Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: November, 2017

གམ་བཅར་རྣམ་རྒྱལ་གྲྭ་ཚང་ནི་༸གང་ཉིད་མཆོག་སྐུ་འཚོ་བཞུགས་རིང་གསོན་གཡོག་དང་མཐའ་མ་འཆི་བའི་འཆི་གཡོག་རྒྱུག་མཁན་ཡིན་པ་བཀའ་སྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཕྱི་ཚེས་ ༢ ཉིན་སྔ་ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་༸སྐུ་བཅར་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་མདོ་སྔགས་རིག་གནས་དང་བཅས་པའི་སློབ་གཉེར་ཁང་དབུ་འབྱེད་བཀྲིན་བསྐྱངས་པ་དང་སྦྲགས། མཛད་སྒོའི་ཐོག་མགོན་པོ་མཆོག་གིས་ཕན་བདེ་ལེགས་བཤད་གླིང་ངམ་གམ་བཅར་རྣམ་རྒྱལ་གྲྭ་ཚང་དང་༸གང་ཉིད་མཆོག་དབར་ལ་ཐོུང་མིན་པའི་འབྲེལ་བའི་སྐོར་བཀའ་གནང་སྟེ་གྲྭ་ཚང་འདིའི་གྲྭ་པ་རྣམས་ནི་༸གང་ཉིད་མཆོག་སྐུ་འཚོ་བཞུགས་རིང་གསོན་གཡོག་དང་མཐའ་མ་འཆི་བའི་འཆི་གཡོག་རྒྱུག་མཁན་ཆགས་ཀྱི་ཡོད་ཅེས་བཀའ་གནང་སོང་། གྲྭ་ཚང་གི་སློབ་གཉེར་ཁང་གསར་རྒྱག་ལེགས་གྲུབ་བྱུང་བའི་དབུ་འབྱེད་མཛད་སྒོར་༸གོང་ས་མཆོག་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་ཀརྨ་དགེ་ལེགས་མཆོག་དང་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་སོགས་ཆིབས་སྒྱུར་གནང་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེར་༸སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་ཡོངས་ལ་གྲྭ་ཚང་དང་༸རྒྱལ་དབང་སྐུ་ཕྲེང་ན་རིམ་གི་འབྲེལ་བ་བྱུང་སྟངས་དང་། གྲྭ་ཚང་གི་ཐོུང་མིན་པའི་ཕྱག་བཞེས་སྐོར། དགེ་འདུན་པ་རྣམས་ནས་གཞུང་ཆེན་ཁག་ལ་སློབ་གཉེར་རྒྱག་ནས་བསྟན་པ་དང་འགྲོ་བ་སྤྱིའི་སླད་ཕན་ཐོགས་བསྒྲུབ་གལ་ཡིན་པ་བཀའ་སློབ་རྒྱ་ཆེ་བསྩལ་སོང་། དེ་ཡང་མགོན་པ་མཆོག་གིས་སྐབས་དེར་ཐོག་མར་འདུས་མང་ཡོངས་ལ་ལྟ་གྲུབ་ཀྱི་ཆ་ནས་སེམས་ཁམས་རིག་པ་དང་འབྲེལ་ནས་བསམ་བློ་གཏང་ཚེ་སངས་རྒྱས་པའི་ཆོས་སྤྱི་དང་དེའི་ནང་ཚན་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ནི་གཞན་དང་མི་འདྲ་བ་ཞིག་ཆགས་ཀྱི་ཡོད་སྐོར་བཀའ་གནང་སོང་བ་དང་། ང་ཚོ་བོད་པ་ལ་ཆ་བཞག་ན་ཆོས་རྒྱལ་བཀྲིན་ཅན་ཚོས་ཐུགས་རྗེ་དང་སྨོན་ལམ། ཐབས་མཁས་མཛད་འཕྲིན་ལ་བརྟེན་ནས་བོད་མི་རིགས་འདི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་དམིགས་བསལ་བ་ཞིག་ཆགས་ཀྱི་ཡོད་ཅིང་། ད་ཆ་ང་ཚོ་བཙན་བྱོལ་བ་ཆགས་པ་དང་བོད་རྒྱ་ཆེ་མི་མང་དཀའ་ངལ་འོག་ལྷག་ནས་གནས་སྟངས་སྐྱོ་བོ་ཞེ་དྲགས་ཡོད་ནའང་། འཛམ་གླིང་འདིའི་སྟེང་ཚན་རིག་པ་དང་དངོས་ཡོད་རྒྱུ་མཚན་ཁས་ལེན་མི་མང་པོ་ཞིག་གིས་དཔལ་ནཱ་ལེནདྲའི་ཆོས་བརྒྱུད་དགའ་མོས་བྱེད་བཞིན་པའི་དུས་མཚམས་འདིར་ཆོས་བརྒྱུད་དེ་འཛིན་མཁན་བོད་མི་གཅིག་པུ་ཡིན་སྟབས། བོད་མི་ཚོ་སྤོབས་པ་སྐྱེས་པའི་ཐོག་འཛམ་གླིང་སྤྱི་ལ་ངོ་གསོ་ཐོན་པའི་ཞབས་འདེགས་བསྒྲུབ་ཐུབ་རྒྱུའི་ཆ་རྐྱེན་ཡོད་པར་གཟིགས་ཀྱི་ཡོད་པ་བཀའ་བསྩལ་སོང་། ཁྱད་པར་དུ་དེ་རིང་༸གོང་ས་མཆོག་གིས་རྣམ་རྒྱལ་གྲྭ་ཚང་གི་མདོ་སྔགས་རིག་གནས་དང་བཅས་པའི་སློབ་གཉེར་ཁང་གསར་བཞེངས་ལེགས་གྲུབ་བྱུང་བའི་དུས་ཚིགས་འདིའི་ཐོག་ནས་གྲྭ་ཚང་དང་མགོན་པོ་མཆོག་གི་དབར་ལ་ཐོུང་མིན་པའི་འབྲེལ་བ་ཞིག་ཆགས་ཀྱི་ཡོད་པ་མ་ཟད་རྒྱལ་མཆོག་སྐུ་ཕྲེང་ན་རིམ་དང་འབྲེལ་བ་དམིགས་བསལ་བ་ཞིག་ཡོད་སྐོར་བཀའ་སློབ་བསྩལ་ཡོད་པ་རེད། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་གིས་མཛད་སྒོའི་ཐོག་གྲྭ་ཚང་གི་རྟེན་དང་བརྟེན་པ་བཅས་པ་༸གོང་ས་མཆོག་གི་ཐུགས་རྗེ་བྱིན་རླབས་ཉག་གཅིག་ལ་བརྟེན་བྱུང་བ་ཡིན་སྟབས་རྒྱལ་བའི་བཀའ་དྲིན་རྗེས་དྲན་ཞུས་པ་དང་ཆབས་ཅིག གྲྭ་ཚང་གི་དམིགས་ཡུལ་དང་ལས་འགན་གཙོ་བོ་དེ་རྒྱལ་དབང་༸གང་ཉིད་མཆོག་གི་དགོངས་གཞི་ལྟར་ཤར་བསྐྱོད་བྱེད་ནས་རྒྱལ་མཆོག་༸སྐུ་ཕྲེང་རིམ་བྱོན་ལ་ཐུགས་ཕན་གསོ་བའི་བྱ་བ་བརྩམ་རྒྱུ་དེ་ཡིན་པ་སོགས་ཚོར་ཤུགས་ཆེན་པོ་དང་བཅས་གསུངས་ཡོད། གཞི་རྩའི་༸སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ནི་ཐོག་མར་ ༡༥༠༩ ལོར་༸རྒྱལ་མཆོག་སྐུ་ཕྲེང་གཉིས་པ་༸རྗེ་དགེ་འདུན་རྒྱ་མཚོ་མཆོག་གིས་བཙུགས་གནང་པ་ཞིག་ཡིན་པ་རེད། ཕྱིས་སུ་བཙན་བྱོལ་ནང་དུ་ ༡༩༦༢ ལོར་གསར་བཙུགས་གནང་པ་དང་། ཁྱད་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རྗེའི་ལམ་སྟོན་འོག་ ༡༩༧༠ ཐམ་པ་ནས་གྲྭ་ཚང་དུ་མཚན་ཉིད་སློབ་གཉེར་གནང་རྒྱུའི་ལམ་སྲོལ་གསར་གཏོད་མཛད་འདུག དེ་རིང་གྲྭ་ཚང་གི་མདོ་སྔགས་རིག་གནས་རྟེན་དང་བརྟེན་པ་བཅས་པ་གསར་བཞེངས་ལེགས་གྲུབ་བྱུང་བའི་སྐབས་འདིར་སློབ་གཉེར་བའི་ཞལ་གྲངས་ ༡༣༠ ཙམ་འདུག

ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཁྲོད་བོད་ཀྱི་གནད་དོན་གལ་ཆེར་བརྩི་དགོས།

ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཊམ་མཆོག་བདུན་ཕྲག་རྗེས་མའི་ནང་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་ཕེབས་ཀྱི་ཡོད་པ་དང་བསྟུན། ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་ནས་མཉམ་འབྲེལ་གྱིས་ཉེ་ཆར་ཡུལ་དེའི་གྲོས་ཚོགས་ནང་༸གོང་ས་མཆོག་དང་བོད་མིར་རྒྱབ་སྐྱོར་གྱི་གྲོས་འཆར་ཞིག་བཏོན་གནང་སྟེ་སྲིད་འཛིན་ཊོམ་མཆོག་གི་འཚམས་གཟིགས་སྐབས་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ཁྲོད་བོད་ཀྱི་གནད་དོན་དེ་གལ་ཆེར་བརྩི་དགོས་པའི་འབོད་སྐུལ་ཞུས་འདུག ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཊམ་མཆོག་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་མ་ཕེབས་སྔོན་སྟེ་ཕྱི་ཟླ་ ༡༡ ཚེས་ ༡ ཉིན་ཨ་རིའི་གྲོས་ཚོགས་ནང་ཡོད་པའི་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་ནས་གྲོས་ཚོགས་སུ་བཏོན་པའི་གྲོས་འཆར་ནང་སྲིད་འཛིན་ཊམ་མཆོག་ནས་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་ཆ་ཚང་བ་ཞིག་དོན་འཁྱོལ་ལག་བསྟར་གནང་ཐོག་རྒྱ་གཞུང་ལ་༸གོང་ས་ཏཱ་ལའི་བླ་མ་མཆོག་གམ་ཁོང་གི་སྐུ་ཚབ་དང་ལྷན་གྲོས་མོལ་བསྐྱར་གསོ་ཡོང་རྒྱུར་རེ་འདུན་ཤུགས་ཆེ་བཏོན་དགོས་པ་དང་། བོད་ཀྱི་ས་ཁུལ་ཁག་ནས་ཆབ་སྲིད་དང་ཆོས་ཕྱོགས་རང་དབང་རྩོད་ལེན་བྱེད་མཁན་བཙོན་པ་རྣམས་ལ་ཆ་རྐྱེན་གང་ཡང་མེད་པར་གློད་བཀྲོལ་དགོས་པ། བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ཡན་ལག་ལས་ཁུངས་ཤིག་གསར་འཛུགས་དགོས་པ། བོད་ཀྱི་ས་ཁུལ་དུ་ལྟ་སྐོར་ཡོང་མཁན་ཨ་རིའི་མེ་སེར་ལ་རམ་འདེགས་ཞུ་རྒྱུ་གཙོས་པའི་བོད་ནང་གི་ཆབ་སྲིད་དང་དཔལ་འབྱོར། དེ་བཞིན་རིག་གཞུང་བཅས་པར་ཡར་རྒྱས་གཏང་རྒྱུའི་ལས་དོན་ཐོག་ལྟ་ཞིབ་ནན་པོ་བྱེད་དགོས་སྐོར་སོགས་འཁོད་འདུག ད་རེས་ཀྱི་གྲོས་འཆར་འདོན་མཁན་གྲོས་ཚོགས་འོག་མའི་འཐུས་མི་རྣམས་ནི་ལྕམ་སྐུ་ Ileana Ros-Lehtinen ལགས་དང་། སྐུ་ཞབས་ Eliot Engel ལགས། སྐུ་ཞབས་ Ted Yoho ལགས། སྐུ་ཞབས་ Brad Sherman ལགས་བཅས་ཡིན་པ་རེད། གྲོས་འཆར་བཏོན་མཁན་ལྕམ་ Ileana Ros-Lehtinen ལགས་ཀྱིས་བརྒྱུད་ལམ་ཐོག་ཏུ་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་ཐོག་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་རྐྱེན་གྱིས་བོད་ཀྱི་ས་ཁུལ་དུ་བརྟན་ལྷིང་ཡོང་གི་མེད་པ་མངོན་གསལ་ཆགས་ཡོད་སྟབས། ངེས་པར་དུ་ཨ་རིའི་ཕྱི་འབྲེལ་སྲིད་བྱུས་ནང་དུ་གལ་འགངས་ཆེན་པོར་བརྩི་དགོས་ཞེས་གསུངས་འདུག་པ་མ་ཟད། སྲིད་འཛིན་ཊམ་མཆོག་གིས་བདུན་ཕྲག་རྗེས་མའི་ནང་རྒྱ་ནག་ཏུ་འཚམས་གཟིགས་སྐབས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཁྲོད་ཨ་རིའི་ངོས་ནས་བོད་ཐོག་འཛིན་པའི་སྲིད་བྱུས་གསལ་པོ་འཛིན་ཐོག་རྒྱ་གཞུང་གིས་བོད་མིའི་ཐོག་དྲག་གནོན་དང་ཐུབ་ཚོད་ཀྱི་རང་བཞིན་ལྡན་པའི་བྱ་སྤྱོད་ཁག་ལ་གདོང་ལེན་ནན་པོ་བྱེད་དགོས་ཞེས་བརྗོད་འདུག དེ་བཞིན་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Eliot Engel ལགས་ཀྱིས་དེང་སྐབས་རྒྱ་གཞུང་གིས་བོད་མིའི་ཐོག་ཐབས་བརྒྱ་བྱུས་སྟོང་གིས་དྲག་གནོན་བྱེད་ཤུགས་ཧ་ཅང་ཆེ་རུ་གཏོང་བཞིན་ཡོད་པར་སྐྱོན་བརྗོད་གནང་བ་དང་འབྲེལ། སྲིད་འཛིན་ཊམ་མཆོག་གིས་རྒྱ་ནག་ནང་གི་འཚམས་གཟིགས་སྐབས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་རིན་ཐང་ནི་ཨ་རིའི་ཕྱི་འབྲེལ་སྲིད་བྱུས་ཀྱི་སྙིང་པོ་ཞིག་ཡིན་པ་མངོན་གསལ་བཟོ་ཐུབ་པའི་རེ་བ་ཡོད་ཅེས་གསུངས་འདུག ཨ་རིའི་གྲོས་ཚོགས་སུ་སྲིད་འཛིན་ཊམ་མཆོག་ནས་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་དགོས་པའི་གྲོས་འཆར་བཏོན་པ་ཙམ་མ་ཟད་ཨ་རི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ནས་ཀྱང་སྲིད་འཛིན་མཆོག་ནས་རྒྱ་ནག་ཏུ་འཚམས་གཟིགས་གནང་སྐབས་རྒྱ་ནག་ནང་ཆོས་དད་རང་དབང་སྤྱི་དང་སྒོས་བོད་ཀྱི་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཤར་ཏུ་ཀི་སི་ཏན་གྱི་ Gulmira Imin  གཉིས་གློད་བཀྲོལ་ཡོང་རྒྱུར་གླེང་སློང་དགོས་པའི་ཞུ་འབོད་བྱས་འདུག ཨ་རི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ནས་རྒྱ་ནག་ནང་གི་མི་འབོར་ཐེར་འབུམ་གཅིག་ལྷག་ཡོད་པའི་ཁྲོད་ནས་མང་ཚོགས་ཧ་ཅང་མང་པོ་ཞིག་རང་ཉིད་ཀྱི་ཆོས་ལུགས་ལ་དད་མོས་དང་ཆོས་ཕྱོགས་བྱེད་སྒོ་ཁག་གི་ཐོག་དམ་དྲག་དང་སྟངས་འཛིན་འོག་གནས་ཡོད་པ་འགྲེལ་བརྗོད་ཀྱང་བྱས་འདུག རྒྱ་གཞུང་གིས་སྤེལ་བཞིན་པའི་དམ་དྲག་གྱི་སྲིད་བྱུས་དེས་བོད་མི་དང་ཡུ་གུར་མི་རིགས་ཀྱི་རིག་གཞུང་མེད་པ་བཟོ་བཞིན་ཡོད་པ་དང། ལྷག་དོན་སྤྱི་ཚོགས་གཏན་ལྷིང་དང་མང་ཚོགས་ཀྱི་བདེ་འཇགས་སོགས་ལ་ཁ་གཡར་ཏེ་ཤར་ཏུ་ཀི་སི་ཏན་ནང་གི་ཁ་ཆེ་མི་མང་ཚོའི་མཆོད་ཁང་སྟོང་ཕྲག་ལྷག་དང་སེར་རྟ་བླ་རུང་ཆོས་སྒར་བཅས་གཏོར་བཤིག་གཏོང་བཞིན་ཡོད་པ་གསུངས་འདུག དེ་དེ་བཞིན་བོད་པའི་ནང་པ་དང་ཡུ་གུར་ཁ་ཆེ་བ། ཆོས་ལུགས་ཉམ་ལེན་བྱེད་མཁན་དང་གྲངས་ཉུང་མི་རིགས་རྣམས་ལ་དཀའ་ངལ་དུ་མ་འཕྲད་བཞིན་ཡོད་པ་ཐེར་བཏོན་གནང་སྟེ་སྲིད་འཛིན་ཊམ་མཆོག་གི་འཚམས་གཟིགས་དེའི་བརྒྱུད་ནས་རྒྱ་ནག་ནང་མ་འོངས་པར་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་ལ་སྟངས་འཛིན་བྱེད་ཤུགས་ཆུང་དུ་འགྲོ་བར་རེ་འདུན་ཤུགས་ཆེ་བཏོན་འདུག རྩ་བའི་ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཊམ་མཆོག་ཉིན་གྲངས་ ༡༢ རིང་ཨེ་ཤ་ཡ་ཁུལ་དུ་ཉི་ཧོང་དང་ལྷོ་ཀོ་རི་ཡ། རྒྱ་ནག ཝི་ཏི་ནམ་བཅས་རྒྱལ་ཁབ་བཞིའི་ནང་དུ་རྒྱལ་དོན་འཚམས་གཟིགས་ཕེབས་ཀྱི་ཡོད་པ་རེད།

རེས་གཟའ་ལྷག་པ། ༢༠༡༧།༡༡།༠༡

ཉན་པ།: Listen ཕབ་ལེན། Download རྒྱུད་སྟོད་གྲྭ་ཚང་དུ་དཔེ་དེབ་ཞུ་སྒྲིག་དང་གནའ་དེང་དཀར་ཆག་རིག་པའི་རྒྱལ་ཡོངས་ཟབ་སྦྱོང་དབུ་འཛུགས། ༸གོང་ས་མཆོག་གིས་བཞུགས་སྒར་དུ་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་བསྐྱང་གཏན་འཁེལ་བ། སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ངོ་ཧྲིལ་པོ་ ༡༠༡ འཁོར་བའི་དུས་དྲན་སྲུང་བརྩི། སྲིད་སྐྱོང་མཆོག་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་གྲོང་ཁྱེར་གྷོ་ཝ་ཊིར་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ། རྒྱལ་ཚོགས་ཀྱི་ཁོར་ཡུག་ལྷན་ཚོགས་ཐོག་བོད་མི་སྐུ་ཚབ་མཉམ་ཞུགས་ཀྱིས་བོད་ཀྱི་ཁོར་ཡུག་གནད་དོན་གླེང་གལ་ཡིན་པ་གསུངས་སོང་། Wednesday 01/11/2017 Dalai Lama to teach on Three Principal Paths at main temple, Dharamsala Text Editing and Cataloguing Knowledge workshop begins at Gyuto Monastery Sikyong leaves on Guwahati visit Men Tsee Khang celebrates 101 founding anniversary Tibetan representation a must at UN climate change summits

རྒྱུད་གྲྭ་དཔེ་མཛོད་ཁང་དུ་དཔེ་དེབ་ཞུ་སྒྲིག་དང་གནའ་དེང་དཀར་ཆག་རིག་པའི་རྒྱལ་ཡོངས་ཟབ་སྦྱོང་དབུ་འཛུགས།

དེ་རིང་ཟླ་ ༡༡ ཚེས་ ༡ ཉིན་སྔ་དྲོ་ཚོུད་ ༨།༣༠ ཐོག་བཞུགས་སྒར་ཉེ་འཁྲིས་སུ་རྟེན་གཞི་བྱས་པའི་རྒྱུད་སྟོད་གྲྭ་ཚང་གིས་གོ་སྒྲིག་འོག་སྐུ་མགྲོན་གཙོ་བོ་བཀའ་ཁྲི་ཟུར་པ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་རྒྱུད་གྲྭ་དཔེ་མཛོད་ཁང་དུ་དཔེ་དེབ་ཞུ་སྒྲིག་དང་། གནའ་དེང་དཀར་ཆག་རིག་པའི་སྐོར་ཉིན་ལྔའི་རྒྱལ་ཡོངས་ཟབ་སྦྱོང་དབུ་འཛུགས་གནང་སོང་། སྐབས་དེར་སྐུ་མགྲོན་གཙོ་བོ་བཀའ་ཁྲི་ཟུར་པ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ད་རེས་ཀྱི་ཟབ་སྦྱོང་འདི་དུས་ཀྱི་དགོས་མཁོ་དང་འཚམ་པའི་ལས་དོན་ཞིག་ཡིན་པར་གོ་སྒྲིག་གནང་མཁན་དང་མཉམ་ཞུགས་བ་ཡོངས་ལ་ཡི་རང་བསྔགས་བརྗོད་གནང་པ་དང་འབྲེལ། དེ་སྔ་ལོ་ ༦༠ སྔོན་ལ་བོད་ཀྱི་ཆོས་དང་རིག་གཞུང་ཙམ་མ་ཟད་མི་རིགས་ཆ་ཚང་ཆགས་འཇིག་གི་གནས་སྟངས་ལ་གྱར་བའི་འོག་བོད་མི་ས་ཡ་ ༡་༢ ཙམ་གྱི་ཚེ་སྲོག་ཤོར་བ་དང་དགོན་སྡེ་སྟོང་ཕྲག་མང་པོ་རྩ་མེད་དུ་ཕྱིན་པ་མ་ཟད། དེ་བཞིན་རིག་གཞུང་གི་འབྱུང་གནས་བཀའ་བསྟན་གཉིས་གཙོས་གསུང་རབ་རྣམས་རྩ་གཏོར་ཕྱིན་པའི་གནས་ཚུལ་བྱུང་ཡོད་པ་རེད། ལྷག་དོན་བོད་དེ་ལོ་ངོ་སྟོང་ཕྲག་མང་པོའི་རིང་གངས་རི་ར་བས་སྐོར་བའི་ས་ཁུལ་ནང་དུ་ཁ་ཁུ་སིམ་པོར་ཕྱི་ཕྱོགས་དང་འབྲེལ་བ་མེད་པར་གནས་པ་བརྟེན་ཕྱི་ཕྱོགས་ནས་ཀྱང་བོད་ཀྱི་ཆོས་དང་རིག་གཞུང་གི་གཏེར་མཛོད་ཆེན་པོ་ཡོད་པ་མ་ཤེས་པའི་གནས་སྟངས་ཆགས་ཡོད་པ་རེད། འོན་ཀྱང་བཙན་བྱོལ་དུ་སླེབས་པའི་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་འཕྲིན་ལས་དང་བོད་བརྒྱུད་ནང་བསྟན་མཚོན་པའི་བོད་ཀྱི་ཆོས་དང་རིག་གཞུང་གི་གཟི་བརྗིད་ལ་བརྟེན་ནས་དེང་སྐབས་འཇིག་རྟེན་ཁྱོན་ལ་བོད་ཟེར་བ་འདི་རིག་གཞུང་གི་བསྟི་གནས་ཤིག་ཡིན་པ་ར་འཕྲོད་གསལ་པོ་བྱུང་ཡོད་སྟབས། བོད་མི་རིགས་ཀྱི་ལས་དབང་ལ་ཕྱིར་བལྟར་བྱེད་སྐབས་དགའ་ཚོར་དང་འཇིགས་སྣང་སྐྱེས་དགོས་པའི་གནད་དོན་སོགས་བྱུང་ཡོད་སྐོར་གསུངས་སོང་། ད་ལྟའི་གནས་སྐབས་སུ་ ༥༩ སྔོན་གྱི་མི་རབས་རྣམས་རྫོགས་འགྲོ་གྱི་ཡོད་པ་དང་བོད་པའི་མི་རབས་གསུམ་པ་རྣམས་འཚར་ལོངས་འབྱུང་བཞིན་པའི་འཕོ་འགྱུར་གྱི་ས་མཚམས་ཆེན་པོ་ཞིག་ཏུ་སླེབས་ཡོད་སྟབས། ༸གོང་ས་མཆོག་གི་ལམ་སྟོན་ལྟར་ད་ཆ་བོད་མི་རིགས་ཡོངས་ལ་འོས་འགན་གང་ཡོད་པ་དེ་དག་ར་འཕྲོད་ཐོག་མ་འོངས་པའི་ལོ་རབས་ནང་གནའ་སྲོལ་དང་དེང་རབས་གནང་ཕྱོགས་དབར་འགལ་ཟླ་མེད་པར་གཅིག་ཕན་གཅིག་གྲོགས་ཚུལ་དུ་འཆར་གཞི་སྒྲིག་དགོས་གལ་ཡིན་པ་གསུངས་ཡོད། རྒྱུད་སྟོད་གྲྭ་ཚང་གི་དཔེ་མཛོད་འགོ་འཛིན་བློ་བཟང་ཀླུ་སྒྲུབ་ལགས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིབླ་ན་མེད་པའི་ཐུགས་རྗེའི་བཀའ་འདྲིན་ལ་བརྟེན་ནས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག ལེགས་བྱང་རྣམས་མི་ཉམས་རྒྱུན་འཛིན་གནང་ཐུབ་ཡོད་པ་ལྟར་མ་འོངས་པའི་མི་རབས་གསར་པ་རྣམས་ལ་བརྒྱུད་སྤྲོད་གནང་ཐོག་འཛིན་སྐྱོང་སྤེལ་གསུམ་གནང་རྒྱུར་ཆེད་དམིགས་ཀྱིས་ཟབ་སྦྱོང་འདི་གོ་སྒྲིག་ཞུས་ཡོད་ཅེས་གསུངས་ཡོད་པ་རེད། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་དཔེ་མཛོད་འཛིན་སྐྱོང་མཉེན་ཆས་སྤྱན་འབུལ་ཞུས་པ་དང་སྦྲགས་ཏེ་མཉན་ཆས་དེའི་རྒྱབ་ལྗོངས་སོགས་ངོ་སྤྲོད་གནང་སོང་། དེ་བཞིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྒྱུད་སྟོད་དཔེ་མཛོད་ནས་དཔར་སྐྲུན་ཞུས་པའི་རྒྱུད་ཆེན་རྡོ་རྗེ་འཆང་ཀུན་དགའ་དོན་གྲུབ་ཀྱི་རྒྱུད་ཊཱིཀ་རིམ་གཉིས་གཏེར་མཛོད་རྩ་འགྲེལ་སྦྱར་མའི་ཕྱག་དེབ་དབུ་བྱེད་དང་དགེ་བཤེས་སྨོན་ལམ་ལགས་ནས་བོད་ཀྱི་སྐད་ཡིག་ཐོག་སྨན་པའི་ཞབས་ཞུ་གནང་པར་ཡི་རང་གི་གཟེངས་བསྟོད་ཚུལ་དུ་སྟོན་པའི་ཞལ་ཐང་རིན་པོ་ཆེ་གསོལ་སྩལ་གནང་སོང་། རྩ་བའི་ཟབ་སྦྱོང་དེའི་ཐོག་མི་གྲངས་ ༤༥ ནས་ ༥༠ བར་གྱི་ས་དམིགས་བཞག་ཡོད་ཀྱང། ཟབ་སྦྱོང་དེར་གལ་ཆེ་དོན་ཆེར་བརྩི་ནས་མཉམ་ཞུགས་གནང་འདོད་ཡོད་མཁན་མང་པོ་བྱུང་དོན་ལྟར། ད་རེས་དངོས་སུ་ཚོགས་བཅར་བའི་ཁོངས་སུ་རིས་མེད་ཚོགས་སྡེ་དང་སློབ་གཉེར་བསྟི་གནས་ཁག་ ༣༦ ཙམ་ནས་ཚོགས་བཅར་བ་ཁྱོན་ ༧༠ ཙམ་ཕེབས་འདུག དེ་བཞིན་ཟབ་འཁྲིད་གནང་མཁན་ཁོངས་སུ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུས་པའི་ཝཱ་རཱ་ཎ་སཱི་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་དང་མཁས་དབང་ཁག་ཅིག བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་དང་ཨ་རི་དཔེ་མཛོད་ཁང་གི་ཉམས་ཞིབ་པ་བཅས་མཁས་དབང་ ༨ ཙམ་གདན་འདྲེན་ཞུས་འདུག

༸གོང་ས་མཆོག་གིས་བཞུགས་སྒར་དུ་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་བསྐྱང་གཏན་འཁེལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་ནས་༸རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་དཔལ་བཟང་པོ་མཆོག་གིས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་བསྩལ་གནང་ཡོང་བའི་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། མགོན་པོ་༸གང་ཉིད་མཆོག་ནས་བཀའ་དེ་དོན་བཞེས་བཟང་པོ་སྨིན་བསྩལ་ཐོབ་ཐོག་གནངས་ཟླ་ ༡༡ ཚེས་ ༣ ཉིན་སྔ་དྲོ་ཚོུད་ ༩ ནས་ ༡༡༌༣༠ བར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྩལ་གཏན་འཁེལ་འདུག བཀའ་ཆོས་དེའང་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲ་རྒྱ་ Dalialama.com ཐོག་ལ་བོད་སྐད་དང་། དབྱིན་སྐད། རྒྱ་སྐད། ཝི་ཏི་ནམ། ཧིན་རྡི། ཨི་ཊ་ལི། འཇར་མན། ཀོ་རི་ཡ་བཅས་ཀྱི་སྐད་ཐོག་ཕབ་བསྒྱུར་གྱིས་ཐད་སྲིང་གནང་གི་འདུག    

སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ངོ་ཧྲིལ་པོ་ ༡༠༡ འཁོར་བའི་དུས་དྲན་སྲུང་བརྩི།

རྒྱལ་སྤྱིའི་ཁྱོན་དུ་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ངོ་ཧྲིལ་པོ་བརྒྱ་དང་གཅིག་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༡༡ ཚེས་ ༡ ནས་དབུ་འཛུགས་ཀྱིས་ཚེས་ ༥ བར་ཉིན་གྲངས་ལྔ་རིང་རྒྱལ་ས་དིལླི་ནི་ཛམ་མུཌྡིན་ཡན་ལག་སྨན་རྩིས་ཁང་དུ་<< འཚོ་གནས་བདེ་ཐང་། >>ཞེས་པའི་བརྫོད་བྱ་གཙོར་བཟུང་ཐོག་རིན་མེད་ཀྱི་ནད་པར་བརྟག་དཔྱད་དང་། ངག་ཐོག་རྩིས་འབྲས། གཏམ་བཤད། དངོས་བྱུང་གློག་བརྙན། སྨན་རྩིས་འགྲེམས་སྟོན་སོགས་གོ་སྒྲིག་གནང་འདུག དེ་རིང་སྔ་དྲོ་དུས་དྲན་གྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་དབུས་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲིས་ལགས་ཀྱིས་གཙོས་པའི་ནི་ཛམ་མུཌྡིན་ཡན་ལག་སྨན་རྩིས་ཁང་དང་འབྲེལ་ཡོད་རྒྱ་གར་ས་གནས་ཀྱི་ཡུལ་མི་དང་། དབུས་སྨན་རྩིས་ཁང་དང་ཐད་ཀར་འབྲེལ་ཡོད་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་ཅིག།དེ་བཞིན་བོད་སྨན་བསྟེན་གཏུགས་བྱེད་མཁན་གྱི་ས་གནས་རྒྱ་གར་བ་བཅས་མི་གྲངས་ ༥༠ ལྷག་འདུ་འཛོམས་གནང་འདུག སྐབས་དེར་དབུས་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲིས་ལགས་ཀྱིས་དུས་དྲན་འདི་ནི་སྨན་རྩིས་ཁང་གི་ལས་དོན་ཁག་དང་ལྷག་པར་དེའི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་གཏིང་ཟབ་ཡོད་པ་དེ་དག་ས་གནས་རྒྱ་གར་ཡུལ་མིར་ངོ་སྤྲོད་ཐུབ་ཐབས་དང་། ཁྱད་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྨན་རྩིས་ཁང་དྲིལ་བསྒྲགས་མང་ཙམ་དགོས་པའི་ལམ་སྟོན་གཞིར་བཟུང་དུས་དྲན་སྲུང་བརྩི་ཞུ་གི་ཡོད་པར་འགྲེལ་བརྗོད་གནང་ཡོད་པ་རེད། བོད་ཀྱི་སྨན་རྩིས་ཁང་གི་ངོས་ནས་ད་དུང་ཕྱི་ཟླ་  ༡༡  ནང་རྒྱ་གར་གྱི་གྲོང་ཁྱེར་མུམ་བའེ་ནང་ཉིན་གྲངས་བཞིའི་རིང་འགྲེམས་སྟོན་དང་བོད་སྨན་བསྟེན་གཏུགས་སོགས་གནང་སྟེ་དུས་དྲན་སྲུང་བརྩི་ཞུ་རྒྱུ་དང་། ལོ་རྗེས་མའི་ཕྱི་ཟླ་ ༣ ནང་རྒྱལ་ས་ལྡི་ལིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག་མཛད་སྒོ་གཞི་རྒྱ་ཆེ་བ་ཞིག་གོ་སྒྲིག་ཞུ་འཆར་འདུག གཞི་རྩའི་ད་ལྟའི་ཆར་སྨན་རྩིས་ཁང་གི་ཁྱབ་ཁོངས་རྒྱལ་ས་ལྡི་ལིའི་ནང་སྨན་རྩིས་ཁང་གི་ཡན་ལག་ཁག་ ༥ ཡོད་པ་དང་། རྒྱ་གར་རྒྱལ་ཡོངས་སུ་དབུས་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ ༦༠ ཙམ་ཡོད་པ་རེད་འདུག

Latest news