Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: November, 2019

གསང་སྔགས་མཁས་བའི་བགྲོ་གླེང་མཇུག་སྒྲིལ་དང་འབྲེལ་བསྟན་བདག་རྣམས་ལ་བརྟན་ཞུགས་ཕུལ་སོང་།

ཁ་སང་ཕྱི་དྲོ་ཕྱག་ཚོག་གཉིས་པའི་ཐོག དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་རྒྱུད་ཆེན་ཀུན་དགའ་དོན་འགྲུབ་མཆོག་འཁྲུངས་ནས་ལོ་དྲུག་བརྒྱ་འཁོར་བའི་དུས་དྲན་དང་སྟབས་བསྟུན་གྱིས་གོ་སྒྲིག་བྱས་པའི་གསང་སྔགས་མཁས་པའི་བགྲོ་གླེང་ཆེན་མོའི་མཇུག་སྡོམ་དང་འབྲེལ། རི་བོ་དགེ་ལྡན་པའི་བསྟན་བདག་རྣམ་གསུམ་ལ་བརྟན་བཞུགས་འདེགས་འབུལ་ཞུས་པ་མ་ཟད། སྐབས་དྲུག་པའི་ལོ་གསུམ་རིང་གི་ལྷ་རམས་དགེ་བཤེས་བརྒྱ་སྐོར་ཞིག་གི་སྔགས་ཀྱི་རྩོད་རྒྱུགས་ཆེན་མོའི་ཕྱག་འཁྱེར་འབུལ་བའི་མཛད་སྒོ་ཚོགས་སོང་། སྐབས་དེའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། དེ་བཞིན་དཔལ་ལྡན་ཤར་བྱང་གི་ཆོས་རྗེ་རྣམ་པ་གཉིས་མཆོག དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག དེ་བཞིན་གདན་ས་ཁག་གི་མཁན་ལས་ཟུར་རྣམ་པ་དང་། ཐེངས་འདིར་ཆེད་དུ་གདན་ཞུ་གནང་བའི་གསང་སྔགས་མཁས་པའི་བགྲོ་གླེང་དུ་ཕེབས་པའི་མཁས་དབང་རྣམ་པ། ཟུར་ཉན་པ་སོགས་ལྷན་འཛོམས་ཀྱིས་རི་བོ་དགེ་ལྡན་པའི་བསྟན་བདག་རྣམ་པ་གསུམ་གྱི་སྐུ་ཚེ་རྡོ་རྗེ་བྲག་རི་བཞིན་བརྟན་ཞིང་། མཛད་འཕྲིན་དབྱར་གྱི་ཆུ་བོ་བཞིན་རྒྱས་པའི་ཆེད་དུ་མཎྡལ་འདེགས་འབུལ་ཞུས་སོང་། དེའི་རྗེས། མཛད་སྒོའི་སྐུ་མགྲོན་གཙོ་བོ། འཇམ་མགོན་རྒྱལ་བའི་རྒྱལ་ཚབ། དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་མོ་མཆོག་གིས་བཀའ་སློབ་གནང་སྟེ། བོད་ནང་དུ་རྒྱུད་གྲྭ་སྟོད་སྨད་གཉིས་ལ་གསང་སྔགས་ཀྱི་ཆོ་ག་ཕྱག་ལེན་ཙམ་མ་གཏོགས་མོད་ཕྱོགས་ཀྱི་གཞུང་ལུགས་ལ་སློབ་སྦྱོང་བྱེད་ས་དེ་འདྲ་མེད་ནའང་། ད་ཆ་ཡུན་རིང་པོ་ནས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་ལམ་སྟོན་བཀའ་སློབ་འོག་ནས། མདོ་སྔགས་ཟུང་འབྲེལ་གྱི་འཆད་ཉན་ཡོངས་སུ་རྫོགས་པའི་ལྟེ་གནས་གལ་ཆེན་ཞིག་ཆགས་ཡོད་པར་བརྟེན། དགེ་བཤེས་རྣམས་ཀྱིས། ཆོ་ག་ཕྱག་ལེན་ཙམ་ཡིན་པར། དོན་དངོས་སུ་ཉམས་ལེན་བྱེད་རྒྱུ་གལ་ཆེན་པོ་ཡིན་པའི་བཀའ་གནང་སོང་། དེ་བཞིན་སྐབས་དེར་དམིགས་བསལ་སྐུ་མགྲོན་ཆོས་རིག་བཀའ་བློན་མཆོག་གིས་གསུང་བཤད་གནང་སྟེ། འདས་བའི་མི་ལོ་དྲུག་བཅུའི་ནང་དུ། བོད་མི་རིགས་ཀྱི་བསྟན་པའི་རྩ་བ་ལ་འཛིན་སྐྱོང་སྤེལ་གསུམ་གྱི་ཕྱག་ལས་རྒྱ་ཆེར་གནང་སྟེ་གྲུབ་འབྲས་མངོན་སུམ་དུ་མཐོང་རྒྱུ་ཡོད་པའི་གནས་སྟངས་ཤིག་ཆགས་ཡོད་པ་མ་ཟད། རྒྱལ་བ་རྒྱས་པའི་མཆོད་སྤྲིན་དུ་གྱུར་ཡོད་ནའང་། ད་ཆ་གདན་ས་ཁག་ཕུད་པའི་དགོན་སྡེ་ཆུང་ཁག་རྣམས་ཀྱི་གྲྭ་རྒྱུན་གྱི་གྲངས་འབོར་གྱི་ཐད་ནས་གནས་སྟངས་ཛ་དྲག་ཏུ་གྱུར་ཡོད་ཚུལ་བཀའ་སློབ་གནང་སྟེ། གྲངས་འབོར་ཉུང་ཉུང་ཤིག་ལས་མེད་ནའང་། གྲྭ་བའི་སྤུས་ཀ་ཇེ་ལེགས་སུ་གཏོང་རྒྱུ་དེ་གལ་ཆེན་ཡིན་པར་གསུང་སོང་། མཛད་སྒོ་དེའི་ཐོག་ལྷ་རམས་དགེ་བཤེས་རྣམས་ཀྱི་སྔགས་རམས་པའི་ཕྱག་འཁྱེར་གནང་ཡོད་པ་དང་བསྟུན། འདི་གའི་གསར་འགོད་པས་ཁ་སང་གི་སྔགས་ཀྱི་རྩོད་རྒྱུགས་ཀྱི་ཁྲོད་དུ་ཨང་དང་པོ་ཐོབ་པོ་ཐོབ་མཁན་གྱི་སེར་བྱེས་ལྷ་རམས་དགེ་བཤེས་ཐབས་མཁས་ལགས་སུ་དགེ་ལུགས་རྒྱུགས་སྤྲོད་ཀྱི་ལོ་དྲུག་གི་རིང་དུ་ཨང་དང་པོ་ཐོབ་པ་ལྟར། དེ་རིང་སྔགས་རམས་དགེ་བཤེས་ཀྱི་རྩོད་རྒྱུགས་ཁྲོད་དུའང་སླར་ཡང་ཨང་དང་པོ་ཐོབ་པར་དམིགས་བསལ་གྱི་ཚོར་བ་ཅི་འདྲ་བྱུང་བར་བཀའ་འདྲི་ཞུས་པར་ཁོང་གིས། གྲྭ་བའི་ཡིག་རྒྱུགས་དེ་མི་སྐྱ་ཕོ་མོ་རྣམས་ཀྱི་རྒྱུགས་འབྲས་ལྟར་རང་གི་འཚོ་གནས་དང་དབང་ཆ་སོགས་ལ་འབྲེལ་བ་མེད་སྟབས་དམིགས་བསལ་གྱི་ཚོར་བ་གང་ཡང་མ་བྱུང་ནའང་། རྟེན་འབྲེལ་ཡག་པོ་བྱུང་སོང་ཞེས་གསུངས་སོང་། རྩ་བའི་ཐེངས་འདིའི་རྒྱུད་སྟོད་གྲྭ་ཚང་གི་མཛད་སྒོ་དེ་ནི་དགོན་པ་དེ་ཉིད་ཕྱག་འདེབས་མཁན་གྱི་རྒྱུད་ཆེན་ཀུན་དགའ་དོན་འགྲུབ་མཆོག་འཁྲུངས་ནས་མི་ལོ་དྲུག་བརྒྱ་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པ་བརྒྱུད་ནས། ཉིན་དང་པོ་གོང་ས་མཆོག་ལ་བརྟན་བཞུགས་ཕུལ་ཡོད་པ་ལྟར། ཁ་སང་རི་བོ་དགེ་ལྡན་པའི་བསྟན་བདག་རྣམ་ལ་བརྟན་བཞུགས་ཕུལ་བ་དང་།མཉམ་དུ་རྒྱུད་སྟོད་གྲྭ་ཚང་གི་མཁན་དགེ་བའི་བཤེས་གཉེན་རྣམས་དང་གསང་སྔགས་མཁས་བའི་བགྲོ་གླེང་གི་འཛུལ་ཞུགས་པ་རྣམས་ལ་ཆེ་མཐོང་གི་གཟེངས་རྟགས་ཕུལ་སོང་། དེ་བཞིན་སང་ཉིན་བཀའ་བློན་ཁྲི་ཟུར། མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་ཡང་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་རེད།

རེས་གཟའ་མིག་དམར། ༢༠༡༩།༡༡།༠༥

ཉན་པ།: Listen ཕབ་ལེན། Download སངས་རྒྱས་པའི་ཆོས་དེ་གཞི་ལམ་འབྲས་གསུམ་ཐོག་འགྲེལ་བཤད་གནང་རྒྱུ་ཡོད་པ་བཟོ་དགོས། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་མཇུག་སྒྲིལ། ཞི་ཅིན་ཕིང་དང་ཀེ་རི་ལེམ་གཉིས་ཐུག་འཕྲད་ཀྱིས་ཧོང་ཀོང་གི་གནད་དོན་གླེང་འདུག སྐུ་ཞབས་ Brownback མཆོག་གིས་བལ་ཡུལ་དབུ་ཁྲིད་དང་ལྷན་བོད་མའི་གནད་དོན་གླེང་བ། གླུ་གཞས་ལས་རིམ། མཛེས་པའི་རིག་འཛིན་དབང་མོ། Tuesday 05/11/2019 Dalai Lama gives teaching on Lamtso Namtso 8th International TSG meet concludes with 8 point Action Plan Xi meets Lam, expresses high degree of trust in her leadership Brownback raises Tibet with Nepal’s FM MUSIC FEATURE:Thupten Samdup and his all time hit ‘Zepai Rigzin Wangmo’

གཞི་ལམ་འབྲས་གསུམ་གྱི་ཐོག་ནས་འགྲེལ་བཤད་གནང་རྒྱུ་ཡོད་པ་བཟོ་དགོས།  

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉིན་གཉིས་པའི་བཀའ་ཆོས་ཐོག་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བ་ཚོས་གཙོས་པའི་ཕྱི་ནང་གི་དད་ལྡན་སྟོང་ཕྲག་བརྒལ་བར་ཤེས་རབ་སྙིང་པོའི་བཀའ་ཆོས་འཕྲོ་སྐྱོང་མཛད་པ་དང་ཆབས་ཅིག་ཏུ་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་ཀྱང་བཀའ་དྲིན་བསྩལ་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཤེས་རབ་སྙིང་པོའི་བཀའ་ཆོས་འཕྲོ་སྐྱོང་དབུ་འཛུགས་མ་གནང་གོང་དུ་བོད་གཙོས་པའི་བྷར་མ་དངཤྲི་ལངྒ། ཐེ་ལན་ཌི། རྒྱ་ནག་སོགས་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཕལ་མོ་ཆེ་ནི་ཕ་མས་ནས་ནང་པ་ཞིག་ཡིན་པ་དང་ནང་པ་དེ་དག་གིས་སྨོན་ལམ་གསུང་འདོན་གནང་རྒྱུ་ལས་སརྒྱས་པའི་ཆོས་ལ་སློབ་སྦྱོང་དེ་ཙམ་གནང་གི་མེད་སྟབས་སྤྱིར་སརྒྱས་པའི་ཆོས་དེ་རྒྱུ་མཚན་ལ་བརྟེན་ནས་སེམས་ལ་འགྱུར་བ་གཏང་རྒྱུ་ཡོད་པ་དང་། སརྒྱས་པའི་ཆོས་ཉམས་ལེན་བྱེད་མཁན་ཞིག་གི་ངོས་ནས་སློབ་སྦྱོང་བྱ་རྒྱུ་དེ་གལ་ཆེན་པོ་ཡིན་པར་བཀའ་ནན་བསྩལ་བ་དང་འབྲེལ་ཏེ་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་དགོས་དང་དེའང་ཆོས་ལ་སློབ་སྦྱོང་གནང་སྟེ་གཞི་ལམ་འབྲས་གསུམ་གྱི་ཐོག་ནས་འགྲེལ་བཤད་གནང་རྒྱུ་ཡོད་པ་ཞིག་བཟོ་དགོས་གལ་ཡིན་པ་ལམ་སྟོན་བཀྲིན་ཆེ་བ་བསྩལ་ཡོད། མགོན་པོ་༸གང་ཉིད་མཆོག་གིས་སྟོན་པ་བཅོམ་ལྡན་འདས་ནི་སྐྱབས་སྟོན་པ་པོ་ཡིན་པ་ལས་སྐྱབས་དངོས་མིན་པ་དང་། སྐྱབས་དངོས་ནི་ཆོས་དཀོན་མཆོག་ཡིན་པ་དང་། དགེ་འདུན་དཀོན་མཆོག་ནི་སྐྱབས་སྒྲུབ་པའི་ཟླ་གྲོགས་ཤིག་ཡིན་པ་བཀའ་བསྩལ་བ་དང་སྦྲགས། སྐྱབས་དངོས་ཆོས་དཀོན་མཆོག་དང་འབྲེལ་ནས་འགོག་བདེན་ཞེས་པ་དེ་ངོ་མ་ཤེས་པར་ཆོས་ལ་སྐྱབས་སུ་མཆིའོ་ཞེས་བརྗོད་པ་དེ་ནི་ཚིག་སྐམ་པོ་ཙམ་ཞིག་ཡིན་པ་དང་། སྟོན་པས་ཆོས་འཁོར་དང་པོའི་ནང་དུ་གསུངས་པའི་བདེན་བཞི་མི་རྟག་སོགས་བཅོ་དྲུག་གི་ཐོག་སློབ་སྦྱོང་གནང་བ་བརྒྱུད་ནས་འགོག་ལམ་གཉིས་པོ་དེ་ལེགས་པར་ངོ་ཤེས་པར་བྱེད་དགོས་ཞེས་ལམ་སྟོན་རྒྱ་ཆེ་མཛད་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཤེས་རབ་སྙིང་པོ་དང་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་གྲུབ་མཚམས་སུ་མགོན་པོོ་མཆོག་ནས་དུས་རྟག་ཏུ་བྱང་ཆུབ་སེམས་བསྐྱེད་ལ་དགོངས་བཞེད་མཛད་ཀྱི་ཡོད་པ་དང་། དེ་ཕན་ཐོགས་ཆེན་པོ་ཡོད་སྐོར་བཀའ་བསྩལ་བ་དང་སྦྲགས་སང་ཉིན་བྱང་ཆུབ་སེམས་བསྐྱེད་ཀྱི་ལྗགས་ལུང་བསྩལ་རྒྱུ་ཡིན་པ་རེད།

ལག་བསྟར་དགོས་པའི་གྲོས་ཆོད་བརྒྱད་གཏན་འབེབས་ཐོག་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་མཇུག་སྒྲིལ།

ཁ་ཉིན་རེས་གཟའ་ཉི་མ་ནས་བཞུགས་སྒར་གངས་སྐྱིད་ཚོགས་ཁང་གསར་པའི་ནང་འཚོགས་བཞིན་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་མཇུག་སྒྲིག་དང་སྦྲགས། བོད་དོན་ཐོག་ལག་བསྟར་དགོས་པའི་གྲོས་ཆོད་བརྒྱད་གཏན་འབེབས་ཀྱིས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་མཇུག་སྒྲིལ་གནང་སོང་། ཐེངས་འདིའི་ཚོགས་ཆེན་ཐོག་གྲོས་ཚོགས་འཐུས་མི་ཟུར་པ་དང་མང་གཙོ་དོན་གཉེར་བ། འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ། དེ་བཞིན་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་སོགས་རྒྱལ་སྤྱིའི་རྒྱལ་ཁབ་འདྲ་མིན་ ༤༢ ལྷག་ནས་ཚོགས་བཅར་བ་ཁྱོན་ ༡༨༠ ལྷག་ལྷན་ཞུགས་གནང་ཡོད་པ་དང་། ཚོགས་དུས་ཉིན་གྲངས་གསུམ་གྱི་རིང་ཚོགས་བཅར་བ་རྣམ་པ་སྡེ་ཚན་འཆར་འགོད་ཐོག་བོད་དོན་ཐད་ཆབ་སྲིད་ཀྱི་རྒྱབ་སྐྱོར་ཡོང་ཐབས་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར། དེ་བཞིན་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ། བོད་མིའི་ཆོས་ཕྱོགས་དང་འབྲེལ་བའི་བླ་སྤྲུལ་ཡང་སྲིད་ཀྱི་གནད་དོན་སོགས་ཀྱི་ཐོག་གྲོས་བསྡུར་གནང་ཡོད་པ་རེད། དེ་རིང་ཚོགས་ཆེན་མཇུག་སྡོམ་མཛད་སྒོ་གྲུབ་མཚམས་སུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་གོ་སྒྲིག་ཞུ་མཁན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་ཚོགས་གཙོ་སྐུ་ཞབས་ R K Khrimey ལགས་ཀྱིས་དབུས་པའི་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་ལྷན་ཞུགས་ཐོག་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་སྟེ་ཐེངས་འདིའི་ཚོགས་ཆེན་ཐོག་རྒྱལ་སྤྱིའི་སྡིང་ཆའི་ཐོག་ཁོར་ཡུག་དང་གནམ་གཤིས་གནས་སྟངས་སྐོར་གླེང་སྐབས་བོད་མཐོ་སྒང་གི་ཁོར་ཡུག་གནས་སྟངས་སྤྱི་དང་ལྷག་པར་དུ་རྒྱ་ནག་གཞུང་ནས་བོད་ནང་གཏེར་ཁ་སྔོག་འདོན་དང་ཤིང་ནགས་གཅོད་འབྲེག་བྱེད་བཞིན་པའི་སྐོར་ངེས་པར་དུ་གླེང་སློང་དགོས་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མིའི་བླ་སྤྲུལ་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱ་ནག་གཞུང་ལ་ཐེ་བྱུས་གང་ཡང་བྱ་དབང་མེད་པ། ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང་བཀྲ་ཤིས་དབང་ཕྱུག་ལགས་རྣམ་གཉིས་གཙོས་བོད་ཀྱི་ཆབ་སྲིད་བཙོན་པའི་གནད་ཐོག་རྒྱ་ནག་ལ་འདྲི་རྩད་དང་། བོད་ཀྱི་སྐད་ཡིག་གཙོས་རིག་གཞུང་ཁག་སྲུང་སྐྱོབ་ཐུབ་རྒྱུར་རྒྱལ་སྤྱིའི་མང་ཚོགས་ནས་རྒྱབ་སྐྱོར་གནང་དགོས་པ། དེ་བཞིན་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་བ་རྒྱ་སྐྱེད་གནང་རྒྱུ་དང་། རྒྱ་གཞུང་གི་སྲིད་བྱུས་འོག་རྡོག་རོག་གཏོང་བཞིན་པའི་འགྲོ་བ་མིའི་ཐབ་ཐང་དང་མང་གཙོ་བཅས་སྲུང་སྐྱོབ་གནང་རྒྱུར་རྒྱལ་སྤྱིའི་མང་ཚོགས་ནས་ནུས་པ་མཉམ་སྤུངས་དགོས་པ་སོགས་བོད་ཀྱི་གནད་དོན་ཐོག་ལག་བསྟར་དགོས་པའི་གྲོས་ཆོས་ཁག་བརྒྱད་གཏན་འབེབས་གནང་ ཁག་ངོ་སྤྲོད་གནང་སོང་།   རྩ་བའི་ཐེངས་འདིའི་ཚོགས་ཆེན་མཇུག་སྡོམ་ཐོག་བོད་མིའི་སྒྲིགས་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ང་ཚོ་བོད་མི་ཚོའི་མངོན་འདོད་གཙོ་བོ་ནི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་དྷརྨ་སཱ་ལཱ་ནས་བོད་ཀྱི་རྒྱལ་ས་ལྷ་སར་གདན་འདྲེན་ཞུ་རྒྱུ་དེ་ཡིན་པར་འགྲེལ་བརྗོད་དང་འབྲེལ།  ད་རེས་ཀྱི་ཚོགས་ཆེན་དེའི་ཐོག་ནས་ Action Plan ཞེས་ལག་བསྟར་དགོས་པའི་གྲོས་ཆོད་བརྒྱད་གཏན་འབེབས་གནང་བ་དེ་བརྒྱུད་དེ་རྒྱ་ནག་གཞུང་ལ་བརྡ་ལན་ཤུགས་ཆེ་ཞིག་འགྲོ་རྒྱུ་ཡིན་པ་དང་། བོད་དོན་རྒྱབ་སྐྱོར་བ་རྣམས་ནས་རང་ཡུལ་དུ་ཕྱིར་ཕེབས་རྗེས་འཆར་གཞི་དེ་དག་དོན་དམ་ཐོག་ལག་བསྟར་ཐུབ་སླད་འབད་བརྩོན་གང་ཐུབ་གནང་དགོས་པའི་ཞུ་སྐུལ་གནང་ཡོད། སྲིད་སྐྱོང་མཆོག་གིས་ད་དུང་བོད་ཀྱི་འཐབ་རྩོད་དེ་ད་ཆ་ལོ་ངོ་ ༦༠ སོང་ཟིན་པའི་རྗེས་སུའང་གསོན་པོར་གནས་ཡོད་པ་ནི་བོད་དོན་རྒྱབ་སྐྱོར་བ་རྣམ་པའི་བཀྲིན་ལ་བརྟེན་ནས་ཡིན་སྐོར་གསུངས་པ་མ་ཟད། ད་སྐབས་རྒྱ་ནག་གཞུང་གིས་ཕྱོགས་གཅིག་ནས་ཡུལ་དེ་གའི་ནང་སྲིད་གནད་དོན་ལ་ཐེ་བྱུས་བྱེད་ཆོག་གི་མེད་སྐོར་བརྗོད་བཞིན་པ་དེ་ལྟར་ཡང་།  ཕྱོགས་གཞན་ཞིག་ནས་རང་གི་དབང་ཤུགས་བེད་སྤྱོད་བརྒྱུད་འཛམ་གླིང་ཁྱོན་གྱི་ནང་སྲིད་གནད་དོན་ལ་ཐེ་བྱུས་བྱེད་བཞིན་པ་དང་། ལྷག་པར་དུ་འདས་པའི་ལོ་དུས་ནང་སྲིད་སྐྱོང་མཆོག་ཕྱི་རྒྱལ་ཁག་ཏུ་གཞུང་འབྲེལ་འཚམས་གཟིགས་ཀྱི་ལས་དོན་མང་དག་ཅིག་ལ་འགོག་རྐྱེན་བཟོས་པ་སོགས་ལུང་འདྲེན་དང་འབྲེལ། རྒྱ་ནག་གཞུང་གིས་དེ་སྔ་ང་ཚོར་སྣང་མེད་དང་། དེ་རྗེས་འཕྱ་སྨོད་བྱས་ཀྱང། ད་ཆ་ང་ཚོར་འཐབ་འཛིང་ཤུགས་ཆེ་བྱེད་བཞིན་པ་དེ་ནས་ང་ཚོའི་དྲང་བདེན་དང་འཚེ་མེད་ཞི་བའི་འཐབ་རྩོད་ལ་རྒྱལ་ཁ་ཐོབ་ངེས་ཡིན་པ་མངོན་གསལ་གནང་སོང་། རྩ་བའི་ཚོགས་ཆེན་མཇུག་སྡོམ་གྱི་མཛད་སྒོའི་ཐོག་ཧོན་བོད་མཛ་འབྲེལ་ཚོགས་པའི་ཚོགས་གཙོ་ Ajay Singh Mankotia ལགས་དང་བོད་མིའི་སྒྲིགས་འཛུགས་ཀྱི་འཕྲོད་བསྟེན་དང་དཔལ་འབྱོར་བཀའ་བློན། དེ་བཞིན་ཚོགས་བཅར་བ་བཅས་ལྷན་ཞུགས་གནང་ཡོད་པ་རེད།  

བལ་ཡུལ་དབུ་ཁྲིད་དང་ལྷན་བོད་མའི་གནད་དོན་གླེང་སློང་།

ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་སྐུ་ཞབས་ Sam Brownback མཆོག་དྷ་སར་ཆེད་ཕེབས་གནང་རྗེས་བལ་ཡུལ་དུ་ཕེབས་ཏེ་ཆོས་ལུགས་རང་དབང་གི་སྐོར་ལ་རྟོག་ཞིབ་གནང་བ་མ་ཟད་ཡུལ་དེའི་དབུ་ཁྲིད་དང་ལྷན་བོད་མིའི་གནད་དོན་སྐོར་ལ་བཀའ་མོལ་གནང་འདུག ཁ་སང་བལ་ཡུལ་གྱི་གསར་ཁང་གིས་གནས་ཚུལ་སྤེལ་བར་སྐུ་ཞབས་ Sam Brownback མཆོག་གིས་ཐེངས་འདིའི་འཚམས་གཟིགས་སྐབས་སུ་བལ་ཡུལ་ནང་ཡུལ་དེའི་ཆབ་སྲིད་དང་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཁག་གཅིག་མཇལ་འཕྲད་གནང་བ་མ་ཟད་ཕྱི་ལོ་ ༢༠༡༥ ལོའི་ས་ཡོམ་སྐབས་ཞིག་རལ་དུ་གྱུར་བ་དང་ད་ཆ་ཨ་རིའི་གཞུང་ཚབ་ཀྱི་རོགས་རམ་མཐུན་འགྱུར་འོག་བསྐྱར་གསོ་གནང་བཞིན་པའི་ Krishna Temple ཞེས་པའི་ཧིཾ་དུའི་ལྷ་ཁང་ལ་གཟིགས་ཞིབ་གནང་འདུག སྐབས་དེར་གསར་ཁང་གིས་ད་ཆ་ཨ་རི་དང་རྒྱ་ནག་གཉིས་ཀྱི་དབར་འགལ་ཟླ་ཆེན་པོ་འགྲོ་བཞིན་པ་ཞིག་ཡིན་པར་བརྟེན། ཁོང་ཐེངས་འདིར་ཕྱོགས་སྐྱོད་དུ་ཕེབས་དོན་དེ་བལ་ཡུལ་ལས་ལྷག་པའི་བོད་མིའི་ཆེད་དུ་ཡིན་ནམ་ཞེས་བཀའ་འདྲི་ཞུས་པར་ཁོང་གིས་བལ་ཡུལ་གྱི་ཆེད་དུ་ཡིན་ཀྱང་། བོད་མི་རྣམས་ནི་གནས་ཚུལ་དེ་དང་འབྲེལ་བ་ཆགས་ཡོད་པ་གསུངས་འདུག ཁོང་གིས་བལ་ཡུལ་ནི་ལོ་རྒྱུས་ཀྱི་ཐོག་ནས་བོད་མི་སྐྱབས་བཅོལ་བ་རྣམས་ཡར་འགྲོ་མར་ཡོང་གི་འགྲུལ་ལམ་ཞིག་ཆགས་ཡོད་པ་དང་དེ་སྔོན་བལ་ཡུལ་གཞུང་གིས་དེའི་ཐད་བོད་མི་རྣམས་ལ་མཐུན་འགྱུར་གང་ལེགས་ཞུས་ཡོད་ཀྱང་།  ད་ཆ་རྒྱ་ནག་གི་གནོན་ཤུགས་ལ་བརྟེན་ནས་བོད་མིའི་འགྲུལ་བཞུད་ཐོག་དམ་དྲག་ཅུང་ཟད་ཆེ་བར་སོང་ཡོད་སྟབས་ཁོང་གིས་བལ་ཡུལ་གྱི་ཕྱི་འབྲེལ་བློན་ཆེན་དང་མཉམ་དུ་གནད་དོན་དེ་དང་གཞན་ཁག་གཅིག་གི་སྐོར་ལ་གླེང་མོལ་ཞུས་ཡོད་པ་བརྗོད་འདུག   དེ་བཞིན་ཁོང་གིས་སྐབས་དེར་ཨ་རིའི་རྒྱལ་ཁབ་ལ་མཚོན་ན་ཆོས་ལུགས་དད་མོས་ནི་ཚོར་བ་རྣོ་བའི་གནད་དོན་ཞིག་ཡིན་པ་ལྟར་ཨ་རིའི་ངོས་ནས་ཆོས་ལུགས་དད་མོས་གལ་ཆེན་ཞིག་ཏུ་བརྩིས་ནས་སྲུང་སྐྱོབ་བྱེད་ཀྱི་ཡོད་པར་བརྗོད་དེ་ཨ་རིའི་ལོ་རྒྱུས་ཀྱི་ཁྲོད་དུ་གྲངས་ཉུང་མི་རིགས་རྣམས་ལ་ངོས་འཛིན་བྱེད་སྟངས་ཀྱི་སྒང་ནས་ཡ་ང་བའི་གནས་ཚུལ་མང་པོ་ཡོད་པ་དང་། ཆོས་ལུགས་དད་མོས་ལ་སྲུང་སྐྱོབ་མ་བྱས་པ་ཡིན་ན་ཆོས་ལུགས་དབྱེ་འབྱེད་ནི་མི་མང་ཁོང་ཁྲོ་སློང་བྱེད་ཀྱི་རྒྱུ་གཙོ་བོ་ཞིག་ཡིན་པ་བརྗོད་དེ་ཨ་རིའི་ངོས་ནས་རྒྱལ་སྤྱིའི་རང་བཞིན་གྱི་ཆོས་ལུགས་དད་མོས་ཀྱི་མཐུན་ཕྱོགས་གསར་པ་ཞིག་སྐྲུན་ཐབས་ལ་འབད་བརྩོན་བྱེད་ཀྱི་ཡོད་པ་བརྗོད་འདུག རྩ་བའི་ཟླ་འདིའི་ཟླ་འགོར་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་སྐུ་ཞབས་ Sam Brownback མཆོག་བཞུགས་སྒར་དུ་ཕེབས་ཏེ་༸གོང་ས་མཆོག་ལ་མཇལ་བཅར་ཞུས་ཡོད་པ་མ་ཟད་ཁོང་གིས་རྒྱ་གཞུང་གིས་བོད་མིའི་ཆོས་དད་རང་དབང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་གནང་ཡོད་པ་རེད། བོད་མི་རྣམས་ལ་སོ་སོའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་བདམ་རྒྱུའི་དབང་ཆ་ཚང་ཡོད་སྐོར་གསུངས་པ་མ་ཟད་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་བདག་དབང་དང་འབྲེལ་བའི་ཐག་གཅོད་ནི་བོད་བོད་མི་དང་བོད་བརྒྱུད་ནང་བསྟན་པ་རྣམས་ལ་ཡོད་པའི་གསུང་བཤད་གནང་ཡོད་པ་རེད།

ཧོང་ཀོང་གི་ངོ་རྒོལ་དང་འབྲེལ་བའི་གྲོས་བསྡུར་བྱས་པ།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཧོང་ཀོང་སྤྱི་ཁྱབ་ཀེ་རི་ལེམ་གཉིས་ཐུག་འཕྲད་ཀྱིས་འདས་པའི་རིང་ཧོང་ཀོང་ནང་དུ་མང་ཚོགས་ཀྱིས་བསྟུད་མར་ངོ་རྒོལ་བྱེད་བཞིན་པའི་གནད་དོན་གླེང་སློང་དང་སྦྲགས། སྤྱི་ཁྱབ་ཀེ་རི་ལེམ་གྱི་ངོས་ནས་ཧོང་ཀོང་གི་ཟིང་འཁྲུག་ཞི་འཇམ་བཟོ་ཐབས་སུ་གཞུང་གི་ལས་དོན་གནང་ཕྱོགས་ལ་རྒྱབ་སྐྱོར་ཡོད་ཅེས་གསུངས་འདུག  དེ་རིང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན་ཞི་ཅིན་ཕིང་དང་ཀེ་རི་ལེམ་གཉིས་ཀྱི་ཐུག་འཕྲད་དེ་ ཧོང་ཀོང་ནང་ཞི་རྒོལ་བྱུང་ནས་ཕན་ཚུན་དངོས་སུ་ཡོངས་བསྒྲགས་ཐོག་ནས་ཐུག་འཕྲད་བྱས་པ་ཐེངས་དང་པོ་ཆགས་ཀྱི་ཡོད་པ་དང་། ཐུག་འཕྲད་དེའང་ཁ་སང་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གི་གྲོང་ཁྱེར་ Shanghai ནང་བྱུང་འདུག སྐབས་དེར་ཞི་ཅིན་ཕིང་གིས་ཀེ་རི་ལེམ་གྱི་ལས་དོན་བྱེད་ཕྱོགས་ལ་རྒྱབ་སྐྱོར་ཡོད་པ་བཤད་པ་དང་འབྲེལ་ཏེ་གཞུང་ནས་མང་ཚོགས་ཀྱི་འཚོ་ཐབས་ཡར་རྒྱས་སླད་སྤྱི་ཚོགས་ཁྱོན་དང་གྲོས་བསྡུར་ལྷུག་པོ་བྱེད་དགོས་སྐོར་དང་སྒོས་ཧོང་ཀོང་གི་མང་ཚོགས་ནས་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ལག་བསྟར་འཚམས་པོ་བྱེད་པའི་རེ་བ་དང་། ལྷག་པར་དུ་ཡུལ་དེའི་གཞི་རྩའི་ཁྲིམས་ལག་བསྟར་གྱིས་ཧོང་ཀོང་སྲུང་སྐྱོབ་སླད་མཉམ་རུབ་ཀྱིས་ལས་དོན་བྱེད་དགོས་པ་བརྗོད་འདུག ཚོགས་འདུའི་ཐོག་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang Yi དང་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་བློན་ཆེན་ Zhao Kezhi གཞུང་འབྲེལ་སྲིད་དོན་པ་ཁག་གཅིག་ཀྱང་ཡོད་པ་རེད་འདུག   གཞི་རྩའི་ཧོང་ཀོང་ནང་འདི་ལོའི་ཟླ་བ་དྲུག་པ་ནས་མང་ཚོགས་ཀྱི་གཞུང་ལ་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་གཞི་གཙོས་པའི་ཀེ་རི་ལེམ་ལས་གནས་ནས་ཕྱིར་འཐེན་དང་། ཡུལ་དེའི་འགོ་ཁྲིད་མང་གཙོའི་སྒོ་ནས་འདེམས་སྒྲུག་དགོས་པ་དང་། ལས་འགུལ་ཁྲོད་འཛིན་བཟུང་བྱས་པ་རྣམས་གློད་བཀྲོལ་དགོས་པ་སོགས་དགོས་འདུན་ལྔ་པོ་བསྒྲུབ་དགོས་པ་བརྗོད་ཡོད་པ་མ་ཟད། ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་གཞི་དེ་དེ་སྔ་ཕྱིར་འཐེན་བྱས་ཡོད་ཀྱང་ཧོང་ཀོང་མང་ཚོགས་ནས་དགོས་འདུན་ལྔ་པོ་ཡོངས་རཛོགས་བསྒྲུབ་དགོས་པར་ངོ་རྒོལ་བསྟུད་མར་གནང་བཞིན་པའི་གནས་སྟངས་བྱུང་བ་རེད། ཉེ་ལམ་རེས་གཟའ་སྤེན་པའི་ཉིན་ཧོང་ཀོང་མང་ཚོགས་ ༣༠༠༠ ལྷག་འདུ་འཛོམས་ཀྱིས་གཞུང་ལ་དེ་འབྲེལ་ངོ་རྒོལ་བྱས་པ་དང་ངོ་རྒོལ་དེའང་རྒྱ་གཞུང་གིས་ཡུལ་དེའི་ནང་དམ་དྲག་སྔར་ལྷག་བྱ་འཆར་ཡོད་པར་ཐུགས་འཚབ་ཀྱིས་ངོ་རྒོལ་གནང་བ་ཞིག་ཡིན་པ་རེད། གཞི་རྩའི་རེས་གཟའ་པ་སངས་ཉིན་རྒྱ་གཞུང་གིས་ཧོང་ཀོང་གཞུང་གི་ལམ་ལུགས་ལ་ཁ་གཏད་གཅོག་མཁན་ཚོར་བཟོད་བསྲན་བྱེད་རྒྱུ་མེད་པ་ཕྱིར་བསྒྲགས་ཀྱིས་ཉེན་བརྡ་བཏང་བ་དང་སྦྲགས། མང་ཚོགས་ནས་ཅ་དངོས་ཉོས་སའི་ཁྲོམ་རའི་ནང་ངོ་རྒོལ་དང་ཉེན་རྟོག་པས་བསྐྱར་དུ་མིག་ཆུ་དུག་རླངས་གཏོར་བ། དེ་བཞིན་གཅིག་གིས་ས་གནས་ཀྱི་སྲིད་དོན་པ་ཞིག་གི་ཨམ་ཆོག་ལ་སོ་བརྒྱབ་པ་དང་ཁག་གཅིག་གིས་ཁུལ་དེར་ཡོད་པའི་རྒྱ་གཞུང་གི་གསར་ཁང་ལ་བཙན་རྒོལ་བྱས་པ་སོགས་གནས་ཚུལ་བྱུང་འདུག གནད་དོན་དེའི་ཐོག་རྒྱ་གཞུང་གིས་ཧོང་ཀོང་གཞུང་ནས་ངོ་རྒོལ་བ་ཚོར་དམ་དྲག་སྔར་ལྷག་བྱེད་དགོས་པའི་འབོད་སྐུལ་ཞུས་འདུག

རེས་གཟའ་ཟླ་བ། ༢༠༡༩།༡༡།༠༤

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་སངས་རྒྱས་པའི་ཆོས་དེ་སེམས་ཁམས་རིག་པའི་གཞུང་ཞིག་ཆགས་ཡོད་པ་བཀའ་བསྩལ། བཞུགས་སྒར་དུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས། བོད་རྒྱ་གྲོས་མོལ་ཞུ་གཏུགས་སྐོར་བསྐྱོད་བ་སུ་སིར་འབྱོར་བ། ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་ ༨༠ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི། བོད་མི་རྣམས་ལ་རྒྱ་ནག་གིས་དྲྭ་རྒྱབརྒྱུད་དེ་སོ་ཉུལ་བྱེད་བཞིན་པ་མངོན་གསལ། Monday 04/11/2019 Dalai Lama begins 3 day teaching to Korean Buddhists Dharamsala hosts 8th International TSG Meet ‘Dialogue for Peace Tour’ reaches Switzerland Tibetans mark 80th birthday anniversary of S. Rinpoche Tibetans too under spyware radar

སངས་རྒྱས་པའི་ཆོས་དེ་སེམས་ཁམས་རིག་པའི་གཞུང་ཞིག་ཆགས་ཡོད།

ཀོ་རི་ཡའི་དད་ལྡན་སེར་སྐྱ་མང་ཚོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཉིན་གྲངས་གསུམ་གྱི་རིང་ཤེས་རབ་སྙིང་པོ་དང་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་དབུ་འཛུགས་བཀའ་དྲིན་བསྐྱངས་སོང་། བཀའ་ཆོས་དངོས་གཞི་དབུ་འཛུགས་མ་གནང་གོང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ཞེས་པ་ནི་སེམས་ལ་བཟོ་བཅོས་རྒྱག་རྒྱུ་དང་བདེ་སྡུག་ཞེས་པ་ནི་ཤེས་པའི་སྟེང་ནས་ཡོང་བ་ཞིག་ཡིན་ཀྱང་།  དེང་གི་དུས་སུ་ཕྱིའི་དངོས་པོ་ཁོ་ནར་བསམ་བློ་གཏོང་བ་ལས་ཤེས་པར་དོ་སྣང་བྱེད་ཀྱི་མེད་པ་དང་། སངས་རྒྱས་པའི་གཞུང་ལས་གསུངས་ཟིན་པའི་སེམས་ཁམས་ཀྱི་སྐོར་དེ་དག་གནད་འགག་ཆེན་པོ་ཆགས་ཡོད་པ་དང་། སེམས་ཁམས་ཀྱི་རྣམ་གཞག་དེ་དག་སྤྱིར་ཆོས་ཕྱོགས་ཀྱི་གཞུང་ལས་ཐོན་པ་ཞིག་ཡིན་ནའང་ཆོས་ཕྱོགས་ཀྱི་སྡེ་ཚན་དུ་མ་བཞག་པར་ Academy subject འམ་སློབ་སྦྱོང་བྱ་རྒྱུའི་ཁོངས་སུ་བཞག་སྟེ་དེར་དཔྱད་དགོས་གལ་ཡིན་པར་ལམ་སྟོན་བསྩལ་བ་དང་ཆབས་ཅིག་ཏུ་སངས་རྒྱས་པའི་ཆོས་དེ་སེམས་ཁམས་རིག་པའི་གཞུང་ཞིག་ཆགས་ཡོད་པ་བཀའ་བསྩལ་སོང་། དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་ཕྱིའི་དངོས་པོ་ཡར་རྒྱས་སུ་འགྲོ་བཞིན་པའི་དུས་རབས་ཉེར་གཅིག་པའི་ནང་ཆོས་ཞེས་པ་དེའི་མི་ལ་ཕན་ཐོགས་པ་དང་ལྷག་པར་དུ་ཆོས་དང་ད་ལྟའི་དུས་རབས་གཉིས་ཀྱི་དབར་ལ་འབྲེལ་བ་གང་ཡོད་དམ་ཞེས་དྲི་བ་འདི་དང་འབྲེལ་ནས་ཆོས་ལུགས་ཚང་མའི་བསླབ་བྱ་གཙོ་བོ་ནི་བྱམས་བརྩེ་ཡིན་པ་ལྟར་མིའི་ལྷན་སྐྱེས་ཀྱི་རང་བཞིན་ཞིག་དང་དགོས་མཁོ་ཆེན་པོ་ཆགས་ཡོད་པ་སོགས་ལམ་སྟོན་བཀྲིན་ཆེ་བ་བསྩལ་ཡོད། ༸གོང་ས་མཆོག་གིས་འགྲོ་བ་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་གཅིག་མཚུངས་ཡིན་ཀྱང་སྡུག་བསྔལ་གྱི་རྒྱུ་དེ་ཆགས་སྡང་གི་དབང་གིས་ཡོང་གི་ཡོད་པར་དོ་སྣང་མེད་པར་མ་སྐྱིད་པ་བྱུང་སྐབས་ལུས་པོའི་བདེ་སྡུག་ཁོ་ནར་བསམ་ནས་ཆང་རག་དང་མྱོས་རྫས་སོགས་ལོངས་སུ་སྤྱོད་ཀྱི་ཡོད་སྐོར་བཀའ་བསྩལ་དང་འབྲེལ། ཆོས་དང་སྐྱེ་བ་སྔ་ཕྱི་སོགས་ཁས་ལེན་མིན་ལ་བལྟོས་མེད་མ་སྐྱིད་པ་བཟོ་མཁན་དེ་ཆགས་སྡང་གཉིས་པོ་དེ་ཡིན་པ་དང་ཆགས་སྡང་གཉིས་ཀྱི་བློ་དེ་ཤུགས་ཆུང་དུ་ཕྱིན་སྐབས་སེམས་ཞི་བདེ་བག་ཕེབས་ཡོང་གི་ཡོད་པ་དང་དེ་གཉིས་དབང་དུ་སོང་ཚེ་སེམས་འཁྲུག་ནས་མ་སྐྱིད་པ་ཡོང་བ་ནི་གསལ་པོ་ཡིན་པར་བཀའ་བསྩལ་སོང་། ༸གོང་ས་མཆོག་གིས་དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་གྱི་སྐུ་དུས་སུ་བོད་ཡིག་གསར་གཏོད་མཛད་དེ་ནང་ཆོས་རྒྱལ་ཁྲི་སྲོང་གི་སྐུ་དུས་སུ་མཁན་ཆེན་ཞི་བ་འཚོས་སྒྲ་བསྒྱུར་ལོ་པཎ་གླིང་ཞེས་པ་ཆེད་འཛུགས་གནང་ནས་བཀའ་བསྟན་འགྱུར་རྣམས་བསྒྱུར་གནང་ཡོད་པ་དང་། དེ་ནས་ཕྱིས་སུ་རྒྱ་གར་ནང་བཀའ་འགྱུར་བསྟན་འགྱུར་པོ་ཏི་ ༣༠༠ དེ་ཚན་རིག་དང་ལྟ་གྲུབ། ཆོས་སོགས་ཀྱི་སྡེ་ཚན་གསུམ་དུ་དབྱེ་ནས་ཕྱོགས་སྒྲིག་བྱེད་དགོས་པར་བཀའ་ཡོད་སྐོར་ངོ་སྤྲོད་དང་འབྲེལ། རྒྱ་སྐད་དུ་བསྒྱུར་བའི་ཚན་རིག་ཀུན་བཏུས་དེ་རྒྱ་ནག་གི་སློབ་གྲྭ་ཆེ་ཁག་གི་ནང་དུ་བཞག་ཡོད་སྐོར་དང་དེ་ལ་སློབ་གཉེར་གནང་མཁན་ཚོས་ནཱ་ལེནྡཱཌའི་ཆོས་བརྒྱུད་དེ་ཚན་མ་རིག་པ་དང་འབྲེལ་ནས་ཆས་པའི་བོད་ཀྱི་ཆོས་དེ་ཚན་རིག་དང་མཐུན་པ་ཞིག་ཡོད་པ་བཤད་མཁན་མང་དག་ཅིག་ཡོད་སྐོར་བཀའ་བསྩལ་ཡོད། རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་འབྲེལ་གྲུབ་མཚམས་སུ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་མང་ཚོགས་ལ་ཆོས་འབྲེལ་བསྐྱར་བཤད་དང་མང་ཚོགས་ཀྱི་ཁྲོད་དུ་དོགས་འདྲི་ཡོད་པར་དྲི་བ་དྲིས་ལན་བཅས་གནང་ཡོད་པ་དང་། སང་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་བསྩལ་རྒྱུ་ཡིན་པ་རེད།

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས།

བཞུགས་སྒར་གངས་སྐྱིད་ཚོགས་ཁང་གསར་པར་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པ་ནང་མའི་སྡེ་ཚན་གྱིས་གོ་སྒྲིག་དང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་མཐུན་འགྱུར་འོག་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་སོང་། དབུ་འབྱེད་ཀྱི་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་གཞོན་པ་ཟུར་པ་སྐུ་ཞབས་ Martin Bursik ལགས། ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ Michael Danby ལགས། ལྷོ་ཨ་ཕི་རི་ཀའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Mkhuleko Hlengwa ལགས་ཀྱིས་གཙོས་པའི་གྲོས་ཚོགས་འཐུས་མི། མང་གཙོ་དོན་གཉེར་བ། དེ་བཞིན་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་སོགས་རྒྱ་རིགས་གཙོས་རྒྱལ་སྤྱིའི་རྒྱལ་ཁབ་ ༤༢ ལྷག་ནས་ཚོགས་བཅར་བ་ཁྱོན་ ༡༨༠ ལྷག་ཕེབས་འདུག སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་བོད་མི་རྣམས་བཙན་བྱོལ་ནང་གྱར་ནས་མི་ལོ་ ༦༠ འགྲོ་བཞིན་ཡོད་ཀྱང་བོད་ཀྱི་འཐབ་རྩོད་གསོན་པོ་གནས་ཐུབ་པ་འདི་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་དང་བོད་དོན་རྒྱབ་སྐྱོར་བ་རྣམ་པའི་སྐུ་ལས་བསྐྱོན་པར་བརྟེན་ནས་ཡིན་སྐོར་གསུངས་པ་དང་སྦྲགས། ཨ་རིས་གཙོས་པའི་རྒྱལ་ཁབ་ཁག་གཅིག་ནས་བོད་ནང་ཕར་འགྲོ་ཚུར་འོང་གི་གྲོས་གཞི་གཏན་འབེབས་དང་ཨ་རིའི་བོད་དོན་ཁྲིམས་འཆར་གསར་པ་འདོན་སྤེལ་གནང་བ། ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གཙོས་བོད་མི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་སླད་ཡུལ་སོ་སོའི་གྲོས་ཚོགས་ནང་གནད་དོན་གླེང་བར་ཐུགས་རྗེ་ཆེ་ཞུས་སོང་།  ཚོགས་གཙོ་མཆོག་ནས་ད་དུང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་དང་ལྷག་པར་དུ་རང་ཉིད་ཀྱི་གྲོས་ཚོགས་ནང་བོད་རྒྱ་གཉིས་དབར་ཡུན་རིང་ནས་ཆད་པའི་འབྲེལ་མོལ་དེ་བསྐྱར་གསོ་སླད་རྒྱ་གཞུང་ལ་རེ་སྐུལ་གནང་རོགས་ཞེས་གསུངས་ཡོད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དེ་སྔ་ཕྱི་ལོ་ ༡༩༩༠ ལོར་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དང་པོ་ཚོགས་ཡོད་པས་ལོ་དེར་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་དམ་པ་སྐུ་ཞབས་ Nelson Mandela བཙོན་ནས་གློད་བཀྲོལ་ཐོབ་ཡོད་པ་སོགས་འཛམ་གླིང་ཁྲོད་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གནས་ཚུལ་མང་པོ་ཞིག་བྱུང་བ་ལུང་འདྲེན་གྱིས་ད་ལྟའི་ཆར་འཛམ་བུ་གླིང་ཁྲོད་དེ་སྔ་བྱུང་བ་བཞིན་མང་ཚོགས་ཀྱིས་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་པའི་ཐོག་ནས་རྒྱལ་ཁབ་སོ་སོའི་ལོ་རྒྱུས་ལ་བསྒྱུར་བཅོས་ཆེན་པོ་བཏང་དང་གཏོང་བཞིན་ཡོད་སྟབས་བོད་ཀྱི་འཐབ་རྩོད་ཁྲོད་དུ་དེ་འབྲེལ་བསྒྱུར་བཅོས་ངེས་པར་དུ་གཏང་རྒྱུ་ཡིན་པ་གསུངས་སོང་། ༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་བླ་སྤྲུལ་ཡང་སྲིད་བདམ་ཕྱོགས་ནི་བོད་བརྒྱུད་ནང་བསྟན་གྱི་རིག་གཞུང་དང་བོད་མི་རང་ནས་གསར་གཏོད་གནང་བ་ཞིག་ཡིན་སྟབས་རྒྱ་གཞུང་ནས་༸སྐུའི་ཡང་སྲིད་བདམ་ཕྱོགས་ལ་ཐེ་བྱུས་བྱ་དབང་མེད་པ་སོགས་ནན་བརྗོད་གནང་ཡོད། ཚོགས་ཆེན་དབུ་འབྱེད་ཀྱི་ཐོག་མར་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་མའི་སྡེ་ཚན་གྱི་འགན་འཛིན་རིན་ཆེན་མཁའ་འགྲོ་ཀེར་མཱེ་ལགས་ཀྱིས་ཚོགས་པ་འདིས་ད་བར་བོད་དོན་དཀའ་རྙོག་སེལ་བར་ལས་འགུལ་སྣ་མིན་སྤེལ་སྐོར་ངོ་སྤྲོད་དང་སྦྲགས། བོད་ཀྱི་འཐབ་རྩོད་དེ་ནི་དྲང་བདེན་དང་འཚེ་བ་མེད་པ། དེ་བཞིན་བྱམས་པ་བཅས་དང་འབྲེལ་བའི་འཐབ་རྩོད་ཅིག་ཡིན་པས་དྲང་བདེན་ལ་རྒྱལ་ཁ་འཐོབ་རྒྱུ་ཡོད་སྟབས་བོད་ལ་རང་དབང་གི་ཉི་མ་མགྱོགས་མྱུར་འཆར་རྒྱུ་ཡིན་པ་སོགས་གསུངས་སོང་།   ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་དྲོ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པའི་ཚོགས་བཅར་བ་ཡོངས་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བསྩལ་སྐབས་སུ་རྒྱ་གར་གྱི་གནའ་བོའི་རིག་གནས་ཀྱི་གལ་གནད་ངོ་སྤྲོད་དང་སྦྲགས། བོད་མི་ཚོས་ནཱ་ལེནྡཱའི་གཞུང་ལུགས་བདག་གཅེས་གནང་ཡོད་སྐོར་དང་། འདས་པའི་ལོ་རབས་ནང་རྒྱ་གཞུང་གིས་བོད་མིའི་སྐད་ཡིག་ལ་དམ་དྲག་དང་དྲག་གནོན་སོགས་བྱེད་བཞིན་ཡོད་ཀྱང་བོད་ནང་གི་བོད་མིའི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཐད་སེམས་ཤུགས་ནི་བརྗོད་དུ་མེད་པ་ཞིག་ཡོད་པ་བཀའ་བསྩལ་འདུག  དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་༸སྐུའི་ཐུགས་བསྐྱེད་དམ་བཅའ་བཞིའི་ངོ་སྤྲོད་མཛད་པ་དང་འབྲེལ་ཏེ་བོད་ཀྱི་ཆོས་དང་རིག་གཞུང་ནི་འཛམ་གླིང་གི་སྤྱི་ནོར་ཞིག་ཆགས་ཡོད་པ་དང་། བོད་དོན་རྒྱབ་སྐྱོར་བ་རྣམས་ནས་དེ་འབྲེལ་གཞན་ལ་འགྲེལ་བརྗོད་གནང་དགོས་པ་དང་། ལྷག་དོན་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ཞལ་ཞེ་གཉིས་མེད་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་མཛད་ཡོད་པ་མ་ཟད་མགོན་པོ་༸གང་ཉིད་མཆོག་གིས་སླད་མར་བོད་ཀྱི་གནས་སྟངས་ལ་བསྒྱུར་བ་འགྲོ་བའི་ཐུགས་རེ་ཡོད་པ་དང་། ལྷག་དོན་སླད་མར་༸མགོན་པོ་མཆོག་རྒྱ་ནག་ནང་དུ་ཡོད་པའི་ནང་པའི་དགོན་སྡེ་ཁག་ཏུ་གནས་གཟིགས་སུ་ཆིབས་བསྒྱུར་བསྐྱང་འདོད་ཡོད་སྐོར་བཀའ་བསྩལ་འདུག   གཞི་རྩའི་ཁ་སང་དབུ་འབྱེད་མཛད་སྒོའི་ཐོག་རྒྱ་རིགས་ཉུག་ཧན་ཁྲེན་ལགས་ཀྱིས་བརྩམས་པའི་དཔེ་དེབ་བོད་དེ་གནའ་ནས་ད་ལྟའི་བར་དུ་རྒྱ་ནག་གི་ཆ་ཤས་ཤིག་གཏན་ནས་མིན་ཞེས་པའི་དཔེ་དེབ་དབུ་འབྱེད་གནང་སོང་། ཁ་སང་ཚེས་ ༣ ནས་འགོ་འཛུགས་ཀྱིས་ཚེས་ ༥ བར་འཚོགས་རྒྱུའི་ཚོགས་ཆེན་ཐོག་བོད་དོན་ཐད་ཆབ་སྲིད་ཀྱི་རྒྱབ་སྐྱོར་ཡོང་ཐབས་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་བརྗོད་གཞི་ཐོག་ལ་ཚོགས་ཆ་བགོས་ཀྱིས་བཀའ་བསྡུར་གནང་གི་ཡོད་པ་རེད།  

Latest news