Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: December, 2017

ལོ་རྗེས་མའི་སློབ་དུས་གསར་པ་ནས་བོད་པའི་སློབ་གྲྭ་ཁག་ནང་དུ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་ཁྲིད་གནང་རྒྱུ་རེད་འདུག

དེ་ཡང་ཉེ་བའི་ཆར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་མཛད་འཕྲིན་སྐྱོང་བཞིན་པ་དང་བསྟུན། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་མཐུན་འགྱུར་འོག་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་སེར་བྱེས་གྲྭ་ཚང་མཐོུང་གིས་ཟླ་བ་འདིའི་ཕྱི་ཚེས་ ༢༢ དང་ ༢༣ བཅས་ཉིན་གཉིས་རིང་སྦེལ་ཀོབ་ས་གནས་སུ་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་སློབ་ཁག་༡༠ལྷག་གི་དགེ་རྒན་༢༠༠ཙམ་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་གྱི་ཟབ་སྦྱོང་ཞིག་སྐོང་ཚོགས་གནང་འདུག འདི་ག་རླུང་འཕྲིན་ཁང་ནས་དེ་རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་སུ་ཟབ་སྦྱོང་སྤྱི་ཡོངས་སྐོར་བཀའ་འདྲི་ཞུས་པ་ཡིན། ཟབ་སྦྱོང་ཉིན་དང་པོའི་དབུ་འབྱེད་མཛད་སྒོའི་ཐོག་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ནི་དེང་གི་ཆར་ཧ་ཅང་གནད་འགག་ཡིན་པ་སྤྱི་དང་ལྷག་དོན་ཕྱིའི་རྒྱལ་ཁབ་ཁག་ནས་མགོན་པོ་༸གང་ཉིད་ཀྱི་བཀའ་དགོངས་བཞིན་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཐོག་ལག་བསྟར་བྱེད་ཡོད་པ་བརྟེན། བོད་པའི་སློབ་གྲྭ་ཁག་ངོས་ནས་ཀྱང་ལས་གཞི་དེའི་ཐོག་མདུན་བསྐྱོད་གནང་སྟེ་སློབ་འཁྲིད་བྱ་རྒྱུ་འགོ་འཛུགས་དགོས་པ་དང། དེའི་ཐོག་བོད་པའི་དགེ་རྒན་ཚོས་ཤུགས་གནོན་སྐྱོན་དགོས་པའི་བཀའ་སློབ་ལམ་སྟོན་ཡང་བསྩལ་ཡོད་པ་རེད།  

རེས་གཟའ་ཉི་མ། ༢༠༡༧།༡༢།༢༤

ཉན་པ།: Listen ཕབ་ལེན། Download བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་གྱི་དོ་ར། ཁྲུང་ཞུ་མའི་སྐོར་ཆེད་སྒྲིག་ལེ་ཚན། Sunday 24/12/2017 Art and Culture of Tibet: “Khrung Zhu Ma ” The Wine Ladies

རེས་གཟའ་སྤེན་པ། ༢༠༡༧།༡༢།༢༣

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་བོད་ནས་ཕེབས་མཁན་དང་དགེ་རྒན་བཅས་མི་གྲངས་ ༧༠༠ ཙམ་ལ་མཇལ་ཁ་དང་བཀའ་སློབ་བསྩལ་འདུག ༸གོང་ས་མཆོག་གིས་ལྷོ་ཕྱོགས་བོད་མིའི་གཞིས་ཁག་གཉིས་ནང་གི་མཛད་འཕྲིན་སྐོར། Saturday 23/12/2017 Dalai Lama speaks to 700 Tibetan newcomers and teachers A Look back at Dalai Lama’s visit to Mundgod and Bylakuppe

རེས་གཟའ་པ་སངས། ༢༠༡༧།༡༢།༢༢

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་རྣམ་གྲོལ་གླིང་དགོན་གྱི་བསླབ་པ་མཐར་སོན་མཛད་སྒོར་ཆིབས་སྒྱུར་བསྐྱངས་སོང་། ཆབ་སྲིད་བཙོན་པ་ཆོས་སྐྱིད་ལགས་ཀྱི་གཟུགས་གཞིའི་གནས་སྟངས་སྐྱོ་བོ་ཆགས་འདུག སྤྱི་འཐུས་སྐུ་ཚབ་ནས་རྒྱ་གར་གྲོས་ཚོགས་འཐུས་མི་༤༠ལྷག་དང་མཇལ་འཕྲད་གནང་འདུག སྨན་རི་ཁྲི་འཛིན་སོ་བཞི་པ་བསྐོ་བཞག་དང་འབྲེལ་བའི་རྟགས་སྒྲིལ་ལས་རིམ་དབུ་འཛུགས་གནང་འདུག Friday 22/12/2017 Dalai Lama graces convocation ceremony of Namdrol Ling monastery Tibetan political prisoner under dire health condition Tibetan MPs lobby more than 40 Indian lawmakers for Tibet support Divination process for choosing 34th Menri Trizin begins

༸གོང་ས་མཆོག་གིས་རྣམ་གྲོལ་གླིང་དགོན་པའི་བསླབ་པ་མཐར་སོན་གྱི་སློབ་དཔོན་ཚོར་ཕྱག་འཁྱེར་དང་བཀའ་སློབ་བསྩལ་བ།

དེ་རིང་ཕྱི་ཟླ་ ༡༢ ཚེས་ ༢༢ ཉིན་སྔ་དྲོ་ཚོུད་ ༡༡།༠༠ ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྔ་འགྱུར་རྙིང་མའི་གདན་ས་རྣམ་གྲོལ་གླིང་དུ་༸ཞབས་སོར ་བདེ་བར་འཁོད་གནང་སྟེ་སྔ་འགྱུར་བཤད་གྲྭ་དང་བཙུན་དགོན་བཤད་གྲྭ་གཉིས་ཀྱི་སྐབས་བདུན་པའི་བསླབ་པ་མཐར་སོན་གྱི་མཛད་སྒོར་དབུ་བཞུགས་ཀྱིས་ཕྱི་ལོ་ ༢༠༡༡ ནས་ ༡༧ བར་ལོ་ངོ་ ༦ ནང་བསླབ་པ་མཐར་སོན་པའི་རྣམ་གྲོལ་གླིང་གི་དགེ་འདུན་པ་དང་བཙུན་མ་ ༥༤༡ ཡོད་པའི་ཁྲོད་ནས་ ༣༠༠ ལྷག་ཙམ་ལ་ཕྱག་འཁྱེར་དང་བཀའ་སློབ་བསྩལ་ཡོད་པ་རེད། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྣམ་གྲོལ་གླིང་དགོན་པ་ཕྱག་བཏབ་མཁན་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་མཆོག་གིས་བསྟན་པ་དང་འགྲོ་བའི་དོན་དུ་གནང་བའི་མཛད་རྗེས་དེ་དག་མི་རབས་ནས་མི་རབས་བར་དུ་གནས་རྒྱུ་ཡིན་པ་མ་ཟད། ཁོང་གི་ཡང་སྲིད་རིན་པོ་ཆེའི་ངོས་ནས་ཀྱང་བསྟན་པའི་དོན་མཛད་པར་བསླབ་པ་སློབ་གཉེར་ལེགས་པོ་གནང་ཐུབ་པར་ཐུགས་རེ་ཡོད་པ་བཀའ་བསྩལ་ཡོད་པ་རེད། གཞན་ཡང་རྣམ་གྲོལ་གླིང་དགོན་པ་ནི་སྔ་འགྱུར་རྙིང་མའི་གདན་ས་ཁག་ནས་བཤད་གྲྭ་ཤུགས་ཆེ་ཤོས་ཡིན་པས་དེ་ནི་སྤོབས་པ་བྱ་འོས་པ་ཞིག་ཡིན་པ་མ་ཟད་སྔོན་གྱི་སྐྱེས་བུ་དམ་པ་ཚོས་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་དེའི་ཐོག་མུ་མཐུད་དུ་བསྐྱོད་དགོས་གལ་ཡིན་པར་ལམ་སྟོན་མཛད་ཡོད། ༸གོང་ས་མཆོག་དེ་རིང་རྣམ་གྲོལ་གླིང་དགོན་པར་ཉིན་དགུང་ལྗགས་སྨིན་བཞེས་རྗེས་རྣམ་གྲོལ་གླིང་དགོན་པའི་བཙུན་དགོན་མཚོ་རྒྱལ་གླིང་ལ་ཆིབས་སྒྱུར་མཛད་ཡོད་པ་རེད། གཞི་རྩའི་དེ་རིང་སྔ་ཐོག་ཚོུད་ ༨།༣༠ སྟེང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གདན་ས་སེ་ར་ཐེག་ཆེན་གླིང་གི་ཚོགས་ཆེན་འདུ་ཁང་ནང་བོད་ནས་གསར་དུ་ཕེབས་པ་དང་དགེ་རྒན་བཅས་ཁྱོན་མི་གྲངས་ ༧༠༠ ཙམ་ལ་མཇལ་ཁ་དང་ལམ་སྟོན་མཛད་ཡོད་པ་དང་། དེ་རྗེས་ཆོས་གྲྭ་བཀྲིས་ལྷུན་པོར་༸ཞབས་སོར་བདེ་བར་འཁོད་པ་དང་འབྲེལ་བཀྲིས་ལྷུན་པོ་དགོན་པའི་ངོས་ནས་༸གོང་ས་མཆོག་ལ་མཎྜལ་རྟེན་གསུམ་གྱི་བརྟན་བཞུགས་འདེགས་འབུལ་ཞུས་པ་མ་ཟད་དགེ་འདུན་པ་ཁག་ཅིག་ནས་ཚད་ཆེན་གྱི་རྩོད་པ་གཟིགས་འབུལ་ཞུས་སོང་།  

༸རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་བསྐོ་གཞག་དང་འབྲེལ་བའི་རྟགས་སྒྲིལ་གྱི་ལས་རིམ་དབུ་འཛུགས་གནང་འདུག

ཞ་དཀར་བསྟན་པའི་མངའ་བདག་འཛམ་གླིང་བོན་འབངས་ཡོངས་ཀྱི་དབུ་ཁྲིད་༸རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤ པ་བསྐོ་གཞག་དང་འབྲེལ་བའི་ཆོས་ཕྱོགས་ཀྱི་སྔོན་འགྲོའི་ཟན་སྒྲིལ་གནང་སྒོ་ཁག་དབུ་འཛུགས་གནང་འདུག ཆོས་ཕྱོགས་ཀྱི་ལས་རིམ་དེ་ནི་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེ་ནང་རྟེན་གཞི་བྱས་པའི་གཡུང་དྲུང་བོན་གྱི་གདན་ས་དཔལ་གཤེན་བསྟན་སྨན་རིའི་དགོན་དུ་ཚེས་ ༡༩ ནས་དབུ་འཛུགས་གནང་འདུག རྩ་བའི་༸རྒྱལ་བ་སྨན་རིའི་ཁྲི་རབས་ ༣༣ པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་འདི་ལོའི་ཕྱི་ཟླ་ ༩ ཚེས་ ༡༤ ཉིན་དགུང་གྲངས་ ༨༩ ཐོག་དགོངས་པ་བོན་དབྱིངས་སུ་ཐིམ་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་པ་རེད། གཡུང་དྲུང་བོན་གྱི་ཁྲི་འཛིན་གསར་པ་བསྐོ་གཞག་དང་འབྲེལ་བའི་ཟན་རྟགས་སྒྲིལ་གནང་རྒྱུ་དང་རིམ་གྲོ་སོགས་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་གི་སྐོར་ལ་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་དགེ་བཤེས་ཟླ་བ་དར་རྒྱས་ལགས་སུ་བཀའ་འདྲི་ཞུས་པ་ཡིན། དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ནས་དེ་དོན་རྒྱ་ཁྱབ་གསལ་བསྒྲགས་ཤིག་སྤེལ་གནང་པའི་ནང་། ཐེངས་འདིའི་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་ལ་ཇི་དགེའི་བཀའ་སློབ་ལམ་སྟོན་གཞིར་བཟུང་གིས་སློབ་དཔོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གཙོ་གྱུར་འབྲེལ་ཡོད་བོན་གྱི་བླ་སྤྲུལ་དགེ་བཤེས་དང་གཞན་ཡང་ཕྱི་ནང་གི་གནད་ཡོད་མི་སྣ་མང་པོར་བཀའ་བསྡུར་རིམ་པ་གནང་ཡོད་པ་བཅས་གསུངས་འདུག

ཆབ་སྲིད་བཙོན་པ་གྲྭ་ཆོས་ཀྱིས་ལགས་བཙོན་ཁང་དུ་གཟུགས་གཞིའི་གནས་སྟངས་ཞན་པོ་ཆགས་འདུག

ཕྱི་ལོ་ ༢༠༡༥ ལོར་རྒྱ་གཞུང་གིས་འཛིན་བཟུང་བཙོན་བཅུག་བྱས་པའི་བོད་གསེར་རྟ་ཕུ་གུ་དགོན་པའི་ཆབ་སྲིད་བཙོན་པ་གྲྭ་ཆོས་ཀྱིས་ལགས་ད་ལྟའི་ཆར་རྒྱ་གཞུང་གི་བཙོན་ཁང་དུ་གཟུགས་གཞིའི་གནས་སྟངས་ཧ་ཅང་ཞན་པོ་ཆགས་ཡོད་པ་རེད་འདུག དེ་སྔ་ཕྱི་ལོ་ ༢༠༡༥ ལོའི་ཕྱི་ཟླ་ ༦ པའི་ནང་བོད་མི་གྲྭ་ཆོས་ཀྱིས་ལགས་གློ་བུར་དུ་རྒྱ་ནག་གཞུང་གིས་བཙན་བཟུང་བྱས་པའི་གནས་ཚུལ་ཐོན་ཡོད་ཀྱང། སྐབས་དེར་ཁོང་འཛིན་བཟུང་བྱེད་དགོས་པའི་ནག་ཉེས་གང་བསགས་ཡོད་པ་ཁ་གསལ་ཤེ་རྟོགས་བྱུང་མེད་པ་མ་ཟད། ས་གནས་སུ་རྒྱ་གཞུང་གིས་ཁ་པར་དང་དྲ་ལམ་ཁག་ཏུ་དམ་དྲག་བྱེད་རྐྱེན་ད་བར་ཕྱི་ཕྱོགས་སུ་ཁོང་དང་འབྲེལ་བའི་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་ལུས་ཡོད་པ་རེད། དེ་རིང་འདི་ག་རླུང་འཕྲིན་ཁང་ལ་མཚན་བརྗོད་འདོད་མེད་པའི་བོད་མི་ཞིག་གིས་ཆབ་སྲིད་བཙོན་པ་གྲྭ་ཆོས་ཀྱིས་ལགས་ཀྱི་སྐོར་གནས་ཚུལ་མཁོ་སྤྲོད་གནང་བར་གྲྭ་ཆོས་ཀྱིས་ལགས་ཀྱིས་ཕྱི་ལོ་ ༢༠༡༥ ལོར་༸སྐུའི་གྱ་སྟོན་དང་འབྲེལ་བའི་སྟོད་གོས་བཟོས་པ་དང། སྐད་འཕྲིན་ཐོག་ཆབ་སྲིད་དང་འབྲེལ་བའི་པར་རིས་བཞག་པ་བཅས་ལ་བརྟེན། ཕྱི་ལོ་ ༢༠༡༥ ལོ་དེ་རང་དུ་རྒྱ་གཞུང་གིས་གྲྭ་ཆོས་ལགས་ལ་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་ལོ་བཞིའི་རིང་བཙོན་བཅུག་ཁྲིམས་ཐག་བཅད་ནས་མི་ཉག་ར་རྔ་སྒང་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་རེད་འདུག དེ་བཞིན་གནས་ཚུལ་མཁོ་སྤྲོད་པས་ཁོང་འཛིན་བཟུང་མ་གནང་སྔོན་ནས་ནད་གཞི་མང་པོ་ཕོག་རྐྱེན་སྐུ་གཟུགས་ཧ་ཅང་སྐྱོ་པོ་ཆགས་ཡོད་པ་དང་། བཙོན་ཁང་དུ་བཙོན་པ་གཞན་ལྟར་མི་འདྲ་བ་ཁོང་ལ་ལྟ་རྟོག་ནན་པོ་བྱེད་ཀྱི་ཡོད་པ་་མ་ཟད། གཟུགས་གཞིའི་གནས་སྟངས་ཞན་པའི་འོག་བཙན་དབང་གིས་ལས་ཀ་མང་པོར་བྱེད་བཅུག་པར་བརྟེན་ད་ལྟའི་ཆར་ཉིན་རེ་བཞིན་གཟུགས་གཞིའི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང་། ལྷག་པར་དུ་དེ་སྔའི་ནང་མི་ཚོ་ཟླ་རེ་མཚམས་སུ་ཐུག་འཕྲད་ཀྱིས་ཟས་རིགས་དང་ཅ་དངོས་སོགས་སྐྱེལ་ཆོག་གི་ཡོད་ཀྱང་། འདི་ལོའི་ཟླ་ ༡༠ ནས་བཟུང་ཁོང་གི་ནང་མི་ཚོ་དང་ཐུག་འཕྲད་གནང་མི་ཆོག་པའི་བཙན་བཀའ་བཏང་ཡོད་སྐོར་གསུངས་སོང་། རྩ་བའི་བོད་མི་ཆབ་སྲིད་བཙོན་པ་གྲྭ་ཆོས་ལགས་ནི། རྒྱ་གཞུང་གིས་དབྱེ་བའི་ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་རྫོང་སྙི་སྟོད་ཡུལ་ཚོ་ཞོ་སང་སྡེ་བ་ནས་ཡིན་པ་དང་། ཁོང་འཛིན་བཟུང་སྐབས་རང་ལོ་ ༣༧ ཡིན་པ་རེད། ཕྱི་ལོ་ ༢༠༡༥ ལོར་རྒྱ་གཞུངགིས་གྲྭ་ཆོས་ཀྱིས་ལགས་འཛིན་བཟུང་བྱེད་པ་དང་དུས་མཚུངས་ཁོང་དང་ཕ་མ་གཅིག་པའི་ཨ་ཅེ་སྐྱིད་འཛོམས་དང་། མོའི་བུ་གྲགས་པ་གཉིས་ཀྱང་གློ་བུར་དུ་བཙན་ཁྲིད་བྱས་ཐོག་ཉིན་ ༡༥ ཙམ་གྱི་རིང་རྡུང་རྡེག་མནར་གཅོད་སྣ་ཚོགས་བཏང་མཐར་ཉེ་སྔོན་གློད་བཀྲོལ་བཏང་ཡོད་རེད།

སྤྱི་འཐུས་ཚོགས་གཞོན་མཆོག་གིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ ༤༠ ལྷག་མཇལ་དང་འཕྲད་གནང་བ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱ་ཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་སྣེ་ཁྲིད་འོག་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་དང་སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས་བཅས་སྤྱི་འཐུས་ཚོགས་ཆུང་ཞིག་གིས་རྒྱལ་ས་ལྡི་ལིར་རྒྱ་གར་གྲོས་ཚོགས་ཀྱི་དགུན་དུས་གྲོས་ཚོགས་དང་བསྟུན་ཕྱི་ཚེས་  ༡༨ ནས་འགོ་འཛུགས་ཀྱིེས་དེ་རིང་བར་ཉིན་གྲངས་ལྔའི་རིང་རྒྱ་གར་རྒྱལ་ཡོངས་ཀྱི་མངའ་སྡེ་ཁག་ ༡༥ ལྷག་ནས་ཕེབས་པའི་སྲིད་དོན་ཚོགས་པ་འདྲ་མིན་ཁག་ ༡༠ ཙམ་གྱི་གྲོས་ཚོགས་ཚོགས་མི་ ༤༠ ལྷག་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། གྲོས་འཐུས་དེ་དག་ལ་བོད་ཀྱི་འདས་མ་ད་གསུམ་གྱི་གནད་དོན་ཁག་ཡིག་ངག་གཉིས་ཐོག་ནས་འགྲེལ་བརྗོད་དང་། ལྷག་དོན་རྒྱ་གར་གྲོས་ཚོགས་ནང་བོད་དོན་གླེང་སློང་ཡོང་ཐབས་སོགས་ཀྱི་འབོད་སྐུལ་ཞུས་འདུག ཚོགས་གཞོན་ཨཱ་ཙཱརྱ་ཡེ་ཤེས་ཕུན་ཙོགས་མཆོག་གིས་བོད་དོན་ཞུ་སྐུལ་ལས་འགུལ་དེའི་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོས་རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཟུར་པ་སྐུ་ཞབས་ Mulayam Singh Yadav  མཆོག་གིས་དབུས་པའི་ཁྲིམས་ཁང་གོང་མའི་ཁྲིམས་རྩོད་པ་སྐུ་ཞབས་ KTS Tulsi  མཆོག་དང་སྐུ་ཞབས་  Vivek Tankha མཆོག དེ་སྔོན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གནང་མྱོང་མཁན་སྐུ་ཞབས་ Shanta Kumar མཆོག་སྐུ་ཞབས་ Bhagat Singh Koshyari  མཆོག སྐུ་ཞབས་ Moti Lal Vohra  མཆོག དེ་བཞིན་སྐུ་ཞབས་   Subhash Chandra མཆོག་སོགས་རྒྱ་གར་ཆབ་སྲིད་ཚོགས་པ་ཆེ་གྲས་ཀྱི་གནད་ཡོད་དཔོན་རིགས་མང་དག་ཞིག་དང་འཇལ་འཕྲད་གནང་ཐུབ་ཡོད་སྐོར་གསུངས་སོང་། གྲོས་ཚོགས་ཀྱི་ཚོགས་མི་དེ་དག་གིས་མགྲིན་དབྱངས་གཅིག་གྱུར་གྱིས་རྒྱ་ནག་དེ་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཆགས་པ་ནས་བཟུང་རྒྱ་གར་གྱི་བདེ་འཇགས་ལ་དཀའ་ངལ་འཕྲད་པའི་སྐོར་དང་། ལྷག་པར་དུ་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ཕན་ཚུན་དབར་ལྟ་གྲུབ་སོགས་མི་མཐུན་པའི་ཆ་ཕྲན་བུ་ཡོད་ཀྱང་། བོད་དང་བོད་མིའི་བདེ་དོན་ཐོག་ཆབ་སྲིད་ཚོགས་པ་ཚང་མས་གུས་བརྩི་དང་ཆེ་མཐོང་གནང་བ་མ་ཟད་གོ་སྐབས་ནམ་བྱུང་ལ་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་སོགས་ཀྱང་གནང་ཡོད་པ་རེད། དེ་བཞིན་ཁ་སང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོ་ལྡི་ལིར་ཕེབས་ཞོར་དང་བསྟུན་རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཚོ་འཇལ་འཕྲད་གནང་བ་དང་། གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་ཚོགས་དེའི་ཐོག་ནས་ལས་དོན་བསྐྱར་ཞིབ་དང་ལྷག་པར་མ་འོངས་པར་ལས་དོན་གནང་ཕྱོགས་དང་འབྲེལ་བའི་གྲོས་ཆོད་ཁག་གཅིག་ཀྱང་བཞག་ཡོད་པ་རེད།

༸གོང་ས་མཆོག་གིས་སེར་སྨད་གྲྭ་ཚང་གི་ཆོས་ར་གསར་པའི་རྟེན་དང་བརྟེན་པ་བཅས་པ་ལེགས་གྲུབ་བྱུང་བར་དབུ་འབྱེད་རབ་གནས་མཛད་པ།

དེ་རིང་ཟླ་ ༡༢ ཚེས་ ༢༡ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཀཱ་ན་ཊ་ཀ་མངའ་སྡེའི་སྦེལ་ཀོབ་བོད་མིའི་གཞིགས་ཆགས་ནང་ཡོད་པའི་སེར་སྨད་གྲྭ་ཚང་གི་ཆོས་ར་གསར་པ་དང་ཚན་རིག་ཁང་ལེགས་གྲུབ་བྱུང་བར་དབུ་འབྱེད་རབ་གནས་དང་། སེར་སྐྱ་མང་ཚོགས་ཆིག་ཁྲི་བརྒལ་བར་༸རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་བཤད་ལུང་གི་ཆོས་འབྲེལ་ཞིག་ཀྱང་མཛད་སོང་། སྐབས་དེར་༸གོང་ས་མཆོག་གིས་ཆོས་ར་དང་ཚན་རིག་ཁང་གསར་པ་ལེགས་བྲུབ་བྱུང་བར་བསྔགས་བརྗོད་དང་འབྲེལ་ཕྱིའི་འཛུགས་སྐྲུན་གང་ལེགས་བྱུང་བ་དང་མཉམ་དུ་ནང་ཐོས་བསམ་སློབ་གཉེར་གྱི་འཛུགས་སྐྲུན་འཐུས་མ་ཤོར་བ་གནང་དགོས་གལ་ཡིན་པར་ལམ་སྟོན་རྒྱ་ཆེ་མཛད་ཡོད། མཛད་སྒོའི་སྐུ་མགྲོན་གྲས་སུ་ཡོད་པ་རྒྱ་གར་ཧིན་དུ་མུ་སྟེགས་པའི་བླ་མ་དང་མཁས་པ་ཁག་ཅིག་ཀྱང་ཕེབས་ཡོད་པ་ལྟར་ཁོང་རྣམ་པ་ཚོར་དམིགས་ནས་བཀའ་སློབ་བསྩལ་དོན་སྤྱིར་རྒྱ་གར་འཕགས་པའི་ཡུལ་དུ་སྟོན་པ་བཅོམ་ལྡན་འདས་མ་བྱོན་གོང་ནས་ལྟ་གྲུབ་དང་འབྲེལ་བའི་ཆོས་ལུགས་མང་པོ་ཞིག་ཡོད་པ་མ་ཟད་རྒྱ་གར་ནང་སྔར་ནས་ད་བར་ལོ་ངོ་སྟོང་ཕྲག་རིང་ཆོས་ལུགས་གྲུབ་མཐའ་མི་འདྲ་བ་རྣམས་འཆམ་མཐུན་དང་ཞི་བདེ་མཉམ་གནས་ངང་ཡོད་པ་རེད། དེས་ན་རྒྱ་གར་ནི་འཛམ་གླིང་ལ་ཆོས་ལུགས་མཐུན་སྒྲིལ་གྱི་མིག་དཔེ་ལྟ་ས་ཤིག་ཡིན་པས་ང་ཚོས་ཀྱང་དེ་ལྟར་ཡོང་བར་འབད་བརྩོན་བྱེད་དགོས་ཞེས་བཀའ་ནན་བསྩལ་སོང་། སེར་སྨད་ཐོས་བསམ་ནོང་གླིང་གྲྭ་ཚང་གི་མཁན་རིན་པོ་ཆེ་ངག་དབང་འབྱོར་ལྡན་མཆོག་གིས་ཆོས་ར་གསར་པ་དེ་གསར་སྐྲུན་བྱེད་དགོས་དོན་ནི་རྒྱུན་དུ་ཉི་མས་འཚིག་པའི་དཀའ་ངལ་དང་དབྱར་དུས་ཆར་ཞོད་སྐབས་ཆོས་ར་ཚོགས་རྒྱུར་དཀའ་ངལ་ཡོད་པ་དེ་དག་སེལ་ཕྱིར་གསར་བསྐྲུན་ཞུས་ཡོད་པ་ངོ་སྤྲོད་གནང་བ་དང་སྦྲགས། ཆོས་ར་གསར་སྐྲུན་ཆེད་འགྲོ་གྲོན་ཇི་སོང་གི་རྩིས་ཁྲ་ཁག་སྙན་སྒྲོན་ཞུས་ཡོད། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་འཚམས་འདྲི་གནང་བ་དང་ཆབས་ཅིག ནང་གི་ཐོས་བསམ་སློབ་གཉེར་ལ་འབད་པ་གནང་དགོས་གལ་ཡིན་པ་སོགས་གསུངས་སོང་། དེ་དང་ཕྱོགས་མཚུངས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གདན་ས་གྲྭ་ཚང་ཁག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་བོད་ཀྱི་ནང་ཆོས་ལ་སློབ་གཉེར་དང་དེང་དུས་ཚན་རིག་ལ་སོགས་པའི་ཤེས་ཡོན་ཐོག་སློབ་གཉེར་གནང་ཚེ་སངས་རྒྱས་ཀྱི་བསྟན་པ་ད་དུང་ཡང་ལོ་ངོ་སྟོང་ཕྲག་རིང་འཛམ་གླིང་འདིར་གནས་ཐུབ་རྒྱུ་ཙམ་མ་ཟད་དཔལ་ན་ལེཎྜ་ནས་བརྒྱུད་པའི་རྒྱ་གར་གྱི་སེམས་ཁམས་རིག་པའི་ལྟ་གྲུབ་དེ་དག་འཛམ་གླིང་ཡོངས་ལ་དར་སྤེལ་ཡོང་རྒྱུར་དགེ་མཚན་ཆེན་པོ་ཡོད་པ་གསུངས་ཡོད། ལྷག་དོན་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་ནང་དོལ་རྒྱལ་བསྟེན་སྲོལ་དང་འབྲེལ་བའི་ཐོག་ནས་དེ་སྔ་དཀའ་ངལ་འཕྲད་ཡོད་ཀྱང་ལངས་ཕྱོགས་བརྟན་སྲུང་གིས་༸གོང་ས་མཆོག་གི་བཀའ་དང་ལེན་ཞུས་པར་ཡི་རངས་བསྔགས་བརྗོད་གནང་ཡོད་པ་རེད། དོལ་རྒྱལ་རྗེས་འབྲང་པ་ཚོ་དང་ཆོས་དང་ཟང་ཟིང་གི་ཆ་ནས་འབྲེལ་བ་བཅད་པ་དེས་བོད་མིའི་སྤྱི་ཚོགས་དང་འཛམ་གླིང་ཡོངས་ལ་མཐུན་སྒྲིལ་དང་འཆམ་མཐུན་ཡོང་རྒྱུར་ཕན་ཐོགས་ཆེན་པོ་བྱུང་བ་མ་ཟད་བོད་བརྒྱུད་ནང་བསྟན་དེ་སྤུས་གཙང་གནས་རྒྱུར་དགེ་མཚན་བྱུང་ཡོད་པ་གསུངས་སོང་། སྦེལ་ཀོབ་བོད་ཀྱི་ལྷ་མོ་ཚོགས་པས་ལྷ་མོའི་འཁྲབ་སྟོན་གཟིགས་འབུལ་ཞུས་པ་དང་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོས་བོད་ཀྱི་རིག་གཞུང་དང་འབྲེལ་བའི་གཞས་སྣ་ཁག་ཅིག་འཁྲབ་སྟོན་ཞུ་ཐོག་མཛད་སྒོ་མཇུག་སྒྲིལ་གནང་ཡོད་པ་རེད། སང་ཉིན་ཕྱི་ཚེས་ ༢༢ ཉིན་སྔ་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆོས་གྲྭ་བཀྲིས་ལྷུན་པོ་དང་སྔ་འགྱུར་རྙིང་མའི་གདན་ས་རྣམ་གྲོལ་གླིང་བཅས་སུ་ཆིབས་སྒྱུར་དང་བཀའ་སློབ་བསྩལ་རྒྱུ་ཡིན་པ་རེད།

Latest news