རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་མོན་གྷོ་འདོད་རྒུ་གླིང་དུ་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༡ སྲུང་བརྩིའི་མཛད་སྒོ་དབུ་འཛུགས་གནང་ཡོད་པ་རེད།
དེ་ཡང་དེ་རིང་ཟླ་ ༣ ཚེས་ ༡ ཉིན་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་བོད་མིའི་གཞིས་ཆགས་མོན་གྷོ་འདོད་རྒུ་གླིང་གི་ལྷ་མོའི་ཚོགས་ཁང་དུ་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༡ པའི་སྲུང་བརྩིའི་མཛད་སྒོར་སྐུ་མགྲོན་གཙོ་བོ་དགའ་ལྡན་ཁྲི་རིན་པོ་ཆེ་རི་རྫོང་སྲས་མཆོག་སྤྲུལ་རིན་པོ་མཆོག་གིས་དབུས། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་དང་ས་གནས་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་ཁག་གི་སྐུ་ཚབ་རྣམ་པ། དེ་བཞིན་གཉུག་མར་གནས་པ་དང་གློ་བུར་བུ་ལྷགས་པ་བཅས་ཚང་འཛོམས་ཀྱིས་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་རེད།
སྐབས་དེར་སྐུ་མགྲོན་གཙོ་བོ་དགའ་ལྡན་ཁྲི་རིན་པོ་ཆེ་རི་རྫོང་སྲས་མཆོག་སྤྲུལ་རིན་པོ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཚེའི་མཛད་རྣམ་དང་༸གང་ཉིད་མཆོག་གིས་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་བཀྲིན་ཆེན་པོས་བསྐྱངས་ཚུལ་དང། ལྷག་དོན་རང་ཅག་ཚོས་མགོན་པོ་༸གང་ཉིད་མཆོག་གི་བཀའ་སློབ་ལམ་སྟོན་སྩལ་བ་རྣམས་ཚུལ་བཞིན་ལག་བསྟར་ཞུ་གལ་ཡིན་པ་སོགས་བཀའ་སྩལ་ཡོད་པ་རེད།
དེ་བཞིན་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས་མང་ཚོགས་རྣམས་ལ་བོད་ཀྱི་ཞོ་སྟོན་གྱི་ལྷ་མོའི་འཁྲབ་སྟོན་གྱི་འབྱུང་རིམ་སྐོར་དང་མིང་དེ་ལྟར་ཐོགས་ཚུལ་ཇི་ཡིན་སོགས་ཀྱི་ཐད་ངོ་སྤྲོད་གནང་པ་དང་འབྲེལ། བཙན་བྱོལ་དུའང་༸གོང་ས་མཆོག་གིས་དབུ་ཁྲིད་ལམ་སྟོན་གནང་པའི་འོག་བོད་ཀྱི་ཟློས་གར་ཚོགས་པ་གཙོས་ལྷ་མོའི་ཚོགས་ཁག་གསར་བཙུགས་ཐུབ་པ་བྱུང་ཞིང་དེ་སྔའི་བོད་ཀྱི་ཞོ་སྟོན་གྱི་ལྷ་མོའི་འཁྲབ་གཞུང་རྣམས་ཀྱང་ཉམས་གསོ་བྱུང་ཡོད་པ་སོགས་གསུངས་སོང་།
རྩ་བའི་ད་ལན་གྱི་བོད་ཀྱི་ཞོ་སྟོན་འདི་བཞིན་དེ་རིང་ནས་འགོ་ཚུགས་ཀྱིས་ཚེས་༨བར་ཚོགས་ཀྱི་ཡོད་པ་དང། སང་ཉིན་ནས་དངོས་སུ་ལྷ་མོ་ཚོགས་ཁག་ ༧ གྱིས་ལྷོ་མོ་འཁྲབ་སྟོན་དབུ་འཛུགས་གནང་གི་ཡོད་པ་རེད།