བྱ་སྤྱོད་སྤེལ་བཞིན་ཡོད་པ་མངོན་གསལ་གནང་ཡོད། ཐེངས་འདིའི་སྙན་ཐོའི་ནང་དུ། ཕྱི་ལོ་ ༡༩༩༡ ནས་ད་བར་བོད་མི་ཆབ་སྲིད་བཙོན་པའི་གྲངས་ཚད་ ༥༠༠༠ ལྷག་ཆགས་ཡོད་པ་དང། འདས་པའི་ཕྱི་ལོ་ ༢༠༡༥ ནང་དུ་བོད་མི་ ༡༠༥ འཛིན་བཟུང་གིས་ཟླ་རེར་མི་ ༩ རེ་འཛིན་བཟུང་བྱེད་པ་ལྟ་བུ་ཆགས་ཀྱི་ཡོད་པ་དང། དེ་བཞིན་སྔ་ལོ་ ༢༠༡༦ ནང་དུ་བོད་མི་ ༣༦ འཛིན་བཟུང་གིས་ཟླ་རེར་མི་ ༣ རེ་འཛིན་བཟུང་བྱེད་པ་ལྟ་བུའི་གནས་སྟངས་ཆགས་ཡོད་སྐོར་གསུངས་པ་དང་འབྲེལ། དེ་སྔ་དང་མི་འདྲ་བར་འདས་པའི་ལོ་གཉིས་ཀྱི་ནང་དུ་བོད་མི་ཆབ་སྲིད་བཙོན་པའི་གནས་ཚུལ་ཁ་གསལ་ཤེས་རྟོགས་བྱུང་བའི་གྲངས་ཐོ་ཉུང་བ་ཡོད་པ་ལྟར། བོད་ནང་བོད་མིའི་གནས་སྟངས་ཡར་རྒྱས་ཕྱིན་མེད་པ་དང་། རྒྱ་གཞུང་གིས་བོད་མིའི་ཐོག་དམ་བསྒྲགས་ཤུགས་ཆེ་རུ་ཕྱིན་ཡོད་པ་མངོན་གསལ་གནང་ཡོད་པ་རེད། ལྷག་པར་དུ་སྔ་ལོ་ཕྱི་ཟླ་ ༧ པ་ནས་བོད་གསེར་རྟ་བླ་རུང་སྒར་དུ་རྒྱ་ནག་གཞུང་གིས་གྲྭ་ཤག་གཏོར་བཤིག་དང་གྲྭ་བཙུན་ཕྱིར་ཕུད་ཀྱི་ལས་འགུལ་སྤེལ་མུས་ཡིན་པའི་གནད་དོན་དང། བོད་མི་རྣམས་ལ་༸གོང་ས་མཆོག་གི་དྲུང་ནས་དུས་འཁོར་དབང་ཆེན་ཞུ་བར་བཀག་སྡོམ་བྱེད་པའི་གནད་དོན་ཁག་ལུང་འདྲེན་གྱིས་སྔ་ལོར་བོད་ནང་བོད་མིའི་ཆོས་དད་རང་དབང་ལ་སྔར་ལྷག་བརྩི་མེད་རྡོག་རོལ་བཏང་ཡོད་སྐོར་གསུངས་སོང། ལྷག་པར་དུ་ཉམས་ཞིབ་པ་པདྨ་ཆོས་སྒྲོན་ལགས་ཀྱིས་སྔ་ལོའི་ཕྱི་ཟླ་ ༡༢ ནང་༸གོང་ས་མཆོག་གིས་དུས་ཁོར་དབང་ཆེན་བསྩལ་བའི་དུས་ཡུན་དེའི་སྔ་རྗེས་སུ་བོད་མིའི་ཕྱིར་བསྐྱོད་ལག་འཁྱེར་ཕྱིར་བསྡུ་དང་ལ་ལ་ཞིག་གི་ལག་འཁྱེར་གནམ་ཐང་ནས་བེད་མེད་བཟོས་པ་མ་ཟད། དུས་དབང་གོང་དུ་བོད་ནང་ཕྱིར་ལོག་ཟིན་དགོས་པའི་བཙན་བཀའ་བཏང་བ་དང་འདི་བཞིན་བལ་ཡུལ་བར་དུ་རྒྱ་གཞུང་གི་མི་སྣ་སླེབས་ཡོད་པ་དང། ད་བར་རྒྱ་གཞུང་གིས་བོད་མིའི་འགྲུལ་བསྐྱོད་རང་དབང་ལ་དམ་བསྒྲགས་ཀྱི་གནད་དོན་ཤུགས་ཆེ་ཤོས་ཤིག་ཆགས་ཡོད་པ་གསུངས་སོང། དེ་བཞིན་ཉམས་ཞིབ་པ་བསྟན་འཛིན་ཟླ་བ་ལགས་ཀྱིས་སྔ་ལོ་བོད་ནང་བོད་མི་གསུམ་གྱི་རང་ལུས་མེར་བསྲེགས་བཏང་ཡོད་པ་དང། བོད་མདོ་སྨད་རྔ་བའི་དགོན་སྡེ་ཁག་གི་ནང་དུ་གྱོད་དཔེ་ཀློག་དེབ་ཞེས་པ་གྲྭ་དམངས་ཡོངས་ལ་བགོས་འགྲེམས་བྱས་པའི་ནང་ བོད་མི་ཚོས་རང་ལུས་མེར་སྲེག་དང་ཞི་བའི་གོམ་བགྲོད་སོགས་ཀྱི་ལས་འགུལ་སྤེལ་བ་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་ཡིན་པ་མ་ཟད། དེ་དག་རྣམས་ཁྲིམས་ཐོག་ནས་ཉེས་ཅན་པར་ངོས་འཛིན་གྱིས་ལག་བསྟར་བྱས་སྐོར་དང་། ལོ་སྔོན་མའི་ནང་བོད་མི་རྩོམ་པ་པོ་ཞོགས་ལྗང་ལགས་དང་བློ་མིག་ལགས་སོགས་ལ་བཙོན་འཇུག་ཁྲིམས་ཐག་བཅད་པའི་གནད་དོན་ཁག་གཅིག་ལུང་འདྲེན་དང་སྦྲགས། རྒྱ་གཞུང་གིས་བོད་མིའི་སྨྲ་བརྗོད་རང་དབང་དང་བསམ་བློའི་རང་དབང་ལ་དམ་བསྒྲགས་ཤུགས་ཆེ་བྱེད་རྐྱེན་བོད་མི་ཚོ་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་བཞིན་ཡོད་པ་གསུངས་ སོང་། དེ་བཞིན་འགན་འཛིན་ཚེ་རིང་ཚོ་མོ་ལགས་ཀྱིས་རྒྱ་ནག་ནང་དུ་དམར་ཤོག་ཚོགས་པའི་རྩ་ཁྲིམས་དང་གཞུང་གི་རྩ་ཁྲིམས་ཞེས་པ་མི་འདྲ་བ་གཉིས་ཡོད་པའི་ཁྲོད། ཁྲིམས་ཀྱི་ཚིགས་བཀོད་སྟངས་ཐོག་ནས་རྒྱལ་སྤྱིའི་ཐོག་ངོས་ལེན་ཡོད་པའི་དོན་དངོས་ཀྱི་ཆོས་ལུགས་རང་དབང་མེད་པའི་ཁྲོད། རྒྱ་གཞུང་གིས་ཆོས་ལུགས་སྲིད་བྱུས་འོག་ཕྱི་ལོ་ ༢༠༠༧ ལོ་ནས་བཟུང་གཞུང་གི་འཆར་གཞི་ལྡན་པའི་ཐོག་ནས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་རྣམས་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་གྲུབ་སྤེལ་རྒྱུའི་ལག་ཆ་ལྟ་བུར་འགྱུར་བཞིན་པའི་འོག་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་དང་བོད་མིའི་ངོ་བོ་རྩ་བརླག་གཏོང་རྒྱུའི་སྲིད་བྱུས་སྤེལ་བཞིན་ཡོད་པ་གསུངས་སོང། དེ་མཚུངས་སུ་ཁོང་གིས་དེ་སྔ་ཕྱི་ལོ་ ༢༠༠༩ ལོར་བོད་ནང་བོད་མི་རང་ལུས་མེར་བསྲེགས་གནང་མཁན་ཐོག་མ་དེ་རྔ་བ་ཀིརྟི་དགོན་པའི་གྲྭ་སྐྲ་སྦེ་ལགས་སྔ་ལོ་མིན་ཡང་བཙོན་ཁང་ནང་དུ་ཡོད་པ་དང། ཁོང་ལ་སྤྱི་ཚོགས་བརྟན་ལྷིང་དཀྲུགས་པའི་ནག་ཉེས་འོག་བཙོན་འཇུག་བྱེད་ཡོད་པ་ཤེས་རྟོགས་བྱུང་བ་དང་སྦྲགས། རྒྱ་ནག་གཞུང་གིས་བོད་མི་རང་ལུས་མེར་བསྲེགས་གཏན་མཁན་རྣམས་ལ་ནག་ཉེས་གང་གཡོགས་པ་མངོན་གསལ་ཆགས་ཡོད་སྐོར་གསུངས་སོང་།

རེས་གཟའ་ཕུར་བུ། ༢༠༡༧།༠༢།༢༣

ཉན་པ།: Listen ཕབ་ལེན། Download བེུད་ཀྱི་འགོ་ཁྲིད་མང་བ་སླེབས་ཐུབ་མིན་དེ་གཙོ་བོ་བེུད་རང་ལ་ཐུག་ཡོད་པ་གསུངས་སོང་། རྒྱ་གཞུང་གི་དམ་དྲག་ཤུགས་རྐྱེན་བཙན་བྱོལ་ནང་དུའང་ཡོང་བཞིན་པ་གསུངས་སོང་། སེར་བྱེད་གྲྭ་ཚང་དུ་ཕུར་མཇལ་ཆེན་མོ་བཏང་གནང་འདུག ལོ་གསར་སྐབས་རྣམ་རྒྱལ་གྲྭ་ཚང་གི་གནང་སྒོ་དང་། རྟེན་འབྲེལ་གྲོ་སོ་ཕྱེ་མར་ངོ་སྤྲོད། Wednesday 22/02/2017 Tibetan Women Empowerment Conference concludes Accessing information difficult as well as ethically challenging: TCHRD releases Annual report Sera Monastery holds annual ‘Phurjel’ ceremony Losar Special Series: Introduction to Losar Offerings

བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བེུད་ཐོག་བཙན་དབང་དང་རྩུབ་སྤྱོད་ཀྱི་གནད་དོན་བྱུང་ཡང་བཤད་མ་ཐུབ་པའི་དཀའ་ངལ་ཆེན་པོ་འདུག

བོད་མིའི་སྒྲིགས་འཛུགས་བཀའ་ཤག་གིས་ཟླ་ ༢ ཚེས་ ༢ ཉིན་བོད་ཀྱི་བེུད་ནུས་སྟོབས་སྤེལ་བའི་སྲིད་བྱུས་ལ་བསྐྱར་ཞིབ་ཀྱིས་དོན་ཚན་བདུན་ཅན་གྱི་སྲིད་བྱུས་གསར་པ་ཞིག་ཡོངས་ཁྱབ་གནང་ཡོད་པ་དང་། ད་རེས་བེུད་ཀྱི་ནུས་སྟོབས་གོང་སྤེལ་གྱི་ཚོགས་ཆེན་ཐེངས་དང་པོའི་ཉིན་གཉིས་པའི་བརྗོད་གཞི་ནི་བེུད་ལ་བཙན་དབང་དང་རྩུབ་སྤྱོད་རིགས་འགོག་ཐབས་ཀྱི་གནད་དོན་ཞེས་བཀོད་ཡོད་པ་རེད། དེ་རིང་སྔ་དྲོའི་ཚོགས་ཐུན་གཉིས་པའི་ཐོག་བེུད་ལ་བཙན་དབང་དང་རྩུབ་སྤྱོད་སྐོར་གྱི་མཁས་པའི་གསུང་བཤད་དང་དྲི་བ་དྲིས་ལན་གྱི་ལས་རིམ་ཞིག་གོ་སྒྲིག་གནང་འདུག སྐབས་དེར་བོད་མིའི་སྒྲིགས་འཛུགས་ཀྱི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་བཙན་བྱོལ་ནང་དེ་སྔོན་གོ་པལ་པུར་བོད་ཁྱིམ་དང། བལ་ཡུལ་སྲོང་བཙན་སློབ་གྲྭ། དེ་བཞིན་མ་སུ་རི་བོད་ཁྱིམ་ཁྱབ་ཁོངས་རཱཇ་པུར་སློབ་གྲྭ་བཅས་ཀྱི་ནང་ལ་བེུད་ལ་བཙན་གཡེམ་དང་རྩུམ་སྤྱོད་སོགས་ཀྱི་གནས་ཚུལ་སྔ་རྗེས་སུ་བྱུང་བ་ཁག་གཅིག་ལུང་འདྲེན་གནང་པ་དང་འབྲེལ། སྤྱིར་བཀའ་ཤག་གི་ངོས་ནས་གནད་དོན་དེ་དག་ཐོག་zero tolerance འམ་བཟོད་སྲན་རྩ་བ་ནས་མི་བྱེད་པའི་སྲིད་བྱུས་འོག་རྩུབ་སྤྱོད་སྤེལ་མཁན་རྣམས་ལས་གནས་ནས་གནས་དབྱུང་དང་། གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཞིར་བཟུང་ཉེན་རྟོག་པར་རྩིས་སྤྲོད་བྱ་རྒྱུ་སོགས་ཀྱི་ཐབས་ལམ་ནན་པོ་སྤེལ་བཞིན་ཡོད་པ་ལྟར། ད་ལྟའི་ཆར་དཀའ་ངལ་ཆེ་ཤོས་གཅིག་ནི་རྩུབ་སྤྱོད་མྱོང་མཁན་བེུད་རྣམས་ཕྱིར་ཐོན་ནས་འབྲེལ་ཡོད་ལ་གནས་ཚུལ་ཞུ་རྒྱུ་ཧ་ཅང་ཁག་པོ་ཆགས་ཡོད་སྐོར་་འགྲེལ་བརྗོད་གནང་སོང། སྐབས་དེར་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཟུར་དང་སྤྱི་ཟུར། ད་ལྟ་ཏཱ་ལའི་བླ་མ་མཐོ་སློབ་ཀྱི་སློབ་སྤྱི་བོུ་ཚེ་རིང་ལགས་ཀྱིས་བོད་པའི་སྤྱི་ཚོགས་ནང་བེུད་ལ་བཙན་དབང་དང་རྩུབ་སྤྱོད་ཟེར་བ་དེ་ལུས་སེམས་གཉིས་ཀའི་ཐོག་ནས་ཡོང་བཞིན་པ་དང། གནས་ཚུལ་དེའི་རིགས་གཅིག་བྱུང་བ་ཡིན་ནའང་ང་ཚོའི་སྤྱི་ཚོགས་ནང་མང་དྲགས་པ་ཞིག་ལ་ངོས་འཛིན་གནང་བཞིན་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ། རྩ་བའི་བཀའ་ཤག་གི་ངོས་ནས་བོད་པའི་བེུད་ཐོག་བཙན་གཡེམ་དང་རྩུབ་སྤྱོད་སོགས་ཀྱི་གནད་དོན་བྱུང་བཞིན་པར་ངོས་བཞེས་ཀྱིས་གནད་དོན་དེ་སྲིད་བྱུས་གསར་པའི་ནང་བཅུག་པར་དགའ་བསུ་ཞུ་འོས་པ་ཞིག་ཡིན་པ་རེད། གལ་ཆེ་ཤོས་སུ་སྲིད་བྱུས་དེ་དོན་དམ་ཐོག་ཕྱག་བསྟར་གནང་དགོས་སྟབས། ཞིབ་འཇུག་སྙན་ཐོ་དང་རྩུབ་སྤྱོད་ཕོག་མཁན་རྣམས་སྲུང་སྐྱོབ་སོགས་ཀྱི་ལས་འཆར་སྒྲིག་མཁན་གྱི་ཚོགས་ཆུང་འམ་བེུད་ཀྱི་ལྷན་ཚོགས་ཟེར་བ་ཞིག་ཟུར་དུ་དགོས་གལ་ཡིན་པར་ཚོར་ཤུགས་ཆེན་པོས་དགོངས་འཆར་ཕུལ་གནང་སོང། གཞན་ཡང་མཁས་པའི་གསུང་བཤད་ཀྱི་ལས་རིམ་དེའི་ཐོག་རྒྱལ་ས་ལྡི་ལི་ནས་ཡིན་པའི་རྒྱལ་ཚོགས་ཀྱི་བེུད་ཚན་པའི་ཐོག་ཕྱག་ལས་གནང་མཁན་གྱི་ཆེད་ལས་པ་ལྕམ་སྐུ་ Shrijna Dixon ལགས་ཀྱིས་ཀྱང་བཙན་དབང་དང་རྩུབ་སྤྱོད་ཅེས་པའི་གོ་དོན་དང། བོད་མིའི་སྤྱི་ཚོགས་ནང་འབྲེལ་བ་ཇི་ཆགས་སྐོར་ལ་གསུང་བཤད་གནང་ཡོད་པ་རེད། ཚོགས་བཅར་བའི་ཁྲོད་ནས་ཀྱང་གཙོ་བོ་ལས་རིམ་དེའི་མཇུག་ཏུ་གཙོ་བོ་ཤེས་རིག་བཀའ་བློན་མཆོགལ་འཛིན་སྐྱོང་གི་ངོས་ནས་བེུད་ཐོག་འཕྲད་བཞིན་པའི་དཀའ་ངལ་དེ་དག་སེལ་སླད་ལས་གཞི་ཇི་སྤེལ་དང་། སློབ་གྲྭ་ཁག་གི་ནང་བཙུགས་པའི་འབྲེལ་ཡོད་ཚོགས་ཆུང་ཁག་གི་ནུས་པ་ཇི་ཐོན། ལྷག་པར་དུ་རྩུབ་སྤྱོད་མྱོང་མཁན་རྣམས་ལ་ལྟ་རྟོག་དང་སློབ་མ་ཚོར་འཁྲིག་སྤྱོད་ཀྱི་ཤེས་བྱའི་མཐུན་རྐྱེན་ཡོད་མེད་སོགས་ཀྱི་སྐོར་བཀའ་འདྲི་མང་དག་ཞུས་སོང་། གཞི་རྩའི་ཁ་སང་ནས་དབུ་འཛུགས་གནང་བའི་བོད་ཀྱི་བེུད་ནུས་སྟོབས་གོང་སྤེལ་གྱི་ཚོགས་ཆེན་དེའི་ཉིན་གཉིས་པའི་ཚོགས་འདུ་ཐོག་ལོ་རྒྱུས་མཁས་དབང་བཀྲིས་ཚེ་རིང་ལགས་ཀྱིས་བོད་ཀྱི་ལོ་རྒྱུས་ནང་བེུད་ཀྱི་ནུས་པ་དང་བཤད་ཡམ། དེ་བཞིན་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་བོད་དང་བཙན་བྱོལ་བུད་མེད་ཀྱི་སྤྱི་ཚོགས་གནས་འབབ་བཅས་ཀྱི་ཐོག་ལ་གསུང་བཤད་དང་དྲི་བ་དྲིས་ལན་གནང་ཡོད་པ་རེད། ཉིན་རྒྱབ་ཏུ་ཚོགས་བཅར་བ་རྣམས་ཚོགས་ཆུང་ཆ་བགོས་ཀྱིས་སྲིད་བྱུས་དོན་ཚན་སོ་སོའི་ཐོག་མུ་མཐུད་གྲོས་བསྡུར་དང་ཕྱི་དྲོ་ཚོགས་ཆུང་སོ་སོའི་དགོངས་འཆར་སྙན་སྒྲོན་ཞུས་ཡོད་པ་རེད།

རེས་གཟའ་ལྷག་པ། ༢༠༡༧།༠༢།༢༢

ཉན་པ།: Listen ཕབ་ལེན། Download ཉི་མ་ལྷ་མོ་ལགས་ཀྱིས་ཇི་ནི་ཝ་ལྷན་ཚོགས་ཐོག་བོད་དོན་ལ་ཐུགས་སྣང་གནང་དགོས་པའི་འབོད་སྐུལ། བོད་ཀྱི་བེུད་ཐོག་བཙན་དབང་དང་རྩུབ་སྤྱོད་ཀྱི་གནད་དོན་བྱུང་ཡང་བཤད་མ་ཐུབ་པའི་དཀའ་ངལ་ཡོད་སྐོར་གསུངས་སོང་། སྲིད་སྐྱོང་མཆོག་གིས་བོད་ཀྱི་ཆབ་སྲིད་བཙོན་ཟུར་སྡོད་ཁང་དབུ་འབྱེད་གནང་པ། བོད་མོད་དབུས་ཁམས་གསུམ་དུ་ལོ་གསར་སྲུང་བརྩི་ཞུ་སྲོལ་ཡོད་པ་ལས། མདོ་སྨད། Wednesday 22/02/2017 Niece of late Tulku Tenzin Delek Rinpoche addresses Geneva Summit Sexual violence existing but victims shy away from reporting: Sherig Kalon Sikyong inaugurates new residence building for former political prisoner Losar Special Series: Losar celebration in Domay

Latest news