Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: December, 2022

འཚེ་མེད་ཞི་བའི་ཐོག་ནས་བོད་དོན་འཐབ་རྩོད་མུ་མཐུད་གནང་དགོས།

ཨོས་ཊོ་ལི་ཡ་ནས་ཡིན་པའི་བོད་དོན་རྒྱབ་སྐྱོར་བ་དང་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་སྐུ་ཞབས་ Drew pavlou ལགས་བཞུགས་སྒར་དུ་ཕེབས་པ་དང་བསྟུན། འདི་ག་རླུང་འཕྲིན་ཁང་ནས་ཁོང་ལ་བོད་དོན་དང་འབྲེལ་ནས་བཅར་འདྲི་འགའ་ཞུས་པར་བོད་མི་རྣམས་ནས་རྒྱ་ནག་གི་བཙན་གནོན་འོག་མི་སྤྱོད་ལས་འདས་པའི་དཀའ་སྡུག་མྱོང་བཞིན་ཡོད་ཀྱང་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཡག་པོ་གནང་བཞིན་ཡོད་པ་འདིས་ཁོང་ལ་སེམས་འགུལ་ཧ་ཅང་ཐེབས་སོང་ཞེས་གསུངས་པ་དང་ཆབས་ཅིག་འཚེ་མེད་ཞི་བའི་ཐོག་ནས་བོད་དོན་འཐབ་རྩོད་མུ་མཐུད་གནང་དགོས་གལ་ཡིན་པ་གསུངས་སོང་།སྐུ་ཞབས་ Drew pavlou ལགས་རང་ཉིད་ལས་འགུལ་བ་ཞིག་ཡིན་པ་དང་འབྲེལ། ཁོང་གིས་བཙན་བྱོལ་ནང་གི་བོད་དོན་ལས་འགུལ་བ་རྣམས་དང་མཇལ་མོལ་བྱུང་སྐབས་བོད་མིའི་སྙིང་སྟོབས་དང་རེ་བ་ཞུམ་པ་མེད་པར་གནས་ཡོད་པ་མཐོང་སྐབས་ཁོང་ཉིད་ལ་སེམས་འགུལ་དམིགས་བསལ་བ་ཞིག་ཐེབས་སོང་ཞེས་འགྲེལ་བརྗོད་དང་འབྲེལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་གནང་བའི་འཚེ་མེད་ཞི་བའི་ལྟ་གྲུབ་དང་། བྱམས་སྙིང་རྗེ་སོགས་ཡིད་ལ་བཅངས་ཏེ་ཤར་བསྐྱོད་གནང་དགོས་པར་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་རྣམས་སྲུང་སྐྱོབ་ཐོག་འཛམ་གླིང་ཐོག་དྲིལ་བསྒྲགས་གནང་དགོས་གལ་ཡིན་པ་སོགས་གསུངས་ཡོད།ཁོང་གིས་ད་ལྟའི་ཆར་རྒྱ་ནག་ནང་ངོ་རྒོལ་གྱི་གནད་དོན་དང་འབྲེལ་ནས་གསུངས་པར་ཏོག་དབྱིབས་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་འོག་ནས་བྱུང་བ་ཙམ་མིན་པར་ལོ་ ༧༠ ལྷག་གི་རིང་ལ་རྒྱ་ནག་གཞུང་གིས་མི་མང་ལ་དམ་བསྒྲགས་དང་གཉའ་གནོན་བྱས་པའི་རྐྱེན་གྱིས་དེ་ལྟར་བྱུང་བ་ཞིག་ཡིན་སྐོར་གསུངས་པ་དང་འབྲེལ། རྒྱ་ནག་གཞུང་ནས་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་འོག་ཐེམ་སྤང་བཀའ་རྒྱ་འདི་ཉིད་མི་མང་རྣམས་ཆབ་སྲིད་ཀྱི་གནད་དོན་དང་ལོགས་སུ་འཇོག་རྒྱུའི་ཐབས་བྱུས་ཤིག་ཡིན་པ་དང་། རྒྱ་གཞུང་ནས་དེ་འབྲེལ་སྲིད་བྱུས་འོག་ཐེམ་སྤང་བཀའ་རྒྱ་འཕྲལ་དུ་མཚམས་འཇོག་བྱེད་སྲིད་ཀྱང་། བོད་གཙོས་པའི་ཤིན་ཅང་དང་སོག་པོ། ཧོང་ཀོང་སོགས་ཀྱི་ནང་དུ་མནར་གཅོད་དང་། མི་གཅིག་དབང་བསྒྱུར་གྱི་རིང་ལུགས་ད་དུང་མུ་མཐུད་གནས་ཀྱི་རེད་ཅེས་འགྲེལ་བརྗོད་གནང་སོང་། རྩ་བའི་སྐུ་ཞབས་ Drew pavlou ལགས་བཞུགས་སྒར་དུ་ཆེད་ཕེབས་གནང་དགོས་དོན་ནི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་ཆེད་ཡིན་པ་དང་སྦྲགས། ཁ་སང་ཕྱི་ཚེས་ ༥ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་དང་བཀའ་སློབ་སྩལ་བའི་ཁྲོད་མགོན་པོ་༸གང་ཉིད་མཆོག་གིས་འགྲོ་བ་མི་ཐམས་ཅད་ལ་དབྱེ་བ་མེད་པར་རྟག་ཏུ་སྙིང་རྗེ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་སོགས་བཀའ་སྩལ་མཛད་འདུག  

བོད་མིའི་རིགས་རྫས་དེ་ཚོང་གི་ཆེད་མིན་ཟེར་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།

ཨ་རིའི་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་བྷོ་སོ་ཌོན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་ཁག་གཅིག་གིས་ Massachusettes ནང་ཡོད་པའི་ Thermo Fisher Scientific ལས་ཁུངས་ཨ་མར་ཆེད་ཕེབས་ཀྱིས་བཟོ་ཚོང་ཁང་དེས་རྒྱ་ནག་གི་ཉེན་རྟོག་པར་བོད་མིའི་རིགས་རྫས་བསྡུ་རུབ་ཀྱི་ཡོ་ཆས་ཚོང་འགྲེམས་བྱེད་ཀྱི་ཡོད་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུགཁ་སང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་འགའ་ཞིག་གིས་ Thermo Fisher ལས་ཁུངས་སུ་ཆེད་ཕེབས་ཀྱིས་བཟོ་ཚོང་ཁང་དེས་རིགས་རྫས་མཁོ་སྒྲུབ་ཆེད་ཡོ་ཆས་རྒྱ་ནག་སྲིད་གཞུང་ལ་ཉོ་ཚོང་མཚམས་འཇོག་དགོས་ཞེས་པར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རུ་ཁག་ ༡༢༠ ལྷག་གིས་མཚན་རྟགས་བསྐྱོན་པའི་ཡིག་ཆ་གནང་སྟེ་བོད་མི་རྣམས་ཀྱི་རིགས་རྫས་དེ་ཚོང་གི་ཆེད་མིན་པ་དང་བཟོ་ཚོང་ཁང་དེས་རྒྱ་ནག་སྲིད་གཞུང་དང་མཉམ་དུ་ཚོང་གི་གན་རྒྱ་མཚམས་འཇོག་དགོས་ཞེས་འབོད་སྒྲ་སྒྲོག་པ་མ་ཟད་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་བསྣམས་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུགཉེ་བའི་ཆར་ནས་རྒྱ་ནག་སྲིད་གཞུང་གིས་བོད་མི་རྣམས་ལ་སྔར་ལྷག་གི་ལྟ་སྲུང་དང་དྲག་གནོན་བྱ་ཕྱིར་བོད་ཕྲུག་ལོ་ན་ལྔ་ཡན་ཆད་བཙན་གྱིས་རིགས་རྫས་བསྡུ་རུབ་བྱེད་ཀྱི་ཡོད་པའི་སྙན་ཐོ་རིམ་ཁག་ཐོན་ཡོད་པ་དང་སྒོས་རིགས་རྫས་མཁོ་སྒྲུབ་ཆེད་ཡོ་ཆས་རྣམས་ཨ་རིའི་ Thermo Fisher བཟོ་ཚོང་ཁང་ནས་ ཉོས་ཡོད་པའི་གནས་ཚུལ་ཐོན་ཡོད།  བོད་རང་བཙན་སློབ་ཕྲུག་ཚོགས་པས་  Thermo Fisher བཟོ་ཚོང་ཁང་དེས་རྒྱ་ནག་སྲིད་གཞུང་ལ་རིགས་རྫས་མཁོ་སྒྲུབ་ཀྱི་ཡོ་ཆས་འཚོང་བཞིན་པ་དེས་ཐད་ཀར་རྒྱ་གཞུང་གིས་བོད་ནང་མི་རིགས་ལྡེབ་གསོད་ཀྱི་སྲིད་བྱུས་ལག་བསྟར་བྱེད་མུས་ལ་ངན་སྦྲེལ་གནང་བ་དང་གཅིག་མཚུངས་ཡིན་པ་དང་ཕྱོགས་མཚུངས་སུ་བཟོ་ཚོང་ཁང་དེས་བཟང་སྤྱོད་དང་མཐུན་པའི་ཚོང་ལས་ཁང་ཞིག་ཡིན་པར་བཤད་ཡོད་པ་དེ་ལྟར་ནའང་། བཟོ་ཚོང་ཁང་དེས་རྒྱ་ནག་སྲིད་གཞུང་གིས་བོད་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཤུགས་ཆེ་རུ་གཏང་བར་རམ་འདེགས་བྱེད་ཀྱི་ཡོད་སྐོར་གསུངས་པ་དང་ཆབས་ཅིག བོད་མི་ཚོ་རྒྱ་ནག་དམར་ཤོག་ཚོགས་པའི་འོག་ཞེད་སྣང་ངང་བཞུགས་རྒྱུ་དང་མི་ཚེ་ཧྲིལ་པོ་ལྟ་སྲུང་འོག་བཞུགས་འདོད་མེད་པར་གསུངས་འདུག

རེས་གཟའ་ཟླ་བ། ༢༠༢༢།༡༢།༠༥

ཉན་པ།: Listen ཕབ་ལེན། Download སྐུ་ཞབས་ Aftab Pureval ལགས་གཙོས་ཨ་རིའི་གནད་ཡོད་མི་སྣ་ཁག་གཅིག་གིས་༸གོང་ས་མཆོག་གི་མཇལ་ཁ་ཞུས་པ། སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཇ་ཡ་རཱམ་ཋཱ་ཀུར་མཆོག་གིས་༸གོང་ས་མཆོག་དང་མཇལ་མོལ་གནང་བ། བཀའ་ཤག་གིས་རྒྱ་གཞུང་གི་རིམས་འགོག་སྲིད་བྱུས་ལ་བཅོས་སྒྲིག་ཡོང་བའི་རེ་སྐུལ་གནང་བ། རྒྱ་གཞུང་གི་མི་རིགས་ལྡེབ་གསོད་ཀྱི་སྲིད་བྱུས་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ། ཉི་ཧོང་གྲོས་ཚོགས་གོང་མར་བོད་གཙོས་ཤིན་ཅང་གི་གནས་བབ་ལ་སེམས་འཚབ་ཀྱི་གྲོས་ཆོད་བཞག་པ། བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་མི་སྣ་གྲགས་ཅན་ངོ་སྤྲོད། སྤྱན་བསལ་ཐུབ་བསྟན་ཀུན་འཕེལ། Monday 05/12/2022 Mayor Aftab Pureval and six others call on Dalai Lama at his residence Himachal CM Jai Ram Thakur meets Dalai Lama CTA stands in solidarity with people impacted by China’s lockdown Exiled Tibetans hold solidarity action for China’s protesters Japanese Parliament adopts resolution expressing concern over on human rights in China Introduction to Tibetan Historical figures: Thubten Kunphel-known as the "strong man of Tibet"  

སྐུ་ཞབས་ Aftab Pureval ལགས་གཙོས་ཨ་རིའི་གནད་ཡོད་མི་སྣ་ཁག་གཅིག་གིས་༸གོང་ས་མཆོག་གི་མཇལ་ཁ་ཞུས་པ།

ཨ་རིའི་ Cincinnati གྲོང་ཁྱེར་སྤྱི་ཁྱབ་པ་བོད་རིགས་ཨ་རི་བ་སྐུ་ཞབས་  Aftab Pureval ལགས་ཀྱིས་གཙོས་པའི་ཡུལ་དེའི་གྲིང་ཁྱེར་སྤྱི་ཁྱབ་པ་ཁག་གཅིག་དང་། གནད་ཡོད་མི་སྣ་ཁག་གཅིག་ཉིན་གོང་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གཙོས་ས་གནས་ཁག་གཅིག་ཏུ་འཚམས་གཟིགས་སུ་ཕེབས་ཀྱི་ཡོད་པ་དང་། དེ་རིང་ཁོང་རྣམ་པ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཆེད་བཅར་གྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གཟིམ་ཆུང་མཇལ་ཁ་དང་བཀའ་མོལ་མཛད་སོང་།དེ་རིང་སྔ་དྲོའི་མཇལ་ཁའི་སྐབས་ཨ་རིའི་ Cincinnati གྲོང་ཁྱེར་སྤྱི་ཁྱབ་པ་བོད་རིགས་ཨ་རི་བ་སྐུ་ཞབས་  Aftab Pureval ལགས་དང་  Louisville གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་ Greg Fischer ལགས།  California མངའ་སྡེའི་ Oakland གྲོང་ཁྱེར་སྤྱི་ཁྱབ་པ་ལྕམ་སྐུ་ Libby Schaaf ལགས།  Pittsburgh གྲོང་ཁྱེར་སྤྱི་ཁྱབ་ཟུར་པ་སྐུ་ཞབས་ Bill Peduto ལགས། དེ་བཞིན་ Louisville གྲེང་ཁྱེར་ནས་ཡིན་པའི་འཛམ་གླིང་ཐོག་ཁུ་ཚུར་རྩལ་འགྲན་པ་གྲགས་ཅན་སྐུ་གཤེགས་དམ་པ་ Muhammad Ali མཆོག་གི་སྐུ་ཟླ་ལྕམ་སྐུ་ Lonnie Ali ལགས། དེ་བཞིན་འབྲེལ་ཡོད་གནད་ཡོད་མི་སྣ་ཁག་གཅིག་སོགས་ཕེབས་འདུགགསར་འགོད་པས་སྐུ་ཞབས་  Aftab Pureval ལགས་ལ་བཅར་འདྲི་ཞུས་སྐབས་ཁོང་གིས་དེ་རིང་དྷ་སར་བཅར་ནས་ཨ་རིའི་ Cincinnati གྲོང་སྡེའི་སྤྱི་ཁྱབ་པར་འདེམས་ཐོན་བྱུང་བའི་བོད་རིགས་ཁོ་ན་བའི་ངོས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཆེས་ཐོག་མར་ཞལ་མཇལ་བྱུང་བ་ནི་དམིགས་བསལ་བསོད་ནམས་ཆེན་པོ་དང་། ངོས་རང་དེ་སྔ་བོད་དུ་ཐེངས་གཅིག་འགྲོ་མྱོང་ཡོད་ཅེས་གསུངས་པ་དང་སྦྲགས་ཏེ། ཁོང་གི་སྤོ་ལགས་དང་རྨོ་ལགས་བོད་ནས་བྲོས་བྱོལ་ལ་ཕེབས་ཏེ་བལ་ཡུལ་དུ་བཞུགས་ཡོད་པ་དང་། དེ་རིང་གི་མཇལ་མོལ་དེའི་ཐོག་ནས་བྱམས་དང་སྙིང་རྗེ་ཐོག་བཀའ་མོལ་བྱུང་ཡོད་སྟབས། ཨ་རིར་ཕྱིར་ལོག་གནང་རྗེས་བྱམས་བརྩེའི་ཐོག་ནས་ཕྱག་ལས་གནང་རྒྱུ་ཡིན་སྐོར་གསུངས་སོང་།ད་དུང་བོད་མི་མང་པོ་གནས་སྡོད་གནང་ཡུལ་གཙོས་བོད་པའི་རིག་གཞུང་དང་བོད་མིའི་ཞལ་ལག་ཡོད་སའི་ས་གནས་སུ་བཅར་ཐུབ་པར་ཧ་ཅང་དགའ་པོ་བྱུང་ཞེས་དང་། བོད་རིགས་མང་དག་ཅིག་དང་མཇལ་རྒྱུ་བྱུང་བ་འདི་ནི་ཕན་ཚུན་དབར་འབྲེལ་ལམ་འཛུགས་རྒྱུའི་གོ་སྐབས་བཟང་པོ་ཞིག་ཡིན་པར་གསུས་ཡོད།དེ་རིང་ཁོང་རྣམ་པ་༸གོང་ས་མཆོག་དང་མཇལ་མོལ་གྲུབ་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་སྐྱིད་དུ་ཆེད་ཕེབས་ཀྱིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་བཀའ་བློན་རྣམ་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོས་དབུས་འཐུས་མི་རྣམས་དང་ལྷན་དུ་མཇལ་ཕྲད་གནང་བ་མ་ཟད། བོད་ཀྱི་དཔེ་མཛོད་ཁང་གཙོས་རིག་གཞུང་གི་བསྟི་གནས་ཁག་ཏུ་གཟིགས་སྐོར་གནང་ཡོད། རྩ་བའི་སྐུ་ཞབས་  Aftab Pureval ལགས་ཕྱི་ལོ་ ༢༠༢༡ ལོའི་ཨ་རིའི་ Ohio མངའ་སྡེའི་ Cincinnati ཡི་གྲོང་སྡེའི་སྤྱི་ཁྱབ་ཀྱི་འོས་བསྡུ་ནང་ཆ་ཤས་བླངས་ཏེ་ཁྱོན་འོས་གྲངས་བརྒྱ་ཆ་ ༦༤ ཐོག་ནས་འོས་བསྡུའི་རྒྱལ་ཁ་ཐོབ་ཡོད་པ་དང་། ཁོང་ནི་ཨ་རི་ནང་འཚར་ལོངས་བྱུང་བའི་བོད་རིགས་ཤིག་ཨ་རིའི་གྲོང་ཁྱེར་ཆེ་གྲས་ཤིག་གི་གྲོང་སྡེའི་སྤྱི་ཁྱབ་ལ་འོས་འདེམས་བྱུང་བ་བཙན་བྱོལ་བོད་མིའི་ལོ་རྒྱུས་ནང་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང་། འདི་ལོའི་འགོ་སྟོད་དུ་ཁོང་གྲོང་སྡེའི་སྤྱི་ཁྱབ་ཀྱི་ལས་འཁུར་དམ་འབུལ་བཞེས་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་བརྩེ་པོས་འཚམས་འདྲི་སྩལ་བ་དང་སྦྲགས། ད་ཆ་བོད་མི་རྣམས་གནས་སྟངས་འདྲ་མིན་ཁྲོད་རང་ཉིད་ཀྱི་ངོ་བོ་རྒྱུན་འཛིན་གནང་སྟེ་གནས་ཡུལ་རྒྱལ་ཁབ་ཁག་ཏུ་ལས་རིགས་འདྲ་མིན་ཐོག་ནས་ཞབས་འདེགས་ཞུ་བཞིན་པ་མཇལ་རྒྱུ་ཡོད་པ་དེ་བློ་སྤོབས་སྐྱེད་གཞི་ཞིག་ཡིན་པར་བཀའ་སྩལ་ཡོད།

སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཇ་ཡ་རཱམ་ཋཱ་ཀུར་མཆོག་༸གོང་ས་མཆོག་གི་མཇལ་ཁར་བཅར་བ།

ཁ་སང་ཕྱི་ཟླ་ ༡༢ ཚེས་ ༤ ཉིན་གྱི་སྔ་དྲོ་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཇ་ཡ་རཱམ་ཋཱ་ཀུར་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཆེད་ཕེབས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་མཇལ་མོལ་གནང་སོང་།  མཇལ་མོལ་གྲུབ་མཚམས་སུ་གསར་འགོད་པས་སྤྱི་ཁྱབ་བློན་ཆེན་མཆོག་ལ་མཇལ་ཁ་དང་འབྲེལ་བའི་བཀའ་འདྲི་ཞུས་པར་ཁོང་གིས་དེ་རིང་སླར་ཡང་༸གོང་ས་མཆོག་དང་དངོས་སུ་མཇལ་འཕྲད་ཞུ་རྒྱུའི་གོ་སྐབས་བྱུང་བར་དགའ་པོ་ཞེ་དྲག་བྱུང་ཞེས་གསུངས་པ་དང་འབྲེལ་ཏེ། གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བྱིན་རླབས་དང་མཛད་རྗེས་ལ་བརྟེན་ནས་ད་བར་བོད་མི་དང་ས་གནས་ཡུལ་མིས་གཙོས་པའི་རྒྱ་གར་དབར་དམིགས་བསལ་གྱི་འབྲེལ་བ་བཟང་པོ་ཞིག་ཆགས་ཡོད་པ་དང་། ད་ལྟ་ཡོད་བཞིན་པའི་ཕྱོགས་ཕན་ཚུན་གྱི་འབྲེལ་བ་འདི་མུ་མཐུད་ནས་རྒྱུན་གནས་ཐུབ་དགོས་པ་ནི་གནད་འགག་དང་གལ་འགངས་ཆེན་པོ་ཞིག་ལ་ངོས་འཛིན་གནང་གི་ཡོད་པར་གསུངས་སོང་། སྤྱི་ཁྱབ་བློན་ཆེན་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བཀའ་དྲིན་ལ་བརྟེན་ནས་ད་ཆ་བཞུགས་སྒར་དྷརྨ་སཱ་ལཱ་འདི་བཞིན་རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་གྱི་ལྟེ་གནས་ཤིག་ཏུ་གྱུར་ཏེ། ལོ་ལྟར་བཞིན་ཕྱི་རྒྱལ་ཡུལ་གྲུ་གང་ས་ནས་ཆེད་མངགས་མགོན་པོ་༸གང་ཉིད་མཆོག་གི་ཞལ་མཇལ་གསུང་ཐོས་ཀྱི་མཇལ་ཁར་བཅར་བཞིན་ཡོད་པ་འདི་ནི་ང་ཚོའི་གཟི་བརྗིད་ཅིག་རེད་ཅེས་འགྲེལ་བརྗོད་གནང་ཡོད། ལྷག་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་འདི་མགོན་པོ་༸གང་ཉིད་མཆོག་གི་ལུང་པ་ལྟ་བུར་ངོས་བཞེས་མཛད་ཀྱི་ཡོད་པ་དང་། རྒྱ་གར་ནང་གི་ཆོས་དད་རང་དབང་ལ་ཡི་རང་བསྔགས་བརྗོད་མཛད་པར་མ་ཟད་སྒོས་ཆོས་དད་རང་དབང་ནི་ང་ཚོས་ངེས་པར་དུ་སྲུང་སྐྱོབ་དང་གོང་འཕེལ་གནང་དགོས་གལ་ཡིན་པ་སོགས་བཀའ་སློབ་ཕེབས་ཡོད་པ་གསུངས་སོང་།  རྩ་བའི་སྐུ་ཞབས་ Jai Ram Thakur མཆོག་གིས་ཕྱི་ལོ་ ༢༠༡༧ ལོའི་ལོ་མཇུག་ཙམ་ལ་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་ཐུགས་འགན་བཞེས་ཏེ་སྤྱི་ནོར་༸གོང་ས་༸སྐྱབ་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཐོག་མ་དེ་ཕྱི་ལོ་ ༢༠༡༨ ལོའི་ཕྱི་ཟླ་ ༢ ཚེས་ཤར་ལ་གནང་ཡོད།  ༸སྐུ་པར་བདག་དབང་ CM Office

ཉི་ཧོང་གི་གྲོས་ཚོགས་གོང་མར་བོད་གཙོས་ཤིན་ཅང་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་སེམས་འཚབ་ཀྱི་གྲོས་ཆོད་བཞག་པ།

དེ་རིང་ཉི་ཧོང་གི་གྲོས་ཚོགས་གོང་མར་མང་མོས་ཀྱི་འོས་བསྡུའི་ཐོག་རྒྱ་ནག་གིས་བོད་གཙོས་པའི་ཤིན་ཅང་དང་། ནང་སོག དེ་བཞིན་ཧོང་ཀོང་སོགས་ཀྱི་ནང་ཆོས་དད་རང་མོས་རྡོག་རོལ་དང་མང་ཚོགས་རྣམས་བཙན་གྱི་བཀག་སྐྱིལ་བྱེད་པའི་གནད་དོན་དང་འབྲེལ་ནས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཧ་ཅང་ཛ་དྲག་ཏུ་གྱུར་ཡོད་པའི་བློ་འཚབ་ཀྱི་རྣམ་པ་མངོན་གསལ་དང་སྦྲགས། དེ་འབྲེལ་གྲོས་ཆོད་ཅིག་བཞག་འདུགཉི་ཧོང་གི་གྲོས་ཚོགས་གོང་མའི་ད་ལྟའི་གཞུང་འཛིན་གུ་ཡངས་མང་གཙོ་ཚོགས་པ་དང་། ཕྱོགས་འགལ་ཚོགས་པའི་ནང་ཉི་ཧོང་གི་ Constitutional མང་གཙོ་ཚོགས་པ་དང་། ཉི་ཧོང་ལེགས་བཅོས་ཚོགས་པ། དེ་བཞིན་ཉི་ཧོང་དམར་ཤོག་ཚོགས་པ་བཅས་མང་མོས་ཀྱི་ཐོག་ནས་རྒྱ་ནག་གིས་བོད་གཙོས་པའི་ཤིན་ཅང་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཧ་ཅང་ཛ་དྲག་བཟོས་ཡོད་པའི་སྐོར་གྲོས་ཆོད་ཅིག་བཞག་ཡོད་པ་དང་། གྲོས་ཆོད་དེ་ཉིད་བཞག་སྐབས་རྒྱ་ནག་ལ་ཐད་ཀར་སྐྱོན་འཛུགས་བྱས་མེད་ཀྱང་། གྲོས་ཆོད་དེའི་བརྒྱུད་ནས་ཉི་ཧོང་གི་གཞུང་ནས་རྒྱ་ནག་ལ་འགན་འཁུར་ལྡན་པ་ཞིག་བཟོས་དགོས་ཞེས་སྐུལ་མ་གནང་འདུག་པ་མ་ཟད། བོད་གཙོས་པའི་ཤིང་ཅང་དང་། ནང་སོག དེ་བཞིན་ཧོང་ཀོང་སོགས་ཀྱི་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་རྒྱུས་ལོན་ཐུབ་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་ལས་ཀྱི་ཐོག་ནས་ཐབས་ལམ་ཞིག་འཚོལ་བའི་བརྒྱུད་ཁུལ་དེ་དག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བྱ་ར་དང་། དེ་འབྲེལ་གནོད་འཚེ་ཕོག་མཁན་རྣམས་ཉེན་སྐྱོབ་དགོས་སྐོར་འཁོད་འདུགརྩ་བའི་ཉི་ཧོང་གི་གྲོས་ཚོགས་འོག་མའི་ནང་འདི་ལོའི་ཕྱི་ཟླ་ ༢ པའི་ཚེས་ ༡ ཉིན་བོད་གཙོས་པའི་ཤིན་ཅང་སོགས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་ཏུ་གྱུར་ཡོད་པའི་གྲོས་ཆོད་ཅིག་བཞག་པའི་རྗེས་གནད་དོན་དེར་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་བློ་འཚབ་ཀྱི་རྣམ་པ་མངོན་གསལ་གནང་ཡོད་པ་རེད།ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཉི་ཧོང་གི་གྲོས་ཆོད་དེའི་ནང་བོད་གཙོས་པའི་ཤིན་ཅང་སོགས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ནས་སེམས་འཚབ་ཆེན་པོ་བྱེད་ཀྱི་ཡོད་པ་དང་འབྲེལ། ཉི་ཧོང་གི་གཞུང་ནས་ཀྱང་གནད་དོན་དེའི་ཐོག་དམ་གཟབ་གནང་དགོས་སྐོར་འཁོད་ཡོད། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་ནི་རྒྱལ་ནང་གི་གནད་དོན་ཙམ་མིན་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དཀའ་ངལ་ཞིག་ཆགས་ཀྱི་ཡོད་པར་དེར་ཉི་ཧོང་ནང་དོ་སྣང་གནང་དགོས་གལ་སོགས་འཁོད་ཡོད་སྐོར་དང་། ཁོང་གིས་ད་དུང་ཉི་ཧོང་གི་གྲོས་ཚོགས་གོང་འོག་གཉིས་ཀའི་ནང་བོད་གཙོས་པའི་ཤིན་ཅང་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐད་གྲོས་ཆོད་བཞག་པ་དེ་བོད་དོན་ལ་རྒྱལ་ཁ་ཆེན་པོ་ཞིག་ཆགས་ཀྱི་ཡོད་སྐོར་འགྲེལ་བརྗོང་གནང་བྱུང་།

རྒྱ་གཞུང་གི་མི་རིགས་ལྡེབ་གསོད་ཀྱི་སྲིད་བྱུས་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།

ཡོ་རོབ་རྒྱལ་ཁབ་ཕ་རན་སི་དང་སུད་སི་ནང་གནས་འཁོད་བོད་མི་དང་ཡུ་གུར་བའི་མི་རིགས་གཙོས་རྒྱ་ནག་གི་དབང་བསྒྱུར་འོག་གནས་པའི་མི་མང་ཚོས་རྒྱ་ནག་དམར་ཤོག་གཞུང་གིས་སྤེལ་བཞིན་པའི་ཡུ་གུར་མི་རིགས་ལྡེབ་གསོད་ཀྱི་སྲིད་བྱུས་དང་བོད་རྒྱལ་ཁབ་དང་མི་རིགས་བཅས་པ་རྒྱལ་སྤྱིའི་ཁྲིམས་དང་འགལ་བའི་སྒོ་ནས་དབང་བསྒྱུར་བྱེད་བཞིན་པར་ཞི་བའི་གོམ་བགྲོད་དང་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད། འདས་པའི་གཟའ་མཇུག་ནང་ཕྱིའི་རང་དབང་ལུང་པར་གནས་པའི་བོད་མི་དང་ཡུ་གུར་བ། ཧོང་ཀོང་བ་དང་ནང་སོག་པ། དེ་བཞིན་རྒྱ་རིགས་མང་གཙོ་དོན་གཉེར་བ་བཅས་ཀྱིས་རྒྱ་ནག་དམར་ཤོག་གཞུང་གིས་ཤར་ཏུ་ཀི་སི་ཐན་དང་བོད་ཁུལ་དུ་སྤེལ་བཞིན་པའི་མི་རིགས་ལྡེབ་གསོད་ཀྱི་སྲིད་བྱུས་དང། དེང་སྐབས་རྒྱ་ནག་ནང་འཕྲད་བཞིན་པའི་མི་མང་གི་ངོ་རྒོལ་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཞི་རྒོལ་ལས་འགུལ་འདྲ་མིན་སྤེལ་བའི་ཁྲོད་འདིར་ཁ་ཉིན་རེས་གཟའ་སྤེན་པའི་ཉིན་ཡོ་རོབ་རྒྱལ་ཁབ་སུད་སི་ནང་ཡོ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་དང་སུད་སི་ས་གནས་ཡུ་གུར་མཐུན་ཚོགས་གཉིས་ཀྱི་གོ་སྒྲིག་འོག་སུད་སི་གྲོང་ཁྱེར་ཛུ་རིག་ནང་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད། ལས་འགུལ་ཐོག་མཉམ་ཞུགས་གནང་མཁན་ས་གནས་སུ་གནས་འཁོད་བོད་མི་དང་ཡུ་གུ་བའི་མི་རིགས་། དེ་བཞིན་ཐེ་ཝན་དང་རྒྱ་ནག་ཉམས་ཞིབ་པ་སོགས་ནས་རྒྱ་གཞུང་གིས་ཏོག་དབྱིབས་གཉན་རིམས་ཀླད་སྐོར་གྱི་སྲིད་བྱུས་ལ་ཁག་དཀྲི་བྱས་ནས་རྒྱ་ནག་གི་མངའ་འོག་ས་ཁུལ་ཁག་ཏུ་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་མང་ཚོགས་ཐོག་དྲག་གནོན་དང་གདུག་རྩུབ་ཀྱི་བྱ་སྤྱོད་སྤེལ་བཞིན་པར་ངོ་རྒོལ་སྐྱོན་བརྗོད་ཀྱི་གཏམ་བཤད་སྤེལ་བ་མ་ཚད་པར་བོད་དང་ཧོང་ཀོང། དེ་བཞིན་ཡུ་གུར་སོགས་ཀྱི་མང་ཚོགས་ལ་རང་དབང་དགོས་པའི་འབོད་སྒྲའི་འོག་ནས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད།ཡོ་རོབ་རྒྱལ་ཁབ་ཕ་རན་སི་རྒྱལ་ས་པེ་རིས་ནང་རྒྱ་ནག་དམར་ཤོག་གཞུང་གིས་ཡུ་གུར་མི་རིགས་ལྡེབ་གསོད་ཀྱི་སྲིད་བྱུས་དང་བོད་རྒྱལ་ཁབ་དང་མི་རིགས་བཅས་པ་རྒྱལ་སྤྱིའི་ཁྲིམས་དང་འགལ་བའི་སྒོ་ནས་དབང་བསྒྱུར་བྱེད་བཞིན་པར་ངོ་རྒོལ་གྱི་ཞི་བའི་གོམ་བགྲོད་ལས་འགུལ་སྤེལ་འདུག་ཅིང། ས་གནས་ཡུ་གུར་མང་ཚོགས་ཀྱིས་གོ་སྒྲིག་བྱས་པའི་མང་ཚོགས་བརྒྱ་ཕྲག་ལྷག་འདུ་འཛོམས་བྱུང་བའི་གོམ་བགྲོད་ཀྱི་ལས་འགུལ་ཐོག་ཡོ་རོབ་བོད་མི་མང་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ས་གནས་སུ་གནས་འཁོད་བོད་ཚོས་བོད་ཀྱི་རྒྱལ་དར་འཕྱར་ཏེ་གོམ་བགྲོད་ལས་འགུལ་ནང་མཉམ་ཞུགས་གནང་བ་དང་འབྲེལ། རྒྱ་ནག་གི་མངའ་འོག་ཏུ་དྲག་གནོན་མྱོང་བཞིན་པའི་མི་རིགས་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་ད་བར་རྒྱ་གཞུང་གི་མངའ་འོག་ས་ཁུལ་དེ་དག་ནང་སྤེལ་བཞིན་པའི་ཁྲིམ་འགལ་གྱི་བྱ་སྤྱོད་དག་ལ་ངོ་རྒོལ་གནང་ཡོད།སྤྱིར་ཉིན་དེར་རྒྱ་གར་དང་ཨ་རི། དེ་བཞིན་ཨོ་སི་ཊི་ལི་ཡ། བྱང་ཨ་རི་སོགས་བོད་མི་ཚོས་རྒྱ་ནག་སྐམ་ས་ཆེན་མོ་ནང་སྤེལ་བའི་མང་ཚོགས་ཀྱི་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱ་ནག་དམར་ཤོག་གཞུང་གིས་ཡུ་གུར་མི་རིགས་ལྡེབ་གསོད་ཀྱི་སྲིད་བྱུས་སོགས་ལ་རྣམ་པ་འདྲ་མིན་ཐོག་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུགནིའུ་ཡོག་དང་ནིའུ་འཇར་སིའི་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་ཕྱི་ཚེས་ ༣ ཉིན་རྒྱ་ནག་གཞུང་ཚབ་ལས་ཁང་མདུན་དུ་བོད་མི་རྣམས་ཀྱིས་ཞི་ཅིན་ཕིང་ངེས་པར་དུ་མར་འབབ་དགོས་པ་དང་རྒྱ་ནག་དམར་ཤོག་ཚོགས་པ་སྒོ་རྒྱག་དགོས་ཞེས་པའི་འབོད་ཚིག་སྒྲོག་བཞིན་ཞི་རྒོལ་གྱི་ལས་འགུལ་སྤེལ་ཡོད།ཕྱི་ཚེས་ ༤ ཉིན་ནིའུ་ཡོག་གི་Washington square park ལ་བོད་རང་བཙན་སློབ་ཕྲུག་ཚོགས་པས་ཧོང་ཀོང་དང་ཡུ་གུར། ཐེ་ཝན། དེ་བཞིན་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་ལྷན་མཉམ་སྦྲེལ་གྱིས་རྒྱ་ནག་སྐམ་ས་ཆེན་མོ་ནང་བྱུང་བའི་མང་ཚོགས་ཀྱི་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད།ཨོ་གླིང་ནང་དུའང་ Australia Tibet Council ཞེས་ཨོ་སི་ཊོ་ལི་ཡ་བོད་དོན་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་ Dr. Zoe Bedford ལགས་དང་བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས། དེ་བཞིན་ཨོ་སི་ཀྲོ་ལི་ཡའི་རྒྱལ་ཡོངས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་སྐལ་བཟང་ཚེ་རིང་ལགས་རྣམ་གསུམ་གྱིས་ཁེན་བྷེ་རར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་མདུན་དུ་བོད་ཀྱི་རྒྱལ་དར་དང་ཤོག་བུ་དཀར་པོ་བསྣམས་ཏེ་ལས་འགུལ་སྤེལ་བ་དང་སྦྲགས། ཨོ་སི་ཀྲོ་ལི་ཡའི་གཞུང་ནས་རྒྱ་ནག་སྲིད་གཞུང་ལ་མང་ཚོགས་ཀྱི་ཞི་རྒོལ་གནང་བའི་ཐོབ་ཐང་ལ་གུས་བརྩི་ཞུ་དགོས་པའི་ཞུ་སྐུལ་གནང་དགོས་ཞེས་གསུངས་པ་དང་སྦྲགས། རྒྱ་ནག་རྒྱལ་ནང་དང་དེ་བཞིན་རྒྱ་ནག་གིས་དབང་བསྒྱུར་འོག་ཡོད་པའི་མི་མང་གི་སྲིད་གཞུང་ལ་ངོ་རྒོལ་གནང་བར་གདུང་སེམས་མཉམ་བསྐྱེད་མཚོན་པའི་ལས་འགུལ་སྤེལ་ཡོད།དེ་བཞིན་ Sydney Town དུའང་བོད་མི་དང་རྒྱ་རིགས། ཡུ་གུར་བ། ཧོང་ཀོང་བ་སོགས་འདུ་འཛོམས་ཀྱིས་རྒྱ་ནག་སྲིད་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།  

བཀའ་ཤག་གིས་རྒྱ་གཞུང་གི་རིམས་འགོག་སྲིད་བྱུས་ལ་བཅོས་སྒྲིག་ཡོང་བའི་རེ་སྐུལ་གནང་བ།

བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་རྒྱ་ནག་ནང་གི་ངོ་རྒོལ་ལས་འགུལ་བར་གདུང་སེམས་མཉམ་བསྐྱེད་དང་འབྲེལ་རྒྱ་ནག་གི་ནོར་འཁྲུལ་ཅན་གྱི་རིམས་འགོག་གི་སྲིད་བྱུས་ལ་བཅོས་སྒྲིག་ཡོང་བའི་རེ་སྐུལ་གནང་འདུགཕྱི་ཟླ་ ༡༢ ཚེས་ ༢ ཉིན་བཀའ་ཤག་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་འདི་ལོའི་ཕྱི་ཟླ་ ༨ ཟླ་མཇུག་ནས་བཟུང་རྒྱ་ནག་ཏུ་མི་འབོར་དུང་ཕྱུར་གསུམ་ལྷག་ཐེམ་སྤང་བཀའ་རྒྱའི་འོག་ཏུ་ཟླ་གྲངས་དུ་མར་ཚུད་ཅིང་། ལྷ་ས་དང་ཨུ་རུམ་ཆི་ལྟ་བུར་ཟུར་བཀག་གི་དུས་ཚོད་ཉིན་གྲངས་བརྒྱ་ལྷག་བརྒལ་བ་བྱུང་སྟེ་མི་མང་གི་འགྲོ་འདུག་ཉལ་འཆག་དང་བཟའ་བཏུང་། སྨན་བཅོས། འཚོ་གནས། སེམས་ཁམས་སོགས་ལ་ཚད་ལས་བརྒལ་བའི་དཀའ་ངལ་འཕྲད་སྟབས་རྒྱ་ནག་གི་གྲོང་ཁྱེར་དང་མཐོ་སློབ་སོགས་དུ་མར་རིམས་ནད་འགོག་པའི་སྲིད་བྱུས་ལ་ངོ་རྒོལ་དང་རང་དབང་མང་གཙོའི་འདོད་འདུན་བསྒྲགས་འདུག་པར་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་དང་། ལྷག་དོན་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དེ་སྔ་ཕྱི་ཟླ་ ༩ ནང་བོད་ནང་དུ་རྒྱ་ནག་གི་ནོར་འཁྲུལ་ཅན་གྱི་ཏོག་དབྱིབས་སྲིད་བྱུས་ལ་བརྟེན་ནས་བོད་མིའི་ཚེ་སྲོག་ལ་ཉེན་ཁ་འཕྲད་པའི་གསར་འགོད་གསལ་བསྒྲགས་སྤེལ་ཟིན་པ་ལྟར། ནོར་འཁྲུལ་དེ་རིགས་བསྐྱར་ལྡབ་མི་ཡོང་བའི་རེ་སྐུལ་བསྐྱར་ནན་གནང་འདུག དེ་བཞིན་རིམས་ནད་ཀྱིས་འཛམ་གླིང་ཁྱོན་དུ་མིའི་ཚེ་སྲོག་དང་འཚོ་གནས་ལ་སྔར་མ་གྲགས་པའི་དཀའ་ངལ་འཕྲད་ཡོད་ཀྱང་། སྲིད་གཞུང་ཁག་གིས་ཚན་རིག་དང་མཐུན་ཞིང་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་ད་ཆ་ཡུལ་ལུང་ཕལ་ཆེ་བ་རྒྱུན་ལྡན་གྱི་འཚོ་བར་རོལ་ཐུབ་ཀྱི་ཡོད་པ་དང་། ཁ་རས་གྱོན་མ་དགོས་པའི་མི་འབོར་ས་ཡ་བརྒལ་པའི་རྒྱལ་སྤྱིའི་རྐང་སྤོལ་འགྲན་བསྡུར་ཡང་དབུས་ཤར་ཨེ་ཤ་ཡར་ཚ་ཚ་འུར་འུར་ངང་འགྲོ་བཞིན་ཡོད་པར་འགྲེལ་བརྗོད་དང་སྦྲགས། རྒྱ་ནག་ནི་གོ་ལའི་གྲོང་ཚོའི་ཆ་ཤས་ཤིག་དང་། འགྲོ་བ་མིའི་ཁྱིམ་ཚང་གི་གྲུབ་ཆ་ཞིག་ཡིན་སྟབས། རྒྱལ་མཚམས་ཀྱིས་གཅོད་ཐབས་མེད་ཅིང་། རྒྱལ་ཁབ་ལམ་ལུགས་ཀྱི་དབྱེ་བ་མེད་པའི་རིམས་ནད་འདིར་གདོང་ལེན་གཅིག་མཚུངས་སུ་བྱེད་དགོས་པ་ཡིན་པས། མི་མང་གིས་ནད་འགོག་སྲིད་བྱུས་ལ་འདོད་པ་ཁེངས་མེད་པའི་རྣམ་འགྱུར་བསྟན་པ་དང་། རང་དབང་དང་མང་གཙོའི་དགོས་འདུན་བཏོན་པར་དྲང་ཕྱོགས་ནས་ངོས་འཛིན་གྱིས་དྲག་གནོན་དང་མནར་གཅོད་མི་གཏོང་བར། རྒྱལ་སྤྱིའི་གཞུང་མང་མཉམ་འབྲེལ་གྱི་བྱེད་སྟངས་བཞིན་རིམས་འགོག་གི་སྲིད་བྱུས་བཅོས་སྒྲིག་ཡོང་བའི་རེ་སྐུལ་གནང་བ་དང་ཆབས་ཅིག རིམས་ནད་ཀྱི་འཇིགས་པ་གང་མྱུར་ཞི་སྟེ། རྒྱུན་ལྡན་གྱི་འཚོ་བ་རོལ་ཐུབ་པའི་སྨོན་འདུན་ཡོད་ཅེས་གསུངས་འདུགརྩ་བའི་ཟླ་བ་སྔོན་མའི་ཚེས་ ༢༨ ཙམ་ནས་རྒྱ་ནག་གི་གྲོང་ཁྱེར་མང་པོར་མི་མང་སྟོང་ཕྲག་དུ་མ་ཡར་ལངས་ཀྱིས་རྒྱ་ནག་དམར་པོའི་གཞུང་གིས་ཏོག་དབྱིབས་གཉན་རིམས་ཀྱི་སྲིད་བྱུས་ལ་ངོ་རྒོལ་གྱིས་གཞི་རྒྱ་ཆེ་བའི་ལས་འགུལ་རིམ་པ་སྤེལ་ཡོད་པ་ལྟར། ད་ཆ་རྒྱ་ནག་ ནང་དུ་རིམས་ནད་ཕོག་མཁན་ཧ་ཅང་མང་པོ་འབྱུང་བཞིན་ཡོད་ཅིང་ཉིན་རེར་ནད་གཞི་གསར་པ་ཕོག་མཁན་མི་ཆིག་སྟོང་ལྷག་བ་ཡོད་པ་དེ་ལྟར་ནའང་། གཟའ་འཁོར་སྔོན་མའི་རེས་གཟའ་སྤེན་པ་ནས་རྒྱ་ནག་གི་གྲོང་ཁྲེར་ཁག་ཏུ་གཉན་རིམས་དང་འབྲེལ་བའི་དམ་བསྒྲགས་ལྷོད་ཡང་དུ་བཏང་སྟེ་ད་ཆ་མང་ཚོགས་འགྲིམ་འགྲུལ་བྱས་པའི་སྐབས་མ་གཏོགས་ནད་རྟགས་མེད་པའི་བརྟག་དཔྱད་ཀྱི་གྲུབ་འབྲས་མི་དགོས་པ་བཟོས་པ་དང་། དེ་བཞིན་རྒྱལ་ས་པེ་ཅིང་ནང་ཏོག་ནད་བརྟག་དཔྱད་ཀྱི་ས་ཚིགས་ཁག་སྒོ་རྒྱག་པ་མ་ཟད། གྲོང་ཁྱེར་གཞན་ཚོ་ནང་ལའང་ད་ཆ་སློབ་གྲྭ་དང་ཚོང་ཁང་། ཟ་ཁང་སོགས་རིམ་པའི་སྒོ་མོ་ཕྱེ་རྒྱུ་ཡིན་པ་རེད་འདུག

རེས་གཟའ་ཉི་མ། ༢༠༢༢།༡༢།༠༤

ཉན་པ།: Listen ཕབ་ལེན། Download བློ་གསར་གཞོན་ནུ། བཙན་བྱོལ་བོད་མིའི་མང་གཙོའི་གནས་བབ་དང་དེའི་ཁ་ཕྱོགས། Sunday 04/12/2022 Young Minds: The 'Uniqueness' and Limitations of Exile Tibetan Democracy  

Latest news