Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: May, 2019

བོད་མིའི་རིག་གཞུང་སྲུང་སྐྱོབ་སླད་རྒྱབ་སྐྱོར་སྔར་ལྷག་གནང་དགོས་པའི་བགྲོ་གླེང་།

ཉེ་ལམ་ཨིན་ཡུལ་གྲོས་ཚོགས་འོག་མའི་ནང་ཨིན་ཡུལ་རྙིང་ཞེན་ཚོགས་པའི་སྐུ་ཚབ་དང་ཨིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Tim Loughton མཆོག་ནས་བོད་དོན་གླེང་སློང་གནང་བ་དང་འབྲེལ། ཨིན་ཡུལ་གཞུང་གི་ཕྱི་རྒྱལ་རོགས་རམ་ལྷན་ཁང་གི་བློན་ཆེན་གྱིས་བོད་མིའི་རིག་གཞུང་དང་ཕ་མེས་ནས་བརྒྱུད་པའི་གཅེས་ནོར་དག་སྲུང་སྐྱོབ་ཞུ་སླད་རྒྱབ་སྐྱོར་སྔར་ལྷག་གནང་རྒྱུའི་ཐད་འབྲེལ་ཡོད་ལྷན་ཁང་དང་ལྷན་དུ་གླེང་སློང་གནང་རྒྱུ་ཡིན་པར་གསུངས་འདུག ཉེ་ལམ་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ན། སྐུ་ཞབས་ Tim Loughton མཆོག་གིས་གྲོས་ཚོགས་སུ་ཨིན་ཡུལ་རྒྱལ་ཁབ་ཀྱི་ངོས་ནས་སྐྱབས་བཅོལ་བ་དག་གི་རིག་གཞུང་དང་ཤེས་ཡོན་གྱི་ལས་གཞི་ཐད་རོགས་རམ་སྔར་ལྷག་གནང་ཐུབ་མིན་ཞུས་པར་ཨིན་ཡུལ་གཞུང་གི་ཕྱི་རྒྱལ་རོགས་རམ་ལྷན་ཁང་གི་བློན་ཆེན་ལྕམ་སྐུ་ Penny Mordaunt མཆོག་གིས་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁུངས་བརྒྱུད་ཆེད་མངགས་འགྲོ་བ་མིའི་བདེ་རྩའི་དོན་དང་། སྐྱབས་བཅོལ་བ་དག་གི་ངོ་བོ་སྲུང་སྐྱོབ་སླད་མ་དངུལ་གནང་མུས་ལྟར་དེའི་ཁོངས་སུ་བཙན་བྱོལ་བོད་མི་རྣམས་ཀྱང་ཚུད་ཡོད་པར་འགྲེལ་བརྗོད་དང་ཆབས་ཅིག བོད་མིའི་རིག་གཞུང་དང་ཕ་མེས་ནས་བརྒྱུད་པའི་གཅེས་ནོར་དག་སྲུང་སྐྱོབ་སླད་རྒྱབ་སྐྱོར་སྔར་ལྷག་ཡོང་བར་འབྲེལ་ཡོད་ལྷན་ཁང་དང་མཉམ་དུ་གླེང་སློང་གནང་རྒྱུ་ཡིན་པར་གསུངས་འདུག དེ་བཞིན་སྐུ་ཞབས་ Loughton མཆོག་གིས་གྲོས་ཚོགས་སུ་རྒྱ་ནག་གི་བོད་བཙན་འཛུལ་བྱས་ནས་བོད་མིའི་རིག་གཞུང་དང་སྐད་ཡིག འགྲོ་བ་མིའི་ཐོབ་ཐང་ལ་དྲག་གནོན་བྱེད་བཞིན་པ་མ་ཟད།   ལྷག་པར་དུ་བོད་མི་བཙན་བྱོལ་དུ་གྱར་ནས་མི་ལོ་ ༦༠ འཁོར་ཡོད་སྟབས་ང་ཚོས་བོད་མི་དེ་དག་གི་རེ་བ་གསོན་གནས་ཡོང་བར་རྒྱབ་སྐྱོར་གནང་དགོས་གལ་ཡིན་སྐོར་གསུངས་པ་དང་སྦྲགས། རིང་མིན་འཚོགས་ལ་ཉེ་བའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བདུན་པའི་ཐོག་ཁོང་དང་ Dundee ས་ཁུལ་གྱི་གྲོས་ཚོགས་འཐུས་མི་རྣམ་གཉིས་ནས་ལྷན་ཞུགས་གནང་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད། གནད་དོན་དེའི་ཐོག་ཨིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ལྕམ་ Kerry  McCarthy མཆོག་གིས་འཛམ་གླིང་གི་སྣེ་གསུམ་པ་འབོད་པའི་བོད་དུ་གོ་ལ་ཚ་དྲོད་དང་གནམ་གཤིས་འགྱུར་ལྡོག་རྐྱེན་གྱིས་ཧི་མཱ་ལ་ཡའི་འཁྱགས་རོགས་བཞུར་ཚད་མྱུར་པོ་ཡོད་རྐྱེན་བོད་ཁྱོན་ཡོངས་ནང་ཤུགས་རྐྱེན་ཐེབས་ཀྱི་ཡོད་པར་བརྟེན་ང་ཚོས་གནམ་གཤིས་འགྱུར་ལྡོག་གི་གནད་དོན་སྐོར་བཀལ་མོལ་གནང་སྐབས་བོད་ཀྱི་ཁོར་ཡུག་གི་གནད་དོན་དེ་སྣང་མེད་བཞག་རྒྱུ་མེད་ཅེས་གསུངས་ཡོད། གནད་དོན་དེའི་ཐད་ལྕམ་སྐུ་ Penny མཆོག་གིས་ཨིན་ཡུལ་ནས་གོ་ལའི་འཕྲོད་བསྟེན་དང་། གནམ་གཤིས། དེ་བཞིན་གནད་དོན་བཅུ་བདུན་ཐོག་རོགས་འདེགས་གནང་མུས་ཡིན་པའི་ཁོངས་སུ་གནམ་གཤིས་ཐད་རམ་འདེགས་ཞུ་ཕྱོགས་དེ་གལ་གནད་ཆེ་ཤོས་ཤིག་ཏུ་ངོས་བཞེས་གནང་གི་ཡོད་པ་དང་། ཨིན་ཡུལ་གྱི་སྲིད་བློན་མཆོག་རྒྱལ་ཚོགས་ཀྱི་དྲུང་ཆེའི་ཁྱབ་ཁོངས་གོ་ལའི་གནམ་གཤིས་གོང་མཐོར་གྱི་ལས་གཞིའི་རྒྱུན་ལས་ཡིན་སྟབས། ཁོང་ནས་སླད་མར་གནད་དོན་དེ་དག་ཐོག་གཟིགས་རྟོག་གནང་རྒྱུ་ཡིན་པར་གསུངས་འདུག གཞི་རྩའི་ལྕམ་སྐུ་མཆོག་འདི་ལོའི་ཟླ་ ༥ ཚེས་ ༡ ཉིན་ཕྱི་རྒྱལ་རོགས་རམ་ལྷན་ཁང་གི་བློན་ཆེན་གྱི་ལས་གནས་མཚམས་འཇོག་དང་ཁོང་ད་ལྟའི་ཆར་ཨིན་ཡུལ་རྒྱལ་སྲུང་བློན་ཆེན་གྱི་ལས་གནས་བཞེས་བཞིན་པ་རེད།

རྒྱལ་ས་པེ་རིས་ནང་ཡོ་རོབ་ཁུལ་གྱི་བོད་རིགས་གཞོན་སྐྱེས་ལས་འགུལ་བའི་འདུ་འཛོམས།  

ཁ་སང་ཕྱི་ཟླ་ ༥ ཚེས་ ༣ ཉིན་གྱི་ཕྱི་དྲོ་ནས་དབུ་འཛུགས་ཀྱིས་ཡོ་རོབ་ཕ་རན་སིའི་རྒྱལ་ས་ Paris ནང་མ་འོངས་པར་ཡོ་རོབ་ཁུལ་དུ་བོད་རིགས་གཞོན་སྐྱེས་ཚོའི་བོད་དོན་འཐབ་རྩོད་ཀྱི་ནུས་པ་ཇེ་ཆེར་གཏོང་ཐབས་ཀྱི་དམིགས་འདུན་དང་འབྲེལ་བའི་ཡོ་རོབ་ཁུལ་གྱི་བོད་རིགས་གཞོན་སྐྱེས་ལས་འགུལ་བའི་འདུ་འཛོམས་ཤིག་བསྐོང་ཚོགས་གནང་ཡོད་པ་རེད།ཁ་སང་ཕྱི་དྲོ་ནས་དབུ་འཛུགས་ཀྱིས་ཕྱི་ཚེས་ ༥ བར་པེ་རིས་ནང་གཉེར་བཞིན་པའི་བོད་རིགས་གཞོན་སྐྱེས་ལས་འགུལ་བ་འདུ་འཛོམས་གནང་བ་འདི་ནི་གཙོ་བོ་ཡོ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་གཉིས་མཉམ་རུབ་ཀྱིས་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག་ཅིང། འདུ་འཛོམས་ཐོག་སུད་སི་དང་བྷེལ་འཇམ། དབྱིན་ཡུལ་དང་ཕ་རན་སི་བཅས་ཡོ་རོབ་རྒྱལ་ཁབ་ཁག་བཞི་ནས་ས་གནས་གཞོན་ནུའི་རྒྱུན་ལས་དང། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་དང་ཡོ་རོབ་གཞོན་ནུའི་མཐུན་ཚོགས་ཀྱི་ཚོགས་མི། བོད་དོན་ལས་འགུལ་བ་བཅས་ཁྱོན་བོད་རིགས་གཞོན་སྐྱེས་ཚོགས་བཅར་ ༢༦ འདུ་འཛོམས་གནང་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གིས་ཐེངས་འདིའི་ཡོ་རོབ་ཁུལ་གྱི་བོད་རིགས་གཞོན་སྐྱེས་ལས་འགུལ་བའི་འདུ་འཛོམས་གོ་སྒྲིག་གནང་མཁན་ཕ་རན་སི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་དོན་གྲུབ་ཕུན་ཚོགས་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་འདུ་འཛོམས་འདིའི་དམིགས་ཡུལ་ནི་མ་འོངས་པར་ཡོ་རོབ་ཁུལ་དུ་བོད་རིགས་གཞོན་སྐྱེས་ཚོའི་བོད་དོན་འཐབ་རྩོད་ནུས་པ་ཇེ་ཆེར་གཏོང་ཐབས་སླད་ཡིན་པར་གསུངས་ཡོད། རྩ་བའི་འདུ་འཛོམས་འདིའི་ཐོག་ནས་བོད་རིགས་གཞོན་སྐྱེས་ལས་འགུལ་བ་ནང་ཁུལ་དབར་ངོ་ཤེས་དང་འབྲེལ་ལམ་གསར་བཟོ་གནང་རྒྱུ་དང་། དེ་བཞིན་ཉམས་མྱོང་བརྗེ་རེས་དང་སྦྱང་བཤད། ལྷག་པར་དུ་ཨ་རི་དང་ཁེ་ན་ཌ་ནས་ལས་འགུལ་བ་དང་བོད་དོན་ཞུ་གཏུག་ཐོག་ཕྱག་ལས་གནང་མྱོང་ཡོད་པའི་བོད་རིགས་གཞོན་སྐྱེས་ཁག་གཅིག་གིས་ཚོགས་བ་ཚོར་ནུས་པ་ལྡན་པའི་བོད་དོན་ལས་འགུལ་སྤེལ་ཕྱོགས་དང་ཚོགས་པ་སྣེ་ཁྲིད་གནང་སྟངས། དེ་བཞིན་གཞུང་འཛིན་དང་གནད་ཡོད་མི་སྣར་བོད་དོན་ཞུ་གཏུག་གནང་ལུགས་སོགས་དམིགས་བསལ་སྦྱོང་བརྡར་གནང་གི་ཡོད་པ་རེད།

ཨོ་གླིང་གི་ཆབ་སྲིད་ཚོགས་པར་བོད་དང་འགྲོ་བ་མིའི་ཐོབ་ཐང་སྐོར་འདྲི་རྩད།

ཨོ་གླིང་གི་ཕྱི་ལོ་ ༢༠༡༩ ལོའི་རྒྱལ་ཡོངས་ཀྱི་འོས་བསྡུ་བསླེབ་ཉེ་དུས་སྐབས་འདིར་ཨོ་གླིང་གི་བོད་དོན་ལྷན་ཚོགས་ཀྱིས་གནད་དོན་བཞིའི་ཐོག་ནས་ཨོ་གླིང་ཆབ་སྲིད་ཚོགས་པ་གསུམ་ལ་འདྲི་རྩད་གནང་སྟེ་ཆབ་སྲིད་ཚོགས་པ་དེ་དག་གིས་བོད་དོན་ཐོག་འཛིན་པའི་བཞེངས་ཕྱོགས་ལ་རྒྱུས་ལོན་གནང་འདུག དེ་རིང་ཨོ་གླིང་གི་བོད་དོན་ལྷན་ཚོགས་ཀྱི་དྲྭ་གནས་སུ་གནས་ཚུལ་སྤེལ་བར་ཨོ་གླིང་གི་བོད་དོན་ལྷན་ཚོགས་ཀྱིས་བོད་དོན་དང་འབྲེལ་བའི་གནད་དོན་བཞི་སྟེ་ཨོ་གླིང་དང་རྒྱ་ནག་གི་འབྲེལ་ལམ་ཁྲོད་ཀྱི་བོད་དང་འགྲོ་བ་མིའི་ཐོབ་ཐང་། བོད་ནང་རང་དབང་གིས་འགྲོ་སྐྱོད་གནང་བར་རྒྱབ་སྐྱོར་ཡོད་མེད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ལ་ངོས་འཛིན་གནང་མིན། བོད་རྒྱ་གྲོས་མོལ་ལ་རྒྱབ་སྐྱོར་གནང་མིན་བཅས་ཀྱི་གནད་དོན་བཞིའི་ཐོག་འདྲི་རྩད་གནང་ཡོད་པ་རེད། དང་ཐོག་ཨོ་གླིང་གི་ཆབ་སྲིད་ཚོགས་པ་ཆེ་ཁག་གསུམ་སྟེ་རྒྱལ་ཡོངས་མཉམ་འདུས་ཚོགས་པ།  liberal/national coalition དེ་བཞིན་ལྗང་ཁུ་ཚོགས་པ། Green དང་ངལ་རྩོལ་ཚོགས་པ་ labour བཅས་ལ་ཨོ་གླིང་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ཐད་ནས་སྤྱི་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་སྒོས་བོད་དང་ཤིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་གཙིགས་ཆེར་འཛིན་པའི་ཚད་གཞི་གང་འདྲ་ཞིག་ཡིན་པར་འདྲི་རྩད་གནང་བར་རྒྱལ་ཡོངས་མཉམ་འདུས་ཚོགས་པའི་ངོས་ནས་རྒྱ་ནག་གི་འབྲེལ་ལམ་གྱི་སྲིད་བྱུས་ནང་འགྲོ་བ་མིའི་ཐོབ་ཐང་ནི་སྲིད་གཞུང་དེའི་ངོས་ནས་མེད་དུ་མི་རུང་བའི་ཆ་ཤས་གལ་ཆེན་ཞིག་ཡིན་པར་ངོས་འཛིན་གནང་བཞིན་ཡོད་པ་དང་། ཚོགས་པ་དེས་དུས་རྒྱུན་ནས་རྒྱ་ནག་དང་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་གི་ཐད་ནས་གླེང་སློང་བྱེད་བཞིན་ཡོད་པར་བརྗོད་དེ། དངོས་ཤུགས་བརྒྱུད་གསུམ་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་གཙིགས་འཛིན་བྱེད་ཀྱི་ཡོད་པ་ལྟར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གཙོས་པའི་བརྒྱུད་ལམ་སྣ་མང་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་གི་ཡོད་སྟབས། དེའི་ཁོངས་སུ་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ཁག་ཀྱང་ཚུད་ཡོད་པར་ལན་འདེབས་གནང་འདུགདེ་བཞིན་ལྗང་ཁུ་ཚོགས་པས་སྤྱི་ཡོངས་ཀྱི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་ཕྱོགས་དང་སྒོས་རྒྱ་ནག་ནག་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་ཐོག་ནས་གླེང་སློང་བྱེད་རྒྱུ་དེ་རྒྱ་ནག་ལ་ཕྱོགས་པའི་སྲིད་བྱུས་ཀྱི་དཀྱིལ་སྙིང་ཡིན་པར་ལན་འདེབས་གནང་སྟེ་ཚོགས་པས་ལོ་རྒྱུས་རིང་པོའི་ངང་བོད་མི་དག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མ་ཟད། ཉེ་བའི་ཆར་ནས་བཟུང་ཡུ་གུར་མི་རིགས་ལའང་དཀའ་ངལ་འཕྲད་བཞིན་པར་དེར་རྒྱབ་སྐྱོར་བྱེད་བཞིན་ཡོད་པར་ཡོངས་བསྒྲགས་གནང་འདུག དེ་བཞིན་ངལ་རྩོལ་ཚོགས་པས་ཀྱང་རྒྱ་ནག་གི་བཙན་དབང་གི་འོག་ཏུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པར་སྤྱི་ཡོངས་ནས་ངོས་འཛིན་གནང་གི་ཡོད་པ། ཚོགས་པ་དེའི་ངོས་ནས་འགྲོ་བ་མིའི་ཐོབ་དང་སྤྱི་མང་གི་རང་དབང་དེ་གཙིགས་སུ་འཛིན་གྱི་ཡོད་པ་ལྟར་རྒྱ་ནག་དང་ལྷན་དུ་གནད་དོན་དེ་གླེང་སློང་གནང་རྒྱུ་ཡིན་པར་བསྒྲགས་འདུག དེ་བཞིན་དྲི་བ་གཉིས་པ་སྟེ་རྒྱ་རིགས་མང་པོ་ཞིག་རང་དབང་ཐོག་ནས་ཨོ་གླིང་དུ་བཀག་སྡོམ་མེད་པར་ཡོང་བཞིན་པ་ལྟར། ཨོ་གླིང་གི་གཞུང་འབྲེལ་མི་སྣ་དང་། གསར་འགོད་པ། མི་སེར་སྤྱི་དང་ཨོ་གླིང་གི་བོད་རིགས་རྣམས་རྒྱ་ནག་ཏུ་རང་དབང་ངང་འགྲོ་སྐྱོད་གནང་བར་རྒྱབ་སྐྱོར་ཞུ་མིན་སྐོར་ལ་འདྲི་རྩད་གནང་བར་རྒྱལ་ཡོངས་མཉམ་འདུས་ཚོགས་པས་དུས་རྒྱུན་ནས་རྒྱ་ནག་ལ་འབོད་སྐུལ་གྱིས་རྒྱལ་ཚོགས་ཀྱི་ལས་བྱེད་མི་སྣ་དང་། ཕྱི་རྒྱལ་གྱི་གསར་འགོད་པ། དེ་བཞིན་ཕྱི་ལོག་གི་བོད་རིགས་རྣམས་བོད་དུ་འགྲོ་སྐྱོད་གནང་བར་བཀག་སྡོམ་རྒྱུ་མཚམས་འཇོག་བྱེད་དགོས་བར་འབོད་སྐུལ་གནང་བཞིན་ཡོད་པར་བརྗོད་དེ། སྔར་ལོའི་རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་ཐེངས་གསུམ་པའི་ཚོགས་ཐོག་ཏུའང་ཚོགས་པའི་ངོས་ནས་རྒྱ་ནག་ལ་ཞུ་སྐུལ་བྱས་ཏེ་བོད་མི་དང་ཡུ་གར་བར་དམ་དྲག་བྱེད་རྒྱུ་མཚམས་འཇོག་བྱས་ནས་ཕྱི་ལོག་གི་གསར་འགོད་པ་བོད་ནང་དུ་གཏོང་རྒྱུ་དང་། རྒྱ་ནག་གི་ཁྲིམས་སྒྲིག་གི་ཐོག་ནས་མི་སྒེར་གྱི་ཆོས་ལུགས་དད་མོས་ཀྱི་རང་དབང་ལ་སྲུང་སྐྱོབ་དགོས་པའི་ཞུ་སྐུལ་བྱས་ཡོད་པའི་ལན་འདེབས་གནང་འདུག དེ་བཞིན་ལྗང་ཁུ་ཚོགས་པའི་ངོས་ནས་བོད་ནང་རང་དབང་ཐོག་འགྲུལ་སྐྱོད་དགོས་པའི་དྲི་བ་དེར་རྒྱབ་སྐྱོར་ཡོད་པར་གསུངས་ཡོད། དྲི་བ་གསུམ་པ། ཆབ་སྲིད་ཚོགས་པ་དེ་དག་གི་དབུ་ཁྲིད་ཀྱི་ངོས་ནས་རྒྱལ་སྤྱིའི་སྟེང་གི་བྱམས་བརྩེ་ཡི་བདག་ཉིད་ཆེན་མོ། ༸གོང་ས་ཏ་ལའི་བླ་མ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་སུ་མཇལ་འཕྲད་གནང་གི་ཡིན་མིན་གྱི་སྐོར་ལ་འདྲི་རྩད་བྱས་པར། རྒྱལ་ཡོངས་མཉམ་འདུས་ཚོགས་པའི་་ངོས་ནས།  རྩ་བའི་ཨོ་གླིང་རྒྱལ་ཁབ་ཀྱི་ངོས་ནས།  བོད་མིའི་སྒྲིག་འཛུགས་དེ་ངོས་ལེན་བྱེད་ཀྱི་མེད་ནའང་། གྲོས་ཚོགས་ཀྱི་འཐུས་མི་རྣམས་མི་སྒེར་གྱི་ངོས་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་རྣམས་ལ་མཇལ་འཕྲད་བྱས་ཆོག་པར་བརྗོད་དེ། སྤྱི་ལོ་༢༠༡༧ ལོར་ཨོ་གླིང་གི་སྐུ་ཚབ་ཅིག་རྡ་སར་ཆེད་ཕེབས་གནང་བ་ལུང་འདྲེན་ཞུས་འདུག    ཡང་ལྗང་ཁུ་ཚོགས་པའི་ངོས་ནས། ༸གོང་ས་ཏཱ་ལའི་བླ་མ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་གཉིས་ལ་མཇའ་འཕྲད་གནང་གི་ཡིན་པར་ལན་འདེབས་གནང་ཡང་། ངལ་རྩོལ་ཚོགས་པའིང་ངོས་ནས་བཀའ་ལན་ཁ་གསལ་གང་ཡང་གནང་མི་འདུག འདྲི་རྩད་བཞི་པ། རྒྱལ་སྤྱིའི་སྟེང་གི་ཁྲིམས་སྒྲིག་གི་ཁོངས་ནས་བོད་མི་དག་ལ་ཕྱི་ལོག་གི་གནོད་ཤུགས་དང་ཐེ་གཏོགས་གང་ཡང་མེད་པར་ཆབ་སྲིད་ཀྱི་ལངས་ཕྱོགས་དང་དཔལ་འབྱོར་འཕེལ་རྒྱས། དེ་བཞིན་སྤྱི་ཚོགས་དང་རིག་གཞུང་གོང་འཕེལ་གཏོང་རྒྱུའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་མེད་དང་།  ཚོགས་པ་ཁག་གི་ངོས་ནས་དེ་དག་ལ་རྒྱབ་སྐྱོར་གནང་མིན།  དེ་བཞིན་བོད་རྒྱ་ཞི་མོལ་གནང་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་ཡོང་ཐབས་སོགས་ཀྱི་ཐོག་འདྲི་རྩད་གནང་བར་རྒྱལ་ཡོངས་མཉམ་འབྲེལ་ཚོགས་པའི་ངོས་ནས་ཨོ་གླིང་རྒྱལ་ཁབ་ཀྱིས་ཕྱི་ལོ་ ༡༩༧༢ ལོ་ནས་བཟུང་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཅིག་ཡིན་པར་ཁས་ལེན་བྱས་ཡོད་པར་བརྟེན། རང་བཞིན་གྱིས་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་བྱས་ཚར་ཡོད་ནའང་། ཚོགས་པའི་ངོས་ནས་༸གོང་ས་ཏཱ་ལའི་བླ་མའམ་ ཡང་ན་ཁོང་གི་སྐུ་ཚབ་བརྒྱུད་རྒྱ་ནག་དང་ལྷན་དུ་གྲོས་མོལ་གནང་རྒྱུར་རྒྱབ་སྐྱོར་ཡོད་པའི་ལན་འདེབས་གནང་འདུག ལྗང་ཁུ་ཚོགས་པས་བོད་མིར་ཆོས་རིག་དང་དཔལ་འབྱོར། ཚོང་ལས་དང་ཆབ་སྲིད་སོགས་ཀྱི་ཐད་ནས་རང་ཐག་རང་གཅོད་གནང་རྒྱུར་ཐོབ་ཐང་ཡོད་པར་ཁས་ལེན་དང་རྒྱབ་སྐྱོར་ཡོད་པ་མ་ཟད། བོད་རྒྱ་གྲོས་མོལ་ཡོང་རྒྱུ་ལའང་རྒྱབ་སྐྱོར་ཡོད་སྐོར་ལན་འདེབས་གནང་འདུག འོན་ཀྱང་ངལ་རྩོལ་ཚོགས་པའི་ངོས་ནས་ལན་འདེབས་གང་ཡང་གནང་མི་འདུག        

ཨོ་བྷ་མ་མཆོག་གི་སློབ་སྟོན་པ་བགྲེས་པ་ལྕམ་སྐུ་ Valerie Jarrett ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རང་ཉིད་ཀྱི་མི་ཚེར་འགྱུར་བ་ཆེན་པོ་བྱུང་སོང་ཞེས་གསུངས་འདུག

ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་བྷེ་རེཀ་ཨོ་བྷ་མ་མཆོག་གི་སློབ་སྟོན་པ་བགྲེས་པ་ལྕམ་ Valerie Jarrett’s ལགས་ཀྱིས་ཉེ་ལམ་ཟླ་བ་བཞི་པའི་ནང་རང་ཉིད་ཀྱི་དྲན་དེབ་ My Journey to the West Wing and the Path Forward ཞེས་པའི་ཕྱག་དེབ་འདོན་སྤེལ་གནང་བའི་ནང་༸གོང་ས་མཆོག་དང་མཇལ་འཕྲད་ཞུས་པར་བརྟེན་ལྕམ་སྐུ་རང་ཉིད་ཀྱི་མི་ཚེར་འགྱུར་ལྡོག་ཆེན་པོ་བྱུང་སོང་ཞེས་གསུངས་འདུག གཞི་རྩའི་ལྕམ་ Valerie Jarrett ལགས་ནི་སྲིད་འཛིན་ཟུར་པ་ཨོ་བྷ་མ་མཆོག་གི་སློབ་སྟོན་པ་བགྲེས་པ་ཡིན་པ་ཙམ་མ་ཟད་ཁོང་གི་ནང་མི་དང་ཆེས་མཛའ་བའི་གྲོགས་པོ་ཡིད་ཆེས་གནང་ས་ཞིག་ཡིན་པ་དང་། ཨོ་བྷ་མ་མཆོག་སྲིད་འཛིན་གྱི་ངོ་བོའི་ཐོག་རྒྱ་ནག་ལ་གཞུང་འབྲེལ་འཚམས་གཟིགས་མ་གནང་གོང་དུ་ལྕམ་སྐུ་མཆོག་ཆེད་མངགས་བཞུགས་སྒར་དྷ་རྨ་ས་ལར་ཆེད་གཏོང་གིས་༸གོང་ས་མཆོག་གི་མཇལ་ཁ་ཞུས་ཡོད་པ་རེད། ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཞོན་བུ་ཆུང་ཚེ་རིང་ལགས་ཀྱིས་ལྕམ་སྐུ་མཆོག་གི་དྲན་དེབ་དེའི་སྐོར་ལ་ཟིན་བྲིས་ཤིག་སྤེལ་ཡོད་པ་དང་། ཟིན་བྲིས་དེར་གཞིགས་ཚེ་དྲན་དེབ་དེའི་ནང་ལྕམ་སྐུ་ Valerie ལགས་ནས་ཕྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༡༤ ཉིན་བཞུགས་སྒར་དུ་༸གོང་ས་མཆོག་དང་མཇལ་འཕྲད་ཀྱིས་རང་ཉིད་ཀྱི་མི་ཚེར་འགྱུར་ལྡོག་ཐེབས་སྐོར་དང་། དེ་འབྲེལ་ཁོང་ནས་སྲིད་འཛིན་མཆོག་ལ་སྙན་གསེང་ཞུས་པ་མ་ཟད། ༸གོང་ས་མཆོག་རྗེས་སུ་ཕྱི་ལོ་ ༢༠༡༠ ལོར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་ཁུལ་དུ་ཆིབས་བསྒྱུར་མཛད་དེ་སྲིད་འཛིན་མཆོག་དང་མཇལ་འཕྲད་གནང་སྐབས་སྲིད་འཛིན་མཆོག་ནས་དེ་འབྲེལ་མགོན་པོ་༸གང་ཉིད་མཆོག་ལ་སྙན་གསེང་ཞུས་པ་དང་། ༸གོང་ས་མཆོག་ཐུགས་དགྱེས་ཚོར་ཆེན་པོའི་ངང་ནས་བཞད་མོ་བཞེས་པ་སོགས་དྲན་གསོ་བཀོད་འདུག ཁོང་ནས་༸སྐུ་ཉིད་མཆོག་ནི་རང་ཉིད་ཀྱི་མི་ཚེར་སེམས་འགུལ་བླ་མེད་སྦྱིན་མཁན་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ Nelson Mandela མཆོག་དང་སྙན་གྲགས་ཅན་གྱི་རྩོམ་པ་པོ་དང་སྲིད་དོན་པ་སྐུ་ཞབས་ Elie Wiesel མཆོག་བཅས་སྐྱེས་བུ་དམ་པ་དང་མཚུངས་བསྡུར་གནང་བ་དང་ཕྱོགས་མཚུངས་༸གོང་ས་མཆོག་གཙོས་པའི་སྐྱེས་བུ་དམ་པ་ཁོང་གཉིས་ནས་རང་ཉིད་ཀྱི་སྐུ་ཚེ་ཁྲོད་དཀའ་སྡུག་ཚད་མེད་ནང་ལྷུང་ཡང་། ཁོང་རྣམས་ནས་སེམས་ཤུགས་མི་ཆག་པར་འགྲོ་བ་སྤྱིའི་བདེ་སྐྱིད་སླད་མཛད་པ་འཕྲིན་ལས་བསྐྱངས་པ་དང་། ལྷག་པར་དུ་ཁོང་རྣམས་ནས་རང་ཉིད་ཀྱི་མི་མང་ལ་ཧ་ཅང་བརྩེ་སེམས་ཡོད་པ་ལྟར་བདག་ཉིད་ཆེན་པོ་དེ་དག་བྱམས་པ་དང་སྙིང་རྗེར་འགྱུར་ལྡོག་རྩ་བ་ནས་མེད་པ་བཅས་ལ་མངོན་བསྟོད་ཞུས་ཡོད་པ་རེད། ལྕམ་སྐུ་ Valeirie  ལགས་ནས་༸མགོན་པོ་མཆོག་དང་མཇལ་འཕྲད་ཞུས་པ་དེར་བུ་ཆུང་ལགས་ཀྱིས་རྒྱབ་ལྗོངས་དང་འབྲེལ་ཕྱི་ལོ་ ༢༠༠༩ ཟླ་ ༡ པོའི་ནང་ཨོ་བྷ་མ་མཆོག་སྲིད་འཛིན་གྱི་ལས་གནས་ཐོག་མ་བཞེས་སྐབས་ཀྱི་ལོ་དུས་སུ་བརྒྱུད་ལམ་ཁག་ཏུ་ཁོང་རྒྱ་ནག་ནང་འཚམས་གཟིགས་སུ་ཕེབས་རྒྱུའི་གནད་དོན་ཐོན་ཡོད་པ་དང་། ལོ་དེའི་ཟླ་ ༡༠ པའི་ནང་༸གོང་ས་མཆོག་ Washington DC ནང་ཆིབས་བསྒྱུར་མཛད་འཆར་དང་འབྲེལ་སེམས་དང་སྲོག་གི་ལྟེ་གནས་ཁང་ནས་གོ་སྒྲིག་ཞུས་པའི་ཚན་རིག་པ་དང་ལྷན་དུ་ཚོགས་འདུའི་ཐོག་དབུ་བཞུགས་ཀྱི་སྟ་གོན་གནང་བཞིན་པ་དུས་ཚོད་དང་སྟབས་ཁེལ་བ་ལྟར། ༸གོང་ས་མཆོག་གི་ཨ་རིའི་དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེ་མཆོག་དམ་པ་དེ་ཉིད་ནས་ཆིབས་བསྒྱུར་དེའི་སྐབས་དབུ་ཁྲིད་རྣམ་གཉིས་མཇལ་འཕྲད་ཡོང་བའི་ཞུ་གཏུག་གནང་སྟབས།   སྐབས་དེར་ཨ་རྒྱ་གཉིས་ཀྱི་ཆབ་སྲིད་ཀྱི་གནས་སྟངས་འོག་ཨ་རི་ཕྱོགས་ནས་༸གོང་ས་མཆོག་དང་སྲིད་འཛིན་མཆོག་རྣམ་གཉིས་ཀྱི་མཇལ་འཕྲད་དེ་ཕྱིར་འགྱངས་གནང་རྒྱུར་ཞུ་སྐུལ་དང་སྦྲགས། སྲིད་འཛིན་མཆོག་རྒྱ་ནག་ལ་འཚམས་གཟིགས་སུ་ཕེབས་སྐབས་༸གོང་ས་མཆོག་ལ་རྒྱ་གཞུང་ལ་བརྡ་ལན་གང་ཡོད་མེད་ཀྱི་བཀའ་འདྲི་དགོངས་སྐོར་ཞུ་ཆེད་དུ་ལྕམ་སྐུ་ Valerie ལགས་ཆེད་མངགས་བཞུགས་སྒར་དུ་ཕེབས་དགོས་བྱུང་བར་འགྲེལ་བརྗོད་གནང་འདུག སྤྱིར་ཨ་རི་གྲོས་ཚོགས་དང་དཔྱད་ཞིབ་པ། དེ་བཞིན་གསར་ཁང་སོགས་ནས་ཕོ་བྲང་དཀར་པོར་ཟླ་བ་དེའི་སྐབས་༸གོང་ས་མཆོག་དང་མཇལ་འཕྲད་མི་གནང་བར་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་ཀྱང་།     དྲན་དེབ་དེའི་ནང་ལྕམ་སྐུ་ Valerie Jarrett ལགས་ཀྱིས་ཨ་རིའི་ངོས་ནས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཐད་དོ་ཕོག་མི་འགྲོ་བར་འབད་བརྩོན་བྱེད་བཞིན་ཡོད་སྟབས། རྒྱ་ནག་ནས་ཕོ་བྲང་དཀར་པོར་འཚམས་གཟིགས་མ་གནང་བའི་སྔ་རོལ་དུ་རྒྱ་ནག་གི་དགྲ་བོ་ཞིག་ལ་ངོས་འཛིན་ཞུས་པའི་༸གོང་ས་མཆོག་ཆིབས་བསྒྱུར་མཛད་པ་ཡིན་ན་དེས་ཡུལ་གཉིས་ཀྱི་འབྲེལ་ལམ་ལ་དཀའ་ངལ་འཕྲད་ངེས་ཡིན་པས་སྐབས་དེར་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་དབུ་ཁྲིད་རྣམ་པའི་ལམ་སྟོན་བཞིན་ཁོང་སྲིད་འཛིན་མཆོག་གིས་གནང་བའི་ཕྱག་བྲིས་ཤིག་བསྣམས་ཏེ་བཞུགས་སྒར་དྷ་རྨ་ས་ལར་ཆེད་ཕེབས་གནང་དགོས་བྱུང་བ་དང་། ཕྱག་བྲིས་དེའི་ནང་༸གོང་ས་མཆོག་ལ་ཟླ་བ་དྲུག་གི་རྗེས་སུ་ཨ་རིར་ཆིབས་བསྒྱུར་གནང་རྒྱུའི་གདན་ཞུ་གསོལ་འདེབས་ཞུས་ཡོད་པ་སོགས་འགྲེལ་བརྗོད་གནང་སྟེ་རྒྱ་ནག་དང་ཨ་རི་དབར་གྱི་འབྲེལ་ལམ་ལ་དོ་ཕོག་མེད་པ་དང་། ༸གོང་ས་མཆོག་ལའང་གུས་བཀུར་གྱི་རྣམ་པ་མཚོན་ཡོད་པར་འགྲེལ་བརྗོད་གནང་འདུག ཕྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༡༨ ཉིན་སྲིད་འཛིན་ཨོ་བྷ་མ་མཆོག་ནས་ཕོ་བྲང་དཀར་པོའི་ནང་༸གོང་ས་མཆོག་དང་ལྷན་མཇལ་མོལ་གནང་ཡོད་པ་དང་། ཕོ་བྲང་དཀར་པོས་དེ་ཉིན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གསལ་སྲིད་འཛིན་མཆོག་གིས་བོད་མི་ནས་རང་ཉིད་ཀྱི་ཆོས་དང་རིག་གཞུང་དང་།  སྐད་ཡིག་གཅེས་སྲུང་གནང་བཞིན་ཡོད་པ་དང་། བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་༸གོང་ས་མཆོག་གི་ལམ་སྟོན་འོག་བོད་མི་ནས་རྩོད་བཞིན་པའི་དབུ་མའི་ལམ་གྱི་སྲིད་བྱུས། བོད་རྒྱ་གྲོས་མོལ་བཅས་ལ་རྒྱབ་སྐྱོར་གནང་བ་མ་ཟད། ཨ་རི་དང་རྒྱ་ནག་གཉིས་དབར་འབྲེལ་བ་མུ་མཐུད་དམ་ཟབ་དགོས་པའི་ཐོག་དབུ་ཁྲིད་རྣམ་གཉིས་ནས་མོས་མཐུན་གནང་ཡོད་པr་འགྲེལ་བརྗོད་གནང་ཡོད། རྩ་བའི་ལྕམ་སྐུ་ Valerie Jarrett ལགས་དྷ་སར་ཕེབས་སྐབས་བོད་དང་བོད་མི་གནས་བབས་རྟོགས་ཕྱིར་བོད་ཁྱིམ་དུ་ཡོད་པའི་བོད་པའི་དྭ་ཕྲུག་དང་། ཆབ་སྲིད་བཙོན་ཟུར། དེ་བཞིན་བོད་ནས་བྲོལ་བྱོལ་དུ་ཕེབས་མཁན་གྱི་བོད་མི་སོགས་དང་མཇལ་འཕྲད་གནང་ཡོད་པ་རེད། སྐབས་དེར་ལྕམ་སྐུ་མཆོག་དང་ལྷན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་བྱུང་མ་ཐག་པའི་ལྕམ་སྐུ་ Mario Otero མཆོག་ཀྱང་ཆེད་ཕེབས་གནང་ཡོད་པ་རེད།

རེས་གཟའ་པ་སངས། ༢༠༡༩།༠༥།༠༣

ཉན་པ།: Listen ཕབ་ལེན། Download བོད་ནང་དུ་རང་དབང་གི་འགྲུལ་བསྐྱོད་ཐོབ་ཐང་དགོས་པའི་རེ་འབོད། རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐོག་བོད་ཀྱི་ཁོར་ཡུག་གནད་དོན་གླེང་སློང་གནང་འདུག ༸གོང་ས་མཆོག་ལ་དགའ་དད་ཆེ་བའི་ཨ་རིའི་སྲིད་འཛིན་ཟུར་པའི་སློབ་སྟོན་པ་བགྲེས་བ་ཞིག་གི་སྐད་ཆ། བརྒྱུད་གཅིག་ལམ་གཅིག་ལས་གཞི་ཁྲོད་ཀྱི་བོད་ཁུལ་གྱི་འཇིགས་དངངས། དམིགས་བསལ་ལས་རིམ། བདག་མེད་སེམས་ཅན་ལ་བྱམས་སྐྱོང་གནང་མཁན་གྱི་ཁྱིམ་ཚང་། Friday 03/05/2019 Exile Tibetans mark Press Freedom Day with call for unfettered access into Tibet Tibet’s environment raised at UN climate discussions Valerie Jarret’s memoir say Dalai Lama brought big change in her life BRI's impact on Tibet require far wider scrutiny DIASPORA FEATURE: Retired couple taking care of stray animals

བོད་ནང་དུ་ཕྱིའི་གསར་འགོད་པ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོ་རང་དབང་ཐོག་གཏོང་དགོས།

དེ་རིང་ཕྱི་ཟླ་ ༥ ཚེས་ ༣ ཉིན་རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོ་དང་བསྟུན། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་བོད་ཀྱི་གསར་འགོད་མཐུན་ཚོགས་གཉིས་ཟུང་འབྲེལ་གྱིས་ནོར་བུ་གསོལ་མགྲོན་ཁང་དུ་རྒྱ་ནག་གི་དབང་སྒྱུར་འོག་ནས་བོད་ནང་གི་གསར་འགོད་རང་དབང་དང་འགྲུལ་སྐྱོད་བཀག་སྡོམ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་གོ་སྒྲིག་གནང་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་རྒྱ་ནག་གཞུང་ལ་བོད་ནང་གི་འགྲུལ་སྐྱོད་རང་དབང་གི་ཐོབ་ཐང་ཁག་བརྩི་མེད་རྡོག་རོལ་གཏོང་ཐབས་ཀྱི་ཁྲིམས་སྒྲིག་ཁག་མྱུར་དུ་མཚམས་འཇོག་དགོས་པའི་གནོན་ཤུགས་སྤྲོད་དགོས་པ་མ་ཟད། རྒྱ་གཞུང་གིས་ངེས་པར་དུ་ཕྱིའི་གསར་འགོད་པ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོ་སྲིད་གཞུང་གི་ལྟ་རྟོག་མེད་པར་རང་དབང་གི་ཐོག་ནས་བོད་ནང་འགྲུལ་སྐྱོད་གནང་ཆོག་པའི་ཆོག་མཆན་སྤྲོད་དགོས་པའི་འབོད་སྐུལ་གནང་ཡོད།མཛད་སྒོའི་ཐོག་མར་བོད་ནང་གསར་འགོད་ཀྱི་ཉམས་མྱོང་ཡོད་པའི་མཚོ་སྔོན་བརྙན་འཕྲིན་ཁང་གི་གསར་འགོད་པ་ཟུར་པ་སྒྲོལ་མ་ལགས་དང་། རྒྱ་ནག་ཏུ་ལོ་མང་བཞུགས་མྱོང་ཡོད་པ་ South China morning post ཡི་གསར་འགོད་པ་ Paul Mooney ལགས། དེ་བཞིན་ཕ་ལྷ་འཁྲབ་སྟོན་གྱི་འཁྲབ་ཁྲིད་པ་ Abhishek Majumdar ལགས་བཅས་ལ་བོད་ནང་གི་གསར་འགོད་རང་དབང་དང་འབྲེལ་བའི་བཅར་འདྲི་ཞུས་པའི་བརྙན་ཐུང་ཞིག་གཟིགས་འབུལ་ཞུས་པ་མ་ཟད། བོད་རང་བཙན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་གཙོ་སྐྱོང་གནང་ཐོག་འདི་ག་རླུང་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་བསྟན་འཛིན་དཔལ་སྒྲོན་ལགས་དང་། བོད་ཀྱི་དུས་བབ་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་པདྨ་མཚོ་ལགས། སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་དགྲ་ལྷ་ལགས་བཅས་ནས་བོད་ནང་གསར་འགོད་རང་དབང་གི་གནས་བབ་དང་། གསར་འགྱུར་རྒྱུས་ལོན་གནང་སྐབས་གདོང་ལེན་བྱེད་དགོས་པའི་གནད་དོན། དེ་བཞིན་རྒྱ་ནག་གི་སྤྱི་ཚོགས་དྲྭ་རྒྱའི་ཐོག་དམ་དྲག་སོགས་ཀྱི་སྐོར་ལ་གསུང་བཤད་ཀྱི་ལས་རིམ་དང་བགྲོ་གླེང་བཅས་གནང་ཡོད།སྐབས་དེར་བགྲོ་གླེང་གཙོ་སྐྱོང་བ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་བོད་པའི་གསར་ལམ་ཁག་ནས་གནད་དོན་དཔྱད་ཞིབ་ཀྱི་ལས་དོན་ཉུང་གྲགས་ཀྱི་ཡོད་པ་དང་། བོད་ཀྱི་གསར་འགོད་མཐུན་ཚོགས་དང་རྒྱ་གར་གསར་འགོད་པ། བོད་དོན་ལ་ཐུགས་སྣང་གནང་མཁན་ཚོའི་ངོས་ནས་མཉམ་རུབ་ཀྱི་ཐོག་ནས་བོད་ནང་གི་གསར་འགོད་རང་དབང་གི་གནས་བབ་དང་གསར་འགོད་ལས་དོན་གཉེར་སྐབས་འཕྲད་པའི་དཀའ་ངལ་སོགས་འཁོད་པའི་སྙན་ཐོ་ཞིག་འདོན་སྤེལ་གནང་ཐུབ་ཚེ་དགེ་མཚན་ཆེན་པོ་ཡོད་པ་གསུངས་སོང་།འདི་ག་རླུང་འཕྲིན་ཁང་ནས་དེ་རིང་རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོ་དང་འབྲེལ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་སུ་བཅར་འདྲི་ཁག་གཅིག་ཞུས་པར་ཁོང་གིས་གསར་འགོད་རང་དབང་གི་ཉིན་མོ་འདི་ནི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་མ་ཟད། བོད་ནང་གི་གནས་ཚུལ་མང་དག་ཅིག་ཕྱིར་ཐོན་ཐུབ་ཀྱི་མེད་སྟབས། དེ་རིང་གི་ཉིན་མོ་འདི་དམིགས་ཁྱད་ཅན་ཞིག་ཆགས་ཡོད་པར་འགྲེལ་བརྗོད་གནང་ཡོད།གཞི་རྩའི་དེ་རིང་ཕྱི་ཟླ་ ༥ ཚེས་ ༣ ཉིན་མཉམ་རྒྱལ་ཚོགས་ཀྱི་ངོས་ནས་མང་ཚོགས་ཁྲོད་གསར་འགོད་རང་དབང་གི་གལ་གནད་སྐོར་ལ་གོ་རྟོགས་སྤེལ་རྒྱུ་དང་། ལྷག་པར་དུ་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་གཞུང་སོ་སོའི་ངོས་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ནང་གསལ་ལྟར་མང་ཚོགས་ཀྱི་སྨྲ་བརྗོད་རང་དབང་སྲུང་སྐྱོབ་དང་གུས་བརྩི་དགོས་པའི་དྲན་སྐུལ་ཞུ་ཆེད་ཐོག་མར་ཕྱི་ལོ་ ༡༩༩༣ ལོར་རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོ་ཞེས་གཏན་འབེབས་གནང་ཡོད་པ་རེད།

རྒྱུད་གཅིག་ལམ་གཅིག་གིས་བོད་ཁུལ་དུ་ཤུགས་རྐྱེན་ཐེབས་བཞིན་པར་དཔྱད་ཞིབ་བྱེད་དགོས།

བོད་ནང་གི་བོད་མི་དག་གིས་དུས་རྒྱུན་ནས་སེམས་ཁྲལ་བྱེད་གཞི་ཆེ་ཤོས་ཤིག་ནི་རྒྱ་ནག་གིས་བོད་དུ་བཟོ་ལས་འཛུགས་སྐྲུན་གྱི་མ་དངུལ་ཕོན་ཆེན་གཏོང་བཞིན་པ་ནི་བོད་མིའི་འཚོ་བ་ཡར་རྒྱས་གོང་འཕེལ་གཏོང་རྒྱུར་དམིགས་པ་ཞིག་མ་ཡིན་པར་པེ་ཅིང་གིས་བོད་ཕྱོགས་ཡོངས་ནས་དམ་འཛིན་བྱེད་པར་དམིགས་པ་ཞིག་རེད་ཅེས་གསུངས་འདུག ཁ་སང་རྒྱ་གར་གྱི་དཔལ་འབྱོར་གསར་ཤོག་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ Roy Chaudhury ལགས་ཀྱིས་ The economic times དྲྭ་གནས་སུ་རྩོམ་ཡིག་ཅིག་སྤེལ་ཏེ་རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་འོག་རྒྱ་ནག་གིས་བོད་ཀྱི་རང་བྱུང་ཁོར་ཡུག་རྩ་གཏོར་དང་སྲོལ་རྒྱུན་གྱི་འབྲོག་པའི་འཚོ་བར་བཙན་དབང་གིས་གནས་སྤོར་བྱེད་དུ་འཇུག་བཞིན་པ་སོགས་ཐེར་འདོན་དང་འབྲེལ། རྒྱ་ནག་གིས་ལས་གཞི་དེ་སྤྱི་དང་ལྷག་པར་བོད་མི་ཚོར་གནོན་སྐྱོན་ཅི་ཙམ་ཐེབས་བཞིན་པའི་ཐད་དཔྱད་ཞིབ་ནན་པོ་བྱེད་དགོས་པ་གསུངས་འདུག ཁོང་གིས་རྒྱ་ནག་གིས་བོད་ཀྱི་འབྲོག་པ་ས་ཡ་མང་པོ་བཙན་དབང་གིས་གནས་སྤོར་བྱེད་དུ་བཅུག་སྟེ་བོད་ཀྱི་བསྲེ་ལྷད་མ་ཞུགས་པའི་རང་བྱུང་ཁོར་ཡུག་གི་གཏེར་ཁ་སྔོག་འདོན་བྱེད་བཞིན་པ། དེ་བཞིན་བོད་ཀྱི་ཡན་ལག་བརྒྱད་ལྡན་གྱི་གཙང་ཆུ་དག་འབག་བཙོག་ཅན་དུ་བསྒྱུར་ནས་བོད་མིའི་འཚོ་བ་ཉེན་ཚབས་ཅན་དུ་བསྒྱུར་བ། བོད་ནང་བཟོ་ལས་འཛུགས་སྐྲུན་གྱི་ལས་གཞི་རྒྱ་སྐྱེད་ཀྱིས་ལམ་ཁ་གསར་རྒྱག་དང་མེ་འཁོར་ལྕགས་ལམ་ཆེད་འཛུགས་ཀྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་དག་རྐུན་འཕྲོག་བྱེད་བཞིན་ཡོད་པ་གསུངས་ཡོད། རྒྱ་ནག་ཤར་ཕྱོགས་ཀྱི་གྲོང་ཁྱེར་ཆེ་ཁག་གི་ལམ་ཁ་དང་དེ་བཞིན་པ་ཀི་སི་ཐན་དང་ནུབ་ཕྱོགས་ཀྱི་ལམ་ཁ་ཡོད་ཚད་བོད་བརྒྱུད་ནས་འགྲོ་དགོས་སྟབས་བོད་མི་དག་གི་འདོད་མོས་ཡོད་མེད་ལ་ལྟོས་མེད་རྒྱ་ནག་གིས་ད་ཆ་བོད་དེ་སྔར་ལས་དམ་དྲག་ཆེ་བ་བྱེད་སྲིད་པར་བརྗོད་དེ། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་འོག་བོད་ནང་གི་རང་བྱུང་ཐོན་ཁུངས་ཁག་སྔར་ལྷག་ཕྱིར་འདྲེན་བྱེད་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པར་གསལ་བཤད་གནང་འདུགགཞན་ཡང་ཁོང་གིས་ང་ཚོས་གསལ་པོར་ཤེས་དགོས་པ་ནི་རྒྱ་ནག་གིས་བོད་ནང་གི་རང་བྱུང་གི་ཐོན་ཁུངས་ཡོད་ཚད་ཕྱིར་འདྲེན་བྱེད་པའི་ལས་འཆར་བསྒྲིགས་ཟིན་པ་ལྟར་མཐུན་རྐྱེན་ཡང་སྤྲོད་བཞིན་ཡོད་པར་བརྟེན། བོད་མི་དག་གི་ཉིན་རེའི་འགྲོ་འདུག་སྤྱོད་གསུལ་ལ་འགག་སྒོ་གསར་པ་བཙུགས་ནས་དམ་དྲག་བྱེད་བཞིན་ཡོད་པ་དང་། རྒྱ་ནག་གིས་ཆ་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་སུ་སྔར་ལས་ལྷག་དམ་དྲག་ཤུགས་ཆེར་བཏང་ནས་གསང་བའི་མྱུལ་ཞིབ་བྱས་ཏེ་བོད་དུ་མི་མང་གི་ངོ་རྒོལ་གྱི་རིགས་ལ་ལྟ་རྟོག་ནན་པོ་བྱེད་བཞིན་ཡོད་པ་མངོན་གསལ་གནང་འདུག བོད་མི་རྣམས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་བབ་འོག་འཚོ་བཞིན་པར་གསལ་བཤད་གནང་ནས་སྲིད་གཞུང་ལ་སྐྱོན་བརྗོད་བྱེད་མཁན་རྣམས་འཕྲལ་དུ་འཛིན་བཟུང་གིས་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་དང་གཏོང་བཞིན་ཡོད་པ་སོགས་བརྗོད་འདུག ཁོང་གིས་རྒྱ་ནག་གིས་རྒྱུད་གཅིག་ལམ་གཅིག་གི་སྲིད་བྱུས་ཀྱི་ཐད་ནས་བོད་ནི་ཆེས་གནད་འགག་རང་བཞིན་གྱི་ས་ཁུལ་ཞིག་ཆགས་ཡོད་པར་བརྗོད་དེ། ཕྱི་ལོ་ ༢༠༡༦ ལོར་རྒྱ་ནག་གི་ཕྱི་འབྲེལ་བདེ་འཇགས་ལྷན་ཁང་གི་ཚོགས་གཞོན་གྱིས་རྒྱུད་གཅིག་ལམ་གཅིག་གི་ལས་དོན་དང་འབྲེལ་ནས་གཏམ་བཤད་སྤེལ་སྐབས་བོད་ཁུལ་ནི་ཨེ་ཤ་ཡའི་ལྷོ་རྒྱུད་ཀྱི་རྒྱལ་སྒོ་ཆགས་ཡོད་པར་བརྗོད་པ་ལུང་འདྲེན་གནང་འདུག དེ་བཞིན་རྒྱ་ནག་གིས་བོད་རྒྱུད་ནང་བསྟན་ལ་བཏང་འཛིན་ཤུགས་ཆེར་བྱེད་བཞིན་པ་དེ་ནི་ནང་ཆོས་ཆེས་ཆེར་དར་ཡོད་པའི་བལ་ཡུལ་དང་ཤྲི་ལངྐ་སོགས་ཀྱི་ནང་རྒྱུད་གཅིག་ལམ་གཅིག་ལ་རྒྱབ་སྐྱོར་ཐོབ་ཆེད་དུ་སྤེལ་ཐབས་བྱེད་བཞིན་པར་བརྗོད་དེ། ཕྱི་ལོ་ ༢༠༡༨ ལོར་སྐབས་ལྔ་པའི་རྒྱལ་སྤྱིའི་ནང་པའི་ཚོགས་ཆེན་དེ་རྒྱ་ནག་ཏུ་འཚོགས་ཡོད་པ་གསལ་འདེབས་ཀྱིས་སྐབས་དེར་བོད་རྒྱུད་ནང་བསྟན་བརྒྱུད་ནས་རྒྱུད་གཅིག་ལམ་གཅིག་ཀྱི་བཟོ་ལས་འཛུགས་སྐྲུན་རྒྱ་སྐྱེད་ལ་རོགས་འདེགས་ཅི་ལྟར་བྱེད་དགོས་པའི་དམིགས་བསལ་གྱི་ཚོགས་འདུ་ཞིག་འཚོགས་ཡོད་པ་ལུང་འདྲེན་གནང་འདུག མཇུག་ཏུ་ཁོང་གིས་རྒྱུད་གཅིག་ལམ་གཅིག་གི་བཟོ་ལས་འཛུགས་སྐྲུན་བརྒྱུད་ནས་རྒྱ་ནག་གིས་བོད་ནང་དམ་དྲག་ཤུགས་ཆེར་བཏང་ནས་རང་བྱུང་གཏེར་ཁ་སྔོག་འདོན་བྱེད་བཞིན་པ།  དེ་བཞིན་མྱུལ་ཞིབ་ཀྱི་ལས་གཞི་རྒྱ་སྐྱེད་ཀྱིས་ཆོས་ལུགས་ལ་དམ་དྲག་བྱེད་བཞིན་པ་སོགས་མངོན་གསལ་གནང་ཐོག་རྒྱ་ནག་གིས་བོད་ཁུལ་དུ་བཟོ་ལས་འཛུགས་སྐྲུན་བརྒྱུད་བོད་ནང་གི་དངོས་ཟོག་ཐོན་སྐྱེད་ཀྱི་རྩ་འབོར་ GDP གོང་མཐོར་འགྲོ་བཞིན་ཡོད་པར་བརྗོད་ཡོད་ནའང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་བརྒྱུད་ནས་རྒྱ་ནག་གིས་བོད་ས་མི་སེར་སྤེལ་ཡུལ་དུ་སྒྱུར་བཞིན་པ་དང་། དེ་བཞིན་བོད་ཀྱི་ས་ཆུ་འབག་བཙོག་ཅན་དུ་སྒྱུར་བཞིན་པ་མ་ཟད། རང་བྱུང་གི་གཏེར་ཁ་ཡོད་ཚད་ཕྱིར་འདྲེན་བྱེད་ཀྱི་ཡོད་པར་ཡོངས་བསྒྲགས་གནང་ཡོད་པ་ལུང་འདྲེན་གནང་འདུག

རེས་གཟའ་ཕུར་བུ། ༢༠༡༩།༠༥།༠༢

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་ཉི་ཧོང་གི་གོང་མ་གསར་པར་དགའ་བསུའི་འཚམས་འཕྲིན་བསྩལ་འདུག རྒྱ་ནག་གིས་སྟབས་བདེའི་ཁ་པར་མཉེན་ཆས་བརྒྱུད་མི་མང་ལ་མྱུལ་ཞིབ་ནན་པོ་བྱེད་བཞིན་པ། བོད་ནང་དུ་ལོ་ངོ་སྟོང་ཕྲག་བརྒྱ་དང་དྲུག་ཅུ་ལྷག་གི་གནའ་མིའི་རྗེས་ཤུལ་རྙེད་སོན་བྱུང་བ། ལྷོ་ཕྱོགས་ས་གནས་ཁག་གི་བུད་མེད་ལྷན་ཚོགས་ཀྱི་ཞི་བའི་གོམ་བགྲོད་མཇུག་སྒྲིལ། ༸གོང་ས་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་མཁས་པའི་བགྲོ་གླེང་དབུ་འབྱེད་མཛད་རྒྱུ། Thursday 02/05/2019 Dalai Lama Congratulates the New Emperor of Japan China uses smartphone app to target people for investigation: HRW Major discovery suggests Denisovans lived in Tibet 160,000 years ago South zone peace march for Panchen Lama concludes Kalachakra Tantric Conference: Interview with Ven. Thupten Yarphel

༸གོང་ས་མཆོག་གིས་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་དང་འབྲེལ་བའི་རིས་མེད་མཁས་པའི་བགྲོ་གླེང་དབུ་འབྱེད་མཛད་གཏན་ཁེལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཞུགས་སྒར་དུ་རྟེན་གཞི་བྱས་པའི་༸སྐུ་བཅར་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། མགོན་པོ་༸གང་ཉིད་མཆོག་ནས་ཟླ་བ་འདིའི་ཕྱི་ཚེས་ ༥ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་དང་འབྲེལ་བའི་ཆེས་ཐོག་མའི་རིས་མེད་མཁས་པའི་བགྲོ་གླེང་ཐོག་དབུ་བཞུགས་བཀྲིན་བསྐྱང་གཏན་ཁེལ་ཡོད་པ་རེད། དེའང་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་ངོས་ནས་འཇམ་མགོན་བླ་མ་༸རྗེ་ཙོང་ཁ་པ་ཆེན་པོ་མཆོག་གདུལ་བྱ་རྟག་འཛིན་ཅན་གྱི་ངོར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ནས་མི་ལོ་  ༦༠༠ འཁོར་བ་བསྟུན་༸རྗེ་རིན་པོ་ཆེ་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པའི་ལས་འགུལ་གྱི་ཆ་ཤས་ཤིག་ངོ་བོའི་ཐོག་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་རེད།འདི་ག་རླུང་འཕྲིན་ཁང་གིས་ཐེངས་འདིའི་རིས་མེད་མཁས་པའི་བགྲོ་གླེང་གོ་སྒྲིག་གནང་མཁན་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་སློབ་སྤྱི་གྲྭ་ཐུབ་བསྟན་ཡར་འཕེལ་ལགས་སུ་བགྲོ་གླེང་གི་དགོས་དམིགས་གཙོ་བོ་གང་ཡིན་པ་དང་། རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་དང་དཔལ་དུས་ཀྱི་འཁོར་ལོའི་ཆོ་ག་ཕྱག་ལེན་གནང་སྒོ་ཁག་དང་ཐུན་མིན་གྱི་འབྲེལ་བ། དེ་བཞིན་འབྲོག་རི་བོ་དགེ་ལྡན་པའི་ཤིང་རྟའི་སྲོལ་འབྱེད་འཇམ་མགོན་བླ་མ་༸རྗེ་ཙོང་ཁ་པ་ཆེན་པོ་མཆོག་དང་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་དབར་ཐུན་མིན་གྱི་འབྲེལ་བ་ཇི་ཡོད་སོགས་ཀྱི་ཐོག་བཅར་འདྲི་ཁག་གཅིག་ཞུས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན་༸སྐུ་བཅར་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་ཤེས་ཡོན་ལྷན་ཚོགས་ཀྱི་ངོས་ནས་རིས་མེད་མཁས་པའི་བགྲོ་གླེང་གོ་སྒྲིག་གནང་དོན་ལྟར། བགྲོ་གླེང་ཉིན་དང་པོའི་དབུ་འབྱེད་མཛད་སྒོའི་ཚོགས་མགོན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གྱིས་དབུ་བཞུགས་མཛད་རྒྱུ་དང་། བགྲོ་གླེང་ཉིན་གཉིས་པའི་སྐུ་མགྲོན་གཙོ་བོ་བཀའ་ཁྲི་ཟུར་པ་༸སྐྱབས་རྗེ་མཁས་དབང་ཟམ་གདོང་རིན་པོ་མཆོག་དབུ་བཞུགས་གནང་གི་ཡོད་པ་དང་། བགྲོ་གླེང་ཉིན་གསུམ་པའམ་མཇུག་སྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ཕེབས་ཀྱི་འདུག ཐེངས་འདིའི་རིས་མེད་མཁས་པའི་བགྲོ་གླེང་ཐོག་གསུང་གནང་མཁན་ས་དགེ་བཀའ་རྙིང་དང་རྒྱལ་བ་ཇོ་ནང་པ། དེ་བཞིན་བུ་སྟོན་བཅས་ཀྱི་སྐུ་ཚབ་ཕེབས་ཀྱི་ཡོད་པ་རེད།

Latest news