Tibetan Royal Year of 2151 | Year of the Wood Dragon

དགའ་ལྡན་ཕོ་བྲང་གིས་དགོངས་སེལ་ཞུས་པ་དེས་ནོར་འཁྲུལ་ཁས་ལེན་གནང་བ་ཞིག་མིན་པར་ཕྱོགས་གཞན་གི་མཐོང་སྟངས་མི་བདེ་བ་བྱུང་ཡོད་ཚེ་དེར་ཞུས་པ་ཞིག་རེད།

Tibetan News Headlines

  • India elections and Tibet : Discussion

རེས་གཟའ་ཉི་མ། ༢༠༢༤།༠༥།༡༩

  • རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ཁ་ཕྱོགས་དང་བོད་ཀྱི་གནས་བབ་སྐོར་གླེང་མོལ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཉེ་ལམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་བྱིས་པ་ཞིག་ལ་ཐུགས་བརྩེ་ཆེན་པོས་བྱམས་སྐྱོང་དང་འབྲེལ། སྐུ་རྩེད་ཀུ་རེ་གནང་བའི་བཀའ་མོལ་མཛད་ཕྱོགས་ཀྱི་གསུང་བབས་རྐྱེན་གྱིས་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་དགོངས་སེལ་ཞུས་པ་དེས་ནོར་འཁྲུལ་ཁས་ལེན་གནང་བ་ཞིག་མིན་པར་ཕྱོགས་གཞན་གི་མཐོང་སྟངས་མི་བདེ་བ་བྱུང་ཡོད་ཚེ་དེར་དགོངས་སེལ་མཛད་པ་ཞིག་ཡིན་སྐོར་གསུངས་པ་དང་ཆབས་ཅིག་གནས་ཚུལ་དེ་བརྒྱུད་ལམ་ཁག་ཏུ་འུར་སྒྲོག་ཆེན་པོ་བཟོ་མཁན་དེ་རྒྱ་ནག་གཞུང་ཡིན་པར་གསལ་པོ་རེད་ཅེས་གསུངས་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁ་སང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་Foreign Correspondence Club of South Asia ལྷོ་ཨེ་ཤ་ཡའི་ཕྱི་རྒྱལ་གསར་འགོད་ མཐུན་ཚོགས་སུ་བཀའ་མོལ་གནང་སྐབས་དང་བསྟུན། འདི་ག་རླུང་འཕྲིན་ཁང་གིས་ཉེ་ཆར་རྒྱལ་སྤྱིའི་གསར་ཁང་ཁག་གཅིག་ཏུ་ཕྱི་ཟླ་ ༢ ཚེས་ ༢༨ ཉིན་རྒྱ་གར་གྱི་བུ་ཆུང་ཞིག་གིས་༸གོང་ས་མཆོག་ལ་འཐམ་འཁྱུད་ཆོག་པའི་གནང་བ་ཞུས་པའི་བརྙན་ཐུང་ཞིག་དྲ་ལམ་ཐོག་གང་སར་འགྲོ་བཞིན་ཡོད་པའི་རྐྱེན་གྱིས་སྤྱི་ནོར་༸གོང་ས་མཆོག་ལ་སྒྲོ་སྐུར་གྱི་མཚན་ཤས་བཟོས་པའི་གནས་ཚུལ་མང་དག་ཅིག་འཐོན་བཞིན་པ་དང་། ༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་དེ་འབྲེལ་དགོངས་སེལ་གྱི་གསལ་བཤད་གནང་དགོས་པ་ཞིག་བྱུང་ཡོད་སྟབས་དེས་བོད་མིའི་སེམས་ཁམས་སུ་ན་ཟུག་ཆེན་པོ་ཞིག་བཟོས་ཡོད་པར་མ་ཟད།  ལྷག་པར་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་ནང་པ་སྤྱི་དང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྣམ་ཀུན་ནས་དགའ་གུས་ཡི་རང་ཞུ་མཁན་རྒྱལ་སྤྱིའི་མང་ཚོགས་རྣམས་ཐུགས་ཕམ་ཞིང་ཡིད་རྨུགས་པ་ཞིག་བྱུང་ཡོད་པ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གནད་དོན་དེའི་ཐོག་དགོངས་ཚུལ་ཇི་ཡོད་དང་འབྲེལ་བའི་བཀའ་འདྲི་ཞུས་པར་ཉེ་ལམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཇལ་ཁ་ཞིག་སྩལ་བའི་སྐབས་བུ་ཆུང་ཞིག་གིས་༸གོང་ས་མཆོག་ལ་འཐམ་འཁྱུད་ཆོག་པའི་གནང་བ་ཞུས་པའི་བརྙན་ཐུང་དེར་གཟིགས་སྐབས་ཐེབས་རྩ་དེའི་ལས་ཀྱི་སྣེ་མོ་བ་གཙོས་པའི་སློབ་ཕྲུག་དེ་དག་ཙམ་མ་ཟད། དོ་བདག་བྱིས་པ་དང་ཕ་མ་རྣམ་གཉིས་བཅས་པར་དཀའ་ངལ་གང་ཡང་མེད་པ་རེད་འདུག འོན་ཀྱང་རྐྱེན་ངན་ཕོག་ཡུལ་གཙོ་བོ་དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་ཚོ་ཆགས་འདུག དེས་ན་བདེ་སྲུང་ལས་ཁུངས་ཀྱིས་ཞིབ་འཇུག་གནང་སྐབས་གནས་ཚུལ་དེའི་རྒྱབ་ལྗོངས་སུ་རྒྱ་ནག་གཞུང་ཡོད་པ་གསལ་པོ་རེད་ཅེས་གསུངས་ཡོད།

སྲིད་སྐྱོང་མཆོག་གིས་བཀའ་ཤག་གི་ངོས་ནས་ད་བར་གནད་དོན་དེའི་སྐོར་བཀའ་མོལ་གང་ཡང་མ་གནང་བ་དེ་ནི་བརྟན་ལྷིང་རང་ལ་དགོངས་པ་བཞེས་པ་ཞིག་ལས་གསར་འགོད་པ་སོགས་ཀྱི་བཀའ་འདྲི་ཞུས་ཚེ་བཞེངས་ཕྱོགས་གང་ཡིན་གྱི་ལམ་སྟོན་གསལ་པོ་གནང་ཡོད་སྐོར་བཀའ་ལན་གནང་བ་དང་སྦྲགས། ༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་དགོངས་སེལ་ཞུས་པ་དེས་ནོར་འཁྲུལ་ཁས་ལེན་གནང་བ་ཞིག་མིན་པར་ཕྱོགས་གཞན་གི་མཐོང་སྟངས་མི་བདེ་བ་བྱུང་ཡོད་ཚེ་དེར་དགོངས་སེལ་མཛད་པ་ཞིག་ཡིན་སྐོར་གསུངས་ཡོད།

ལྷག་དོན་སྲིད་སྐྱོང་མཆོག་གིས་ཐེངས་འདིའི་གནད་དོན་དེའི་རྐྱེན་གྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་སྒེར་ལ་གང་ཡང་གནོད་ཐུབ་ཀྱི་མེད་ཀྱང་། རྒྱ་ནག་གི་ངོས་ནས་བོད་མིའི་ཆེ་མཐོང་དང་ཆབ་སྲིད་ལ་དོ་ཕོག་གཏང་རྒྱུར་དམིགས་པ་ཞིག་ཡིན་སྟབས། རྣམ་ཀུན་ནས་བོད་མི་ཚོས་ཡིད་གཟབ་གནང་དགོས་ཞེས་དང་། བོད་མི་རྒན་གཞོན་ཚང་མས་ལྟ་བ་ལངས་ཕྱོགས་གང་ཡིན་ལ་ལྟོས་མེད་ཆིག་སྒྲིལ་གྱི་ནུས་པ་མཉམ་སྤུངས་གནང་བར་ཡི་རང་བསྔགས་བརྗོད་གནང་བ་དང་འབྲེལ་ཏེ་གནད་དོན་ཐབས་སྡུག་དེ་ནས་བཟང་ཕྱོགས་ཀྱི་ལྟ་སྟངས་ཞིག་ཡོད་ཅེས་གསུངས་འདུག

གཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕེབས་དགོས་དོན་གཙོ་བོ་ནི་ཟླ་བ་གཉིས་སྔོན་ཙམ་ནས་རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་བྱས་པའི་ Foreign Correspondence Club of South Asia འམ་ལྷོ་ཨེ་ཤ་ཡའི་ཕྱི་རྒྱལ་གསར་འགོད་མཐུན་ཚོགས་ནས་རྒྱ་གར་དང་། རྒྱ་ནག བོད་ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཆེད་གདན་ཞུ་ཕུལ་བ་ཞིག་ཡིན་པ་དང་།  སྐབས་དེར་སྲིད་སྐྱོད་མཆོག་གིས་བོད་དང་བོད་མིའི་ངོ་བོ་དང་ལོ་རྒྱུས། རྒྱ་གར་དང་བོད་གཉིས་ཀྱི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་ཀྱི་འབྲེལ་ལམ། བོད་དང་རྒྱ་གར་དབར་གྱི་ས་མཚམས་གནད་དོན།  བོད་རྒྱ་གྲོས་མོལ་དང་དབུ་མའི་ལམ་གྱི་སྲིད་བྱུས། ད་ལྟའི་བོད་ནང་གི་གནད་དོན་དང་རྒྱལ་སྤྱིའི་ནང་གི་བོད་དོན་ལས་འགུལ་སོགས་ཀྱི་སྐོར་གསལ་བཤད་དང་སྦྲགས་གསར་འགོད་པའི་བཀའ་འདྲི་ཁག་ལ་ལན་འདེབས་གནང་ཡོད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་གཡོ་བ་མེད་པར་གནས་པའི་ཐུགས་སྨོན་གནང་བ།

འབྲེལ་ཡོད་གསར་གནས།

Sunday 19/05/2024

Saturday 18/05/2024

Friday 17/05/2024

གསར་གནས།