Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: May, 2019

གྲིབ་གྲོང་རྡལ་མང་ཚོགས་ལ་གླ་ཕོགས་དམའ་བའི་ལས་ཁྲལ་བཀལ་ཏེ་འཚོ་བར་ངལ་བ་ཆེན་པོ་འཕྲད་པ།

དེ་རིང་ཕྱི་ཟླ་ ༥ ཚེས་ ༦ ཉིན་འདི་གར་བོད་ནས་ཁུངས་ལྡན་གནས་ཚུལ་ཞིག་འབྱོར་བར་བོད་ཀྱི་རྒྱལ་ས་ལྷ་སའི་སྐྱིད་ཆུའི་ཕར་ཕྱོགས་སུ་ཡོད་པའི་གྲིབ་གྲོང་རྡལ་དུ་ས་གནས་གཞན་ནས་གནས་སྤོ་བྱེད་བཅུག་པའི་ཁྱིམ་ཚང་ ༧༠ ཡི་གྲོང་མི་རྣམས་ལ་དེང་སྐབས་ས་གནས་དེར་ཡོད་པའི་རྒྱའི་དམག་སྒར་ཞིག་གིས་མང་ཚོགས་ཀྱི་འདོད་མོས་མེད་བཞིན་དུ་དམག་སྒར་གྱི་ས་ཞིང་དང་ཚལ་ཞིང་འདེབས་ལས་ཀྱི་ལས་ལ་བཙན་སྐུལ་དང་གླ་ཕོགས་ཀྱང་ཧ་ཅང་དམའ་པོ་ལས་སྤྲོད་ཀྱི་མེད་སྟབས་ཁྱིམ་ཚང་དེ་དག་གི་ནང་མིའི་འཚོ་བར་སྔར་དང་མི་འདྲ་བའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་རེད་འདུག འབྲེལ་ཡོད་མི་སྣ་དེས་གྲོང་རྡལ་གྱི་ས་ཆ་དེ་དམག་སྒར་དེའི་ཡིན་ལུགས་བརྗོད་ནས་གྲིབ་གྲོང་རྡལ་ཁྱིམ་རེ་ནས་མི་རེ་ངེས་པར་དུ་ངལ་རྩོལ་གནང་བར་ཕེབས་དགོས་པའི་བཙན་བཀའ་བཏང་བ་མ་ཟད། གལ་ཏེ་དེ་ལྟར་མ་གནང་ཚེ་ས་ཁང་བཙན་འཕྲོག་བྱ་རྒྱུ་ཡིན་པའི་བཙན་བཤད་ཀྱིས་ཉིན་ལྟར་ཞོགས་པ་ཚོུད་ ༧ ནས་ཕྱི་དྲོ་ ༥ བར་ཉིན་གཅིག་ལ་ཁྱོན་ཚོུད་ ༡༠ ཙམ་རིང་ལ་དམག་སྒར་གི་ཉེ་འགྲམ་དུ་ས་ཞིང་དང་སྔོ་ཚལ་སོགས་འདེབས་འཛུགས་གནང་དགོས་ཀྱི་ཡོད་པར་འགྲེལ་བརྗོད་གནང་སོང་།གྲིབ་གྲོང་རྡལ་མང་ཚོགས་རྣམས་ལ་འཚོ་བའི་རྟེན་གཞི་དམིགས་བསལ་མེད་པར་དུས་རྒྱུན་ཕྱི་ལ་ཞོར་ལས་བྱེད་དུ་སོང་ནས་ཁྱིམ་ཚང་གི་འཚོ་བ་འཚོལ་བཞིན་ཡོད་པ་དང་། རྣམ་ཀུན་ས་གནས་གཞན་ལ་ལམ་བཟོ་དང་ཁང་བཟོ་བཅས་ཀྱི་ལས་གཉེར་གནང་ན་ཉིན་རེར་རྒྱ་སྒོར ༢༠༠ ནས་༢༥༠ བར་རག་སྟབས་ཟླ་རེར་རྒྱ་སྒོར་ ༦༠༠༠ རག་གི་ཡོད་པ་རེད་འདུག འོན་ཀྱང་དམག་སྒར་གྱི་བཙན་སྐུལ་ལས་ཀ་དེར་ང་ཚོས་ཞོགས་པ་ཆུ་ཚོད་ ༧ ནས་མགོ་འཛུགས་ཀྱིས་དགོང་མོ་ཆུ་ཚོད་ ༥ བར་དུས་ཡུན་ཚོུད་ ༡༠ ཙམ་རིང་ལ་ལས་ཀ་བྱས་ཀྱང་ཉིན་རེར་རྒྱ་སྒོར་ ༨༠ ལས་སྤྲད་ཀྱི་མི་འདུག་པས་ཟླ་རེར་ཁྱོན་རྒྱ་སྒོར་ ༢༤༠༠ ལས་རག་གི་མི་འདུག་ཅེས་གསུངས་འདུག དེས་ཁྱིམ་ཚང་གི་ནང་མི་རྣམས་ཀྱི་ཟས་གྲོན་ཡང་གཏན་ནས་མ་འདང་བའི་ངལ་བ་ཆེན་པོ་འཕྲད་བཞིན་ཡོད་པ་དང་དེ་ལྟར་མུ་མཐུད་གནས་དགོས་ཚེ་ཁྱིམ་ཚང་དེ་དག་གི་ནང་མི་ཚོའི་འཚོ་བ་འཁྱོལ་ཐབས་དཀའ་བ་རེད་ཅེས་དང་གྲོང་མི་ཚོས་ས་གནས་མགོ་ཁྲིད་དང་དེ་མིན་དཔོན་རིགས་ཁག་ཅིག་ལ་དེ་འབྲེལ་སྙན་ཞུ་ཕུལ་ཡོད་ཀྱང་དེར་གོང་རིམ་ནས་བརྡ་ལན་གང་ཡང་སྤྲད་མེད་པ་མ་ཟད་གྲོང་མི་ཚོའི་འཚོ་བ་དང་ས་ཁང་ཐད་ལ་ཉིན་རེ་བཞིན་དཀའ་ངལ་ཆེ་རུ་འགྲོ་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་ཡོད། གྲིབ་གྲོང་རྡལ་དུ་གནས་སྡོད་བྱེད་མཁན་གྲོང་མི་དེ་དག་ནི་རྒྱ་གཞུང་གིས་དབུལ་སྐྱོར་གནས་སྤོ་ལས་གཞི་ཞེས་པར་ཁ་གཡར་ཏེ་ཁོ་ཚོའི་ཕ་ཡུལ་གྱི་ས་ཆ་གཞུང་བཞེས་བཏང་ཐོག་ ༢༠༠༦ ལོ་ནས་ས་གནས་འཕན་པོ་དང་ས་སྨད་སོགས་ས་གཞན་ནས་གནས་སྤོ་བྱེད་བཅུག་པ་ཞིག་ཡིན་པ་དང་། ད་ལྟ་གྲིབ་གྲོང་རྡལ་གྱི་གྲོང་མི་ལས་ཀ་བྱེད་སའི་དམག་སྒར་དེའི་ས་ཞིང་དང་ཚལ་ཞིང་ལ་རིང་ཚད་ཕི་ཊི་ ༢༠ ཡོད་ཅིང་། དེ་དང་འདྲ་བའི་སྔོ་ཚལ་འདྲ་མིན་འདེབས་ལས་བྱེད་སའི་དྲོད་ཁང་ ༡༧༠ ཡོད་པ་རེད་འདུག གྲིབ་གྲོང་རྡལ་གྱི་གྲོང་མིར་དཀའ་ངལ་འཕྲད་པ་བཞིན་ལྷ་ས་གོང་དཀར་གནམ་ཐང་གཡོན་དང་རྣམ་རྒྱལ་ཞོལ་གྲོང་རྡལ་ནང་ལའང་ངལ་བ་འཕྲད་བཞིན་ཡོད་པ་རེད།

༸གོང་ས་མཆོག་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་དང་འབྲེལ་བའི་ཆེས་ཐོག་མའི་རིས་མེད་མཁས་པའི་བགྲོ་གླེང་ཐོག་དབུ་བཞུགས་མཛད་པ།

ཁ་སང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་༸སྐུ་བཅར་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་ཤེས་ཡོན་ལྷན་ཚོགས་ཀྱིས་ འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་མཆོག་གདུལ་བྱ་རྟག་འཛིན་ཅན་གྱི་ངོར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ནས་མི་ལོ་ཧྲིལ་པོ་ ༦༠༠ འཁོར་བའི་བཀའ་དྲིན་རྗེས་དྲན་དང་འབྲེལ་བའི་དཔལ་དུས་ཀྱི་འཁོར་ལོའི་རིས་མེད་མཁས་པའི་བགྲོ་གླེང་ཆེན་མོ་གོ་སྒྲིག་ཞུས་དོན་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་བཀའ་སློབ་བཀྲིན་བསྩལ་ཡོད་པ་རེད།དེའང་ཁ་སང་ཕྱི་ཟླ་ ༥ ཚེས་ ༥ ཉིན་གྱི་སྔ་དྲོ་ཚོུད་ ༨ སྟེང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་རྣམ་གྲྭ་མཁན་རིན་པོ་ཆེ་ཁྲོམ་ཐོག་རིན་པོ་ཆེས་སྤོས་སྣེས་མདུན་བསུ་དང་བཅས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་དུས་འཁོར་ལྷ་ཁང་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་སུ་རྣམ་གྲྭ་མཁན་རིན་པོ་ཆེ་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་དང་འབྲེལ་རྒྱུན་ཆགས་གསུམ་པ་དང་། ༸རྒྱལ་བའི་འཁྲུངས་རབས་གསོལ་འདེབས། ལམ་གཙོ་རྣམ་གསུམ། པཎ་གྲུབ་བསྟོད་ཆེན་བཅས་གསུང་འདོན་གནང་སོང་།མཛད་སྒོའི་ཐོག་མར་རྣམ་གྲྭ་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་རིས་མེད་མཁས་པའི་བགྲོ་གླེང་ཆེན་མོའི་དགོས་དམིགས་སོགས་ངོ་སྤྲོད་གནང་བ་དང་དེ་བཞིན་རྣམ་གྲྭ་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་སློབ་སྤྱི་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས་ཉིན་གྲངས་གསུམ་རིང་གི་རིས་མེད་མཁས་པའི་བགྲོ་གླེང་གི་བརྗོད་གཞི་དང་གཙོ་སྐྱོང་བ། གསུང་བཤད་གནང་མཁན་སོགས་མཛད་རིམ་ཁག་ངོ་སྤྲོད་གནང་ཡོད།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཀྱི་ཐོག་མར་མགོན་པོ་༸གང་ཉིད་མཆོག་ནས་རྣམ་ཀུན་ནས་དེང་སྐབས་ང་ཚོ་ནང་པ་ཚོ་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་དགོས་ཞེས་བཀའ་བསྩལ་སྐོར་དང་། ང་རང་ཚོ་བོད་ལ་མཚོན་ན་ཕལ་ཆེར་ཆོལ་ཁ་གསུམ་རྒྱ་ཁྱབ་ཡོངས་རྫོགས་ནང་པའི་རྗེས་སུ་ཞུགས་མཁན་རེད། བོན་ཡོད་པ་རེད། བོན་ནི་ནང་པའི་གཞུང་དང་འདྲེས་ནས་ནང་པའི་གཞུང་ལ་སློབ་སྦྱོང་བྱེད་ཀྱི་ཡོད་སྟབས། བོད་ལ་སངས་རྒྱས་པའི་ཆོས་ནི་དཀར་འཇམ་ཡུག་གཅིག་ཏུ་ཁྱབ་ཡོད་པ་ཞིག་རེད། འོན་ཀྱང་ང་ཚོ་དད་པའི་ཐོག་ནས་སྨོན་ལམ་བརྒྱབ་པ་དང་ཆོ་ག་ཕྱག་ལེན་བྱེད་པ་ཙམ་མིན་པར་སངས་རྒྱས་ཀྱིས་གསུངས་པའི་རྟེན་འབྱུང་དེ་ཁོ་ཉིད་ཀྱི་དོན་ལ་བསམ་བློ་གཏང་དགོས་གལ་ཡིན་པ་དང་། དེའང་སེམས་མ་ཞི་བ་ཞི་བའི་ཐབས་སུ་རྟེན་འབྱུང་དེ་ཁོ་ཉིད་ཀྱི་གནས་ལུགས་རྟོགས་པའི་ཐོག་ནས་ཡོང་དགོས་པར་ལམ་སྟོན་བསྩལ་སོང་།སངས་རྒྱས་པའི་ཆོས་ཟེར་དུས་བདེན་བཞི་མི་རྟག་སོགས་བཅུ་དྲུག་ནས་བྱང་ཕྱོགས་སོ་བདུན་སོགས་པཱ་ལིའི་གཞུང་དང་ལེགས་སྦྱར་གྱི་གཞུང་ཚང་མ་ཐུན་མོང་པ་རེད། ང་ཚོས་སྐབས་རེར་ང་ཚོ་ཐེག་ཆེན་པོ་རེད། ཁོང་ཚོ་ཐེག་དམན་པ་རེད་ཅེས་བཤད་པ་དེ་ནོར་འཁྲུལ་རེད། དེས་ན་ཐེག་པ་ཆེ་ཆུང་དབྱེ་འབྱེད་མེད་པར་སློབ་གཉེར་གནང་དགོས་པ་མ་ཟད། པཱ་ལིའི་གཞུང་སངས་རྒྱས་པའི་ཆོས་ཀྱི་རྨང་གཞི་ཆགས་ཡོད་སྟབས། ང་ཚོས་དེར་དོ་སྣང་ཡག་པོ་བྱེད་ན་འཛམ་གླིང་གི་ནང་པའི་གནས་ཚང་མ་གཅིག་གྱུར་ཆགས་ཐུབ་ངེས་ཡིན་པར་བཀའ་བསྩལ་ཡོད།  དེ་བཞིན་༸གོང་ས་མཆོག་གིས་༸རྗེ་རིན་པོ་ཆེ་མཆོག་གིས་འདུལ་བ་ལུང་འདྲེན་གྱིས་དགེ་བའི་བཤེས་གཉེན་བསྟེན་ཚུལ་ཡང་དག་པ་ཞིག་ཇི་ལྟར་བྱེད་དགོས་མིན་བརྟག་དཔྱད་བྱེད་དགོས་གལ་ཡིན་པར་གསུངས་དོན་བཞིན་དེ་ལྟར་འབད་དགོས་པའི་ལམ་སྟོན་མཛད་སོང་།ནང་པ་སངས་རྒྱས་པའི་ལྟ་གྲུབ་འདི་དེང་སྐབས་དུས་རབས་ཉེར་གཅིག་ནང་ཚན་རིག་ཡར་རྒྱས་ཧ་ཅང་ཆེན་པོ་འགྲོ་བཞིན་ཡོད་པ་དང་ད་དུང་ཡང་མུ་མཐུད་དེ་ལྟར་འགྲོ་ངེས་རེད། སངས་རྒྱས་པའི་ལྟ་གྲུབ་ཀྱི་རྣམ་གཞག་འདི་ཚན་རིག་ཡར་རྒྱས་འགྲོ་བ་དང་མཉམ་དུ་དཔུང་པ་མཉམ་གཤིབ་ཀྱི་ཐོག་ནས་འགྲོ་རྒྱུ་ཡིན་པ་ལས་ཚན་རིག་གིས་གནོད་པའི་དོགས་པ་གང་ཡང་ཡོད་པ་མེད་ཅེས་བཀའ་ནན་བསྩལ་བ་ཆབས་ཅིག དབང་རྣོན་ཆོས་ཀྱི་རྗེས་འབྲང་པའི་ཁྱད་ཆོས་ལྡན་པའི་ཐོག་ནས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་སློབ་སྦྱོང་གནང་ཚེ་ད་དུང་དུས་རབས་བརྒྱ་ཕྲག་གཉིས་གསུམ་བར་སངས་རྒྱས་ཀྱི་བསྟན་པ་གནས་ཐུབ་ངེས་ཡིན་པར་བཀའ་བསྩལ་ཡོད།༸གོང་ས་མཆོག་གིས་དཔལ་དུས་ཀྱི་འཁོར་ལོ་དང་འབྲེལ་ནས་བཀའ་བསྩལ་དོན་རྒྱལ་བ་ཇོ་ནང་པས་དུས་ད་ལྟ་བར་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་དུས་འཁོར་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་ཡོད་པར་ཡི་རངས་བསྔགས་བརྗོད་མཛད་སོང་།རྩ་བའི་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་མོ་དགོངས་པ་མྱ་ངན་ལས་འདས་ནས་མི་ལོ་ཧྲིལ་པོ་ ༦༠༠ འཁོར་བའི་བཀའ་དྲིན་རྗེས་དྲན་དང་འབྲེལ་བའི་དཔལ་དུས་ཀྱི་འཁོར་ལོའི་རིས་མེད་མཁས་པའི་བགྲོ་གླེང་ཆེན་མོའི་ཉིན་གཉིས་པའི་སྐུ་མགྲོན་གཙོ་བོ་བཀའ་ཁྲི་ཟུར་པ་༸སྐྱབས་རྗེ་མཁས་དབང་ཟམ་གདོང་རིན་པོ་མཆོག་དབུ་བཞུགས་གནང་ཡོད་པ་དང་། བགྲོ་གླེང་ཉིན་གསུམ་པའམ་མཇུག་སྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ཕེབས་ཀྱི་འདུག བགྲོ་གླེང་གི་གསུང་གནང་མཁན་ས་དགེ་བཀའ་རྙིང་དང་རྒྱལ་བ་ཇོ་ནང་པ། དེ་བཞིན་བུ་སྟོན་བཅས་ཀྱི་སྐུ་ཚབ་ཕེབས་ཡོད་པ་རེད།འདི་ག་རླུང་འཕྲིན་ཁང་གིས་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་སློབ་སྤྱི་གྲྭ་ཐུབ་བསྟན་ཡར་འཕེལ་ལགས་སུ་བགྲོ་གླེང་གི་དགོས་དམིགས་གཙོ་བོ་གང་ཡིན་པ་དང་། རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་དང་དཔལ་དུས་ཀྱི་འཁོར་ལོའི་ཆོ་ག་ཕྱག་ལེན་གནང་སྒོ་ཁག་དང་ཐུན་མིན་གྱི་འབྲེལ་བ། དེ་བཞིན་འཇམ་མགོན་བླ་མ་༸རྗེ་ཙོང་ཁ་པ་ཆེན་པོ་མཆོག་དང་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་དབར་ཐུན་མིན་གྱི་འབྲེལ་བ་ཇི་ཡོད་སོགས་ཀྱི་ཐོག་བཅར་འདྲི་ཁག་གཅིག་ཞུས་ཡོད། ལོ་སྔོན་མར་རྣམ་རྒྱལ་གྲྭ་ཚང་གི་འཛིན་རིམ་དགུ་པ་ཡན་གྱི་དགེ་འདུན་པ་རྣམས་ལྷན་འཛོམས་ཀྱིས་རྣམ་རྒྱལ་གྲྭ་ཚང་གི་ཕྱག་ལེན་དང་འབྲེལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྐབས་ཐོག་མར་མཆོད་པ་བཞེངས་སྟངས་ནས་དབུ་འཛུགས་ཐོག་སྒྲུབ་མཆོད་དངོས་གཞི་སྐབས་དང་པོ་ས་ཆོག་དང་དཀྱིལ་འཁོར་བཞེངས་སྐྲུན་གྱིས་མཚོན་པའི་གར་སྟེགས་དབྱངས་གསུམ་དང་། དཀྱིལ་འཁོར་བསྡུ་ཆོག་དང་ཀླུ་ཆོག་གནང་སྟངས་སོགས་དང་འབྲེལ་བའི་དགེ་འདུན་པ་ཚོས་ཞིབ་འཇུག་གནང་བའི་བརྗོད་གཞི་ཁག་མི་འདྲ་བ་ཉི་ཤུའི་རྩོམ་ཤོག་ཐད་ལ་བགྲོ་གླེང་གནང་བའི་ཐོག་ནས་དུས་འཁོར་དང་འབྲེལ་བའི་བགྲོ་གླེང་ཐོག་མ་དེ་གནང་ཡོད་པ་རེད།

ཀ་སྦུག་ཐུག་པ་བཟོ་གྲྭ་གང་མགྱོགས་བསྐྱར་གསོ་གནང་རྒྱུ།

ཁ་སང་ཚེས་ ༥ ཉིན་དགུང་ལོ་དགུ་བཅུར་ཕེབས་པའི་༸སྐུའི་གཅེན་པོ་བཀའ་ཟུར་རྒྱ་ལོ་དོན་གྲུབ་མཆོག་གི་ཀ་སྦུག་ཐུག་པ་བཟོ་གྲྭར་མེ་སྐྱོན་ཤོར་ཏེ་ཨ་སྒོར་བཞི་སྟོང་ལྷག་གི་གྱོང་གུད་ཕོག་འདུག བཀའ་ཟུར་རྒྱ་ལོ་དོན་གྲུབ་མཆོག་རྒྱ་གར་དུ་ཕེབས་མ་ཐག་ནས་བོད་དང་ས་ཐག་ཉེ་བའི་རྒྱ་གར་ཤར་ཕྱོགས་ཀྱི་མངའ་སྡེ་ནུབ་བྷང་གྷལ་དུ་འཚོ་གཞི་བཅོས་ནས་ཐོག་མར་ཁོང་གིས་དེ་གར་ཁྲིམས་མཐུན་གྱི་ཐོག་ནས་ས་ཨེ་ཀར་གསུམ་ཙམ་ཉོས་ནས་བ་ཕྱུག་གི་འོ་ཞོ་བཙོང་ནས་འཚོ་བ་བསྐྱལ་ཡོད་པ་དང་། རིམ་བཞིན་ཕྱི་ལོ་ ༡༩༦༧ ནས་ཀ་སྦུག་ཏུ་ཐུག་པ་བཟོ་གྲྭ་ཞིག་བཙུགས་ཏེ་ཚོང་ལས་གཉེར་ཡོད་པར་བརྟེན། ཁོང་གི་རང་རྣམ་གྱི་ཕྱག་དེབ་ཞལ་བྱང་དུ་ཀ་ལིམ་སྦུག་གི་ཐུག་པ་ལས་བཟོ་བ་ཞེས་བཏགས་ཡོད་སྟབས། རྒྱལ་སྤྱིའི་སྟེང་ཁོང་གི་ཐུག་པ་བཟོ་གྲྭ་དེར་དོ་སྣང་བྱེད་མཁན་མང་དུ་ཕྱིན་ཡོད་པ་རེད། ཐེངས་འདིར་སྟབས་མ་ལེགས་པར་ཁོང་གི་ལོ་རྒྱུས་རང་བཞིན་ལྡན་པའི་ཐུག་པ་བཟོ་གྲྭར་མེ་སྐྱོན་བྱུང་རྗེས་བོད་མི་མང་པོས་སེམས་ཁྲལ་ཆེན་པོ་གནང་གི་ཡོད་པར་བརྟེན།  འདི་ག་གསར་ཁང་གིས་དེ་རིང་ཆེད་དུ་ཁོང་ལ་ཞལ་པར་བརྒྱུད་ནས་ད་ལྟའི་ཆར་ཐུག་པ་བཟོ་གྲྭའི་གནས་བབ་ཀྱི་སྐོར་ལ་བཀའ་འདྲི་ཁག་ཅིག་ཞུས་ཡོད།བཀའ་ཟུར་རྒྱ་ལོ་དོན་གྲུབ་མཆོག་གིས་ཐུག་པ་བཟོ་ཁང་དེ་མི་ལོ་ལྔ་བཅུ་ལྷག་གི་ཁང་རྙིང་ཡིན་པར་བརྟེན་གློག་སྐུད་ལ་སྐྱོན་བྱུང་སྟེ་མེ་སྐྱོན་ཏོག་ཙམ་བྱུང་བ་ལས། གཞན་མི་ལ་གནོད་སྐྱོན་གང་ཡང་ཐེབས་མེད་པར་གསུངས་སོང་། མེ་སྐྱོན་གྱི་ཁྲོད་ནས་ཕལ་ཆེར་ཨ་སྒོར་སྟོང་བཞི་ལྷག་གི་གྱོང་གུད་ཕོག་ཡོད་པ་དང་དེ་བཞིན་གང་མགྱོགས་ཁང་པ་བསྐྱར་གསོ་གནང་ནས་མུ་མཐུད་དུ་ཐུག་པ་བཟོ་ལས་ཀྱི་ཚོང་ལས་དེ་བསྐྱར་དུ་དབུ་འཛུགས་གནང་རྒྱུ་ཡིན་སྐོར་གསུངས་པ་དང་ཆབས་ཅིག རྒྱ་ཆེ་མང་ཚོགས་ནས་ཐུགས་ཁྲེལ་གནང་མི་དགོས་པའི་འབོད་སྐུལ་གནང་ཡོད། ༸སྐུའི་གཅེན་པོ་བཀའ་ཟུར་རྒྱ་ལོ་དོན་གྲུབ་མཆོག་གི་ཀ་སྦུག་ཐུག་པ་བཟོ་གྲྭ་དེ་ ༡༩ ༦༧ ལོར་གསར་འཛུགས་གནང་བ་དང་། ཁྱིམ་ཚང་གི་འགྲོ་སོང་ཕུད་པའི་ཁེ་བཟང་ཏོག་ཙམ་ཞིག་རག་གི་ཡོད་པ་རེད། ད་ལྟའི་ཆར་ཐུག་པ་བཟོ་ལས་བ་མི་ཉི་ཤུ་ཙམ་འདུག རྩ་བའི་བཀའ་ཟུར་རྒྱ་ལོ་དོན་གྲུབ་མཆོག་ནི་བོད་ཀྱི་ཉེ་རབས་ལོ་རྒྱུས་ཀྱི་ཁྲོད་དུ་བོད་དབྱིན་རྒྱ་གསུམ་གྱི་ཆེས་མཐོའི་དཔོན་རིགས་ལ་འབྲེལ་བ་ཡོད་པའི་བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་གལ་གནད་ཆེ་བའི་མི་སྣ་ཞིག་ཡིན་པ་དང་། ཁོང་གི་རང་རྣམ་ཀ་ལིམ་སྦུག་གི་ཐུག་པ་ལས་བཟོ་བ་ཞེས་པ་དེ་ཕྱི་ལོ་ ༢༠༡༥ ལོར་ཐོག་མར་དབྱིན་ཡིག་ནང་པར་ཐོན་པ་དང་། དེ་རྗེས་ ༢༠༡༨ ལོར་ཤེས་རབ་དར་རྒྱས་ལགས་ཀྱིས་བོད་བསྒྱུར་ཞུས་ཡོད་པ་རེད། དཔེ་དེབ་དེར་ས་བཅད་གསུམ་ཡོད་པ་ནི། ཐོག་མང་བོད་འབངས་ཀྱིས་གོ་མཚོན་སྤྱད་ནས་རྒྱ་ནག་དང་ལྷན་དུ་འཐབ་རྩོད་གནང་བ། བར་དུ་བོད་མི་དག་གིས་རང་ས་ཤོར་ཏེ་བཙན་བྱོལ་དུ་ཡོང་ནས་རྒྱལ་སྤྱིའི་ཐོག་བོད་དོན་དྲིལ་བསྒྲགས་གནང་བ། མཐའ་མར་རྒྱ་ནག་དང་ལྷན་དུ་བོད་རྒྱ་གྲོས་མོལ་ཡོང་ཐབས་ལ་འབད་པ་སོགས་ཀྱི་ཁུངས་བཙན་པའི་ལོ་རྒྱུས་ཕྱག་དེབ་ཅིག་ཆགས་ཡོད་པ་རེད།

ཨོ་ཌི་ཤ་མངའ་སྡེར་དྲག་ཆར་གྱི་གོད་ཆག་ཕོག་པར་ཐུགས་གསོའི་གསུང་འཕྲིན་བསྩལ་བ།

ཉེ་ལམ་ཚེས་ ༣ ཉིན་གྱི་ཞོགས་པར་རྒྱ་གར་ཤར་ཕྱོགས་སུ་ཆགས་པའི་ཨོ་ཌི་ཤ་མངའ་སྡེའི་ས་གནས་ཁག་ཅིག་ཏུ་མཚོ་རླབས་དང་ Fani ཞེས་པའི་དྲག་པོའི་རླུང་འཚུབ་ཀྱི་གོད་ཆག་བྱུང་རྐྱེན་ཁུལ་དེར་གནས་བཞུགས་མང་ཚོགས་ཁག་ཅིག་གི་ཚེ་སྲོག་དང་རྒྱུ་ནོར་ལ་གནོད་འཚེ་ཐེབས་ཡོད་སྟབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡུལ་དེའི་མང་ཚོགས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ཐུགས་གསོའི་གསུང་འཕྲིན་ཞིག་ཨོ་ཌི་ཤ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Naveen Patnaik མཆོག་གི་མཚན་ཐོག་ཏུ་བསྩལ་འདུགཁ་སང་ཟླ་ ༥ ཚེས་ ༥ སྔ་དྲོ་བསྩལ་བའི་གསུང་འཕྲིན་དེའི་ནང་མགོན་པོ་༸གང་ཉིད་མཆོག་གིས་ད་རེས་ཀྱི་གོད་ཆག་ཚབས་ཆེན་དེའི་འོག་ཨོ་ཌི་ཤ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Naveen Patnaik མཆོག་གཙོ་གྱུར་དེ་གའི་འཛིན་སྐྱོང་ནས་ཐུགས་ཁུར་བཞེས་ཐོག་ཨོ་ཌི་ཤ་མང་ཚོགས་རྣམས་དེ་མ་ཐག་ཉེན་གཡོལ་གྱི་ལས་གཞི་སྤེལ་རྐྱེན་ཁུལ་དེར་ཛ་དྲག་གི་གོད་ཆག་དེ་ཙམ་བྱུང་མེད་པར་ཡི་རང་བསྔགས་བརྗོད་མཛད་འདུག དེ་བཞིན་༸གོང་ས་མཆོག་གིས་བྱུང་བའི་གོད་ཆག་རྐྱེན་པས་ཚེ་སྲོག་ཤོར་བའི་མང་ཚོགས་དང་རྒྱུ་ནོར་དག་ལ་གནོད་སྐྱོན་ཐེབས་པ། སྒོས་མི་མང་པོ་ཞིག་ལ་དཀའ་ངལ་འཕྲད་པར་ཐུགས་ཕམ་དང་སྦྲགས།  ཤུལ་ལུས་ནང་མི་རྣམས་ལ་ཐུགས་གསོ་དང་ལྷག་པར་དུ་གནོད་འཚེ་ཐེབས་ཡུལ་གྱི་མང་ཚོགས་ཀྱི་བདེ་འཇགས་སླད་ཐུགས་སྨོན་བསྩལ་བ་དང་ཆབས་ཅིག གནོད་འཚེ་ཐེབས་པའི་མང་ཚོགས་ལ་ཛ་དྲག་ངལ་སེལ་གནང་སླད་ཏཱ་ལའི་བླ་མའི་ཐེབས་རྩ་བརྒྱུད་ཧིན་སྒོར་འབུམ་བཅུ་མཐུན་འགྱུར་གསོལ་བསྩལ་མཛད་འདུག གཞི་རྩའི་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལ་གཞིགས་ཚེ་ད་རེས་རླུང་འཚུབ་ཀྱི་དོན་རྐྱེན་དེའི་འོག་ས་གནས་མི་མང་ ༣༥ ཙམ་དང་སྲོག་ཆགས་མང་པོ་ཞིག་གི་ཚེ་སྲོག་ཤོར་བ་མ་ཟད། ཤིང་སྡོང་དང་སྟོན་ཐོག་མང་དག་ཅིག་སྟོང་ཟད་དུ་གྱུར་བ། དེ་བཞིན་མེ་འཁོར་འགྲུལ་སྐྱོད་སོགས་བཀག་དགོས་པ་བྱུང་འདུག  ད་ལྟའི་ཆར་རླུང་འཚུབ་ཞི་འཇམ་བྱུང་སྟབས་མེ་འཁོར་འགྲུལ་སྐྱོད་གནང་ཆོག་གི་ཡོད་པ་རེད་འདུག སྤྱིར་ཨོ་ཌི་ཤ་མངའ་སྡེའི་ནང་མི་འབོར་ས་ཡ་ ༤༦ ཙམ་ཞིག་གནས་བཞུགས་གནང་གི་ཡོད་པ་དང།  ད་རེས་གནམ་གཤིས་རིག་པའི་ལས་ཁུངས་ཀྱིས་དུས་ཐོག་ཏུ་འཛིན་སྐྱོང་གཞུང་ལ་རླུང་འཚུབ་ཀྱི་དོན་རྐྱེན་ཡོང་རྒྱུའི་གནས་ཚུལ་ཕུལ་ཐུབ་པར་བརྟེན་ཚོུད་ ༢༤ ནང་མི་མང་ས་ཡ་གཅིག་ལྷག་ཙམ་ས་གནས་གཞན་དུ་གནས་སྤོ་གནང་ཐུབ་སྟབས། དེ་ནི་ལོ་རྒྱུས་ཁྲོད་མང་ཚོགས་ཉེན་སྐྱོབ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་པ་དང་།  ད་རེས་ཨོ་ཌི་ཤའི་གཞུང་ནས་མང་ཚོགས་དུ་མའི་ཚེ་སྲོག་སྐྱོབ་ཐུབ་པ་དེར་རྒྱལ་ཚོགས་དང་སྤྱི་ཚོགས་དྲྭ་ལམ་བརྒྱུད་མི་མང་ནས་བསྔགས་བརྗོད་གནང་བཞིན་འདུག དེ་དང་ཕྱོགས་མཚུངས་དོན་རྐྱེན་དེའི་སླད་དེ་རིང་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ Narendra Modi མཆོག་ཐད་འཕུར་གནམ་གྲུ་བརྒྱུད་ཨོ་ཌི་ཤ་ནང་གནོད་སྐྱོན་ཐེབས་ཡུལ་གྱི་ས་གནས་སུ་གཟིགས་ཞིབ་གནང་བ་དང་སྦྲགས། ཨོ་ཌི་ཤ་གཙོས་པའི་གནོད་སྐྱོན་ཐེབས་ཡུལ་གྱི་མངའ་སྡེ་གཞན་ཁག་ཏུ་ངལ་སེལ་དང་བསྐྱར་གསོའི་སླད་སྲིད་བློན་མཆོག་ནས་ཧིན་སྒོར་ཐེར་འབུམ་ ༡༠ ལྷག་གསོལ་བསྩལ་གནང་འདུག རྩ་བའི་ཨོ་ཌི་ཤ་ཁུལ་དུ་རླུང་འཚུབ་ཀྱི་གོད་ཆག་བྱུང་བ་དེ་ཐོག་མ་མིན་པར་དེ་སྔོན་ཕྱི་ལོ་ ༡༩༩༩ ལོར་ས་གནས་དེར་དྲག་ཆར་རླུང་འཚུབ་ཤུགས་ཆེ་བྱུང་བས་མི་མང་ཆིག་ཁྲི་ལྷག་ཙམ་གྱི་ཚེ་སྲོག་ཤོར་བ་དང་། སྙན་ཐོ་ཁག་ལ་གཞིགས་ཚེ་ད་རེས་རླུང་འཚུབ་དེ་ལོ་ངོ་བཅུ་ཕྲག་གཉིས་ཙམ་ནང་རྒྱ་གར་ཤར་ཕྱོགས་སུ་བྱུང་བའི་རླུང་འཚུབ་ཆེ་ཤོས་ཤིག་ཀྱང་ཆགས་ཀྱི་འདུག

ཆབ་སྲིད་བཙོན་ཟུར་ཡེ་ཤེས་རྒྱ་མཚོ་ལགས་འདས་གྲོངས་སུ་གྱུར་བ།

བོད་མདོ་སྨད་རེབ་གོང་བཙན་མོ་ཡར་སྟེང་སྡེ་བ་ནས་ཡིན་པའི་ཕ་སྐོ་ཏོ་དང་མ་བཙུན་མོ་སྐྱིད་གཉིས་ཀྱི་བུ་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཡེ་ཤེས་རྒྱ་མཚོ་ལགས་ཟླ་ ༥ ཚེས་ ༡ ཉིན་སེམས་ངལ་གྱིས་རབ་ཏུ་མནར་ཏེ་རང་ཁྱིམ་དུ་འདས་གྲོངས་སུ་གྱུར་འདུག ཡེ་ཤེས་རྒྱ་མཚོ་ལགས་ནི་ཕྱི་ལོ་ ༢༠༠༨ ས་བྱི་ཞི་རྒོལ་དང་འབྲེལ་ནས་ ༢༠༠༨ ལོའི་ཟླ་ ༣ ཚེས་ ༣༡ ཉིན་རྒྱ་ནག་གིས་བཙན་ཁྲིད་བྱས་ཏེ་ཟླ་བ་འགའ་ཤས་ཀྱི་རིང་ལ་གཅར་རྡུང་མནར་གཅོད་ཚད་མེད་བཏང་སྟེ་གློད་བཀྲོལ་བཏང་ཡོད་པ་རེད།  རྗེས་སུ་ཁོང་བཙོན་འཇུག་སྐབས་ཀྱི་ལུས་སེམས་གཉིས་ཀྱི་མནར་གཅོད་དང་དཀའ་སྡུག་རྐྱེན་གྱིས་སེམས་མི་བདེ་བ་དང་།  སྲིད་གཞུང་གིས་ཡང་ཡང་སྐད་བཏང་ནས་གནོད་ཤུགས་སྤྲད་དེ་སྐད་ཆ་ཡང་ཡང་དྲིས་པར་བརྟེན་དུས་རྒྱུན་ནས་ཨ་རག་འཐུང་མཁན་ཞིག་ཏུ་གྱུར་འདུགཡེ་ཤེས་རྒྱ་མཚོ་ལགས་ནི་ཆུང་ནས་བོད་ཀྱི་ལོ་རྒྱུས་ལ་རྒྱུས་མངའ་ཡོད་མཁན་ཞིག་ཡིན་པ་མ་ཟད། དུས་རྒྱུན་ནས་རང་གིས་བྲིས་པའི་བོད་ཀྱི་རྒྱལ་དར་ཞིག་ནང་དུ་ཉར་གནང་གི་འདུག  ཁོང་གི་ཕྲུ་གུ་གཉིས་ཀྱི་མིང་ཟུར་ཡང་༸གོང་ས་མཆོག་གི་མཚན་གྱི་ཆ་ཤོས་རེ་བཏགས་འདུག དེ་བཞིན་ཁོང་ལ་ཉེས་མིང་སྣ་མང་ཞིག་གཡོག་པའི་ཁྲོད་དུ་ས་བྱི་ལོའི་ཞི་རྒོལ་གྱི་སྐབས་སུ་ཡུལ་དངོས་ཀྱི་པར་རིས་དང་ཡིག་ཆ་སོགས་ཕྱི་ལ་མཁོ་སྤྲོད་གནང་ཡོད་པར་བརྗོད་དེ་གཅར་རྡུང་དྲག་པོ་བཏང་འདུག རྩ་བའི་ཡེ་ཤེས་རྒྱ་མཚོ་ལགས་རྒྱ་ནག་གིས་འཛིན་བཟུང་བཀག་ཉར་གྱིས་གཅར་རྡུང་དྲག་པོ་བཏང་ཡོད་པ་མ་ཟད། ཁོང་གི་སྤུན་ཆུང་དགེ་འདུན་འཕགས་པ་ཟེར་བ་དེ་ཡང་རྒྱ་ནག་གིས་འདྲི་གཅོད་བྱས་ཏེ་ཁ་པར་སོགས་ལ་ཞིབ་འཇུག་བྱས་ནས་ཡང་ཡང་སྲིད་གཞུང་ནས་སྐད་གཏོང་གི་ཡོད་པའི་གནས་ཚུལ་ཐོན་འདུག

པེ་རིས་ནང་བོད་ཀྱི་ཆོས་རིག་ངོ་སྤྲོད་ཀྱི་འགྲེམས་སྟོན་དང་བགྲོ་གླེང་གནང་བ།

ཡོ་རོབ་རྒྱལ་ཁབ་ཕ་རན་སིའི་རྒྱལ་ས་པེ་རིས་ནང་བོད་ཀྱི་ཐོུང་མ་ཡིན་པའི་ཆོས་དང་རིག་གཞུང། དེ་བཞིན་སྒྱུ་རྩལ་དང་བཅས་པ་ས་གནས་མང་ཚོགས་ཁྲོད་ངོ་སྤྲོད་ཞུ་ཕྱིར་བགྲོ་གླེང་དང་འགྲེམས་སྟོན་ཀྱི་ལས་རིམ་ཞིག་གཉེར་བཞིན་འདུགཟླ་བ་འདིའི་ཕྱི་ཚེས་ ༤ ནས་ ༡༢ བར་བོད་ཀྱི་ཆོས་དང་རིག་གཞུང་གི་འགྲེམས་སྟོན་ལས་རིམ་དེ་གཙོ་བོ་ཕ་རན་སི་བོད་རིགས་ཚོགས་པས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་། ཉིན་གྲངས་བཅུའི་རིང་བོད་མིའི་ཆོས་དང་རིག་གཞུང་ངོ་སྤྲོད་ཀྱི་ལས་རིམ་ཐོག་ཁུལ་དེའི་ས་གནས་མང་ཚོགས་ལ་བོད་ཀྱི་ཐོུང་མ་ཡིན་པའི་ཐང་བྲིས་སྒྱུ་རྩལ་འགྲེམས་སྟོན་དང་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་སྐྲུན། བོད་ཀྱི་ཁ་ཟས་བཤམ་སྟོན་གནང་བ་མ་ཟད། རྩ་རླུང་སྒོམ་སྒྲུབ། བོད་ཀྱི་རྒྱལ་རབས་ལོ་རྒྱུས། དེ་བཞིན་བོད་དོན་དང་འབྲེལ་བའི་གློག་བརྙན་གཟིགས་འབུལ། བོད་ཀྱི་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་སོགས་ཀྱང་གནང་གི་ཡོད་པ་རེད།  འདི་ག་རླུང་འཕྲིན་ཁང་ནས་བོད་ཀྱི་རིག་གཞུང་འགྲེམས་སྟོན་གོ་སྒྲིག་གནང་མཁན་ཕ་རན་སི་བོད་རིག་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྤེན་པ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་འགྲེམས་སྟོན་དེ་གཉེར་དོན་གཙོ་བོ་ནི་གཉན་འཕྲང་ཆེ་བའི་དུས་སྐབས་འདིར་ས་གནས་སུ་བོད་རིག་གཞོན་སྐྱེས་ཁྲོད་བོད་ཀྱི་ཆོས་དང་རིག་གཞུང་ངོ་སྤྲོད་དང་གོ་རྟོགས་ཡོང་ཕྱིར་དམིགས་པ་ཞིག་དང་། ལྷག་པར་དུ་ཕ་རན་སི་ནང་ཡོད་པའི་ཕྱིའི་མི་རིགས་དང་བོད་དོན་རྒྱབ་སྐྱོར་བ་ཚོར་བོད་ཀྱི་ཆོས་དང་རིག་གཞུང་། བོད་པའི་གནས་སྟངས་དངོས་ར་འཕྲོད་ཐུབ་པའི་ངོ་སྤྲོད་དང་བོད་མིའི་དབར་ལ་འབྲེལ་ལམ་དམ་ཟབ་བསྐྲུན་རྒྱུའི་ཆེད་དུ་ཡིན་པ་གསུངས་སོང་།རྩ་བའི་ཉེ་ཆར་བོད་མི་མང་པོ་ཞིག་ཡོ་རོབ་རྒྱལ་ཁབ་ཁུལ་དུ་གཞི་སྤོ་གནང་བཞིན་ཡོད་པ་དང། ཤེས་རྟོགས་བྱུང་བར་ད་ལྟའི་ཆར་ཕ་རན་སི་རྒྱལ་ཁབ་ནང་ལ་མཚོན་ན་སྐྱབས་བཅོལ་བོད་མི་ ༧༠༠༠ ལྷག་ཡོད་པ་རེད་འདུག

རེས་གཟའ་ཉི་མ། ༢༠༡༩།༠༥།༠༥

ཉན་པ།: Listen ཕབ་ལེན། Download བོད་ནས་བྱེས་སུ་འབྱོར་བའི་ན་གཞོན་གསར་འགོད་པ་ཁག་གཅིག་དང་གླེང་མོལ། Sunday 05/05/2019 In conversation with four Tibet born young journalists in exile

བོད་སློབ་ཁག་གི་འཛིན་རིམ་བཅིུས་ཀྱི་ཡིག་རྒྱུགས་ཆེན་མོའི་སྤྱི་ཡོངས་ཀྱི་གྲུབ་འབྲས་ལེགས་སོན།

ཁ་ཉིན་ཕྱི་ཟླ་ ༥ ཚེས་ ༢ ཉིན་ཕྱི་ལོ་ ༢༠༡༩ ལོའི་ CBSE རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་བསྐྱངས་ཡོད་པ་དང་། དེ་རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཕྱོགས་བསྡོམས་གནང་བའི་བོད་པའི་སློབ་གྲྭ་ཁག་གི་སྤྱི་ཡོངས་གྲུབ་འབྲས་ལ་གཞིགས་ཚེ་འདི་ལོའི་ཡིག་རྒྱུགས་ཆེན་མོའི་སྤྱི་ཡོངས་ཀྱི་གྲུབ་འབྲས་སྔར་ལོ་ལས་ལེགས་པ་སོན་འདུགའདི་ལོའི་ཕྱི་ཟླ་ ༢ དང་ ༣ པའི་ནང་རྒྱ་གར་རྒྱལ་ཡོངས་སུ་ CBSE འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཆེན་མོ་སྐབས་སུ་བོད་སློབ་ཁག་གི་འཛིན་རིམ་བཅུ་གཉིས་ཀྱི་སློབ་མ་ ༡༡༣༣ གྱིས་ཚན་རིག་དང་འབྱུང་རིག དེ་བཞིན་ཚོང་རིག་བཅས་སྡེ་ཚན་སོ་སོའི་ཡིག་རྒྱུགས་ཆེན་མོའི་ནང་ཆ་ཤས་བླངས་ཡོད་པ་དང་། དེ་དག་ཁྲོད་ནས་སློབ་མ་ ༡༡༠༠ ཐམ་པ་ཡིག་རྒྱུགས་གཙང་འཕྲོད་བྱུང་ཡོད་སྟབས་ཁྱོན་བསྡོམས་ཀྱི་བརྒྱ་ཆ་ ༩༧ སོན་ཡོད་པ་མ་ཟད། འདི་ལོའི་ཡིག་རྒྱུགས་ཀྱི་གྲུབ་འབྲས་དེ་སྔ་ལོའི་ཡིག་རྒྱུགས་ཀྱི་གྲུབ་འབྲས་ལས་བརྒྱ་ཆ་ ༡.༤༤ ལེགས་སོན་བྱུང་འདུག འདི་ལོའི་འཛིན་རིམ་བཅིུས་ཀྱི་གྲུབ་འབྲས་ཁྲོད་སེ་ལ་ཀུ་བོད་ཁྱིམ་གྱི་སློབ་མ་ཀརྨ་ཕུན་ཚོགས་ཟླ་བ་ལགས་ལ་བརྒྱ་ཆ་ ༩༤ སོན་སྟབས་ཚན་རིག་སྡེ་ཚན་གྱི་ཨང་དང་པོ་དང་། སྦེལ་ཀོབ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ལུང་རིགས་ལགས་ལ་བརྒྱ་ཆ་ ༨༩.༦ སོན་སྟབས་ཚོང་རིག་སྡེ་ཚན་གྱི་ཨང་དང་པོ། དེ་བཞིན་སཾ་བྷོ་ཌ་སྦེལ་ཀོབ་ སློབ་གྲྭའི་སློབ་མ་བསྟན་འཛིན་གངས་མཚོ་ལགས་ལ་བརྒྱ་ཆ་ ༩༢ ཐོབ་སྟབས་འབྱུང་རིག་སྡེ་ཚན་གྱི་ཨང་དང་པོ་བཅས་ཆགས་ཀྱི་ཡོད་པ་རེད། ཁོང་རྣམ་པ་གསུམ་གཙོ་གྱུར་སྡེ་ཚན་སོ་སོའི་ནང་གྲུབ་འབྲས་རྩེ་ཕུད་སོན་པའི་སློབ་མ་གསུམ་རེར་འདི་ལོའི་མང་གཙོའི་དུས་ཆེན་སྐབས་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་བྱ་དགའ་གསོལ་བསྩལ་གནང་གི་ཡོད་པ་རེད།རྩ་བའི་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༣ ལོ་ནས་བཟུང་འཛིན་རིམ་བཅིུས་ཀྱི་ཡིག་རྒྱུགས་ཁྲོད་བོད་ཡིག་ཐོག་ཉུང་མཐར་བརྒྱ་ཆ་ ༧༥ ལོན་པའི་ཐོག་སློབ་ཚན་བརྒྱ་ཆ་མཐོ་ཤོས་ལྔའི་ཕྱོགས་བསྡོམས་བརྒྱ་ཆ་ ༩༥ ལོན་མཁན་ཚོར་སྲིད་སྐྱོང་སློབ་ཡོན་གནང་རྒྱུ་དབུ་འཛུགས་གནང་ཡོད་ཀྱང་། འདི་ལོ་ཡང་སློབ་ཡོན་དེ་བཞེས་མཁན་སློབ་མ་གཅིག་ཀྱང་བྱུང་མི་འདུག འོན་ཀྱང་ཧ་པར་པུར་གཏན་སློབ་ནང་སློབ་སྦྱོང་གནང་བཞིན་པའི་རྒྱ་གར་བ་སློབ་མ་གཉིས་ནས་ཕྱོགས་བསྡོམས་བརྒྱ་ཆ་ ༩༥ ལྷག་བླངས་ཡོད་ཀྱང་སྲིད་སྐྱོང་སློབ་ཡོན་བཞེས་རྒྱུའི་ཆ་རྐྱེན་ཚང་གི་མེད་རྐྱེན་སློབ་ཡོན་དེ་ཐོབ་ཀྱི་མེད་པ་རེད། རྩ་བའི་འདི་ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་ཡིག་རྒྱུགས་ཆེན་མོའི་ཁྲོད་བོད་པའི་སློབ་མ་ ༡༡༣༣ ནས་རྒྱུགས་འཕྲོད་པའི་གྲངས་འབོར་ ༡༡༠༠ དང་རྒྱུགས་མ་འཕྲོད་པའི་གྲངས་འབོར་  ༥ ཆགས་ཀྱི་འདུག་པ་མ་ཟད། སློབ་ཚན་གཅིག་རྒྱུགས་མ་འཕྲོད་པས་བསྐྱར་རྒྱུགས་གཏོང་མཁན་གྲངས་འབོར་ ༢༨ བཅས་ཆགས་ཀྱི་འདུག

རེས་གཟའ་སྤེན་པ། ༢༠༡༩།༠༥།༠༤

ཉན་པ།: Listen ཕབ་ལེན། Download ཨོ་སི་ཊོ་ལི་ཡའི་ཆབ་སྲིད་ཚོགས་པ་ཁག་ཅིག་ལ་བོད་དང་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་འདྲི་རྩད། ཨིན་ཡུལ་གྲོས་ཚོགས་ནང་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཐོག་རྒྱབ་སྐྱོར་སྔར་ལྷག་གནང་དགོས་པའི་གླེང་སློང་། བོད་སློབ་འཛིན་རིམ་བཅིུས་ཀྱི་ཡིག་རྒྱུགས་ཆེན་མོའི་སྤྱི་ཡོངས་ཀྱི་གྲུབ་འབྲས་ལེགས་སོན། པེ་རིས་ནང་ཡོ་རོབ་ཁུལ་གྱི་བོད་རིགས་གཞོན་སྐྱེས་ལས་འགུལ་བའི་འདུ་འཛོམས། Airbnb ཚོང་ལས་ཁང་གིས་བོད་རིགས་དང་ཡུ་གུར་བར་མགྲོན་ཁང་གཡར་གྱི་མེད་པ། སྦེལ་ཀོབ་བོད་ཁྱིམ་གྱི་ཁང་ཚན་ནང་ཁུལ་དབར་ལྷ་གཞུང་འགྲན་བསྡུར། Saturday 04/05/2019 Australia’s political parties questioned on Tibet ahead federal election Tibet issue raised in UK Parliament Class 12 results out: Tibetan schools perform better than last year Young Tibet activists gather in Paris to strengthen Tibet action Airbnb listing in China bars Tibetans and Uygyurs from renting rooms Tibetan schools hold Opera competition: South India

Latest news