Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: December, 2017

རེས་གཟའ་ཕུར་བུ། ༢༠༡༧།༡༢།༢༡

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་སེར་སྨད་གྲྭ་ཚང་གི་ཆོས་ར་གསར་པ་དབུ་འབྱེད་དང་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་བསྩལ་བ། རྒྱ་ནག་དེ་བཞིན་སླར་ཡང་འཛམ་གླིང་ནང་གསར་འགོད་པ་མང་ཤོས་བཀག་ཉར་བྱེད་མཁན་དུ་ཐེར་བཏོན་བྱས་འདུག ༸གོང་ས་མཆོག་གིས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་དཀའ་རྙོག་དེ་གང་མགྱོགས་སེལ་རྒྱུའི་རེ་བ་ཡོད་པ་བཀའ་བསྩལ་འདུག བྱེས་ཀྱི་གདན་ས་སེ་རར་IGNOUཤེས་ཡོན་ལྟེ་གནས་ཁང་ཞིག་དབུ་འབྱེད་གནང་འདུག འཕྲོད་བསྟེན་ལེ་ཚན། བེུད་ཀྱི་ནད་རིགས་སྐོར། Thursday 21/12/2017 Dalai Lama inaugurates Thoesam Norling’s courtyard at Sera Mey China continues to be world’s biggest prison for Journalists: RSF India, China border spat temporary, says Dalai Lama New IGNOU study center inaugurated at Sera Monastery HEALTH FEATURE: Dr. Yeshi Khando on Women’s health

༸གོང་ས་མཆོག་གིས་རྒྱ་དཀར་ནག་དབར་ས་མཚམས་ཀྱི་རྩོད་རྙོག་དེ་གང་མགྱོགས་སེལ་རྒྱུར་ཐུགས་རེ་ཡོད་པ་བཀའ་བསྩལ་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་དཀར་ནག་གཉིས་དབར་འཕྲད་བཞིན་པའི་ས་མཚམས་ཀྱི་དཀའ་རྙོག་དེ་འཕྲལ་སེལ་གྱི་དཀའ་ངལ་ཡིན་སྟབས་གང་མགྱོགས་སེལ་རྒྱུར་ཐུགས་རེ་གནང་བཞིན་ཡོད་པ་བཀའ་བསྩལ་འདུག དེའང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ཉིན་རྒྱ་གར་གྱི་ TNN གསར་འགྱུར་ལས་ཁང་གི་གསར་འགོད་པའི་བཀའ་འདྲི་དང་ལེན་གྱིས་རྒྱ་གར་ལ་རྒྱ་ནག་དགོས་པ་དང་རྒྱ་ནག་ལའང་རྒྱ་གར་དགོས་པ་གཅིག་མཚུངས་ཡིན་སྟབས། རྒྱ་དཀར་ནག་གཉིས་ཀྱིས་སོ་སོའི་མི་མཐུན་པ་རྣམས་ཟུར་དུ་བཞག་ནས་གཙོ་བོ་རྒྱལ་ཁབ་གཉིས་པོའི་ནང་ཞི་བདེ་ལྷིང་འཇགས་ཡོང་བར་ཤུགས་སྣོན་རྒྱག་དགོས་པ་དང་། མགོན་པོ་༸གང་ཉིད་མཆོག་གི་ཐུགས་བསྐྱེད་གཙོ་བོ་ནི་འཛམ་གླིང་འདི་ཞི་བདེ་བག་ཕེབས་ཤིག་ཏུ་འགྱུར་རྒྱུ་ཡིན་པར་བཀའ་བསྩལ་འདུག དེ་བཞིན་༸གོང་ས་མཆོག་གིས་ད་ལྟའི་དུས་རབས་ ༢༡ འདི་ཞི་བདེའི་དུས་རབས་ཤིག་ཏུ་འགྱུར་བར་འགྲོ་བ་མི་ཀུན་ལ་འགན་ཡོད་པ་བཀའ་བསྩལ་བ་དང་སྦྲགས། ད་ཆ་རྒྱ་གར་དང་པ་ཀིས་ཐན། བྷང་ལ་དེ་ཤི། དེ་བཞིན་རྒྱ་ནག་སོགས་ཀྱི་དབར་ལ་རྩོད་གཞི་འདྲ་མིན་དང་དེ་དག་ཐོག་བསམ་ཚུལ་མི་མཐུན་པ་སྣ་མང་འབྱུང་བཞིན་ཁག་གཙང་ཐག་མ་ཆོད་པའི་གནད་དོན་དེ་རིགས་གྲོས་མོལ་གྱི་ལམ་ལས་རྡུན་ཕྲན་མཚོན་ཆ་བེད་སྤྱོད་བརྒྱུད་སེལ་ཐུབ་ཐབས་མེད་སྐོར་བཀའ་བསྩལ་དང་། ལྷག་དོན་ད་ལྟའི་རྒྱ་ནག་དང་འདས་པའི་ལོ་ངོ་ ༤༠ སྔོན་གྱི་རྒྱ་གཞུང་གཉིས་དབར་ཁྱད་ཆེན་པོ་ཡོད་སྐོར་བཀའ་ནན་བསྩལ་འདུག མགོན་པོ་༸གང་ཉིད་མཆོག་གིས་ཆོས་ལུགས་ཚང་མའི་དམིགས་ཡུལ་གཅིག་མཚུངས་ཡིན་པ་དང་དེ་དག་བརྒྱུད་ད་ཆ་འཛམ་གླིང་ཐོག་འཕྲད་བཞིན་པའི་དཀའ་རྙོག་ཚང་མར་ཞི་བའི་ཐབས་བྱུས་འོག་སེལ་རྒྱུ་ཡོད་སྐོར་བཀའ་ནན་བསྩལ་བ་དང་ཆབས་ཅིག རྒྱ་གར་གྱི་ངོས་ནས་ད་བར་བོད་མིར་འགྱུར་བ་མེད་པར་རྒྱབ་སྐྱོར་གནང་ཡོད་སྟབས་བོད་མི་ངོས་ནས་ཀྱང་དུས་རྟག་ཏུ་རྒྱ་གར་དང་ལྷན་འཆམ་མཐུན་ངང་གནས་རྒྱུ་ཡིན་པར་བཀའ་བསྩལ་ཡོད་པ་རེད།

རྒྱ་ནག་དེ་སླར་ཡང་འཛམ་གླིང་ནང་གསར་འགོད་པ་བཀག་ཉར་མང་ཤོས་བྱེད་མཁན་རྒྱལ་ཁབ་ཁོངས་སུ་ཐེར་བཏོན་བྱས་འདུག

རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༧ ལོ་འཁོར་སྙན་ཐོ་ནང་རྒྱ་ནག་རྒྱལ་ཁབ་དེ་སླར་ཡང་འཛམ་གླིང་ནང་གསར་འགོད་པ་བཀག་ཉར་མང་ཤོས་བྱེད་མཁན་རྒྱལ་ཁབ་ཁོངས་སུ་ཐེར་བཏོན་བྱས་འདུག དེའང་ཕ་རན་སིའི་རྒྱལ་ས་ Paris ནང་དུ་རྟེན་གཞི་བྱས་པའི་ Reporters  Without Borders འམ་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཞེས་རྒྱལ་སྤྱིའི་ནང་གསར་འགོད་པའི་རང་དབང་སྲུང་སྐྱོབ་གནང་མཁན་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དེས་ཟླ་བ་འདིའི་ཕྱི་ཚེས་ ༡༩ ཉིན་ཕྱི་ལོ་ ༢༠༡༧ ལོ་ནང་རྒྱལ་ཁབ་སོ་སོའི་ནང་གི་གསར་འགོད་པའི་རང་དབང་གནས་བབ་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་གནང་འདུག སྙན་ཐོའི་ནང་འདས་པའི་ལོ་གཅིག་གི་ནང་རྒྱལ་ཁབ་ཁྱོན་ ༡༨༠ འི་གསར་འགོད་པའི་རང་དབང་གནས་བབ་ཐོག་ཞིབ་འཇུག་གནང་སྟེ་གསར་འགོད་པ་བཀག་བསྐྱིལ་དང་། གར་སོང་ཆ་མེད་དུ་གྱུར་བ། དེ་བཞིན་འཛིན་བཟུང་བྱས་པ་སོགས་མངོན་གསལ་གནང་ཡོད་པ་རེད། ཚོགས་པ་དེས་ད་རེས་འཛམ་གླིང་རྒྱལ་ཁབ་ ༡༨༠ ནང་འདས་ལོ་གཅིག་གི་རིང་ལ་གསར་འགོད་པར་རང་དབང་ཇི་ཙམ་སྤྲད་ཡོད་མེད་དང་འབྲེལ་བའི་དཔྱད་ཞིབ་ཀྱི་དཀར་ཆག་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་བརྒྱུད་རྒྱ་ནག་དེ་གསར་འགོད་པའི་རང་དབང་གནས་བབ་ཐོག་ཆེས་སྡུག་ཤོས་ཀྱི་གཤམ་ནས་རྩིས་པའི་ཨང་རིམ་ ༡༧༦ པར་ངོས་འཛིན་འདུག འདས་པའི་ལོ་གཅིག་ནང་གསར་འགོད་པ་བཀག་ཉར་བྱས་པའི་སྡེ་ཁོངས་སུ་རྒྱ་ནག་དང་ཝི་ཏི་ནམ། ཨི་རཎ། ཊར་ཀི དེ་བཞིན་སིརྱ་བཅས་ཀྱིས་གསར་འགོད་པ་བཀག་ཉར་མང་ཤོས་བྱས་ཡོད་སྟབས་རྒྱལ་ཁབ་ལྔ་པོ་དེ་དག་ཆེས་མངོན་གསལ་གནང་འདུག་པ་མ་ཟད། རྒྱ་ནག་དེ་འཛམ་གླིང་ནང་གསར་འགོད་པ་བཀག་ཉར་གྱིས་བཙོན་འཇུག་མང་ཤོས་བྱེད་མཁན་ཆེས་སྡུག་ཤོས་ཀྱི་རྒྱལ་ཁབ་ཁོངས་སུ་ཐེར་བཏོན་བྱས་འདུག རྒྱ་གཞུང་གིས་ལོ་གཅིག་གི་ནང་གསར་འགོད་པ་དང་དྲ་རྒྱའི་ཐོག་དཔྱད་རྩོམ་སྤེལ་མཁན་བཅས་ཁྱོན་མི་གྲངས་ ༥༢ བཀག་ཉར་བྱས་པར་བརྟེན་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་སྔ་ལོའི་སྙན་དང་བསྡུར་ན་རྒྱ་ནག་ནང་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་ཕྱིན་མེད་པར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག རྒྱ་གཞུང་ལ་ཁུལ་དེའི་ནང་གི་གསར་འགོད་པའི་རང་དབང་གནས་བབ་ལ་ཕྱོགས་ཡོངས་ནས་ ཡར་རྒྱས་གཏོང་དགོས་གལ་ཡིན་པ་བཀོད་འདུག དེ་བཞིན་རྒྱལ་མཚམས་མེད་པའི་གསར་འགོད་པ་མཐུན་ཚོགས་ཀྱིས་ཉེ་སྔོན་རྒྱ་ནག་བཙོན་ཁང་དུ་མནར་གཅོད་འོག་འདས་གྲོངས་སུ་གྱུར་བ་ནོ་སྤེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་སྐུ་ཞབས་ Liu Xiaobo ལགས་དམ་པ་དང། དྲ་རྒྱའི་ཐོག་རྩོམ་སྤེལ་མཁན་ Yang Tongyan ལགས་གཉིས་ཀྱི་གནད་དོན་ལུང་འདྲེན་དང་འབྲེལ། རྒྱ་ནག་གཞུང་ནས་ཉེ་བའི་ཆར་གསར་འགོད་པ་རྣམས་ཐད་ཀར་དམར་གསད་མི་གཏང་བར་བཙོན་ཁང་དུ་ཁོང་རྣམས་ཤི་གསོན་ཅི་བྱ་གཏོལ་མེད་ཀྱི་མཚམས་སུ་མ་སླེབས་བར་བཙོན་ཁང་དུ་བཙོན་འཇུག་གིས་གཟུགས་གཞིའི་གནས་སྟངས་ཆེས་ཞན་པའི་འོག་འདས་གྲོངས་སུ་གྱུར་གྱི་ཡོད་པར་འགྲེལ་བརྗོད་གནང་ཡོད། ལྷག་པར་དུ་ཚོགས་པ་དེས་ ༢༠༠༤ ལོར་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་གསར་འགོད་རང་དབང་གཟེངས་རྟགས་ཐོབ་མཁན་དང་། 64Tianwang གསར་ཁང་གསར་འཛུགས་གནང་མཁན་ Huang Qi ལགས་ཉེ་སྔོན་རྒྱ་གཞུང་གིས་བཙོན་ཁང་དུ་མནར་གཅོད་བཏང་བ་དང་སྨན་བཅོས་ཀྱི་མཐུན་རྐྱེན་སྦྱར་མེད་པ་མ་ཟད་ཁོང་ལ་བཙན་དབང་གིས་ཉག་ཉེན་ཁས་ལེན་བཅུག་པར་སྐྱོན་བརྗོད་ནན་པོ་གནང་འདུག རྩ་བའི་རྒྱལ་མཚམས་མེད་པའི་གསར་འགོད་པ་མཐུན་ཚོགས་ཀྱིས་ཕྱི་ལོ་ ༢༠༠༢ ལོ་ནས་དབུ་འཛུགས་ཀྱིས་ལོ་ལྟར་འཛམ་གླིང་ནང་གསར་འགོད་པའི་རང་དབང་དང་འབྲེལ་བའི་སྙན་ཐོ་འདོན་སྤེལ་གནང་གི་ཡོད་པ་དང། འཛམ་གླིང་རྒྱལ་ཁབ་དང་སྲིད་གཞུང་ཚང་མས་ཆ་འཇོག་བྱ་འོས་པའི་སྙན་ཐོ་ཞིག་ཡིན་པ་རེད། ཚོགས་པ་དེའི་རྒྱ་ནག་ཚན་པའི་ཁོངས་སུ་སྲིད་འཛིན་ཞི་ཅིང་ཕིང་གིས་སྲིད་འཛིན་གོ་གནས་བླངས་རྗེས་ ཁུལ་དེའི་ནང་དུ་ཕྱི་ནང་གི་གསར་འགོད་པ་དང་དྲ་རྒྱའི་རྩོམ་པ་པོ། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་འཛིནབཀག་ཉར་དང་དམ་དྲག དེ་བཞིན་བཙན་དབང་གིས་ནག་ཉེན་ངོས་ལེན་བྱས་བཅུག་པ་ཐེར་བཏོན་གནང་པ་མ་ཟད། ད་ལྟའི་ཆར་གསར་འགོད་པ་དང་དྲ་རྒྱའི་རྩོམ་པ་པོ་ ༡༠༠ ལྷག་རྒྱ་གཞུང་གིས་བཀག་ཉར་བྱས་ཡོད་རེད་འདུག ཉེ་ཆར་ཟླ་ ༡༢ ཚེས་ ༡༨ ཉིན་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་སྐུ་ཞབས་ Zeid Raad al-Hussein མཆོག་གིས་རྒྱ་ནག་དམར་ཤོག་ཚོགས་པའི་ངོས་ནས་ཁུལ་དེའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཡར་རྒྱས་གཏོང་དགོས་པ་བསྐྱར་ནན་གསུངས་ཡོད་པ་རེད།

རེས་གཟའ་ལྷག་པ། ༢༠༡༧།༡༢།༢༠

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་རྟ་མགྲིན་ཡང་གསང་གི་བཀའ་དབང་བསྩལ་འདུག བོད་པའི་འགོ་ཁྲིད་ཚོས་བོད་མིའི་རང་སྐྱོང་གི་གནས་བབ་དེས་རྒྱ་གར་ལ་ཁེ་ཕན་ཇི་ཡོད་གསལ་པོ་བཟོ་དགོས་ཀྱི་རེད་གསུངས་འདུག གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་བཙུན་རྣམས་སེམས་ཁམས་དཀའ་ངལ་འཕྲད་བཞིན་ཡོད་པ། བོད་ཀྱི་གཞོན་སྐྱེས་ནུས་སྤེལ་ལྷན་ཚོགས་ཐེངས་བཞི་པ་ཚོགས་འདུག བོད་མིའི་སྒྲིག་འཛུགས་ནས་ཧི་མ་ཅལ་མངའ་སྡེའི་བྷེ་ཇི་པི་ཆབ་སྲིད་ཚོགས་པརའཚམས་འདྲི་ཞུས་འདུག Wednesday 20/12/2017 Dalai Lama confers Hayagriva Initiation at Sera Jey Tibetan leadership needs to ascertain how a genuinely autonomous Tibet within China would be in India’s interest Larung Gar student narrates account of homelessness and despair 4th Global Vision for Young Tibetans held in Bylakuppe Sikyong congratulates BJP for massive victory in HP state election

ཚེ་རབས་མང་པོའི་ལས་སྨོན་ཐོག་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་འཕྲིན་ལས་སྒྲུབ་མཁན་ཞིག་ཡིན་པ་བཀའ་བསྩལ་བ།

དེ་རིང་ཕྱི་ཟླ་ ༡༢ ཚེས་ ༢༠ ཉིན་སྔ་དྲོ་ཚོུད་ ༧༌༠༠ ནས་དབུ་འཛུགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་གི་ཡ་གྱལ་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་རར་སེར་སྐྱ་མང་ཚོགས་དང་སློབ་ཕྲུག་བཅས་ཁྲི་ཕྲག་བརྒལ་བར་རྟ་མགྲིན་ཡང་གསང་ལྷ་དགུའི་བཀའ་དབང་བསྩལ་སོང་། སྐབས་དེར་འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཤར་བྱང་ཆོས་རྗེ་རྣམ་གཉིས་ཀྱིས་གཙོས་པའི་གདན་ས་སེ་འབྲས་དགེ་གསུམ་གྱི་མཁན་བླ་སྤྲུལ་རྣམ་པ་དང་། དེ་བཞིན་རྙིང་དགོན་རྣམ་གྲོལ་གླིང་གི་གྲྭ་བཙུན་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག གཞན་ཡང་གཞིས་ཆགས་ཁག་གི་མི་མང་དང་སློབ་ཕྲུག་བཅས་ཁྱོན་སེར་སྐྱ་མང་ཚོགས་ཁྲི་ཕྲག་བརྒལ་བར་རྟ་མགྲིན་ཡང་གསང་གི་བཀའ་དབང་བསྩལ་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སེར་བྱེས་མཁན་སྙན་གྲྭ་ཚང་གི་ཡི་དམ་རྟ་མགྲིན་ནི་སྤྱན་རས་གཟིགས་ཁྲོ་བོའི་རྣམ་པརབཞེངས་པ་ཞིག་ཡིན་པ་མ་ཟད་བོད་གངས་ཅན་ལྗོངས་དང་དམིགས་བསལ་གྱི་འབྲེལ་བ་ཡོད་པའི་ཡི་དམ་རྟ་མགྲིན་གྱི་བཀའ་དབང་བསྩལ་བའི་དགོས་གནད་སྐོར་བཀའ་བསྩལ་ཡོད་པ་རེད། དེ་དང་ཕྱོགས་མཚུངས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེང་སྐབས་དགོན་སྡེ་ཁག་ལ་ཆ་མཚོན་ན་ཕྱིའི་འཛུགས་སྐྲུན་གང་ལེགས་བྱུང་བ་དང་མཉམ་དུ་ནང་ཐོས་བསམ་སློབ་གཉེར་གྱི་འཛུགས་སྐྲུན་གནང་ཐོག་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་དགོས་གལ་ཡིན་པར་ལམ་སྟོན་རྒྱ་ཆེ་མཛད་ཡོད། སང་ཉིན་ཕྱི་ཚེས་ ༢༡ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཆོས་ར་གསར་པ་དབུ་འབྱེད་རབ་གནས་མཛད་རྒྱུ་དང་། རྟེན་འབྲེལ་བསྟོད་པའི་ཆོས་འབྲེལ་གནང་གཏན་འཁེལ་འདུག

གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་བཙུན་ཚོ་སྡོད་གནས་མེད་པའི་ཐོག་སེམས་ཁམས་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་རེད་འདུག

རྒྱ་ནག་གཞུང་གིས་བླ་རུང་ཆོས་སྒར་གཏོར་བཤིག་བཏང་བར་བརྟེན་ད་ལྟའི་ཆར་བོད་པའི་གྲྭ་བཙུན་ཚོ་སྡོད་གནས་མེད་པའི་ཐོག་སེམས་ཁམས་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པར་འགྲེལ་བརྗོད་གནང་འདུག ཕྱི་ལོ་ ༢༠༡༦ ལོའི་ཕྱི་ཟླ་ ༦ ཚེས་ ༢༠ ཉིན་རྒྱ་གཞུང་གིས་བོད་གསེར་རྟ་བླ་རུང་ཆོས་སྒར་ནང་བསྟན་སློབ་གླིང་དུ་གྲྭ་བཙུན་དང་སློབ་གཉེར་བའི་གྲངས་འབོར་ ༥༠༠༠ བར་ཚད་འཛིན་བྱ་རྒྱུ་ཡིན་ཟེར་ནས་བླ་རུང་ཆོས་སྒར་དུ་གྲྭ་ཤག་གཏོར་བཤིག་དང་གྲྭ་བཙུན་ཕྱིར་འབུད་ཀྱི་ལས་དོན་སྤེལ་ཡོད་པ་དང། ལས་གཞི་དེའི་འོག་ད་བར་གྲྭ་བཙུན་དང་སློབ་གཉེར་བ་ཁྱོན་ ༤༨༢༥ ཙམ་ཕྱིར་འབུད་བཏང་བ་དང་གྲྭ་ཤག་ ༤༧༢༥ ཙམ་གཏོར་བཤིག་བཏང་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་ཉེ་ཆར་ཕྱི་དྲིལ་ལས་ཁུངས་ཀྱི་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚན་པས་དེ་སྔོན་གསེར་རྟ་བླ་རུང་ཆོས་སྒར་དུ་སློབ་གཉེར་གནང་མྱོང་ཡོད་པའི་བོད་མི་ཞིག་ལ་བཅར་འདྲི་ཞུས་པའི་གནས་ཚུལ་ཞིག་སྤེལ་འདུག སྐབས་དེར་བོད་མི་ཁོང་གིས་འགྲེལ་བརྗོད་གནང་བར་གཞིགས་ན། རྒྱ་གཞུང་གིས་བླ་རུང་ཆོས་སྒར་གཏོར་བཤིག་བཏང་རྐྱེན་ད་ལྟའི་ཆར་དགེ་འདུན་པ་ཚོར་གཏན་སྡོད་ཀྱི་སྡོད་གནས་མེད་སྟབས་རང་ཉིད་ཀྱི་སྡོད་གནས་འཚོལ་ཞིབ་བྱེད་དགོས་པ་དང། དོན་རྐྱེན་དེའི་འོག་དགེ་འདུན་ཁག་ཅིག་བཙན་དབང་གིས་སྐྱ་སར་བབ་དགོས་བྱུང་ཡོད་པ་དང། དེ་བཞིན་རྒྱ་གཞུང་གིས་བླ་རུང་ཆོས་སྒར་ནས་གྲྭ་བཙུན་ཕྱིར་འབུད་གཏོང་བ་ཙམ་མ་ཡིན་པར། ཕྱིར་འབུད་གཏོང་བའི་གྲྭ་བཙུན་དེ་དག་གི་འགྲོ་སྡོད་སྤྱོད་གསུམ་གྱི་ཐོག་ལྟ་སྲུང་ནན་པོ་བྱེད་བཞིན་པའི་ཁར་ཁོང་རྣམས་ལ་རང་དབང་མེད་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག གནད་དོན་དེས་ད་ལྟའི་ཆར་ཁུལ་དེར་གནས་སྡོད་བྱེད་མཁན་མང་ཚོགས་དང་སློབ་གཉེར་བ་ཚོའི་ལུས་སེམས་གཉིས་ལ་དོ་ཕོག་ཧ་ཅང་ཆེན་པོ་བཏང་ཡོད་པ་མ་ཟད་བོད་པའི་བཙུན་མ་དང་སློབ་གཉེར་བྱེད་མཁན་རྒྱ་རིགས་སློབ་མ་ཚོའི་སེམས་ཁོངས་ལའང་ངལ་བ་ཆེན་པོ་བཟོ་མུས་ཡིན་པར་འགྲེལ་བརྗོད་བྱས་འདུག བོད་པའི་དགེ་འདུན་པ་ཚོས་སེམས་མ་ཞུམ་པར་རྒྱ་གཞུང་གིས་བླ་རུང་ཆོས་སྒར་གཏོར་བཤིག་གཏོང་བའི་གནད་དོན་དང་འབྲེལ་རྒྱ་གཞུང་གིས་རྩ་ཁྲིམས་གཞིར་བཟུང་རང་དབང་རྩོད་ལེན་གནང་དགོས་བསམ་ཡང་ས་གནས་སུ་དེ་ལྟར་གནང་རྒྱུའི་གོ་སྐབས་མེད་རྐྱེན་སེམས་ཁམས་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་ཐེར་བཏོན་དང་སྦྲགས། རྒྱ་གཞུང་གིས་བྱེད་སྟངས་དེ་དག་ནི་བོད་མི་མང་ཚོགས་ཀྱི་ཐོབ་ཐང་དང་སེམས་ཚོར་ལ་བརྩི་མེད་གཏོང་བའི་བྱ་ངན་དང་ཁྲིམས་འགལ་གྱི་བྱ་སྤྱོད་ཞིག་རེད་ཅེས་སྐྱོན་བརྗོད་ནན་པོ་གནང་འདུག ལྷག་པར་དུ་རྒྱ་གཞུང་འགོ་ཁྲིད་ཚོས་བླ་རུང་ཆོས་སྒར་གཏོར་བཤིག་གཏོང་རྒྱུའི་ལས་གཞི་དང་འབྲེལ་བོད་མི་ཚོར་སྤོབས་པོ་ཆེན་པོས་གནམ་འོག་ཏུ་ཡོད་པའི་བོད་ཀྱི་ས་གཞི་དེའི་བདག་དབང་རྒྱ་ནག་དམར་ཤོག་ཚོགས་པར་ཡོད་ཅེས་བོད་ནང་དུ་རྒྱ་གཞུང་གིས་སྣང་བ་གང་དྲན་བྱེད་བཞིན་ཡོད་པ་མ་ཟད་ཉེན་རྟོག་ལས་ཁུངས་དང་དངུལ་ཁང་སོགས་རྒྱ་གཞུང་གི་སྟངས་འཛིན་འོག་ཡོད་པ་གསུངས་ཡོད། ད་དུང་བོད་མི་དེས་རྩ་བའི་བླ་རུང་ཆོས་སྒར་གཏོར་བཤིག་གཏོང་དགོས་པའི་རྒྱུ་མཚན་དུ་ས་གནས་སུ་མི་འབོར་མང་དྲག་པ་དང་ཆུའི་འགྲོ་ལམ་ཡག་པོ་མེད་པ། སྡོད་གནས་ཁག་འདང་ངེས་མེད་པར་བརྗོད་ཡོད་ཀྱང། དོན་དངོས་ཐོག་བླ་རུང་ཆོས་སྒར་དེ་སྤྱི་ཚོགས་ཁྲོད་ལ་ཤུགས་རྐྱེན་ཆེན་པ་ཡོད་པའི་སློབ་གཉེར་ལྟེ་གནས་ཁང་ཞིག་ཏུ་འགྱུར་བཞིན་ཡོད་པ་དང།  ལྷག་དོན་བླ་རུང་ཆོས་སྒར་གྱི་མཁན་པོར་རྒྱ་ནག་རང་ནས་རྒྱ་རིགས་སློབ་མ་དང་རྗེས་འབྲང་པ་མང་པོ་ཡོད་སྟབས་རྒྱ་རིགས་མང་ཚོགས་ཁྲོད་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་པར་ཞེད་སྣང་ཆེན་པོ་བྱེད་མུས་ཡོད་པ་གསུངས་འདུག  ཁྱད་པར་དུ་རྣམ་ཀུན་ས་གནས་སུ་མཁན་པོས་བོད་ཀྱི་སྐད་ཡིག་དང་འཕྲོད་བསྟེན་སྔོན་འགོག་གི་ལས་གཞི་སྤེལ་ཁག་ལ་བོད་མི་ཚོས་དོ་སྣང་དང་ཤར་སྐྱོད་གནང་བ་ལས་རྒྱ་ནག་གཞུང་གི་ལས་གཞི་ཁག་ལ་དེ་ཙམ་ནུས་པ་ཐོན་གྱི་མེད་སྐོར་གསུངས་ཡོད། ད་ལྟའི་ཆར་བླ་རུང་ཆོས་སྒར་དུ་རྒྱ་ནག་གཞུང་གིས་མང་ཚོགས་ཀྱི་ཞི་རྒོལ་འགོག་ཐབས་སུ་དམིགས་བསལ་གྱི་ཆས་གོས་གྱོན་པ་དང་མི་གྱོན་པའི་དྲག་ཆས་ཉེན་རྟོག་དམག་མི་ཕོན་ཆེན་འགྲེམས་འཇོག་གིས་ས་ཁུལ་ཁྱོན་ཡོངས་ལ་ཧ་ཅང་དམ་དྲག་བྱེད་རྐྱེན་མང་ཚོགས་ཚོ་འགུལ་སྐྱོད་གནང་ས་མེད་པ་ཆགས་ཡོད་པ་རེད་འདུག རྩ་བའི་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་གཏོར་བཤིག་ལས་དོན་འགོ་འཛུགས་ཀྱིས་ཁུལ་དེའི་གྲྭ་བཙུན་དང་མང་ཚོགས་ལ་དཀའ་ངལ་ཆེན་པོ་བཟོ་ཡོད་པ་མ་ཟད། ལས་དོན་དེའི་རྐྱེན་པས་ཆོས་སྒར་དེའི་བཙུན་མ་གསུམ་གྱིས་རང་སྲོག་བཅད་པའི་གནས་ཚུལ་བྱུང་ཡོད་པ་རེད། གནད་དོན་དེའི་ཐོག་ཡོ་རོབ་མཐུན་ཚོགས་དང་ཨ་རིའི་ཆོས་དད་རང་དབང་ལྷན་ཚོགས་སོགས་གཞུང་སྒེར་ཚོགས་པ་ཁག་གིས་རྒྱ་གཞུང་ལ་སྐྱོན་བརྗོད་དང་ལས་གཞི་དེ་འཕྲལ་དུ་མཚམས་འཇོག་དགོས་པར་ནན་བརྗོད་བྱས་ཡོད་པ་རེད།  འོན་ཀྱང་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་གཞུང་སྒེར་ཁག་གིས་འབོད་སྐུལ་གནང་བ་དང་ལེན་ཞུ་རྒྱུ་ལས་ལྡོག་ནས་འདི་ལོའི་ཕྱི་ཟླ་ ༣ པའི་ནང་དུ་གགྲྭ་ཤག་ ༣༢༢༥ གཏོར་བཤིག་གཏང་རྒྱུར་ཐག་གཅོད་བྱས་པ་མ་ཟད། ཕྱི་ཟླ་ ༩ པའི་ནང་ཚུད་ལ་ཆ་ཚང་གཏོར་བཤིག་གཏང་རྒྱུའི་དུས་བཀག་བཟོས་པ་དང། དེ་བཞིན་འདི་ལོའི་ཕྱི་ཟླ་ ༨ ཚེས་ ༢༠ ཉིན་རྒྱ་གཞུང་གིས་སྔར་ཡོད་བོད་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གི་འཛིན་སྐྱོང་བྱེད་ཕྱོགས་ལ་སྔར་མེད་བསྒྱུར་བཅོས་ཀྱིས་ལྔ་རིག་ནང་བསྟན་སློབ་གླིང་དང་བླ་རུང་ཆོས་སྒར་གཉིས་པོ་ལོགས་སུ་དབྱེ་ནས་ཡོངས་རྫོགས་དོ་དམ་བྱ་རྒྱུའི་ཆེད་སྒྲིག་གཞི་གཏན་འབེབས་ཀྱིས་དོ་དམ་ཨུ་ཡུན་ལྷན་ཁང་ཞེས་པ་ཞིག་གསར་དུ་བཙུགས་པ་མ་ཟད། ལས་ཁུངས་དེའི་འགན་འཛིན་དང་ལས་བྱེད་དུ་དམར་ཤོག་ཚོགས་པའི་ལས་མི་ཁག་ཅིག་ཀྱང་བསྐོ་གཞག་བྱས་ཡོད་པ་རེད། དེ་བཞིན་ནང་བསྟན་སློབ་གླིང་དུ་ལས་བྱེད་དང་གྲྭ་སློབ་ཁྱོན་ ༡༥༠༠ ལས་བརྒལ་མི་ཆོག་པ་དང་བླ་རུང་དགོན་པའི་ལས་བྱེད་དང་གྲྭ་བཙུན་བསྡོམས་མི་གྲངས་ ༣༥༠༠ ལས་བརྒལ་མི་ཆོག་པ་མ་ཟད། སོ་སོར་མིང་ཐོ་འགོད་པ་དང་ལག་འཁྱེར་བཟོ་རྗེས་རང་ཉིད་ཀྱི་མིང་དང་ལག་འཁྱེར་དཔང་ཡིག་གཅིག་གྱུར་དགོས་པ་སོགས་བཟོ་ནས་ཁྲིམས་ལྟར་ཚད་ལྡན་དང་རྒྱུན་གཏན་ཅན་གྱི་དོ་དམ་བྱས་ཏེ་ཕྱི་ནས་ཡོང་མཁན་མི་སྣ་སྔོན་འགོག་བྱེད་དགོས་པར་བཀོད་ཁྱབ་བཏང་ཡོད་པ་རེད།  

རེས་གཟའ་མིག་དམར། ༢༠༡༧།༡༢།༡༩

ཉན་པ།: Listen ཕབ་ལེན། Download ༧གོང་ས་མཆོག་སྦེལ་ཀོབ་གཞིས་ཆགས་སུ་༸ཞབས་སོར་བདེ་བར་འཁོད་པ། ཆབ་སྲིད་བཙོན་ཟུར་ཞིག་གི་བོུའི་ཤེས་ཡོན་ལ་འགོག་རྐྱེན་བཟོས་འདུག རྒྱ་གཞུང་གིས་བཙན་བཟུང་དང་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་པར་རིས་འགྲེམས་སྟོན། གཞོན་ནུ་ལྷན་ཚོགས་ནས་རྡོ་རྗེ་གདན་དུ་སྤྱི་ཚོགས་ཞབས་ཞུའི་ལས་དོན་དབུ་འཛུགས་གནང་རྒྱུ། རྒྱ་གར་གཞུང་ནས་བོད་མིའི་ཕྱིར་བསྐྱོད་ལག་དེབ་སེར་པོར་ལོ་གཅིག་གི་མཐོང་མཆན་ཕུལ་གཏན་འཁེལ་འདུག Tuesday 19/12/2017 Dalai Lama arrives in Bylakuppe Tibetan Settlement China denies school admission to former political prisoner’s daughter Exhibition on occupation and rights situation of Tibet held in Guwahati India to grant one year multi entry visa to Tibetan IC holders TYC gears up for social service program in Bodh Gaya

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་ས་སེ་ར་ཐེག་ཆེན་གླིང་དུ་༸ཞབས་སོར་བདེ་བར་འཁོད་གནང་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མོན་གྷོ་འདོད་རྒུ་གླིང་ཁུལ་གྱི་མཛད་འཆར་ཁག་ལེགས་གྲུབ་ཀྱིས་ས་ཐོག་ནས་ཆིབས་གྲུ་བརྒྱུད་དེ་རིང་ཕྱི་ཟླ་ ༡༢ ཚེས་ ༡༩ ཉིན་སྔ་དྲོ་ཚོུད་ ༡༢༌༣༠ ཙམ་ལ་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཁུལ་དུ་༸ཞབས་སོར་བདེ་བར་འཁོད་པ་བསྟུན། ཕེབས་ལམ་གྱི་གཡས་གཡོན་དུ་སེར་སྐྱ་མང་ཚོགས་ཀྱིས་དགའ་དད་སྤྲོ་གསུམ་ངང་ཕྱག་ཏུ་མེ་ཏོག་དང་གདུགས་སྤོས། མཇལ་དར་སོགས་བསྣམས་ཏེ་ཕེབས་བསུ་གཟབ་རྒྱས་ཞུ་ཐོག་མགོན་པོ་༸གང་ཉིད་མཆོག་སེ་ར་བླ་སྤྱིར་༸ཞབས་སོར་བདེ་བར་འཁོད་ཡོད་པ་རེད། སེ་ར་ཚོགས་ཆེན་རྒྱལ་སྒོའི་མདུན་དུ་འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཤར་བྱང་ཆོས་རྗེ་རྣམ་གཉིས། འབྲས་སྤུངས་ཁྲི་པ་རིན་པོ་ཆེ། སེ་ར་བྱེས་སྨད་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་པ་བཅས་ཀྱིས་ཕེབས་བསུ་ཞུས་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོོ་མཆོག་ཆིབས་གྲུ་ནང་ཕེབས་སྐབས་སེ་ར་བླ་སྤྱིའི་མདུན་ཐང་དུ་སྦེལ་ཀོབ་བོད་ཀྱི་ལྷ་མོ་ཚོགས་པས་ཕེབས་བསུའི་ཁྲབ་སྟོན་གཟིགས་འབུལ་ཞུས་པར་༸གང་ཉིད་མཆོག་གིས་ལྷ་མོ་ཚོགས་པའི་ཁྲབ་སྟོན་པ་རྒས་གྲས་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་མཇལ་ཁ་དང་ད་ལྟ་ལོ་ག་ཚོད་ཡིན་པ་སོགས་དང་། གཟུགས་གཞིའི་གནས་སྟངས་གང་འདྲ་ཡོད་མེད་བཅས་བཀའ་བསྩལ་གནང་སོང་། དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སེ་ར་ཚོགས་ཆེན་གཙུག་ལག་ཁང་ནང་ཕེབས་སྟོན་གྱི་མཛད་སྒོར་དབུ་བཞུགས་ཀྱིས་ཐོག་མར་དགེ་འདུན་པ་བགྲེས་སོང་རྣམས་དང་སྦེལ་ཀོབ་བོད་ཀྱི་ལྷ་མོ་ཚོགས་པའི་ཚོགས་མི་རྣམས་ལ་དམིས་བསལ་འཚམས་འདྲི་གནང་སོང་བ་དང་། ༸གང་ཉིད་ཉེ་ལམ་༸སྐུ་ཐང་ཧ་ཅང་ཆད་པ་དང་མགུལ་ཆམ་བཞེས་རྐྱེན་༸སྐུ་ངལ་ཏོག་ཙམ་འཕྲད་ཀྱང་ད་ལྟའི་ཆར་༸སྐུ་ཁམས་གསལ་ཐང་ཡིན་པ་བཀའ་བསྩལ་མཛད་ཡོད། ལྷག་པར་ཐོག་མའི་མཛད་འཆར་ལྟར་ན་སེ་ར་བླ་སྤྱིར་དགེ་འདུན་པར་བསྙེན་རྫོགས་སྒྲུབ་གནང་རྒྱུ་ཡིན་ཡང་ད་ཆ་བསྙེན་རྫོགས་སྒྲུབ་གནང་རྒྱུ་དེ་ཕྱིར་འཐེན་གནང་བ་དང་དེའི་ཚབ་ཏུ་སེར་སྐྱ་མང་ཚོགས་ལ་ཆོས་འབྲེལ་ཞིག་མཛད་འཆར་ཡོད་པ་བཀའ་བསྩལ་གནང་བ་མ་ཟད་༸གོང་ས་མཆོག་གི་༸སྐུའི་འཕྲོད་བཞེས་ཧ་ཅང་ཡག་པོ་ཡོད་པས་མང་ཚོགས་ནས་སེམས་ཁྲལ་བྱེད་མི་དགོས་པར་བཀའ་བསྩལ་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མུ་མཐུད་རྒྱ་གར་ནང་དཔལ་ན་ལེཎྜ་ནས་བརྒྱུད་པའི་སེམས་ཁམས་རིག་་པ་དང་འབྲེལ་བའི་གནའ་རབས་ཀྱི་རིག་གཞུང་བསྐྱར་གསོ་བྱུང་ན་དེས་རྒྱ་ནག་དང་ཨེ་ཤ་ཡའི་རྒྱལ་ཁབ་མང་པོར་ཤུགས་རྐྱེན་ཐེབས་ངེས་ཡིན་པ་མ་ཟད་ད་ཆ་ང་ཚོའི་ངོས་ནས་འཛམ་གླིང་སྤྱི་ལ་ཞབས་འདེགས་སྒྲུབ་པའི་དུས་ལ་སླེབས་ཡོད་པ་སོགས་ཀྱི་ལམ་སྟོན་བཀའ་སློབ་རྒྱ་ཆེ་བསྩལ་སོང་། སང་ཉིན་ཕྱི་ཚེས་ ༢༠ ཉིན་སེར་སྐྱ་་མང་ཚོགས་ལ་རྟ་མགྲིན་ཡང་གསང་གི་ཆོས་འབྲེལ་བསྐྱང་རྒྱུའི་མཛད་འཆར་ཡོད་པ་རེད།

བོད་མི་ཆབ་སྲིད་བཙོན་ཟུར་ཞིག་གི་བུ་མོ་སློབ་གྲྭར་འཛུལ་ཞུགས་བྱེད་པར་འགོག་རྐྱེན་བཟོ་བཞིན་འདུག

རྒྱའི་བཙོན་འཇུག་འོག་མི་སྤྱོད་ལས་འདས་པའི་མནར་གཅོད་ཚད་མེད་མྱངས་རྐྱེན་ལུས་པོ་ནད་གཅོང་ཐོག་གློད་བཀྲོལ་བཏང་བའི་བོད་མི་ཆབ་སྲིད་བཙོན་ཟུར་གཞོན་ནུ་དཔལ་ལྡན་ལགས་ཀྱི་བུ་མོར་ས་གནས་རྒྱ་ནག་སྲིད་གཞུང་གིས་སློབ་གྲྭར་ཞུགས་རྒྱུའི་ཐད་ལ་དཀག་སྡོམ་བྱེད་བཞིན་ཡོད་པ་རེད་འདུག དེ་ཡང་ཁ་སང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བར་རྒྱ་ནག་གཞུང་གིས་བོད་མི་གཞོན་ནུ་དཔལ་ལྡན་ལགས་ལ་ཕྱི་ལོ་ ༢༠༠༨ ས་བྱི་ཞི་རྒོལ་ཆེན་མོའི་སྒེར་ལངས་སྐབས་རྨ་ཆུ་ཁུལ་དུ་ལས་འགུལ་སྣེ་ཁྲིད་གནང་བའི་ཉེས་མིང་གཡོགས་ཏེ་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡༨ ཉིན་འཛིན་བཟུང་བྱས་ཡོད་པ་དང་། ཟླ་བ་གཉིས་དང་ཕྱེད་ཀ་ཙམ་བཀག་ཉར་འོག་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་རྗེས་ཁོང་ལ་ཆབ་སྲིད་ནག་ཉེས་བཙུགས་ཏེ་ལོ་གཉིས་དང་ཟླ་བ་ ༩ རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང། བཙོན་འཇུག་འོག་མནར་སྤྱོད་ཚད་མེད་བཏང་རྐྱེན་སྨན་བཅོས་སོགས་ཀྱི་མཐུན་རྐྱེན་ཞན་པས་གཞོན་ནུ་དཔལ་ལྡན་ལགས་ཀྱི་གཟུགས་གཞིར་རིམ་བཞིན་ཇེ་ཞན་ཇེ་སྡུག་ཏུ་སོང་བའི་ཛ་དྲག་གནས་སྟངས་འོག་ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༧ ཚེས་ ༢༤ ཉིན་བཙོན་འཇུག་དུས་ཡུན་མ་ཚང་གོང་དུ་བཙོན་གྲོལ་བཏང་ཡོད་པ་རེད་འདུག དུས་དེ་ནས་བཟུང་ད་བར་གཞོན་ནུ་དཔལ་ལྡན་ལགས་ཀྱི་གཟུགས་གཞིའི་གནས་སྟངས་ཛ་དྲག་འོག་དྲག་སྐྱེད་ཧ་ལམ་མེད་པའི་ཐོག་བཤག་བཅོས་ཐེངས་གཉིས་ཙམ་གནང་ཡོད་པའི་ཁར། བཤག་བཅོས་དང་པོ་དེར་རྒྱའི་སྒོར་མོ་ཁྲི་ ༡༡ དང་གཉིས་པ་དེར་ཁྲི་ ༧ གྱི་འགྲོ་གྲོན་བཏང་ཡོད་པ་རེད། བཤག་བཅོས་དང་པོའི་རྗེས་ཁོང་ལ་རྒྱ་སྒོར་ཁྲི་ ༣ མན་ཙམ་གྱི་གུན་གསབ་ཐོབ་པ་ལྟར། དཔལ་འབྱོར་གྱི་དཀའ་ངལ་ཤུགས་ཆེ་འཕྲད་བཞིན་པའི་ཁོང་གི་ནང་མི་རྣམས་ནས་འདི་ལོའི་ཕྱི་ཟླ་ ༡༠ པའི་ནང་བཤག་བཅོས་གཉིས་པ་གནང་སྐབས་དེར་གུན་གསབ་ཕྲན་བུ་རག་རྒྱུར་རེ་བ་གནང་བཞིན་ཡོད་པ་རེད་འདུག ལྷག་དོན་འདི་ལོ་སློབ་གྲྭ་ནང་སློབ་ཞུགས་བྱ་རྒྱུའི་ལོ་ཚད་ཟིན་པའི་རང་ལོ་ ༨ སོན་པ་ཁོང་གི་བོུ་རྣམ་རྒྱལ་སྒྲོལ་མ་ལགས་ལ་སློབ་ཞུགས་སྙན་ཞུའི་ནང་སྐྱེས་ལོ་སྐྱེས་ཚེས་ནོར་བ་བཀོད་ཡོད་ཚུལ་བརྗོད་ནས་སློབ་ཞུགས་བཀག་སྡོམ་བྱས་ཡོད་པ་རེད་འདུག རྩ་བའི་བོད་མི་འབྲོག་པ་ཚོར་ཤེས་ཡོན་མེད་པའི་རྐྱེན་གྱིས་སྙན་ཞུའི་ནང་སྐྱེས་ལོ་སྐྱེས་ཚེས་སོགས་ནོར་བ་བྲིས་པའི་གནད་དོན་མང་དག་ཞིག་བྱུང་མུས་ཡིན་པ་དེ་ལྟར་ཡང། ས་གནས་འགོ་དཔོན་གྱི་རྒྱབ་གཉེར་ཡིག་ཆ་དང་སྦྲགས་ནས་ས་གནས་སྲིད་གཞུང་ལ་སྙན་ཞུ་ཕུལ་རྗེས་བོད་པའི་བོུ་མང་དག་ཞིག་གི་སྐྱེས་ལོ་སྐྱེས་ཚེས་ནོར་བ་རྣམས་བཟོ་བཅོས་བཏང་ཡོད་ཀྱང། རྣམ་རྒྱལ་སྒྲོལ་མ་ལགས་ཀྱི་སྐྱེས་ཚེས་ལ་བཟོ་བཅོས་མ་བྱེད་པའི་ཁར་ཞུ་གཏུགས་རིམ་པ་གནང་ཁག་ལ་གྲུབ་འབྲས་གང་ཡང་སོན་མེད་པ་རེད། གཞོན་ནུ་དཔལ་ལགས་བཟའ་ཚོ་གཉིས་ཀྱིས་རྒྱུ་མཚན་གང་ཡིན་དྲིས་པར་ཁོང་གིས་དེ་སྔ་ཆབ་སྲིད་ཀྱི་ནག་ཉེས་བསགས་རྐྱེན་ཡིན་པར་འགྲེལ་བརྗོད་བྱས་ཡོད་འདུག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་གཞུང་གིས་བོད་མི་གཅིག་གིས་ནག་ཉེས་བསགས་པར་ནང་མི་དང་གྲོང་མི་སོགས་ཡོངས་ལ་གཅིག་བསྡུས་ཀྱི་ཉེས་ཆད་གཏང་བའི་སྲིད་བྱུས་དེ་མུ་མཐུད་ལག་བསྟར་བྱེད་བཞིན་ཡོད་པ་ཐེར་བཏོན་གནང་སོང་བ་དང་། ལྷག་དོན་རྒྱ་གཞུང་གིས་དེ་ལྟར་བྱེད་བཞིན་པ་ནི་བོད་ནང་ལ་བོད་མི་ཚོས་ངོ་རྒོལ་གནང་ས་མེད་པ་བཟོ་ཐབས་ཤིག་ཡིན་པར་འགྲེལ་བརྗོད་གནང་ཡོད། དེ་བཞིན་རྒྱ་གཞུང་གིས་ཕྱི་ལོ་ ༡༩༨༨ ལོར་རྒྱལ་ཚོགས་ཀྱི་མནར་གཅོད་དང་མི་སྤྱོད་ལས་བརྒལ་བའི་ཉེས་ཆད་གཏང་རྒྱུ་མིན་པའི་གན་རྒྱར་ས་རྟགས་བཀོད་པ་དེ་དངོས་འགལ་ཆགས་ཡོད་པ་སོགས་སྐྱོན་བརྗོད་དང་སྦྲགས། བོུ་རྣམ་རྒྱལ་སྒྲོལ་མར་ཤེས་ཡོན་གྱི་གོ་སྐབས་འཐུས་ཚང་སྤྲོད་དགོས་པར་རེ་སྐུལ་ནན་པོ་ཞུས་སོང་བ་མ་ཟད། བོད་མི་ཆབ་སྲིད་བཙོན་པ་ཚོར་སྨན་བཅོས་སོགས་དགོས་ངེས་ཀྱི་མཐུན་འགྱུར་ཁག་གནང་དགོས་པར་རེ་སྐུལ་ཞུས་ཡོད་པ་རེད།

Latest news