Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: January, 2020

ཏཱ་ལའི་བླ་མ་དགེ་རྩས་རྡོར་གདན་གྱི་ངན་སློང་རྣམས་ལ་ཟས་དངུལ་གྱི་སྦྱིན་གཏོང་གནང་བ།

ཁ་སང་ཟླ་ ༡ ཚེས་ ༨ རེས་གཟའ་ལྷག་པ་སྟེ་༸གོང་ས་མཆོག་གི་༸སྐུའི་བླ་གཟའ་དང་བསྟུན་ཏཱ་ལའི་བླ་མའི་དགེ་རྩ་ནས་ངན་སློང་ལ་ཟས་དང་དངུལ་གྱི་སྦྱིན་པ་གནང་ཡོད་པ་རེད། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་གནས་མཆོག་རྡོ་རྗེ་གདན་དུ་ནམ་ཆིབས་བསྒྱུར་མཛད་རིང་ལ་ཏཱ་ལའི་བླ་མ་དགེ་རྩས་༸གོང་ས་མཆོག་༸སྐུ་ཚེ་ཞབས་པད་བརྟན་ཕྱིར་དང་བོད་ཀྱི་བདེན་མཐའ་མྱུར་དུ་སེལ་སླད་རེས་གཟའ་ལྷག་པའི་ཉིན་ས་གནས་འདིར་ཡོད་པའི་ངན་སློང་ལ་ཟས་དང་དངུལ་ གྱི་སྦྱིན་པ་གནང་གི་ཡོད་པ་རེད། ཁ་སང་སྔ་དྲོ་ཚོུད་ ༡༡ ཡོལ་ཙམ་ལ་དུས་འཁོར་ཐང་ཆེན་དུ་ངན་སློང་དང་དབུལ་ཕོངས་སྟོང་ཕྲག་ལ་ཞལ་ལག་དང་ཧིན་སྒོར་བརྒྱ་རེ་དང་དེ་བཞིན་དབང་པོ་སྐྱོན་ཅན་ཚོར་ཧིན་སྒོར་ ༢༠༠ རེ་སྦྱིན་གཏོང་གནང་ཡོད་པ་རེད། གཞི་རྩའི་ཏཱ་ལའི་བླ་མ་དགེ་རྩ་ནས་༸གོང་ས་མཆོག་རྡོར་གདན་དུ་བཞུགས་ཞག་མཛད་རིང་ལ་༸སྐུའི་བླ་གཟའ་ནམ་འཁེལ་དང་བསྟུན་ངན་སློང་ལ་ཟས་དངུལ་གྱི་སྦྱིན་གཏོང་གནང་བར་ཙམ་མ་ཟད་ལོ་འཁོར་མོར་ཚེས་བཟང་དུས་བཟང་སྐབས་རྡོར་གདན་དུ་རྟེན་གཞི་བྱས་པའི་རྣམ་རྒྱལ་གྲྭ་ཚང་བརྒྱུད་དེ་ངན་སློང་དང་དབུལ་ཕོངས་ལ་གསོལ་ཆས་དང་།  སྐབས་རེ་ཉིན་དགུང་ཞལ་ལག དེ་བཞིན་ཕྱག་དངུལ་སོགས་གནང་གི་ཡོད་པ་རེད།  

རེས་གཟའ་ལྷག་པ། ༢༠༢༠།༠༡།༠༨

ཉན་པ།: Listen ཕབ་ལེན། Download བྷི་ཧཱར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས༸གོང་ས་མཆོག་ལ་མཇལ་བཅར་ཞུས་པ། ཚན་རིག་དང་མཐུན་པར་དཔྱད་ཞིབ་གནང་རྒྱུ་ནི་ནཱ་ལེནྡཱའི་ཆོས་བརྒྱུད་ངོ་མ་རེད། རྒྱ་གཞུང་གིས་ཆོས་ལུགས་དང་འབྲེལ་བའི་ཁྲིམས་སྒྲིག་གསར་པ་གཏན་འབེབས། ༸སྐྱབས་རྗེ་སྒ་རྗེ་ཁམས་སྤྲུལ་འཇམ་དབྱངས་དོན་གྲུབ་མཆོག་དགོངས་པ་རྫོགས་ནས་ཐུགས་དམ་ལ་བཞུགས་མུས་རེད་འདུག དྷ་ས་ཚོང་ཁང་སྐྱིད་སྡུག་གིས་རྒྱ་གར་དབུལ་ཕོངས་ཚོར་མལ་ཆས་མཁོ་སྤྲོད་གནང་བ། Wednesday 08/01/2020 Bihar CM Nitish Kumar calls on Dalai Lama Faith based on scientific investigation, true Nalanda tradition: Dalai Lama China promulgates new measures on administration of religious groups Kyabche Khamtrul Rinpoche passes away, on state of ‘Thukdam’ since 10 days Tibetans in Dharamsala distribute winter clothing to local slum dwellers

བྷི་ཧཱར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས༸གོང་ས་མཆོག་ལ་མཇལ་བཅར་ཞུས་པ།

བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་དེ་རིང་ཉིན་རྒྱབ་གནས་མཆོག་རྡོ་རྗེ་གདན་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་འཕྲད་ཞུས་འདུག དེའང་༸གོང་ས་མཆོག་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་ནམ་བྱུང་སྐབས་བྷི་ཧར་མངའ་སྡེའི་བློན་ཆེན་སྐུ་ཞབས་Nitish Kumar མཆོག་གིས་མགོན་པོ་གང་ཉིད་གི་མཆོག་ལ་མཇལ་ཁ་ཞུ་སྲོལ་ཡོད་པ་ལྟར། དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢།༥༠ ཙམ་གྱི་ཐོག་སྤྱི་ཁྱབ་བློན་ཆེན་མཆོག་གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་རྒྱལ་བའི་བཞུགས་གནས་ཕོ་བྲང་དུ་ཆེད་ཕེབས་དང་འབྲེལ། ༸གོང་ས་མཆོག་ལ་མཇལ་བཅར་ཞུས་ཡོད་པ་རེད། ༸གོང་ས་མཆོག་གིས་སྐབས་དེར་སྤྱི་ཁྱབ་བློན་ཆེན་མཆོག་ནི་རྒྱ་གར་གྱི་དཔལ་ནཱ་ལེནྡཱའི་གནའ་བོའི་རིག་གནས་ལ་དོ་དབྱིངས་ཆེན་པོ་གནང་མཁན་གྱི་སྐུའི་མཛའ་གྲོགས་རྙིང་པ་ཞིག་ཡིན་པའི་དགའ་བསུ་ཞུས་པ་དང་སྦྲགས། དབུ་ཁྲིད་རྣམས་གཉིས་དབར་གྱི་མཇལ་མོལ་དེའི་ཁྲོད་གཙོ་བོ་མགོན་པོ་མཆོག་གི་སྐུའི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་དང་། དེའི་ནང་གསལ་དཔལ་ནཱ་ལེནྡཱའི་གནའ་བོའི་རིག་གནས་བསྐྱར་གསོའི་སྐོར་ལ་བཀའ་བསྡུར་མཛད་འདུགགང་ཉིད་དང་བློན་ཆེན་གྱི་མཇལ་མོལ་དེའི་སྐབས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཀྱང་ཆེད་བཅར་ཞུས་ཡོད་པ་རེད་འདུག གཞི་རྩའི་བྷེ་ཧཱར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Nitish Kumar མཆོག་གིས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་ནམ་བྱུང་སྐབས། མགོན་པོ་གང་ཉིད་དང་ལྷན་མཇལ་འཕྲད་ཞུ་སྲོལ་ཡོད་པ་ལྟར། སྔ་ལོའི་ཕྱི་ཟླ་ ༡༢ པའི་ལོ་མཇུག་ཏུའང་༸གོང་ས་མཆོག་ཁུལ་དེར་ཆིབས་བསྒྱུར་མཛད་སྐབས། ཁོང་གིས་མགོན་པོ་གང་ཉིད་ཀྱི་མཇལ་ཁ་ཞུས་ཡོད་པ་མ་ཟད། ༸གོང་ས་མཆོག་ལ་ཡུལ་དེའི་ སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་ Bharat Ratna འབུལ་ལམ་ཞུ་དགོས་པའི་དགོས་འདུན་ལ་རྒྱབ་སྐྱོར་ཞུ་མྱོང་ཡོད་པ་རེད།

༸སྐྱབས་རྗེ་སྒ་རྗེ་ཁམས་སྤྲུལ་འཇམ་དབྱངས་དོན་གྲུབ་མཆོག་དགོངས་པ་རྫོགས་ནས་ཐུགས་དམ་ལ་བཞུགས་མུས་རེད་འདུག

༸སྐྱབས་རྗེ་སྒ་རྗེ་ཁམས་སྤྲུལ་འཇམ་དབྱངས་དོན་གྲུབ་མཆོག་ཉེ་ཆར་ཕྱི་ཟླ་ ༡༢ ཚེས་ ༣༠ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ Max སྨན་ཁང་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ཡོད་སྟབས་དེ་ཉིན་རང་ལ་རིན་པོ་ཆེ་མཆོག་གི་དགོན་པ་ བཞུགས་སྒར་གྱི་ཉེ་འཁྲིས་སུ་རྟེན་གཞི་བྱས་པའི་སྔ་འགྱུར་རྙིང་མའི་དགོན་པ་འཆི་མེད་དགའ་ཚལ་གླིང་དུ་གདན་འདྲེན་ཞུས་པ་ལྟར་ཐུགས་དམ་ལ་བཞུགས་མུས་ཡིན་པ་དང། རིན་པོ་ཆེ་དམ་པ་མཆོག་གི་དགོན་པ་ལྷུན་གྲུབ་འཆི་མེད་དགའ་ཚལ་གླིང་ཡིག་ཚང་ནས་རིན་པོ་ཆེ་མཆོག་དགོངས་པ་གཞན་དུ་གཤེགས་པའི་གནས་ཚུལ་དེ་དེ་རིང་བར་གསང་རྒྱ་གནང་སྟེ་དེའི་སྐོར་འབྲེལ་ཡོད་གང་ཡང་གསུང་མེད་པ་རེད། གཞི་རྩའི་༸སྐྱབས་རྗེ་སྒ་རྗེ་ཁམས་སྤྲུལ་འཇམ་དབྱངས་དོན་གྲུབ་མཆོག་ནི་བོད་ཆོལ་གསུམ་ལས་མདོ་ཁམས་ཁོངས་གཏོགས་ལི་ཐང་དུ་སྐུ་འཁྲུངས་ཡོད་པ་དང་། ཕྱི་ལོ་ ༡༩༥༩ ལོར་བོད་ལ་དུས་ལོག་བྱུང་རྗེས་བཙན་བྱོལ་དུ་ཕེབས་ཡོད་པ་མ་ཟད། ཕྱི་ལོ་ ༡༩༦༡ ཙམ་ནས་གཞུང་ཞབས་ཁོངས་སུ་ཞུགས་ཏེ་སྲི་ཞུ་བའི་ཕྱག་ལས་གནང་མྱོང་ཡོད་པ་རེད། ལྷག་པར་དུ་རིན་པོ་ཆེ་དམ་པ་མཆོག་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར་སྐུ་ཚེ་ཧྲིལ་པོར་ལུགས་གཉིས་ཀྱི་ཐོག་ནས་བསྟན་སྲིད་སྤྱིའི་སླད་དུ་མཛད་བཟང་དུ་མ་བསྐྱངས་མྱོང་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གིས་༸སྐྱབས་རྗེ་སྒ་རྗེ་ཁམས་སྤྲུལ་འཇམ་དབྱངས་དོན་གྲུབ་མཆོག་གི་གདུང་སྲས་རྒན་པ་ཨ་བན་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་ཁམས་སྤྲུལ་རིན་པོ་མཆོག་དགོངས་པ་གཤེགས་ཚུལ་དང་སྐུ་ཚེའི་མཛད་རྗེས་སོགས་ཀྱི་ཐོག་ལ་དམིགས་བསལ་བཀའ་འདྲི་ཁག་གཅིག་ཞུས་ཡོད། རྩ་བའི་ཕྱི་ལོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ ༢༠༠༩ ཕྱི་ཟླ་ ༤ ཚེས་ ༡༢ ཉིན་བཞུགས་སྒར་གྱི་ཉེ་འཁྲིས་སུ་ཁམས་སྤྲུལ་འཇམ་དབྱངས་དོན་གྲུབ་མཆོག་གིས་ཕྱག་བཏབ་པའི་སྔ་འགྱུར་རྙིང་མའི་དགོན་པ་འཆི་མེད་དགའ་ཚལ་གླིང་དབུ་འབྱེད་རབ་གནས་མཛད་ཡོད་པ་དང་། སྐབས་མགོན་པོ་༸གང་ཉིད་མཆོག་གིས་ང་ཚོ་བཙན་བྱོལ་བ་ཆགས་ནས་དུས་ཚོད་གཉན་འཕྲང་དཀའ་ལས་ཁག་པོའི་རིང་མཉམ་དུ་གཤིབས་ཏེ་ཁམས་སྤྲུལ་རིན་པོ་ཆེས་དབུ་མཛད་པའི་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་གསར་བཞེངས་བསྒྲུབས་པ་དང་།རིན་པོ་ཆེས་སྙིང་སྟོབས་ཞུམ་པ་མེད་པའི་ཐོག་ནས་ལོ་ནས་ལོ་བསྟུད་དེ་དཀའ་ལས་བརྒྱབ་པའི་གྲུབ་འབྲས་བཅས་ལ་ཡི་རང་བསྔགས་བརྗོད་མཛད་མྱོང་ཡོད་པ་རེད།

ཚན་རིག་དང་མཐུན་པར་དཔྱད་ཞིབ་གནང་རྒྱུ་ནི་ནཱ་ལེནྡཱའི་ཆོས་བརྒྱུད་ངོ་མ་རེད།

ཁ་སང་ཟླ་ ༡ ཚེས་ ༧ ཉིན་གནས་མཆོག་རྡོ་རྗེ་གདན་དགའ་ལྡན་འཕེལ་རྒྱས་གླིང་གཟིམ་ཆུང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་ཆོས་ཞུ་བའི་རུ་ཁག་གཅིག་ལ་མཇལ་ཁ་བསྩལ་བ་དང་སྦྲགས། དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་དད་པ་ཙམ་བྱ་རྒྱུ་ནི་དུས་ཚོད་ཡོལ་བའི་སྐད་ཆ་ཞིག་ཡིན་པ་ལས་རྒྱུ་མཚན་གྱི་ཐོག་ནས་དཔྱད་པ་གནང་བའི་བརྒྱུད་སརྒྱས་པའི་ཆོས་ལ་དད་པ་རྙེད་རྒྱུ་དང་། ཚན་རིག་དང་མཐུན་པར་དཔྱད་ཞིབ་གནང་རྒྱུ་ནི་ནཱ་ལེནྡཱའི་ཆོས་བརྒྱུད་ངོ་མ་རེད་ཅེས་བཀའ་བསྩལ་འདུག སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རབས་ཉེར་གཅིག་པའི་ནང་ཚན་རིག་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ་ལྟར་ད་བར་ལོ་ངོ་ ༤༠ ཙམ་གྱི་རིང་ལ་མགོན་པོ་མཆོག་གིས་ཚན་རིག་པ་དང་ལྷན་དུ་བཀའ་བསྡུར་མང་དག་ཅིག་གནང་བའི་བརྒྱུད་རིམ་ཁྲོད་ཚན་རིག་པ་མང་དག་གིས་སརྒྱས་པའི་ཆོས་དང་སེམས་ཁམས་རིག་པའི་ལྟ་གྲུབ་ལ་བསྔགས་བརྗོད་ཆེན་པོ་གནང་གི་ཡོད་པ་བཀའ་གནང་བ་དང་སྦྲགས། ནཱ་ལེནྡཱའི་ཆོས་ཆོས་བརྒྱུད་དེ་ཚན་རིག་དང་བར་ཐག་ཉེ་བར་གྱུར་ཡོད་པ་དང་། སརྒྱས་པའི་ཆོས་དེ་དད་པ་ཙམ་གྱི་སྒོ་ནས་ཁ་འདོན་བྱས་ནས་བསྡད་པ་ཡིན་ན་སརྒྱས་པའི་ཆོས་བརྒྱུད་དེ་མི་རབས་གཅིག་གཉིས་ཀྱི་རྗེས་སུ་ཡལ་ངེས་ཡིན་པ་དང་། རྒྱུ་མཚན་དང་རིགས་པའི་ལམ་ནས་དཔྱད་ཞིབ་དང་སློབ་སྦྱོང་གནང་ཚེ་མ་འོངས་པའི་དུས་རབས་གཉིས་དང་གསུམ་གྱི་རིང་ལ་སརྒྱས་པའི་ཆོས་གནས་ཐུབ་ངེས་ཡིན་པ་བཀའ་བསྩལ་བ་དང་ཆབས་ཅིག དུས་ཡུན་དེའི་རྗེས་སུ་གོ་ལའི་ཚ་དྲོད་འཕེལ་བའམ་ཁོར་ཡུག་གིས་རྐྱེན་པས་ཆོས་བརྒྱུད་ལྟ་ཞོགས་འགྲོ་བ་གནས་དང་མི་གནས་ནི་འདྲི་གཞི་ཞིག་རེད་ཅེས་ཞལ་ཤོབ་བཅས་བཀའ་བསྩལ་མཛད་འདུག མགོན་པོ་༸གང་ཉིད་མཆོག་གིས་ཡི་ཤུའི་ཆོས་བརྒྱུད་གཙོས་པའི་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་ལུགས་མང་དག་ཅིག་གིས་ང་ཚོ་ཚང་མ་དཀོན་མཆོག་གིས་བཟོས་པ་ཞིག་ཏུ་འདོད་ཀྱི་ཡོད་པ་གཞིགས། འཛམ་བུ་གླིང་འདིའི་ནང་དུ་ཡོད་པའི་མི་ཐེར་འབུམ་བདུན་པོ་དེ་དག་དཀོན་མཆོག་གཅིག་གམ་ཕ་གཅིག་ལས་ཆས་པའི་གཅེན་གཅུང་ཤ་སྟགས་ཡིན་པ་མཚོན་ཀྱི་ཡོད་ཀྱང་ང་ཚོ་དང་ཁོང་ཚོ་ཞེས་ཕྱོགས་ཞེན་རྐྱེན་པས་ཕན་ཚུལ་གསོད་རེས་དང་བརྙས་བཅོས་གཏོང་རེས་བྱེད་བཞིན་པའི་བྱ་སྤྱོད་དེ་དག་ནི་དཀོན་མཆོག་ཅེས་ཁ་ཙམ་ལས་ཕན་ཐོགས་མ་བྱུང་བ་ཞིག་ཡིན་པ་བཀའ་བསྩལ་བ་དང་འབྲེལ། སརྒྱས་པའི་ཆོས་བརྒྱུད་ནང་འཇིག་རྟེན་བཀོད་པ་པོ་དང་དཀོན་མཆོག་འདོད་ཀྱི་མེད་པ་དང་། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ནི་ང་ཚོའི་དགེ་རྒན་ཞིག་ཡིན་པར་མ་ཟད་སརྒྱས་ཀྱི་གསུང་ལ་བརྟེན་ནས་དེར་སློབ་སྦྱོང་དང་བརྟག་དཔྱད་གནང་བའི་བརྒྱུད་འགྲོ་བའི་སྡུག་བསྔལ་དང་མ་རུང་བའི་སེམས་དེ་བཅོས་ཐབས་བྱེད་དགོས་པ་ནི་གལ་ཆེན་ཞིག་ཡིན་པར་ལམ་སྟོན་མཛད་འདུག དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ནས་ཆས་པའི་བོད་བརྒྱུད་ནང་བསྟན་གྱིས་རྒྱུ་མཚན་ལ་དཔྱད་དེ་བརྒྱུད་མ་རུང་བའི་སེམས་དེ་འདུལ་ཐབས་གནང་གི་ཡོད་པ་ནི་དམིགས་བསལ་བ་ཅིག་ཡིན་པ་དང་། མགོན་པོ་༸གང་ཉིད་མཆོག་གིས་དུས་རྟག་ཏུ་སརྒྱས་པའི་ཆོས་བརྒྱུད་ཀྱི་གཞི་མ་ནི་པཱ་ལིའི་ཆོས་བརྒྱུ་ཡིན་པ་དང་། ནཱ་ལེནྡཱའི་ཆོས་བརྒྱུད་ནི་རྒྱུ་མཚན་ལ་བརྟེན་ནས་ཉམས་ལེན་བྱ་རྒྱུ་དེ་ཡིན་སྐོར་བཀའ་བསྩལ་བ་དང་ཆབས་གཅིག  ནཱ་ལེནྡཱའི་ཆོས་ཆོས་བརྒྱུད་འཛིན་མཁན་ཞིག་གི་ངོས་ནས་དུས་ནམ་ཡང་རེད་རེད་ཅེས་པའི་སྒོ་ནས་ཁས་ལེན་མི་བྱེད་པར་ཅིའི་ཕྱིར་ཞེས་རྒྱུ་མཚན་དང་རིགས་པའི་ལམ་ནས་འཇུག་དགོས་གལ་ཡིན་པ་བཀའ་བསྩལ་ཡོད་པ་རེད། མགོན་པོ་༸གང་ཉིད་མཆོག་གིས་མཇུག་ཏུ་བཇལ་བཅར་བ་རྣམས་ལ་༸དཔལ་མགོན་འཕགས་པ་ཀླུ་གྲུབ་ཀྱིས་མཛད་པའི་རྩ་བ་ཤེས་རབ་དང་དབུ་མ་འཇུག་པ་རྣམས་རྒྱ་སྐད་ཏུ་ཡོད་པ་ལྟར། དེ་དག་ཁ་འདོན་བྱ་རྒྱུ་ཙམ་མིན་པར་སློབ་སྦྱོང་བྱེད་དགོས་པ་དང་། སློབ་གཉེར་གནང་སྐབས་དང་ཐོག་མཁྲེགས་པོ་ཚོར་སྲིད་ཀྱང་ཡང་ནས་ཡང་ཏུ་ལྟ་ཀློག་དང་སློབ་སྦྱོང་གནང་བ་དེས་རིམ་བཞིན་གོ་བ་རྙེད་རྒྱུ་ཡོད་པ་དང་དེ་བཞིན་ཕན་ཐོགས་ཀྱང་ཆེན་པོ་ཡོད་པ་བཀའ་བསྩལ་བ་དང་སྦྲགས། སརྒྱས་པའི་ཆོས་ལ་སློབ་སྦྱོང་བྱེད་མཁན་ཞིག་ཡིན་ཕྱིན་ཆད་རང་ཉིད་ཀྱི་སྟོན་པ་སརྒྱས་བཅོམ་ལྡན་འདས་དང་དཔལ་ནཱ་ལེནྡཱའི་མཁས་པ་རྣམས་ཀྱི་སློབ་མ་ཞིག་ཡིན་བསམ་དགོས་པར་བཀའ་བསྩལ་མཛད་ཡོད།

 རྒྱ་གཞུང་གིས་ཆོས་ལུགས་དང་འབྲེལ་བའི་ཁྲིམས་སྒྲིག་གསར་པ་གཏན་འབེབས་བྱས་འདུག

རྒྱ་ནག་གཞུང་གིས་ཆོས་ལུགས་ཚོགས་པ་དོ་དམ་བྱ་ཐབས་ཟེར་བའི་ཁྲིམས་སྒྲིག་གཏན་འབེབས་དང་འབྲེལ། ལོ་འདིའི་ཕྱི་ཟླ་ ༢ པའི་ཚེས་ ༡ ནས་ལག་བསྟར་འགོ་འཛུགས་རྒྱུ་ཡིན་པའི་བརྡ་ཁྱབ་བཏང་འདུག དེའང་ཉེ་ཆར་ཕྱི་ཟླ་ ༡༢ ཀྱི་ཚེས་ ༣༠ ཉིན་འདོན་སྤེལ་བྱས་པའི་ཆོས་ལུགས་ཚོགས་པ་དོ་དམ་བྱ་ཐབས་ཟེར་བའི་ཁྲིམས་སྒྲིག་དེ་ནི་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲིམས་ཡིག་ཨང་༡༣ པ་དེ་ཡིན་པ་དང་། ཕྱི་ལོ་༢༠༢༠ ཟླ་༢ ཚེས་༡ ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་རབས་བསྒྲགས་འདུག ལེའུ་༦ དང་ནང་གསེས་དོན་ཚན་༤༡ ཡོད་པའི་ཁྲིམས་ཡིག་དེའི་ནང་དུ་གཙོ་བོ། ཆོས་ལུགས་ཚོགས་པའི་རྩ་འཛུགས་དང་སྒྲིག་གཞི། ཆོས་ལུགས་ཚོགས་པའི་འགན་འཁུར་མི་སྣ་དང་དེའི་ནུས་པ། དེ་ལ་ལྟ་སྐུལ་དོ་དམ་སོགས་གཏན་འབེབས་བྱས་ཡོད་པ་འཁོད་འདུག ཁྲིམས་སྒྲིག་འདི་ནི་རྒྱ་གཞུང་གིས་ཕྱི་ལོ་ ༢༠༠༥ ལོར་གཏན་འབེབས་དང་ཕྱི་ལོ་༢༠༡༧ ལོར་བསྐྱར་གཅོས་བྱས་སྟེ་༢༠༡༨ ཟླ་༢ ཚེས་༡ ཉིན་ནས་ལག་བསྟར་བྱེད་པའི་༼ཆོས་ལུགས་ལས་དོན་སྲོལ་ཡིག་༽ཅེས་པ་དེ་སྔར་ལྷག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་ཐབས་ལ་དམིགས་པ་ཞིག་རེད་འདུག རྩ་བའི་ཆོས་ལུགས་ལས་དོན་གྱི་སྲོལ་ཡིག་ཞེས་པ་འདིའི་ནང་གཙོ་བོ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་བཞག་འཕེལ་རྒྱས་དང་། ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་བཟོ་རྒྱུ། དེ་བཞིན་སྤྱི་ཚོགས་ཞི་མཐུན་དང་མི་རིགས་མཐུན་སྒྲིལ། རྒྱལ་ཁབ་ཀྱི་བདེ་འཇགས་དང་མེས་རྒྱལ་གོང་བུ་གཅིག་གྱུར་བཅས་འཁོད་ཡོད་པ་ལྟར། དེའི་ནང་ནས་གཙོ་བོ་དེ་ཆོས་ལུགས་ཀྲུང་གོ་ལ་བསྒྱུར་བ་ཞེས་པ་དེ་ཡིན་པ་རེད་འདུག བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་པད་མ་རྒྱལ་ལགས་སུ་བཀའ་འདྲི་ཞུས་སྐབས། ཁོང་གིས་རྩ་བའི་རྒྱ་ནག་དམར་ཤོག་ཚོགས་པས་ཆོས་ལུགས་ཀྱི་རིག་གཞུང་དེ་དུག་ཡིན་པར་བརྗོད་མཁན་གྱི་ཆོས་མེད་སྨྲ་བའི་སྒེར་གཅོད་སྲིད་གཞུང་ཞིག་ཡིན་པ་ལྟར། མི་རིགས་ཀྱི་ཆོས་ལུགས་རིག་གཞུང་ཚང་མ་ཀྲུང་གོ་ཅན་ལ་བསྒྱུར་དགོས་ཟེར་བ་དེ་ནི་དོན་དངོས་སུ་དམར་པོའི་རིང་ལུགས་དང་། དེའི་ཆབ་སྲིད་ཀྱི་ལྟ་བ་མ་གཏོགས། མི་རིགས་སོ་སོའི་ཆོས་ལུགས་རིག་གཞུང་ཁག་ཚང་མ་རྩ་མེད་བཟོ་དགོས་ཟེར་བ་དང་གཅིག་པ་ཡིན་པར་གསུངས་སོང་། ལྷག་པར་དུ་ཁོང་གིས་རྒྱ་ནག་གཞུང་གིས་དམིགས་ཡུལ་བཟུང་པ་ལྟར་ད་བར་མི་རིགས་ཀྱི་ཆོས་ལུགས་རྩ་མེད་གཏོང་ཐུབ་མེད་པ་སོགས་ལ་བརྟེན་ནས་རྒྱ་གཞུང་གི་ལོ་ལྟར་ཆོས་ལུགས་དང་འབྲེལ་བའི་ཁྲིམས་སྒྲིག་གཏན་འབེབས་དང་བསྐྱར་བཅོས་བྱེད་བཞིན་ཡོད་པ་གསུངས་སོང་།

ཨོ་སི་ཊོ་ལི་ཡ་ནང་དུ་མེའི་གོད་ཆག་ཕོག་པར་བོད་མི་ཚོས་ཞལ་འདེབས་བསྡུ་རུབ་དང་སྨོན་ལམ་གསུང་འདོན།

Australia ནང་དུ་མེའི་གོད་ཆག་འོག་མི་དང་སྲོག་ཆགས་ས་ཡ་མང་པོའི་ཚེ་སྲོག་ཤོར་བའི་ཆེས་ཛ་དྲག་གི་གནས་སྟངས་ཆགས་ཡོད་པ་དང་འབྲེལ། གནས་མཆོག་རྡོ་རྗེ་གདན་དུ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དང་དེ་བཞིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཁུལ་དུ་རྟེན་གཞི་བྱས་པའི་རྣམ་གྲོལ་གླིང་དུ་སྨོན་ལམ་བསྔོ་སྨོན་གསུང་འདོན་སོགས་གནང་བ་མ་ཟད། ཨོ་སི་ཊོ་ལི་ཡའི་ Sydney གྲོང་ཁྱེར་ནང་གི་བོད་རིགས་མཐུན་ཚོགས་ཀྱི་ངོས་ནས་མི་སྐྱོན་ཕོག་པ་རྣམས་ལ་རོགས་སྐྱོར་གྱི་ཞལ་འདེབས་བསྡུ་རུབ་དང་རྐྱེན་འདས་སུ་གྱུར་བ་རྣམས་ཀྱི་ཆེད་དུ་མཆོད་འབུལ་སྨོན་ལམ་གནང་བཞིན་འདུག ཁ་སང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་བཀའ་ཆོས་ཉིན་མཐའ་མའི་ཐོག་མེའི་འཇིག་པའི་གོད་ཆག་ཚབས་ཆེན་ཕོག་པར་ཐུགས་འཚབ་ཡོད་པའི་བཀའ་སློབ་བསྩལ་བ་དང་བོད་མི་རྣམས་ནས་རང་ནུས་གང་ལྕོགས་ཀྱིས་སྨོན་ལམ་གསུང་འདོན་གནང་དགོས་པའི་ལམ་སྟོན་ཕེབས་དོན་བཞིན་ཕྱི་དྲོ་རྡོ་རྗེ་གདན་དུ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་འདུན་ཡོངས་ནས་ཨོ་སི་ཊོ་ལི་ཡར་མེའི་འཇིག་པའི་གོད་ཆག་ཕོག་རྐྱེན་ཚེ་སྲོག་ཤོར་བ་དང་དཀའ་སྡུག་མྱོང་བཞིན་པའི་སྐྱེ་འགྲོ་ཡོངས་ཀྱི་ཆེད་དུ་སྨོན་ལམ་གསུང་འདོན་གནང་འདུག དེ་བཞིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཁུལ་དུ་རྟེན་གཞི་བྱས་པའི་རྣམ་གྲོལ་གླིང་དུ་ཨོ་སི་ཊོ་ལི་ཡ་ནང་དུ་མེའི་གོད་ཆག་འོག་མི་དང་སྲོག་ཆགས་ས་ཡ་མང་པོའི་ཚེ་སྲོག་ཤོར་བའི་ཆེས་ཛ་དྲག་གི་གནས་སྟངས་གྱུར་པར་བསྔོ་སྨོན་གསུང་འདོན་སོགས་གནང་འདུག དེ་དང་ཕྱོགས་མཚུངས་ཁ་སང་ཨོ་སི་ཊོ་ལི་ཡ་ནང་གི་ Sydney བོད་རིགས་མཐུན་ཚོགས་ཀྱི་ངོས་ནས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་དུ་བོད་རིག་མཐུན་ཚོགས་ཀྱིས་འདས་གསོན་ཡོངས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ཞལ་འདེབས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་དོན་ལྟར་ཞལ་འདེབས་ཇི་བྱུང་རྣམས་འབྲེལ་ཡོད་ལས་ཁུངས་སུ་འབུལ་རྒྱུ་ཡིན་པ་དང། ཕྱི་ཚེས་ ༩ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༡༠ ནས་ཉིན་རྒྱབ་ཕྱག་ཚོད་ ༡ བར་ཁུལ་དེའི་ Dee Why Beach ས་གནས་སུ་དགེ་འདུན་པ་དང་མི་མང་རྣམས་ཞབས་རིམ་གསོག་སྒྲུབ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ཆོས་བསྐོར་སེར་ཕྲེང་གནང་རྒྱུ་ཡིན་པ་གསུངས་འདུག རྩ་བའི་དེ་རིང་ BBC སོགས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་ཁ་སང་དང་དེ་རིང་གཉིས་ལ་མེ་སྐྱོན་ཚབས་ཆེན་ཕོག་སའི་ས་ཁུལ་ New South Wales དང་ Victoria ནང་དུ་ཆར་པ་ཕྲན་བུ་བབས་པར་བརྟེན་གནས་སྟངས་ཅུང་དྲག་སྐྱེད་ཕྱིན་པས་མེ་སྐྱོན་འོག་ཚུད་པ་རྣམས་ལ་ལྟོ་ཆས་བསྐྱལ་ཐུབ་པ་བྱུང་སྐོར་བཀོད་འདུག འོན་ཀྱང་ཁུལ་དེའི་ནང་གི་གནམ་གཤིས་སྔོན་བརྡར་གཞིགས་ཚེ་ བདུན་ཕྲག་འདིའི་རེས་གཟའ་པ་སངས་ཉིན་སླར་ཚ་དྲོད་རྒྱས་སྲིད་པར་ཚོད་དཔག་གནང་འདུག དེ་རིང་བར་གྱི་གནས་ཚུལ་ལ་གཞིགས་ན་ཐེངས་འདིའི་ཨོ་སི་ཊོ་ལི་ཡའི་མེ་སྐྱོན་འོག་མི་གྲངས་ ༢༥ འདས་གྲོངས་སུ་ཕྱིན་ཡོད་པ་ཤེས་རྟོགས་ཐུབ་པ་དང། རི་དྭགས་ས་ཡ་ ༥༠༠ ཙམ་རྐྱེན་འདས་སུ་གྱུར་བ། མེ་སྐྱོོན་མ་ཕོག་སའི་རྒྱལ་ས་ Canberra དང་ Sydney དེ་བཞིན་ Melbourne བཅས་ཀྱི་ནང་དུའང་དུ་བ་འཁེངས་པས་བེུད་སྦྲུམ་མ་དང་ཕྲུ་གུ དེ་བཞིན་དུས་རྒྱུན་དབུགས་བསག་ནད་པ་ཚོར་འཕྲོད་བསྟེན་གྱི་དཀའ་ངལ་དང། དུ་བ་མང་དྲག་རྐྱེན་མཐོང་མ་ཐུབ་པ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་པ་རེད་འདུག ད་ལྟའི་ཆར་ཡུལ་དེའི་སྲིད་བློན་གྱིས་མེ་སྐྱོན་ཕོག་པ་རྣམས་ལ་ངལ་སེལ་རོགས་སྐྱོར་ཆེད་ཨ་སྒོར་ཐེར་འབུམ་ ༢ ཙམ་གྱི་འགྲོ་གྲོན་གཏང་རྒྱུའི་ཐག་གཅོད་གནང་ཡོད་ཀྱང། ཁོང་གིས་མེ་སྐྱོན་ཕོག་སྐབས་ Hawaii ནང་སྤྲོ་འཆམ་ལ་ཕེབས་པ་དང་གནམ་གཤིས་འགྱུར་ལྡོག་ཐད་མཚན་རིག་པ་དང་ཁོར་ཡུག་ལས་འགུལ་བ་རྣམས་ཀྱི་ཉེན་བརྡ་དང་ཞུ་གཏུག་རིམ་པར་སྣང་མེད་བཏང་བར་བརྟེན་མང་ཚོགས་ཀྱིས་སྐྱོན་བརྗོད་ཤུགས་ཆེ་གནང་བཞིན་འདུག དེའི་ཁྲོད་དེ་རིང་སྤྱི་ཚོགས་བརྒྱུད་ལམ་ཁག་གི་ཐོག་རྒྱལ་སྤྱིའི་གློག་བརྙན་འཁྲབ་སྟོན་པ་དང་གཞས་པ། གཞས་མ། དེ་བཞིན་སྙན་གྲགས་ཆེ་བའི་མི་སྣ་མང་དག་ཅིག་ནས་ཨོ་སི་ཊོ་ལི་ཡ་ནང་གི་གནས་སྟངས་ཐོག་སེམས་འཚབ་དང་འབྲེལ་རོགས་སྐྱོར་ཆེད་དཔལ་འབྱོར་བསྡུ་རུབ་ཀྱི་ལས་འགུལ་སྤེལ་བ་ལྟར་གཏོང་ཕོད་ཅན་ཚོས་ཨ་སྒོར་ས་ཡ་མང་པོ་ཞལ་འདེབས་གནང་མཁན་འབྱུང་བཞིན་ཡོད་པ་རེད་འདུག

རེས་གཟའ་མིག་དམར། ༢༠༢༠།༠༡།༠༧

ཉན་པ།: Listen ཕབ་ལེན། Download བོད་ནང་དུ་སློབ་ཕྲུག་ཚོ་གུང་གསེང་རིང་ཆོས་ལུགས་ཀྱི་གནང་སྒོར་ཞུགས་མི་ཆོག་པའི་བསྒྲགས་གཏམ། ཨོ་གླིང་དུ་མེའི་གནོད་འཚེ་ཕོག་མཁན་རྣམས་ལ་བོད་མིས་ཞལ་འདེབས་བསྡུ་རུབ་དང་སྨོན་ལམ་གསོག་སྒྲུབ་གནང་བཞིན་པ། རྡོར་གདན་དུ་འཚོགས་པའི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ལེགས་པར་མཇུག་སྒྲིལ། མཚོ་སྔོན་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་ཟུར་པ་ཧོང་ཀོང་ནང་གི་རྒྱ་གཞུང་གི་འགོ་ཁྲིད་དུ་བསྐོ་གཞག གླུ་གཞས་ལེ་ཚན། གཞས་མ་ཀླུ་མོ་མཚོ་ལགས་ཀྱིས་བླངས་པའི་མཐིང་མདོག་གི་ཕ་ས། Tuesday 07/01/2020 Tibetan students ordered not to take part in religious activities during winter break Tibetans hold solidarity prayer vigil for Australia fire victims Chotrul Monlam Chenmo concludes in Bodh Gaya Former CCP Secretary of Qinghai, Tibet appointed new envoy of Beijing in Hong Kong MUSIC FEATURE: ‘Thingdok Ki Phasa’ by Lumo Tso

སློབ་ཕྲུག་ཚོ་གུང་སེང་རིང་ཆོས་ལུགས་ཀྱི་གནང་སྒོར་ཞུགས་མི་ཆོག་པའི་བསྒྲགས་གཏམ།

རྒྱ་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་གི་སློབ་ཕྲུག་ཚོ་དགུན་ཁའི་གུང་གསེང་སྐབས་སུ་ཆོས་ལུགས་ཀྱི་གནང་སྒོ་ཁག་ཏུ་ཞུགས་མི་ཆོག་པའི་དོན་ཚན་བདུན་ཡོད་པའི་བརྡ་ཁྱབ་ཅིག་བཏང་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲྭ་གནས་ཐོག་གནས་ཚུལ་བཀོད་པར་གཞིགས་ན་ཉེ་ཆར་དགུན་ཁའི་གུང་གསེང་དང་སྟབས་བསྟུན་རྒྱ་གཞུང་གིས་ལྷ་སའི་ནང་གི་སློབ་གྲྭ་ཞིག་གི་ཁྱིམ་བདག་ཕ་མ་ཚོར་ཕྲུ་གུ་ཚོས་གུང་གསེང་རིང་བྱེད་མི་ཆོག་པ་དོན་ཚན་བདུན་ཅན་ཡོད་པའི་བརྡ་ཁྱབ་ཅིག་བཏང་ཡོད་པ་དང་། དེའི་ནང་འདས་ལོའི་གྲུབ་འབྲས་དང་ཡར་རྒྱས་གཏོང་དགོས་པའི་རིགས། ལྷག་པར་དུ་ཕ་མ་ཚོའི་ངོས་ནས་གུང་གསེང་རིང་བོད་རིགས་སློབ་ཕྲུག་ཚོར་ཁྱིམ་ཚང་ནང་རྒྱལ་ཞེན་དང་རང་བྱུང་ཁོར་ཡུག་དང་འབྲེལ་བའི་ལྟད་མོའི་རིགས་སྟོན་དགོས་པ་དང་དེ་བཞིན་ཕ་མ་དང་ལྷན་དུ་རང་ཁྱིམ་གྱི་ལས་ཀའི་རིགས་གཉེར་བཅུག་དགོས་པ་བཅས་ཆེད་བཀོད་བྱས་འདུག བརྡ་ཁྱབ་དེའི་ནང་མི་ཆོག་པའི་དོན་ཚན་ཁག་གི་ནང་དུ་ཕྲུ་གུ་ཚོ་གུང་གསེང་རིང་ཆོས་ཕྱོགས་ཀྱི་གནང་སྒོ་དང་ས་ཐག་རིང་པོར་འཁྲིད་མི་ཆོག་པ། གལ་སྲིད་དེ་ལྟར་བྱས་ཚེ་མཇུག་འབྲས་ཇི་ཡོང་ཕ་མ་ཚོས་འགན་འཁུར་དགོས་པ། དྲྭ་རྒྱ་བེད་སྤྱོད་གཏོང་ཡུལ་གྱི་ཟ་ཁང་སོགས་ཀྱི་ནང་བསྐྱོད་མི་ཆོག་པ་དང་རྒྱུན་དུ་གྲི་དང་གོ་མཚོན་རིགས་མཉམ་འཁྱེར་མི་ཆོག་པ། ཕྲུ་གུ་གཞན་ལ་གནོད་པའི་རིགས་བྱེད་མི་ཆོག་པ་དང་དེ་བཞིན་ཕ་མའི་ངོས་ནས་འགོས་ནད་རིགས་ནས་སྲུང་སྐྱོབ་བྱེད་དགོས་པ་སོགས་ཀྱི་དོན་ཚན་ཁག་གཅིག་བཀོད་འདུག རྩ་བའི་རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་བོད་རིགས་སློབ་ཕྲུག་ཚོར་དབྱར་ཁ་དང་དགུན་ཁའི་གུང་གསེང་སྐབས་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་ཏུ་ཞུགས་མི་ཆོག་པའི་གོང་ཞུས་ཀྱི་བརྡ་ཁྱབ་དང་དམ་དྲག་བྱས་པ་དེ་ད་ལན་ཐེངས་དང་པོ་ཆགས་ཀྱི་མེད་པ་རེད། འདས་ལོ་ ༢༠༡༨ དང་ ༢༠༡༩  གཉིས་སུའང་དམ་དྲག་བྱས་མྱོང་ཡོད་པ་མ་ཟད་རྒྱ་གཞུང་གིས་དེ་སྔ་ ༢༠༡༨ ལོའི་ས་ག་ཟླ་བ་མ་ཤར་བའི་གོང་དུ་ཆབ་མདོ་གྲོང་ཁྱེར་ནང་གི་ཕྲུ་གུ་དང་ཕ་མ་ཚོར་ས་ག་ཟླ་བའི་རིང་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་ཏུ་ཞུགས་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་དང་བཀའ་རྒྱ་དེ་ལོ་ལྟར་བོད་རང་སྐྱོང་ལྗོངས་ཁུལ་དུ་ས་ག་ཟླ་བའི་གོང་དུ་གཏོང་སྲོལ་ཡོད་པ་ཞིག་དང་།གལ་ཏེ་སྒྲིག་སྲོལ་འགལ་མཁན་རིགས་བྱུང་ཚེ་དེ་ལ་ཐག་གཅོད་ནན་པོ་བྱ་རྒྱུའི་ཉེན་བརྡ་སོགས་བཏང་ཡོད་པ་རེད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གཞུང་ནས་བོད་ཕྲུག་རྣམས་ཆོས་ལུགས་ཀྱི་གནང་སྒོ་ཁག་ནང་ཞུགས་རྒྱུར་དམ་དྲག་བྱེད་བཞིན་པ་དེ་ནི་རྒྱལ་ཚོགས་ཀྱི་གཞི་རྩའི་ཆོས་དད་རང་དབང་གི་འབྲུ་དོན་དང་སྒོས་རྒྱ་གཞུང་གིས་དེ་སྔ་ཕྲུ་གུའི་ཐོབ་ཐང་དང་འབྲེལ་བའི་གཏན་འབེབས་བྱས་པའི་ཁྲིམས་སྒྲིག་དག་ལ་རྩིས་མེད་རྡོག་རོལ་བཏང་བ་ཅིག་མཚོན་གྱི་ཡོད་པར་སྐྱོན་བརྗོད་གནང་སྟེ་རྒྱ་གཞུང་ནས་ཕྲུ་གུ་ཚོ་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་ཏུ་ཞུགས་རྒྱུ་ཐད་ལ་བཀག་སྡོམ་རྩ་བ་ནས་བྱེད་ཆོག་གི་མེད་པར་མངོན་གསལ་གནང་འདུག

Latest news