Tibetan Royal Year of 2151 | Year of the Wood Dragon

བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་དང་བསྡུ་དངུལ་སྤར་ཆ་གནང་སོང་།

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

ཁ་སང་ཕྱི་ཚེས་ ༢༣ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཉིན་རྒྱབ་ཀྱི་ཚོགས་དུས་ཐོག་བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་འབབ་ཚད་དང་ཟས་བཅད་དོད་གཉིས་ལ་སྤར་ཆ་གནང་རྒྱུའི་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་མང་མོས་ཀྱིས་གཏན་འབེབས་གནང་སོང་།

ཁ་སྔོན་ཕྱི་ཚེས་ ༢༢ ཉིན་གྲོས་ཚོགས་སུ་དཔལ་འབྱོར་བཀའ་བློན་མཆོག་གིས་བསྣམས་ཕེབས་པའི་ཁྲིམས་འཆར་ནང་རྒྱ་བལ་འབྲུག་གསུམ་ནང་དུ་གནས་སྡོད་བོད་མི་ལོ་ན་ ༡༨ ཡན་གྱི་བོད་མི་རྣམས་ཀྱི་ལོ་རེར་དང་བླངས་དཔྱ་དངུལ་འབབ་ཚད་དང་ཟས་བཅད་དོད་གཉིས་ལ་སྤར་ཆ་གནང་སྟེ་ལོ་རེར་ཧིན་སྒོར་ ༢༠༤ དང་ ༡༠༠ བཟོས་ཡོད་པ་ལྟར། དེའི་ཐོག་བགྲོ་གླེང་ཁྲོད་སྐབས་སྤྱི་འཐུས་ཁག་གཅིག་གིས་དཔྱ་དངུལ་འབུལ་འབབ་དང་ཟས་བཅད་དོད་སྤར་ཆ་གནང་བར་རྒྱབ་སྐྱོར་གནང་ཡོད་ཀྱང་། ཐེངས་འདིའི་སྤར་ཆ་དེ་ནི་ཧ་ཅང་ཆེ་དྲག་པ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་སྤར་ཆ་གནང་མེད་པ་དེས་སྤྱི་སྙོམས་ཡོང་གི་མེད་པའི་དགོངས་ཚུལ་ཤུགས་ཆེན་པོ་གསུངས་ཡོད།

ཁ་སང་ཉིན་རྒྱབ་ཀྱི་གྲོས་ཚོགས་སུ་བཟོ་བཅོས་གྲོས་འཆར་ཞིག་བསྣམས་ཕེབས་ཏེ་རྒྱ་བལ་འབྲུག་གསུམ་བཅས་སུ་གནས་སྡོད་བོད་མི་རང་ལོ་ ༡༨ སོན་པ་ཡན་གྱིས་ལོ་རེར་ཧིན་སྒོར་ ༡༥༠ དང་། རང་ལོ་ ༦ སོན་པ་ནས་ ༡༧ བར་ལོ་རེར་ཧིན་སྒོར་ ༢༠ བཅས་བཀོད་པ་དེར་སྤྱི་འཐུས་ ༣༥ ནས་ཚད་མཐོའི་རྒྱབ་སྐྱོར་ཐོག་མང་མོས་ཀྱི་གཏན་འབེབས་དང་། དེ་བཞིན་རྒྱ་བལ་འབྲུག་གསུམ་བཅས་ནང་གནས་སྡོད་བོད་མི་རང་ལོ་ ༡༨ སོན་པ་ཡན་གྱིས་ལོ་རེར་ཉིན་གཉིས་རེའི་ཟས་བཅད་དོད་སྒོར་ ༥༠ རེ་འབུལ་རྒྱུ་སྤྱི་མོས་ཀྱིས་གཏན་འབེབས་བྱུང་ཡོད་པ་རེད།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐབས་དེར་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་འཁོད་བཙན་བྱོལ་བོད་མི་རྣམས་ལའང་དང་བླངས་དཔྱ་དངུལ་དང་བསྡུ་དངུལ་སྤར་ཆ་གནང་དགོས་པའི་དགོངས་འཆར་གསུང་མཁན་རྣམས་ནས་མ་འོངས་པར་དེ་འབྲེལ་བསྐྱར་བཅོས་ཁྱེར་ཆོག་པ་གསུངས་ཡོད།

དེ་བཞིན་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་ཡིག་དོན་ཚན་ ༡༢ པའི་ནང་ངེས་ཅན་བསྡུ་དངུལ་གཙང་ཁེའི་བརྒྱ་ཆའི་འབབ་ཚད་ཕྱིར་བསྡུ་གནང་རྒྱུ་བཀོད་ཡོད་ཀྱང་དེར་རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་གཉིས་ལ་མེད་སྟབས་དོ་ཚན་དེ་ཕྱིར་བསྡུ་གནང་ཐུབ་མེད་པ་དང་། དེ་བཞིན་དོན་ཚན་ ༡༨ པ་དཔྱ་དངུལ་དང་ངེས་ཅན་བསྡུ་དངུལ་ཆད་གསབ་ཅེས་པའི་ནང་གསེས་ ༢ པར་དཔྱ་དངུལ་དང་ངེས་ཅན་བསྡུ་དངུལ་འབུལ་ཆད་འགྱུར་ཚེ། དོ་བདག་གི་འཁོས་བབ་ལས་དཔག་པས་ལོ་རེའི་འབུལ་བབ་རྣམས་སྡེབ་འབུལ་ལམ། ཆ་བགོས་ཀྱི་འབུལ་ཆོག་པ་ཞེས་པར་སྤྱི་མོས་ཀྱི་གཏན་འབེབས་དང་། ནང་གསེས་གསུམ་པར་འབུལ་འབབ་ཐོག་ཆད་གསབ་དང་འབྲེལ་བའི་དེ་སྔའི་བརྗོད་ཚིག་རྙིང་པ་ཕྱིར་བསྡུ་གནང་རྒྱུར་སྤྱི་མོས་ཀྱིས་རྒྱབ་སྐྱོར་གནང་སོང་།

གཞི་རྩའི་དེ་སྔའི་སྒྲིག་གཞི་ནང་རྒྱ་བལ་འབྲུག་གསུམ་ནང་དུ་བོད་མི་རང་ལོ་ ༡༥ སོན་པ་ཡན་གྱིས་དང་བླངས་དཔྱ་དངུལ་འབབ་ཚད་དེ་ལོ་རེར་ཧིན་སྒོར་ ༤༨ དང་། རང་ལོ་ ༦ སོན་པ་ནས་ ༡༤ བར་ལོ་རེར་ཧིན་སྒོར་ ༡༢ དེ་བཞིན་རྒྱ་བལ་འབྲུག་གསུམ་བཅས་ནང་གནས་སྡོད་བོད་མི་རང་ལོ་ ༡༨ སོན་པ་ཡན་གྱིས་ལོ་རེར་ཉིན་གཉིས་རེའི་ཟས་བཅད་དོད་སྒོར་ ༡༠ ཕུལ་དགོས་ཀྱི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།