Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

ལ་དྭགས་མི་མང་ཚོས་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་དུས་སྟོན་ཆེན་པོ་ཞིག་གི་ངོ་བོའི་ཐོག་ནས་སྲུང་བརྩི་ཞུས་པ།

དེ་རིང་ཟླ་ ༧ ཚེས་ ༦ ཉིན་ལ་དྭགས་ཀྱི་གླེ་གྲོང་ཁྱེར་ནང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་  ༨༣  ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ཆེན་དེ་དུས་སྟོན་ཆེན་པོ་ཞིག་གི་ངོ་བོའི་ཐོག་ནས་སྲུང་བརྩི་ཞུས་སོང་བ་དང་།  ལ་དྭགས་ལྕོག་ལམ་སར་ཞི་བའི་ཚལ་གྱི་དུས་འཁོར་ཐང་ཆེན་དུ་ཚོན་ཁྲ་འདྲ་མིན་ལྡན་པའི་དབུ་གུར་མང་པོ་ཞིག་གྲ་སྒྲིག་གནང་ཡོད་པ་མ་ཟད་དེ་དག་སྟེང་ནང་པའི་ཆོས་དར་དང་བོད་ཀྱི་རྒྱལ་དར་སོགས་སྒྲེང་འཛུགས་གནང་འདུག ལྷག་པར་དུ་མི་མང་ཚོས་གྱོན་ཆས་ལེགས་པར་སྤྲས་ནས་དབུ་གུར་སོ་སོའི་ནང་ཟས་རིགས་སྣ་འཛོམས་གྲ་སྒྲིག་ཐོག་གླིང་ཁའི་དུས་སྟོན་ཆེན་པོ་ཞིག་ཚོགས་པའི་རྣམ་པ་མཚོན་གྱི་འདུག ཁོར་ཡུག་དེའི་ཁྲོད་སྔ་དྲོ་ཆུ་ཚོད་ ༩ ཐོག་ལ་དྭགས་ནང་པའི་ཚོགས་འདུ་དང་ལ་དྭགས་ཀྱི་བོད་མིའི་ལ་སྤྱི་ལས་ཁུངས་གཉིས་ཐུན་མོང་གིས་གོ་སྒྲིག་ཞུས་པའི་༸སྐུའི་འཁྲུངས་སྐར་གྱི་མཛད་སྒོའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཀྱིས་༸གང་ཉིད་མཆོག་ཕྱི་ལུགས་ལྟར་དགུངས་གྲངས་ ༨༣ དང་བོད་ལུགས་དགུང་གྲངས་ ༨༤ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་ཡོད་པ་རེད། མཛད་སྒོའི་ཐོག་ལ་དྭགས་ཀྱི་མི་མང་ཚོས་༸སྐུའི་འཁྲུངས་སྐར་གྱི་ཕྱག་རྟགས་ཚུལ་དུ་མགོན་པོ་༸གང་ཉིད་མཆོག་གི་བཀའ་དགོངས་ཇི་བཞིན་ལག་ལྟར་དོན་འཁྱོལ་ཡོང་ཐབས་ཀྱི་དམ་བཅའ་ཕུལ་བ་དང་། ཧི་མཱ་ལ་ཡའི་ནང་པའི་མཐུན་ཚོགས་ཀྱིས་ཁུལ་སོ་སོའི་དགོན་པ་གྲྭ་ཚང་ཁག་ཤེས་ཡོན་གྱི་ལྟེ་གནས་ཤིག་ཡོང་ཐབས་གནང་རྒྱུ་ཡིན་སྐོར་ཞུས་ཡོད་པ་རེད། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸གང་ཉིད་མཆོག་གི་༸སྐུའི་འཁྲུངས་སྐར་ཉིན་མོ་དང་བསྟུན་རྒྱལ་སྤྱིའི་ཁྱོན་ལ་བཞུགས་པའི་མང་ཚོགས་ཀྱི་ཁྲོད་ནས་དགའ་བསུའི་འཚམས་འདྲི་ཕྱག་བྲིས་འབུལ་མཁན་ཀུན་ལ་ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་སོང་བ་དང་ལ་དྭགས་མི་མང་ཚོའི་གཡོ་བ་མེད་པའི་དད་དམ་ལ་ཐུགས་རྗེ་ཆེ་ཞེས་ཐུགས་དགྱེས་ཚོར་ཆེན་པོས་བཀའ་བསྩལ་མཛད་སོང་། ལ་དྭགས་ཀྱི་ནང་པ་ཚོ་དང་ཧི་མཱ་ལ་ཡའི་རི་བརྒྱུད་ཀྱི་ནང་པ་ཚོས་ནང་བསྟན་དང་འབྲེལ་བའི་བོད་ཀྱི་སྐད་ཡིག་ཐོག་དོ་སྣང་ཤུགས་ཆེ་ཙམ་བྱེད་དགོས་པའི་ལམ་སྟོན་དང་སྦྲགས། ལ་དྭགས་ཀྱི་ཁ་ཆེ་ཚོ་དང་ནང་པའི་དབར་མཐུན་འབྲེལ་གང་ལེགས་ཡོད་པ་དེ་ཡར་རྒྱས་གོང་འཕེལ་གཏོང་དགོས་པའི་ལམ་སྟོན་རྒྱ་ཆེ་མཛད་ཡོད་པ་རེད། ལ་དྭགས་མི་མང་ཚོས་༸གང་ཉིད་མཆོག་གི་བཀའ་དྲིན་རྗེས་དྲན་ཚུལ་དུ་༸གོང་ས་མཆོག་གི་བཀའ་སློབ་ཇི་བཞིན་བསྒྲུབ་རྒྱུར་འབད་བརྩོན་ཞུ་རྒྱུའི་དགོངས་གཞིར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་སྐོར་དང་། མིའི་རིགས་ལ་སེམས་ཅན་གཞན་དང་མི་འདྲ་བར་བྱམས་བརྩེའི་རང་བཞིན་གྱི་ནུས་པ་ཞིག་ཡོད་པ་ལྟར་སློབ་སྦྱོང་གི་ཐོག་ནས་རྒྱུ་ཆ་དེ་གོང་འཕེལ་གཏོང་ཐབས་བྱེད་དགོས་པ་མ་ཟད་ལྟ་གྲུབ་འདྲ་མིན་ལ་ལྟོས་མེད་ཆོས་ལུགས་ཕན་ཚུན་དབར་དམ་ཚིག་གཙང་མ་ཡོང་ཐབས་གནང་གལ་ཡིན་པའི་བཀའ་སློབ་བཀྲིན་བསྩལ་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༣ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་གྱི་མཛང་སྒོའི་ཐོག་དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་ཆེ་མཆོག་གིས་དབུས་པའི་འབྲི་གུང་༸སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག འོད་ཟེར་རིན་པོ་ཆེ་མཆོག མཁན་བླ་སྤྲུལ་ཁག་ཅིག།ལ་དྭགས་ནང་པའི་ཚོགས་པའི་ཚོགས་གཙོ། ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་འབྲེལ་ཡོད་ལས་བྱེད། ས་གནས་རྫོང་དཔོན། ཉེན་རྟོག་མགོ་དཔོན། ས་གནས་གྲོས་ཚོགས་འཐུས་མི། ལ་དྭགས་ཁ་ཆེའི་ཚོགས་གཙོ་གཙོས་སྐུ་ཚབ་ཁག་ཅིག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག གཞུང་འབྲེལ་གནད་ཡོད་མི་སྣ། དེ་བཞིན་སེར་སྐྱ་མང་ཚོགས་བཅས་སྟོང་ཕྲག་ལྷག་ལྷན་འཛོམས་གནང་ཡོད་པ་རེད། སྐབས་དེར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ནས་ལ་དྭགས་རང་སྐྱོང་རི་ལྗོངས་ལྷན་ཚོགས་ཀྱི་ཚོགས་མི་སྐུ་ཞབས་རྒྱལ་དབང་རྒྱལ་མཆོག་ལགས་ལ་ལ་དྭགས་མི་མང་ཚོས་བོད་དོན་ལ་རྒྱབ་སྐྱོར་གནང་དང་གནང་མུས་དེར་ཐུགས་རྗེ་ཆེ་ཞེས་ཞུས་པ་སྦྲགས་གཟེངས་རྟགས་ཤིག་འབུལ་ཞུས་ཡོད་པ་རེད། ས་གནས་མི་མང་ཚོ་ད་དུང་སང་ཉིན་དང་གནངས་ཉིན་བཅས་ཉིན་གཉིས་རིང་འཁྲུངས་སྐར་སྲུང་བརྩི་དང་སྦྲགས་གླིང་ཁ་བཏང་ནས་དུས་འཁོར་ཐང་ཆེན་ནང་དགའ་སྤྲོའི་དཔལ་ལ་རོལ་ནས་ཞུགས་རྒྱུ་རེད་འདུག

འཛམ་གླིང་ཞི་བདེ་ཡོང་བར་གང་ཟག་སྒེར་ནས་འགོ་འཛུགས་ཀྱིས་སེམས་འགུལ་ཁྱབ་སྤེལ་བྱེད་དགོས་ཞེས་བཀའ་བསྩལ་བ།

དེ་རིང་ཟླ་ ༧ ཚེས་ ༦ ཉིན་རྒྱ་གར་བྱང་ཕྱོགས་ལ་དྭགས་ཞི་བའི་ཚལ་གསུང་ཆོས་ར་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ལ་དྭགས་གཞུང་མང་དང་ས་གནས་བོད་མི་ཚོས་མགོན་པོ་༸གང་ཉིད་མཆོག་ཕྱི་ལུགས་ལྟར་དགུངས་གྲངས་ ༨༣ དང་བོད་ལུགས་དགུང་གྲངས་ ༨༤ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་ཡོད་པ་དང་། དུས་ཚིགས་ཁྱད་པར་ཅན་འདིའི་ཐོག་ལ་དྭགས་གླེ་བྱང་སེར་སྐྱ་མང་ཚོགས་རྣམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་མཚོན་སླད་རིན་ཆེན་གསེར་དངུལ་ལས་གྲུབ་པའི་ཆོས་ཀྱི་འཁོར་ལོ་ཞིག་གཟེངས་རྟགས་སུ་འབུལ་ལམ་ཞུས་ཡོད་པ་རེད། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸གང་ཉིད་མཆོག་གི་༸སྐུའི་འཁྲུངས་སྐར་ཉིན་མོ་དང་བསྟུན་རྒྱལ་སྤྱིའི་ཁྱོན་ལ་བཞུགས་པའི་མང་ཚོགས་ཀྱི་ཁྲོད་ནས་དགའ་བསུའི་འཚམས་འདྲི་ཕྱག་བྲིས་འབུལ་མཁན་ཀུན་ལ་ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་སོང་བ་དང་། ཁྱེད་རྣམས་ཀྱིས་ངོས་ནས་རྣམ་ཀུན་གང་བཤད་པ་ལྟར་དོན་དངོས་ཐོག་ག་ཚོད་ཐུབ་ཐུབ་ཀྱིས་ལག་བསྟར་བྱེད་དགོས་ཞེས་ལམ་སྟོན་མཛད་འདུག ལྷག་དོན་ཧི་མཱ་ལ་ཡའི་ནང་པའི་ཚོགས་གཙོས་ངོས་ལ་༸གོང་ས་མཆོག་གི་བཀའ་བསྩལ་བཞིན་ལག་བསྟར་ཞུ་རྒྱུ་ཡིན་ཞེས་ཞུས་པར་༸གང་ཉིད་མཆོག་ཐུགས་དགྱེས་ཚོར་ཆེན་པོ་བྱུང་སྐོར་དང་འབྲེལ་དེ་ནི་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཞིག་ཡིན་པར་བཀའ་བསྩལ་འདུག དེ་བཞིན་༸གོང་ས་མཆོག་གིས་ཚན་རིག་པ་ཚོས་མིའི་རང་བཞིན་གང་ཡིན་དཔྱད་པའི་གྲུབ་དོན་དུ་བྱམས་བརྩེའི་རང་བཞིན་ཡིན་པ་རྙེད་པ་བཞིན་སེམས་ཅན་ཐམས་ཅད་ཀྱི་མངོན་འདོད་ལྟར་དེ་དག་ལ་ཕན་ཐོགས་ཐུབ་པ་ཞིག་བྱེད་དགོས་གལ་ཡིན་པ་བཀའ་བསྩལ་བ་དང་འབྲེལ། ༸གང་ཉིད་མཆོག་ནས་རྣམ་ཀུན་བྱམས་བརྩེ་ལྡན་པའི་མི་ཞིག་ཡོང་བར་ཐུགས་འགན་ཆེ་བཞེས་གནང་བ་བཞིན་ཁྱེད་རང་ཚོའི་ངོས་ནས་ཀྱང་དེའི་ཐད་འབད་བརྩོད་བྱེད་དགོས་ཞེས་བཀའ་བསྩལ་འདུག ཁྱད་པར་དུ་༸གོང་ས་མཆོག་གིས་ངོས་ཀྱིས་བཤད་དོན་ལྟར་ཁྱེད་རང་ཚོས་འགྲོ་བ་མི་སྤྱིའི་བདེ་སྐྱིད་དང་འཛམ་གླིང་ཞི་བདེ་ཡོང་བར་གང་ཟག་སྒེར་ནས་འགོ་འཛུགས་ཀྱིས་རང་ཉིད་གྲོགས་བཅུ་དང་དེ་ནས་རིམ་བཞིན་དེ་དག་གི་བརྒྱུད་ནས་འཛམ་གླིང་ཡོངས་ལ་བྱམས་བརྩེའི་སེམས་འགུལ་ཁྱབ་སྤེལ་བྱེད་དགོས་གལ་ཡིན་པའི་ལམ་སྟོན་མཛད་འདུག དེ་བཞིན་༸གོང་ས་མཆོག་གིས་གཙོ་བོ་མགོན་པོ་མཆོག་གིས་རྣམ་ཀུན་ཏུ་གསུང་བཞིན་པའི་༸གང་ཉིད་ཀྱི་ཐུགས་བསྐྱེད་དམ་བཅའ་གསུམ་པོའི་ཐོག་མི་རེ་ངོ་རེ་ནས་གང་ཐུབ་གནང་དགོས་གལ་ཡིན་པར་བཀའ་བསྩལ་བ་མ་ཟད་དུས་ཀྱི་ཆ་ནས་སློབ་ཕྲུག་རྣམས་མ་འོངས་པའི་རེ་བ་བྱེད་ས་ཞིག་ཡིན་སྟབས་ནང་དོན་རིག་པ་དང་ཚད་མ་རིག་པའི་སློབ་གཉེར་བྱེད་ས་བོད་ཀྱི་སྐད་ཡིག་ལས་ལྷག་པ་མེད་པར་བརྟེན་བོད་ཀྱི་སྐད་ཡིག་ཐོག་སློབ་གཉེར་གང་ཐུབ་བྱེད་དགོས་གནད་ཡིན་པའི་ལམ་སྟོན་མཛད་འདུག ༸སྐུའི་འཁྲུངས་སྐར་གྱི་མཛད་སྒོའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུས་བཞུགས་ཐོག དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་ཆེ་མཆོག་གིས་དབུས་པའི་འབྲི་གུང་༸སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག འོད་ཟེར་རིན་པོ་ཆེ་མཆོག མཁན་བླ་སྤྲུལ་ཁག་ཅིག།ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོ། ས་གནས་རྫོང་དཔོན། ཉེན་རྟོག་མགོ་དཔོན། ས་གནས་གྲོས་ཚོགས་འཐུས་མི། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག གཞུང་འབྲེལ་གནད་ཡོད་མི་སྣ། གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་སེར་སྐྱ་མང་ཚོགས་བཅས་སྟོང་ཕྲག་ལྷག་ལྷན་འཛོམས་གནང་ཡོད་པ་རེད།

ལ་དྭགས་མི་མང་ཚོས་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་ཡོང་ཐབས་སུ་དམིགས་བསལ་འགན་ཁུར་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པ་མཆོག་དེ་རིང་སྔ་དྲོ་རྒྱ་གར་བྱང་ཕྱོགས་ལ་དྭགས་སླེ་རྒྱལ་སར་རྟེན་གཞི་བྱས་པའི་ཇོ་ཁང་དུ་གནས་གཟིགས་མཛད་པ་དང་འབྲེལ། སྐབས་དེར་མགོན་པོ་མཆོག་ནས་སྤྱིར་འཛམ་བུ་གླིང་ནང་བྱམས་པ་དང་སྙིང་རྗེ་བཅས་ཀྱི་བསླབ་བྱ་གནང་མཁན་ཆོས་ལུགས་ཀྱི་སྟོན་པ་མང་པོ་བྱུང་ཡོད་པར་མ་ཟད། ལྷ་ཁང་རྫིག་པོ་དང་།  སྐུ་འདྲ་རྫིག་པོ་ཆོས་ལུགས་ཚང་མར་ཡོད་ཀྱང་། ནང་པ་སངས་རྒྱས་པའི་ཆོས་འདི་ཆོས་ལུགས་གཞན་དང་མི་འདྲ་བར་ལྟ་གྲུབ་ཀྱི་ཐོག་ནས་དངོས་ཡོད་ཀྱི་གནས་སྟངས་དང་མཐུན་པའི་ཐུན་མོང་མ་ཡིན་པའི་ཆོས་ལུགས་ཤིག་ཡིན་པར་ངོ་སྤྲོད་མཛད་པ་མ་ཟད། ཆེད་དུ་བཅར་བའི་ལ་དྭགས་ཀྱི་བླ་ཆེན་ཁག་ཅིག་དང་ཆབ་སྲིད་ཀྱི་མི་སྣ།  ཚོགས་པ་ཁག་གི་དབུ་ཁྲིད་བཅས་མི་གྲངས་ ༢༠༠ སྐོར་ཞིག་ལ་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱིས་མཛད་པའི་བཀའ་འགྱུར་པོད་ ༡༠༠ དང་རྒྱ་གར་གྱི་མཁས་པ་ཚོས་མཛད་པའི་བསྟན་འགྱུུར་པོད་ ༢༠༠ ལྷག་ཡོད་པ་དེ་དག་ནི་ཆོས་ལུགས་གཞན་ལ་མེད་པའི་མིའི་སེམས་ལ་འགྱུར་བ་གཏོང་ཐུབ་པའི་རྩ་ཆེའི་གཞུང་ཞིག་ཡིན་པ་ལྟར་དེ་དག་ཐོག་ལ་ངེས་པར་དུ་སློབ་སྦྱོང་བྱེད་དགོས་ཞེས་ལམ་སྟོན་བསྩལ་འདུག དེ་བཞིན་ལ་དྭགས་ནང་པའི་ཚོགས་འདུའི་ཚོགས་གཙོ་ཚེ་དབང་འཕྲིན་ལས་ལགས་ཀྱིས་མ་འོངས་པར་སླེ་གྲོང་ཁྱེར་ནང་ཡོད་པའི་ཇོ་ཁང་འདི་ཤེས་ཡོན་གྱི་ལྟེ་གནས་ཤིག་ཡོང་ཐབས་སུ་འབད་བརྩོན་གནང་བཞིན་ཡོད་པ་སྙན་སེང་ཞུས་པར་མགོན་པོ་༸གང་ཉིད་མཆོག་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་སྩལ་བ་དང་ཆབས་ཅིག ང་ཚོ་ནང་པ་ཚོས་རྒྱུན་ལྡན་བྱང་ཆུབ་ཀྱི་སེམས་རང་རྒྱུད་ལ་འཁྲུངས་ཚེ་དགོངས་པ་རྒྱ་ཆེ་བཞེས་ནས་གཞན་ལ་ཁ་ཡོད་ལག་ཡོད་ཕན་ཐོགས་པའི་ཕྱག་ལས་གནང་གལ་ཡིན་པར་ལམ་སྟོན་སོགས་རྒྱ་ཆེ་མཛད་འདུག ལ་དྭགས་པ་ཚོས་མིའི་བདེ་སྐྱིད་ལ་ཕན་ཐོགས་ཡོད་པའི་ནང་པའི་ལྟ་གྲུབ་ཀྱི་ཆོས་དང་མ་འབྲེལ་བའི་བཟང་པོའི་ཡོན་ཏན་དེ་དག་བསྐྱར་གསོ་ཡོང་ཐབས་ཐོག་འབད་བརྩོན་གནང་དགོས་པ་བཀའ་བསྩལ་བ་དང་འབྲེལ། ༸གང་ཉིད་མཆོག་༸སྐུ་སྒེར་གྱི་ངོས་ནས་དེང་སྐབས་རྒྱ་གར་གྱི་ཕ་མེས་ནས་ཡོད་པའི་རིག་གཞུང་བཟང་པོ་དེ་ཆོས་དང་མ་འབྲེལ་བའི་ཐོག་ནས་བསྐྱར་གསོ་ཡོང་ཐབས་གནང་བཞིན་ཡོད་པ་ལྟར། ཉེ་བའི་ཆར་རྒྱལ་ས་ལྡི་ལིའི་ས་གནས་གཞུང་གི་སློབ་གྲྭའི་དགེ་རྒན་ ༥༠༠༠ ལྷག་མཇལ་འཕྲད་གནང་བ་མ་ཟད་དྷ་སའི་མཐོ་རིམ་སློབ་གྲྭའི་དབུ་འཛིན་དང་མཇལ་འཕྲད་གནང་སྐོར་བཀའ་བསྩལ་འདུག དེ་བཞིན་དེ་སྔོན་ཝཱ་རཱ་ཎ་སཱི་ཁུལ་དུ་ཉེ་བའི་རིགས་བདག་ ༡༥༠ ལྷག་མཇལ་འཕྲད་སྐབས་སློབ་གྲྭ་ཁག་ཏུ་དེ་ལྟར་སློབ་ཁྲིད་གནང་ཐུབ་ཚེ་དགེ་མཚན་ཆེན་པོ་ཡོད་པའི་ལམ་སྟོན་མཛད་པ་བཞིན་དངོས་པོ་ཡར་རྒྱས་དང་བསྟུན་སེམས་ཀྱི་ཞི་བདེ་ཡོང་རྒྱུར་ཕན་ཐོགས་ཆེན་པོ་ཡོང་ངེས་ཡིན་པ་རེད། དེས་ན་ལ་དྭགས་མི་མང་ཚོས་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་ཡོང་ཐབས་སུ་དམིགས་བསལ་འགན་ཁུར་ཡོད་པ་བཞིན་ཤུགས་སྣོན་འཕར་མ་བརྒྱབ་དགོས་ཞེས་བཀའ་ནན་བསྩལ་འདུག མཛད་འཆར་ལ་གཞིགས་ན། སང་ཚེས་ ༥ ཉིན་༸སྐུ་ངལ་གསོ་བཞུགས་མཛད་རྒྱུ་དང་། ཕྱི་ཚེས་ ༦ ཉིན་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ་ལ་དྭགས་མང་ཚོགས་ནས་གོ་སྒྲིག་ཞུས་པའི་༸གོང་ས་མཆོག་དགུང་གྲངས་ ༨༣ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྟོན་ཐོག་མགོན་པོ་༸གང་ཉིད་མཆོག་དབུ་བཞུགས་དང་འབྲེལ་༸སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུ་ཡི་ཡོད་པ་རེད། ཚེས་ ༡༠ ནས་ ༡༢ བར་ཉིན་གྲངས་གསུམ་རིང་ཞི་བའི་ཚལ་དུས་འཁོར་ཐང་ཆེན་དུ་ས་གནས་སུ་ཡོད་པའི་དད་ལྡན་མང་ཚོགས་ལ་སྔ་ལོའི་སྤྱོད་འཇུག་ཆེན་མོའི་གསུང་ཆོས་འཕྲོ་སྐྱོང་མཛད་རྒྱུ་མ་ཟད་ཚེས་ ༡༤ ཉིན་མགོན་པོ་༸གང་ཉིད་མཆོག་ལ་དྭགས་གླེ་ནས་ནུབ་ར་ཁུལ་དུ་ཆིབས་ཞལ་བསྒྱུར་གནང་མཛད་དེ་ཁུལ་དེའི་མང་ཚོགས་ལ་སྒོམ་རིམ་བར་པའི་བཀའ་ཆོས་དང། དེ་བཞིན་བསམ་གཏན་གླིང་དགོན་པའི་ཕར་ཕྱིན་དབྱར་ཆོས་ཆེན་མོའི་ཚོགས་མགོན་དུ་དབུ་བཞུགས་མཛད་རྒྱུ་སོགས་ཀྱི་མཛད་འཆར་ཐུགས་གནང་ཁེལ་ཡོད་པ་རེད།

༸གོང་ས་མཆོག་རྒྱ་གར་ཇ་མུ་ཀཤྨིར་མངའ་སྡེའི་ལ་དྭགས་ཀྱི་སླེ་གྲོང་ཁྱེར་ནང་༸ཞབས་སོར་བདེ་བར་འཁོད་གནང་བ།

དེ་རིང་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱལ་ས་ལྡི་ལིའི་མཛད་འཆར་ཁག་ལེགས་པར་གྲུབ་ནས་རྒྱ་གར་ཇ་མུ་ཀཤྨིར་མངའ་སྡེའི་ལ་དྭགས་སླེ་གྲོང་ཁྱེར་དུ་༸ཞབས་སོར་བདེ་བར་འཁོད་གནང་འདུག ཞི་བའི་ཚལ་ཕོ་བྲང་དུ་མགོན་པོ་༸གང་ཉིད་ལ་ཕེབས་བསུའི་སྣེ་ལེན་མཛད་སྒོ་སྟབས་བདེ་ཞིག་གོ་སྒྲིག་ཞུས་པའི་ཐོག་༸གང་ཉིད་མཆོག་ནས་ད་རེས་སླར་ཡང་ལ་དྭགས་སླེ་རུ་༸ཞབས་སོར་འཁོད་ཐུབ་པ་དེ་ཡག་པོ་བྱུང་ཞེས་བཀའ་བསྩལ་བ་དང་། ལ་དྭགས་མི་མང་རྣམས་ཀྱི་གཡོ་བ་མེད་པའི་དད་པ་དང་དམ་ཚིག་ལ་ཡི་རང་བསྔགས་བརྗོད་གནང་བ་མ་ཟད་ལྷག་པར་དུ་འདས་པའི་དུས་ཚོད་དང་ད་ལྟའི་གནས་སྐབས་ལ་གཞིགས་ན་ལ་དྭགས་དེ་དཔལ་འབྱོར་གྱི་ཐོག་ནས་མི་མང་གི་འཚོ་བ་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ་དང་བསྟུན། སོ་སོའི་ཆོས་དང་རིག་གཞུང་གི་བག་ཆགས་དེ་མ་ཡལ་བར་དགོན་པ་ཁག་འཛུགས་སྐྲུན་ཡར་རྒྱས་དང་སློབ་གཉེར་བཅས་ཕྱོགས་གཉིས་ཀ་ནས་ཡར་རྒྱས་ཕྱིན་ཡོད་པ་དེ་ལེགས་པོ་བྱུང་འདུག་ཅེས་བཀའ་བསྩལ་མཛད་འདུག ད་རེས་སླར་ཡང་མགོན་པོ་༸གང་ཉིད་ཁུལ་དེར་ཕེབས་རྒྱུ་བྱུང་བར་ཐུགས་དགྱེས་ཚོར་ཆེན་པོ་དང་སྦྲགས་ཏེ་ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་ཡོད་པ་རེད།   ཞི་བའི་ཚལ་གྱི་ཕོ་བྲང་དུ་གོ་སྒྲིག་ཞུས་པའི་ཕེབས་བསུའི་མཛད་སྒོ་ཐོག་དགའ་ལྡན་ཁྲི་ཟུར་རི་རྫོང་སྲས་རིན་པོ་ཆེ་མཆོག་གིས་དབུས་པའི་འབྲི་གུང་ཆེ་ཚང་རིན་པོ་ཆེ་མཆོག ལ་དྭགས་ཀྱི་མཁན་པོ་བླ་སྤྲུལ་ཁག་ཅིག འབྲེལ་ཡོད་ཆིབས་བསྒྱུར་གོ་སྒྲིག་གནང་མཁན་ཚོ། དེ་བཞིན་ས་གནས་ཀྱི་དཔོན་རིགས་ཁག་ཅིག་བཅས་ཁྱོན་མི་གྲངས་ ༡༠༠ སྐོར་ཞིག་འདུ་འཛོམས་བྱུང་འདུག སྐབས་དེར་མགོན་པོ་༸གང་ཉིད་མཆོག་ནས་ཉེ་ཆར་རྒྱལ་ས་ལྡི་ལིའི་ནང་ཧི་མཱ་ལ་ཡའི་རིགས་རྒྱུད་ཁག་ཏུ་ཡོད་པའི་དགོན་པ་ཁག་ཤེས་ཡོན་གྱི་བསྟི་གནས་སུ་བསྒྱུར་ཐབས་འབད་བརྩོན་གནང་མཁན་གྱི་ཚོགས་མི་དང་མཇལ་འཕྲད་བྱུང་སྐབས་ཡི་རང་བསྔགས་བརྗོད་གནང་སྐོར་བཀའ་བསྩལ་བ་དང་ཆབས་ཅིག་ཏུ་ནང་པ་སངས་རྒྱས་པའི་ཆོས་དེ་དེང་དུས་ཀྱི་ཚན་རིག་དང་ཟུང་དུ་འགྲོ་ཐུབ་པའི་མིའི་དགོས་མཁོ་དང་མཐུན་པའི་ཆོས་ཤིག་ཡིན་སྐོར་ལམ་སྟོན་རྒྱ་ཆེ་མཛད་འདུག གནས་ཚུལ་རྒྱས་པ་གཤམ་ལ་གསན་རོགས།

༸གོང་ས་མཆོག་གིས་བདེ་སྐྱིད་སྐྲུན་ཐབས་ཀྱི་བསླབ་གཞི་གསར་པ་དབུ་འབྱེད་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉེ་ཆར་ཟླ་ ༦ ཚེས་ ༢༩ ཉིན་རྒྱལ་ས་ལྡི་ལི་དང་རྒྱ་གར་བྱང་ཕྱོགས་ལ་དྭགས་ནང་གི་མཛད་འཆར་ཆེད་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཕེབས་ཐོན་གྱིས་རྒྱལ་ས་ལྡི་ལིར་མཛད་འཕྲིན་ཁག་ཅིག་སྐྱོང་བཞིན་ཡོད་པ་དང་། དེ་རིང་སྔ་ཐོག་མགོན་པོ་༸གང་ཉིད་མཆོག་ནས་ལྡི་ལིའི་མངའ་སྡེ་གཞུང་གི་སྟངས་འཛིན་འོག་ཡོད་པའི་བདེ་སྐྱིད་སྐྲུན་ཐབས་སམ་ Happiness Curriculum ཞེས་པའི་བསླབ་གཞི་གསར་པ་དབུ་འབྱེད་མཛད་ཡོད་པ་རེད། དེ་རིང་སྔ་ཐོག་ཚོུད་ ༩ པ་ཡོལ་ཙམ་ལ་ལྡི་ལི་མངའ་སྡེ་གཞུང་གིས་གོ་སྒྲིག་གནང་ཐོག་ཁུལ་དེར་རྟེན་གཞི་བྱས་པའི་ Thyagaraj ཚོམས་ར་ཆེན་མོར་སྐུ་མགྲོན་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Arvind Kejrewal ལགས། དམིགས་བསལ་སྐུ་མགྲོན་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་གཞོན་པ་དང་ཤེས་རིག་བློན་ཆེན་གཅིག་ལྕོགས་སྐུ་ཞབས་ Manish Sisodia ལགས། ལྡི་ལི་མངའ་སྡེ་གཞུང་གི་སྟངས་འཛིན་འོག་ཡོད་པའི་གཞུང་གི་སློབ་གྲྭ་ཁག་ཆིག་སྟོང་ལྷག་ཙམ་གྱི་འབྲེལ་ཡོད་དགེ་ལས་སློབ་མ་བཅས་ལྷན་ཞུགས་ཐོག་བདེ་སྐྱིད་སྐྲུན་ཐབས་ཀྱི་བསླབ་གཞི་གསར་པའི་དབུ་འབྱེད་མཛད་སྒོ་ཚོགས་ཡོད་པ་དང་མགོན་པོ་༸གང་ཉིད་མཆོག་གིས་བསླབ་གཞི་གསར་པ་དབུ་འབྱེད་དང་འབྲེལ་ཏེ་འགྲོ་བ་མི་རྣམས་ནས་རང་ཉིད་ཀྱི་མི་ཚེའི་ནང་བྱམས་སྙིང་རྗེ་དང་བདེ་སྐྱིད་ཀྱི་བསླབ་བྱ་དེ་དག་ལག་བསྟར་གང་མང་གནང་ཐུབ་ཚེ་ཁོང་ཁྲོ་དང་རང་གཅེས་འཛིན་གྱི་བསམ་བློ་སོགས་སེམས་ཚོར་དྲག་པོའི་ཆ་དེ་དག་ལ་ཉུང་དུ་འགྲོ་བར་དགེ་མཚན་ཆེན་པོ་ཡོད་པའི་ལམ་སྟོན་བཀའ་སློབ་བསྩལ་འདུག ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་གིས་འཛམ་བུ་གླིང་འདིའི་ཐོག་ཡོད་པའི་འགྲོ་བ་མི་ཐེར་འབུམ་བདུན་པོ་ཚང་མར་འཛམ་གླིང་འདི་ཞི་བདེ་དང་བདེ་སྐྱིད་ལྡན་པ་ཞིག་བཟོ་རྒྱུའི་འགན་དང་ནུས་པ་གཅིག་མཚུངས་ཡོད་སྟབས། ཚང་མས་བྱམས་སྙིང་རྗེ་དང་བདེ་སྐྱིད་ཀྱི་བསླབ་བྱ་ཉམས་ལེན་གནང་ནས་རིམ་བཞིན་རང་ཉིད་ཀྱི་ནང་མི་དང་ཁྱིམ་མཚེས། དེ་བཞིན་སྤྱི་ཚོགས་ཁྱོན་ལ་ཁྱབ་སྤེལ་གནང་གལ་ཡིན་པའི་བཀའ་བསྩལ་མཛད་འདུག ལྡི་ལི་མངའ་སྡེ་གཞུང་ནས་བདེ་སྐྱིད་སྐྲུན་ཐབས་ཀྱི་བསླབ་གཞི་གསར་པ་གཏན་འབེབས་གནང་བར་བསྔགས་བརྗོད་དང་སྦྲགས། བསླབ་གཞི་དེ་དག་སློབ་ཁྲིད་ཡང་དག་པ་ཞིག་ཐུབ་པར་དགེ་རྒན་གསོ་སྐྱོང་གནང་གལ་ཡིན་པ་དང་། བདེ་སྐྱིད་དང་བྱམས་བརྩེའི་སྐོར་ཙམ་མིན་པར་རྒྱ་གར་གྱི་གནའ་བོའི་རིག་གཞུང་ནང་གསུངས་པའི་སེམས་ཁམས་རིག་པའི་རྣམ་གཞག་དེ་དག་ཀྱང་དེ་མཚུངས་ཀྱི་སློབ་ཁྲིད་གནང་ཐུབ་ཚེ་དགེ་མཚན་ཆེན་པོ་ཡོད་པ་སོགས་བཀའ་བསྩལ་འདུག དེ་བཞིན་༸གོང་ས་མཆོག་ནས་སྐབས་དེར་བཅར་བའི་དགེ་ལས་ཁག་ཅིག་གི་བཀའ་འདྲིར་བཀའ་ལན་དང་འབྲེལ། དགུང་ལོའི་བབས་ཀྱི་ཆ་ན་མགོན་པོ་༸གང་ཉིད་མཆོག་ལོ་རེ་བཞིན་དགུང་ལོ་བགྲེས་བཞིན་ཡོད་ཀྱང་། ནང་བསམ་བློའི་ཆ་ནས་ད་ལྟའང་གཞོན་ཉམས་དོད་པོ་དང་། ལྷག་དོན་བློ་རིགས་མུ་མཐུད་ནས་གསལ་དུ་གསལ་དུ་འགྲོ་བཞིན་ཡོད་པར་བཀའ་འགྲེལ་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་ནས་རྣམ་ཀུན་ཇི་སྲིད་ནམ་མཁའ་གནས་པ་དང་། འགྲོ་བ་ཇི་སྲིད་གནས་གྱུར་པ། དེ་སྲིད་བདག་ནི་གནས་གྱུར་ནས། ། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག་ཅེས་ཐུགས་སྨོན་མཛད་བཞིན་ཡོད་པར་ལམ་སྟོན་བཀའ་སློབ་བཀྲིན་ཆེ་བ་མཛད་འདུག གཞི་རྩའི་༸གོང་ས་མཆོག་གིས་བདེ་སྐྱིད་སྐྲུན་ཐབས་ཞེས་པའི་བསླབ་གཞི་གསར་པ་དབུ་འབྱེད་མ་མཛད་པའི་ཉིན་གཅིག་གི་སྔ་རོལ་དེར་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་གཞོན་པ་དང་ཤེས་རིག་བློན་ཆེན་གཅིག་ལྕོགས་ སྐུ་ཞབས་ Manish Sisodia ལགས་ནས་༸གོང་ས་མཆོག་གི་བཞུགས་གནས་སུ་ཆེད་བཅར་ཐོག་མགོན་པོ་༸གང་ཉིད་མཆོག་ནས་བསླབ་གཞི་གསར་པ་འབུ་འབྱེད་མཛད་རྒྱུའི་ཞལ་བཞེས་བཟང་པོ་སྨིན་བསྩལ་ཐུབ་པར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག ད་བར་ལྡི་ལིའི་མངའ་སྡེ་གཞུང་ནས་བསླབ་གཞིའི་ཐོག་ཕྱག་ལས་གནང་བའི་བརྒྱུད་རིམ་དང་། ལྷག་དོན་བསླབ་གཞི་གསར་པ་དེའི་བརྒྱུས་མ་འོངས་པའི་གཞོན་སྐྱེས་རྣམས་སྤྱི་ཚོགས་ལ་ཕན་ཐོགས་བསྒྲུབ་མཁན་གྱི་མི་སྣ་འབའ་ཞིག་ཆགས་ཐུབ་པར་དམིགས་ཡུལ་ངེས་ཅན་ཞིག་འཛིན་བཞིན་པ་སོགས་སྙན་གསེང་ཞུས་ཡོད་པ་རེད། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་སྤྱི་ཚོགས་ཁྲོད་ཀྱི་དཀའ་རྙོག་མང་དག་ཞིག་འགྲོ་བ་མི་རྣམས་ཀྱི་སེམས་རྒྱུད་ལ་ཡོད་པའི་སེམས་ཚོར་དྲག་པོའི་ཆ་དེ་དག་དབང་གིས་བཟོ་བཞིན་ཡོད་སྟབས། མིའི་སྤྱི་ཚོགས་ནང་དེང་དུས་ཀྱི་ཤེས་ཡོན་སློབ་གསོ་ཙམ་མ་ཡིན་པར་སེམས་ཚོར་དྲག་པོའི་ཆ་དེ་དག་ལ་གདོང་ལེན་གནང་སྟངས་དང་འབྲེལ་བའི་བསླབ་གཞི་འཇོག་དགོས་གལ་ཡིན་པ་དང་། ད་རེས་ལྡི་ལི་མངའ་སྡེ་གཞུང་ནས་བདེ་སྐྱིེད་དང་འབྲེལ་བའི་བསླ་གཞི་གསར་པ་གཏན་འབེབས་གནང་བར་དགའ་སྤོབས་ཆེན་པོ་བྱུང་ཞེས་བཀའ་བསྩལ་འདུག རྩ་བའི་བདེ་སྐྱིད་སྐྲུན་ཐབས་ཀྱི་བསླབ་གཞི་གསར་པ་དེ་ལྡི་ལི་མངའ་སྡེ་གཞུང་ནས་འདི་ལོའི་ཕྱི་ཟླ་དང་པོ་ཙམ་ནས་དབུ་འཛུགས་ཀྱིས་གཏན་འབེབས་གནང་བའི་སློབ་ཚན་ཞིག་ཆགས་ཀྱི་ཡོད་པ་དང་། བསླབ་གཞི་འདི་རྒྱལ་ས་ལྡི་ལི་ནང་ཡོད་པའི་རྒྱ་གར་གཞུང་གི་སློབ་གྲྭ་ཆིག་སྟོང་ལྷག་ནང་གི་སྔོན་འགྲོ་ནས་འཛིན་རིམ་བརྒྱད་པ་བར་གྱི་སློབ་མ་ཚོར་སློབ་ཁྲིད་གནང་གི་ཡོད་པ་རེད། ༸སྐུ་པར་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

༸གོང་ས་མཆོག་ལྡི་ལི་དང་ལ་དྭགས་ནང་གི་མཛད་འཆར་ཆེད་རྒྱལ་ས་ལྡི་ལིར་༸ཞབས་སོར་བདེ་བར་འཁོད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་སྔ་དྲོ་བཞུགས་སྒར་དྷ་ས་ནས་ཆིབས་བསྒྱུར་གྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་༸ཞབས་སོར་བདེ་བར་འཁོད་ཡོད་པ་རེད། མགོན་པོ་༸གང་ཉིད་མཆོག་ནས་སང་ཚེས་ ༣༠ ཉིན་རྒྱལ་ས་ལྡི་ལིའི་ཁུལ་གྱི་གནད་ཡོད་དཔོན་རིགས་ཁག་གཅིག་དང་མཁས་དབང་སོགས་མཇལ་འཕྲད་གནང་རྒྱུ་མ་ཟད་བྷར་མ་ཤྲི་ལངྐ་སོགས་ཀྱི་ནང་པའི་དགེ་སློང་ཁག་ཅིག་དང་མཇལ་མོལ་ཐོག་འདུལ་ཁྲིམས་སྐོར་དགོངས་གཞི་བརྗེ་ལེན་གནང་རྒྱུ་དང་དེ་རྗེས་ཚེས་ ༢ ཉིན་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་གར་གྱི་སློབ་གྲྭ་ཆིག་སྟོང་ལྷག་གི་སློབ་ཕྲུག་འབུམ་བརྒྱད་ཙམ་ལ་རྒྱལ་ས་ལྡི་ལིའི་མངའ་སྡེ་གཞུང་གི་སྟངས་འཛིན་འོག་ཡོད་པའི་སྔོན་འགྲོ་ནས་འཛིན་རིམ་བརྒྱད་པ་བར་གྱི་སློབ་གྲྭ་ཚང་མའི་ནང་རྒྱུན་ལྡན་སློབ་ཚན་རྣམས་ཡོད་པའི་ཐོག་བདེ་སྐྱིད་སྐྲུན་ཐབས་ Happiness Curriculum ཞེས་པའི་སློབ་ཚན་འཕར་མ་ཞིག་སློབ་ཁྲིད་གནང་རྒྱུ་ཡིན་པ་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བསླབ་གཞི་དེ་དབུ་འབྱེད་མཛད་ཀྱི་ཡོད་པ་རེད། ལྡི་ལི་ནང་གི་མཛད་འཆར་ཁག་ལེགས་པར་གྲུབ་རྗེས་རྒྱ་གར་བྱང་ཕྱོགས་ཇ་མུ་ཀཤ་མིར་མངའ་སྡེ་ནང་དུ་རྟེན་གཞི་བྱས་པའི་ལ་དྭགས་ནང་པའི་དགོན་ཚོགས་གཉིས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་ ༧ ཚེས་ ༣ ཉིན་སྔ་དྲོ་ལ་དྭགས་གླེ་རུ་ཆིབས་བསྒྱུར་མཛད་ཀྱི་ཡོད་པ་དང། ཕྱི་ཚེས་ ༤ དང་ ༥ ཉིན་༸སྐུ་ངལ་གསོ་བཞུགས་མཛད་རྒྱུ་དང་ཚེས་ ༦ ཉིན་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ་ལ་དྭགས་མང་ཚོགས་ནས་གོ་སྒྲིག་ཞུས་པའི་༸གོང་ས་མཆོག་དགུང་གྲངས་ ༨༣ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྟོན་ཐོག་མགོན་པོ་༸གང་ཉིད་མཆོག་དབུ་བཞུགས་མཛད་ཀྱི་ཡོད་པ་རེད། ཚེས་ ༡༠ ནས་ ༡༢ བར་ཉིན་གྲངས་གསུམ་རིང་ཞི་བའི་ཚལ་དུས་འཁོར་ཐང་ཆེན་དུ་ས་གནས་སུ་ཡོད་པའི་དད་ལྡན་མང་ཚོགས་ལ་སྔ་ལོའི་སྤྱོད་འཇུག་ཆེན་མོའི་གསུང་ཆོས་འཕྲོ་སྐྱོང་མཛད་རྒྱུ་མ་ཟད་ཚེས་ ༡༤ ཉིན་མགོན་པོ་༸གང་ཉིད་མཆོག་ལ་དྭགས་གླེ་ནས་ནུབ་ར་ཁུལ་དུ་ཆིབས་ཞལ་བསྒྱུར་གནང་མཛད་དེ་ཁུལ་དེའི་མང་ཚོགས་ལ་སྒོམ་རིམ་བར་པའི་བཀའ་ཆོས་དང། དེ་བཞིན་བསམ་གཏན་གླིང་དགོན་པའི་ཕར་ཕྱིན་དབྱར་ཆོས་ཆེན་མོའི་ཚོགས་མགོན་དུ་དབུ་བཞུགས་མཛད་རྒྱུ་སོགས་ཀྱི་མཛད་འཆར་ཐུགས་གནང་ཁེལ་ཡོད་པ་རེད།

ངོས་ཀྱི་སྐྱེས་སྐར་རྟེན་འབྲེལ་གྱི་ལག་རྟགས་ཡག་ཤོས་ནི་སེམས་པ་བཟང་པོ་བྱ་རྒྱུ་དེ་ཡིན་ཞེས་བཀའ་བསྩལ་འདུག

ཁ་སང་ཟླ་ ༦ ཚེས་ ༢༦ ཉིན་ཐེ་ཝན་དུ་དགའ་ལྡན་ཤར་རྩེ་ནང་ཆོས་སློབ་གཉེར་ཁང་གི་ཆོས་ཚོགས་དང་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གཉིས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་སྔ་སྣུར་གྱིས་སྲུང་བརྩི་ཞུས་འདུག ཐེ་ཝན་ནང་རྟེན་གཞི་བྱས་པའི་ Dr. Sun Yat Sen དྲན་རྟེན་ཚོགས་ཁང་དུ་མི་མང་སྟོང་ཕྲག་ལྷག་མཉམ་འཛོམས་ཀྱིས་༸གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༣ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་པ་སྦྲགས། ཐེ་ཝན་བོད་བརྒྱུད་ནང་བསྟན་དགའ་ལྡན་ཤར་རྩེ་ནང་ཆོས་སློབ་གཉེར་ཁང་གི་ཆོས་ཚོགས་ནས་མགོན་པོ་༸གང་ཉིད་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན།  ༸གང་ཉིད་མཆོག་གིས་དྲྭ་ལམ་ཐད་གཏོང་བརྒྱུད་ཐེ་ཝན་དད་ལྡན་མང་ཚོགས་ཚོར་བཀའ་སློབ་དང་བཀའ་འདྲིར་བཀའ་ལན་མཛད་པ་དང་འབྲེལ། ངོས་ཀྱི་སྐྱེས་སྐར་རྟེན་འབྲེལ་གྱི་ལག་རྟགས་ཡག་ཤོས་ནི་ཁྱེད་རྣམ་པས་བྱམས་པ་དང་སྙིང་རྗེའི་ཐོག་ནས་གཞན་ལ་སེམས་པ་བཟང་པོ་བྱ་རྒྱུ་དང་།  ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ།   དེ་བཞིན་མཉམ་རུབ་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་གཅེས་སྐྱོང་བྱ་དགོས་ཞེས་དང་ལྷག་དོན་ཁྱེད་རྣམས་ངོས་ཀྱི་གྲོགས་པོ་ཡིན་ན་ངོས་ནས་ཤད་པ་དེ་ལག་ལེན་བསྟར་དགོས་ཞེས་བཀའ་བསྩལ་འདུག ༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་དང་འབྲེལ་ཐེ་ཝན་མི་མང་ནས་མགོན་པོ་མཆོག་༸སྐུ་ཚེ་༸ཞབས་པད་བརྟན་པ་དང་༸གང་ཉིད་མཆོག་གི་མཛད་འཕྲིན་མཐའ་དག་ཡར་ངོས་ཟླ་ལྟར་འཕེལ་བར་ཐུགས་སྨོན་དང་བཅས་༸གོང་ས་མཆོག་གི་མཚན་ཐོག་ཏུ་སྨན་ཁང་ཁག་ལ་ནད་པ་འདྲེན་བྱེད་ཀྱི་འགྲུལ་འཁོར་ཞལ་འདེབས་ཕུལ་འདུག གཞན་ཡང་རིང་མིན་ཟླ་བ་ ༧ ཚེས་ ༡ ཉིིན་ཐེ་ཝན་སྐུ་ཚབ་དོན་གཅོད་ཁང་ནས་རྐང་འགན་བཞེས་ཐོག་ཐེ་ཝན་དུ་གནས་བཞུགས་བོད་མི་རྣམས་དང་།   དགའ་ལྡན་ཤར་རྩེ་ཆོས་ཚོགས་ཀྱི་ཚོགས་གཙོ་སོགས་གདན་ཞུས་ཀྱིས་༸གང་ཉིད་མཆོག་གི་༸སྐུའི་འཁྲུངས་སྐར་དགའ་སྟོན་གྱི་རྟེན་འབྲེལ་དང་། སྨོན་ལམ་གསོལ་འདེབས་ཀྱི་ལས་རིམ་འཚོགས་རྒྱུ་རེད་འདུག དེ་དང་ཕྱོགས་མཚུངས་ཕྱི་ལོ་ ༢༠༡༨ ལོ་དེ་བཞིན་བཀའ་ཤག་ནས་བཙན་བྱོལ་བོད་མི་རྣམས་ནས་རང་ཉིད་ཀྱི་གནས་ཡུལ་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་དགོས་པའི་ལམ་སྟོན་གནང་བ་ལྟར་འདི་ལོ་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གསར་འཛུགས་གནང་ནས་ལོ་ངོ་ ༢༠ འཁོར་བ་དང་བསྟུན་ཐེ་ཝན་སྐུ་ཚབ་དོན་གཅོད་ཁང་ནས་འགྲིམ་འགྲུལ་སྣུམ་འཁོར་ངོས་སུ་ཐེ་ཝན་གཞུང་མང་གཉིས་ནས་ད་བར་བོད་མི་ཚོར་གཡོ་བ་མེད་པའི་རྒྱབ་སྐྱོར་གནང་བར་བཀྲིན་རྗེས་དྲན་ཞུས་འདུག གཞན་ཡང་འདི་ལོའི་ལོ་ཐོ་འདོན་སྤེལ་དང་བོད་གཞུང་ཟློས་གར་ཚོགས་པས་རིག་གཞུང་དང་འབྲེལ་བའི་གཞས་སྣ་ཁག་ཅིག་གཟིགས་འབུལ་བརྒྱུད་ཐུགས་རྗེ་ཆེ་ཞུ་གནང་རྒྱུ་རེད་འདུག

རྒྱ་གར་གྱི་གནའ་བོའི་རིག་གཞུང་གིས་ནང་སེམས་ཀྱི་དཀའ་ངལ་ལ་གདོང་ལེན་བྱེད་ཐུབ་ཀྱི་རེད།

 བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་རྒྱ་གར་གྱི་སློབ་ཕྲུག་ཁག་ཅིག་ལ་དམིགས་བསལ་བཀའ་སློབ་བསྩལ་བ་དང་སྦྲགས།  རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་ལྷག་སོང་བའི་གནའ་བོའི་རིག་གཞུང་གིས་ནང་སེམས་ཀྱི་དཀའ་ངལ་ལ་གདོང་ལེན་བྱེད་ཐུབ་ཀྱི་རེད་ཅེས་བཀའ་བསྩལ་མཛད་འདུག   དེ་ཡང་ཝཱ་རཱ་ཎ་སཱིར་རྟེན་གཞི་བྱས་པའི་རྒྱ་གར་སློབ་གྲྭ་ཞིག་གིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། མགོན་པོ་༸གང་ཉིད་མཆོག་གིས་རྒྱ་གར་གྱི་སློབ་ཕྲུག་རྣམས་ལ་དམིགས་བསལ་བཀའ་སློབ་དང་བཀའ་འདྲིར་བཀའ་ལན་བཀྲིན་ཆེ་བ་བསྩལ་ཡོད་པ་རེད། སྐབས་དེར་༸གང་ཉིད་མཆོག་གིས་དེང་དུས་ཀྱི་ཤེས་ཡོན་སློབ་གསོ་ནང་ཕྱིའི་དངོས་པོར་དོ་སྣང་སྤྲད་པ་མ་གཏོགས་ནང་སེམས་ཀྱི་རིན་ཐང་གོང་འཕེལ་ཐོག་དོ་སྣང་གནང་གི་མེད་པ་དང།  ད་ལྟའི་དུས་སྐབས་ཀྱི་མི་རབས་ཁྲོད་ནང་སེམས་ཀྱི་དཀའ་ངལ་མང་པོ་ནི་ཕྱིའི་དངོས་པོ་ལ་དོན་གཉེར་ཤུགས་ཆེ་བྱེད་བཞིན་པར་བརྟེན་ནས་ཡོང་བ་ཞིག་ཡིན་པར་བཀའ་བསྩལ་བ་མ་ཟད་རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་ལྷག་སོང་བའི་གནའ་བོའི་རིག་གཞུང་ལས་ཞི་གནས་དང་ལྷག་མཐོང་ལ་སོགས་པའི་རིག་གནས་ཀྱི་ཤེས་བྱ་མང་པོ་ཞིག་བདག་ཅག་གི་སྟོན་པ་མ་ཕེབས་པའི་གོང་དུ་རྒྱ་གར་ནང་ཡོད་པ་ཞིག་ཡིན་ཀྱང་། དེང་སྐབས་རྒྱ་གར་ཡུལ་མི་རྣམས་ནས་ཁྱད་དུ་འཕགས་པའི་གནའ་བོའི་རིག་གཞུང་རྣམས་བརྗེད་པའི་རྣམ་པ་ལྟ་བུ་ཞིག་འདུག་པས་རྒྱ་གར་བ་ཚོས་རིག་གཞུང་དེ་དག་གསོན་པོ་གནང་ཐབས་ལ་འབད་དགོས་པར་ལམ་སྟོན་བསྩལ་བ་དང་ཆབས་ཅིག དེང་དུས་ཀྱི་ཤེས་ཡོན་སློབ་གསོའི་ཁྲོད་ནང་སེམས་ཀྱི་རིན་ཐང་གོང་འཕེལ་ཐོག་སློབ་ཁྲིད་གནང་དགོས་གལ་ཡིན་པར་བཀའ་ནན་བསྩལ་འདུགད་ལྟའི་མི་རབས་དང་མ་འོངས་པའི་མི་རབས་རྣམས་ནས་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཐོག་བསླབ་པ་སློབ་གཉེར་གནང་ནས་ནང་སེམས་ཀྱི་བདེ་སྐྱིད་གོང་འཕེལ་གནང་རྒྱུའི་འགོ་ཐོག་མ་རྒྱ་གར་ནས་བཙུགས་ཏེ་རྒྱ་ནག་དང་རིམ་བཞིན་འཛམ་བུ་གླིང་ཡོངས་ལ་ཁྱབ་སྤེལ་གནང་དགོས་གནད་ཡིན་པ་བཀའ་བསྩལ་འདུག སློབ་ཕྲུག་རྣམས་ནས་༸གང་ཉིད་མཆོག་ལ་བཀའ་འདྲི་ཁག་ཅིག་ཞུས་ཡོད་པ་ལྟར་སློབ་ཕྲུག་ཞིག་གིས་མིའི་མི་ཚེ་དངོས་ཀྱི་རང་གཤིས་གང་ཡིན་ནམ་ཞེས་བཀའ་འདྲི་ཞུས་པར་༸གང་ཉིད་མཆོག་གིས་བདེ་སྐྱིད་ནི་མིའི་མི་ཚེར་དགོས་དོན་གཙོ་བོ་ཡིན་སྐོར་བཀའ་བསྩལ་དང་འབྲེལ་ཏེ་མི་ཚེ་ནང་གནས་སྟངས་འདྲ་མིན་འོག་དཀའ་ངལ་ཅི་འདྲ་ཞིག་འཕྲད་ཀྱང་བློ་ཆུང་བའི་སྒོ་ནས་བསམ་བློ་གཏང་ཚེ་མཐར་རང་ཤི་བརྒྱབ་རྒྱུ་དང།  ཆང་རག་ལ་སྤྱོད་རྒྱུ།  བཟི་སྨན་ལ་སོོགས་པར་ལོངས་སུ་སྤྱད་ནས་མི་ཚེ་སྟོང་ཟད་གྱུར་བས་དེ་ལས་དུས་དང་རྣམ་པ་ཀུན་ཏུ་རེ་བ་བཟང་ས་ནས་བརྒྱབ་རྒྱུ་དང་བསམ་བློ་གུ་ཡངས། དེ་བཞིན་བློས་དཔྱད་པའི་ཐོག་དཀའ་ངལ་ལ་གདོང་ལེན་བྱེད་དགོས་པར་ལམ་སྟོན་རྒྱ་ཆེ་མཛད་འདུག དེ་བཞིན་སློབ་ཕྲུག་གཞན་ཞིག་གིས་ཀྱང་ང་ཚོ་ཆོས་ལ་འཇུག་དགོས་དོན་གང་ཡིན་ནམ་ཞེས་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་ཆོས་ཕྱོགས་ལ་འཇུག་མི་འཇུག་ནི་རང་ཉིད་སོ་སོའི་འདོད་མོས་ཡིན་པ་དང་། འཛམ་གླིང་ནང་མི་མང་དུང་ཕྱུར་བདུན་ཡོད་པ་ལས་དུང་ཕྱུར་གཅིག་ནི་ཆོས་དད་མེད་མཁན་ཡིན་པ་དང་། འགྲོ་བ་མི་དུང་ཕྱུར་དྲུག་ཡོད་པ་རྣམས་ནས་ཀྱང་ཡོངས་རྫོགས་ཆོས་ལ་སེམས་རྩེ་གཅིག་ཏུ་འཇུག་མཁན་མེད་པ་རེད། དཔེར་ན།   བྷར་མ་ནང་ཡོད་པའི་ནང་པའི་འཇིགས་སྐུལ་བར་ངོས་འཛིན་བཞིན་པ་དེ་དག་དོན་དམ་པའི་ནང་པ་མིན་པ་དང་གལ་ཏེ་དོན་དམ་པའི་ནང་པ་དང་ཁ་ཆེ་བ་ཡིན་ཚེ་མི་གསོད་ཁྲག་སྦྱོར་གྱི་ལས་བྱེད་ཀྱི་མ་རེད་ཅེས་བཀའ་བསྩལ་བ་དང་ཆབས་ཅིག་ཏུ་ཆོས་ལུགས་ཚང་མས་བྱམས་པ་དང་བརྩེ་བ་ཁྱབ་སྤེལ་གནང་གི་ཡོད་སྐོར་བཀའ་བསྩལ་ཡོད་པ་རེད། རྩ་བའི་ད་ལྟའི་ཆར་བཞུགས་སྒར་དྷ་སར་ཡོད་པའི་རྒྱ་གར་གཞུང་གི་མཐོ་རིམ་སློབ་གྲྭ་ནས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་ལས་འཆར་ཞིག་སྤེལ་མུས་ཡིན་པ་དང།  སྒོས་སུ་ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢ ཉིན་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་མངའ་སྡེ་གཞུང་གི་སྟངས་འཛིན་འོག་ཡོད་པའི་སྔོན་འགྲོ་ནས་འཛིན་རིམ་བརྒྱད་པ་བར་གྱི་སློབ་གྲྭ་ཚང་མའི་ནང་རྒྱུན་ལྡན་སློབ་ཚན་རྣམས་ཡོད་པའི་ཐོག་བདེ་སྐྱིད་སྐྲུན་ཐབས་ Happiness Curriculum ཞེས་པའི་སློབ་ཚན་འཕར་མ་ཞིག་སློབ་ཁྲིད་གནང་རྒྱུ་ཡིན་པ་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བསླབ་གཞི་དེ་ དབུ་འབྱེད་མཛད་ཀྱི་ཡོད་པ་དང་འབྲེལ། ༸གོང་ས་མཆོག་ནས་དགེ་རྒན་ ༥༠༠༠ ལྷག་ཙམ་དང་བོད་པའི་མཁས་དབང་ཁག་ཅིག་གདན་ཞུས་ཐོག་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཇི་ལྟར་གསོན་པོ་གནས་ཐབས་ཀྱི་མཛད་སྒོ་ཞིག་ཀྱང་འཚོགས་རྒྱུ་ཡིན་པ་རེད།

རྒྱལ་ཞེན་རིང་ལུགས་ཀྱི་ལྟ་བ་མཁྲེགས་བཟུང་གིས་རྒྱལ་ཁབ་གཞན་གྱི་བདེ་སྡུག་སྣང་མེད་གཏང་ན་ནོར་འཁྲུལ་རེད།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་ Sydney ནང་ཚོགས་པའི་ཞི་བདེ་དང་དེའི་རྒྱུ་རྐྱེན་ཞེས་མང་ཚོགས་སྟོང་ཕྲག་བརྒལ་བའི་ལྷན་ཚོགས་ཀྱི་ཐད་གཏོང་དྲྭ་བརྙན་ཐོག་རྒྱལ་ཞེན་རིང་ལུགས་ཀྱི་ལྟ་བ་མཁྲེགས་བཟུང་གིས་རྒྱལ་ཁབ་གཞན་གྱི་མང་ཚོགས་ཀྱི་བདེ་སྡུག་དང་རང་དབང་ལ་སྣང་མེད་གཏང་ཚེ་དེ་ནི་ནོར་འཁྲུལ་རེད་ཅེས་བཀའ་བསྩལ་འདུག ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་ Sydney ནང་དེ་རིང་དང་སང་ཉིན་བཅས་ཉིན་གཉིས་རིང་འཚོགས་བཞིན་པའི་ "Happiness & Its Causes" ཞེས་པའི་རྒྱལ་སྤྱིའི་ལྷན་ཚོགས་ཀྱི་གོ་སྒྲིག་ཚོགས་ཆུང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། མགོན་པོ་མཆོག་གིས་དེ་རིང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཐད་གཏོང་དྲྭ་ལམ་བརྒྱུད་ཕྱི་ལོ་ ༢༠༡༨ ལོའི་ཞི་བདེ་དང་དེའི་རྒྱུ་རྐྱེན་ཞེས་པའི་ལྷན་ཚོགས་ཐོག་བཅར་བའི་ཚོགས་བཅར་བ་ཡོངས་ལ་བཀའ་སློབ་དང་བཀའ་འདྲིར་བཀའ་ལན་བཀྲིན་ཆེ་བ་བསྐྱངས་ཡོད་པ་རེད། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེང་སྐབས་འཛམ་གླིང་འདིའི་ཐོག་སྐྱབས་བཅོལ་བ་ཚོར་རྒྱལ་ཁབ་གཞན་ནང་འཛུལ་སྐབས་ས་མཚམས་ནས་བཀག་འགོག་བྱས་པ་སོགས་ཀྱི་དཀའ་ངལ་མང་པོ་འཕྲད་བཞིན་པའི་གནད་དོན་དང་འབྲེལ།  ༸གང་ཉིད་མཆོག་གིས་དེ་ནི་གཙོ་བོ་ནང་སེམས་ཀྱི་རིན་ཐང་ཐོག་སློབ་གསོ་དང་བྱམས་བརྩེ་མ་འདང་བར་བརྟེན་ནས་ཡིན་པར་བཀའ་གནང་བ་དང་འབྲེལ། དེང་སྐབས་སྟོབས་ཆེན་རྒྱལ་ཁབ་ཨ་རི་ལྟ་བུར་ཆ་མཚོན་ན་འཛམ་གླིང་འདིའི་ཆ་ཤས་ཤིག་ཡིན་པ་མ་ཟད་མ་འོངས་པའི་མདུན་ལམ་ཡང་རྒྱལ་ཁབ་གཞན་ལ་བརྟེན་དགོས་པ་དང། སྤྱིར་རྒྱལ་ཞེན་རིང་ལུགས་བྱེད་ན་འགྲིག་གི་ཡོད་པ་དེ་ལྟར་ཡང།  དེང་སྐབས་བློ་རྒྱ་ཆུང་བའི་བསམ་བློ་འཛིན་མཁན་ཨ་རིས་གཙོས་པའི་རྒྱལ་ཁབ་ཁག་ཅིག་གིས་རྒྱལ་ཞེན་རིང་ལུགས་ཀྱི་ལྟ་བ་མཁྲེགས་བཟུང་གིས་རང་ཉིད་ཀྱི་རྒྱལ་ཁབ་ཀྱི་ཁེ་ཕན་གྱི་ཨང་དང་པོར་བཞག་ནས་རྒྱལ་ཁབ་གཞན་གྱི་མང་ཚོགས་ཀྱི་རང་དབང་དང་བདེ་སྡུག་སྣང་མེད་གཏང་ཚེ་དེ་ནི་ནོར་འཁྲུལ་རེད་ཅེས་བཀའ་ནན་བསྩལ་འདུག མགོན་པོ་༸གང་ཉིད་མཆོག་གིས་ད་ལྟའི་དུས་རབས་ཉེར་གཅིག་པའི་ནང་འཛམ་གླིང་གི་ཤར་ལྷོ་ནུབ་བྱང་རྒྱལ་ཁབ་ཚང་མའི་མ་འོངས་པའི་མདུན་ལམ་ནི་སྔར་དང་མི་འདྲ་བར་གཅིག་ལ་གཅིག་བརྟེན་ཆགས་ཡོད་པ་དང་དེའང་དོན་དངོས་ཐོག་གོ་ལའི་དཔལ་འབྱོར་དང་གོ་ལོའི་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ནི་དེ་སྔ་དང་མི་འདྲ་བར་འཛམ་བུ་གླིང་འདིའི་ཐོག་རྒྱལ་ཁབ་ཚང་མར་ས་མཚམས་ཀྱི་དབྱེ་བ་མེད་པར་གཅིག་མཚུངས་ཀྱི་དཀའ་ངལ་ཞིག་ཆགས་ཡོད་སྟབས། འཛམ་གླིང་ཐོག་ཡོད་པའི་འགྲོ་བ་མི་ཐེར་འབུམ་བདུན་པོ་ཚང་མས་དུས་རབས་ཉེར་གཅིག་པ་འདིའི་དོན་དངོས་ཀྱི་གནས་སྟངས་ངོས་འཛིན་གྱིས་ཁས་ལེན་གནང་བ་དང་ལྷན་འགྲོ་བ་མིའི་ཚང་མ་གཅིག་གྱུར་གྱི་འདུ་ཤེས་གཞིར་བཞག་ཐོག་གོ་ལ་སྤྱིའི་འགན་ཁུར་བླངས་དགོས་པ་ནི་དུས་ཀྱི་དགོས་མཁོ་ཡིན་པ་བཀའ་བསྩལ་འདུག ཐད་གཏོང་དྲྭ་བརྙན་ལས་རིམ་ཐོག་བཅར་བའི་ཚོགས་བཅར་བས་༸གང་ཉིད་ལ་མཆོག་ལ་ཨ་རིའི་སྲིད་འཛིན་ལས་ཐོག་ཊམ་སྐོར་འཀའ་འདྲི་ཞུས་པར་སྲིད་འཛིན་ཊམ་མཆོག་ནི་རང་དབང་ལྡན་པའི་འཛམ་གླིང་འདི་སྣེ་ཁྲིད་བྱེད་མཁན་གྱི་ཨ་མི་རི་ཀའི་རྒྱལ་ཁབ་ཀྱི་མང་ཚོགས་ནས་འོས་འདེམས་གནང་བའི་འགོ་ཁྲིད་ཞིག་ཡིན་སྟབས་༸གང་ཉིད་མཆོག་ནས་གུས་བརྩི་ཞུ་བཞིན་ཡོད་པ་དེ་ལྟར་ཡང། སྲིད་འཛིན་ཁོང་ནས་འཛིན་བཞིན་པའི་ཨ་རི་དང་པོ་ཞེས་པའི་ལྟ་བ། ཨ་རིས་ཕ་རན་སི་ནང་ཚོགས་པའི་གོ་ལའི་གནམ་གཤིས་ཚ་དྲོད་ཆ་སྙོམས་དང་འབྲེལ་བའི་ཕ་རན་སི་གྲོས་མཐུན་ནས་ཕྱིར་འཐེན་གནང་བ་དང་། དེ་བཞིན་དཔལ་འབྱོར་གནད་དོན་ཆུང་ཙགས་ཀྱི་རྒྱུ་མཚན་བྱས་ནས་ཨ་རི་དང་ཡོ་རོབ་རྒྱལ་ཁབ་ཕན་ཚུན་དབར་འབྲེལ་ཐག་རིང་དུ་སོང་བ། དེ་བཞིན་སྲིད་འཛིན་མཆོག་གིས་སྐྱབས་བཅོལ་བའི་ཐོག་འཛིན་པའི་ལྟ་བ་བཅས་ཀྱི་ཐོག་མགོན་པོ་༸གང་ཉིད་མཆོག་མོས་མཐུན་མེད་སྐོར་བཀའ་བསྩལ་བ་དང་འབྲེལ། ཨ་རིའི་ངོས་ནས་རང་དབང་དང་ལྡན་པའི་འཛམ་གླིང་སྣེ་ཁྲིད་གནང་མཁན་རྒྱལ་ཁབ་ཞིག་ཡིན་པའི་ཆ་ནས་དེ་དང་མཐུན་པའི་ལངས་ཕྱོགས་འཛིན་ནས་འཛམ་གླིང་རང་དབང་ཆེད་དུ་རྒྱབ་སྐྱོར་གནང་དགོས་ཞེས་དང།  ཨ་རིར་སྐྱབས་བཅོལ་དུ་ཡོང་མཁན་མང་ཚོགས་དེ་དག་ནས་ཨ་རིར་གུས་བརྩི་དང་རེ་བ་ཆེན་པོ་བྱས་ནས་སྐྱབས་བཅོལ་དུ་ཡོང་སྟབས་ཨ་རིའི་རྒྱལ་ཁབ་ཀྱི་ངོས་ནས་སྤོབས་པ་གནང་དགོས་པ་ཞིག་རེད་ཅེས་བཀའ་བསྩལ་འདུག གཞན་ཡང་སྐབས་དེར་མགོན་པོ་༸གང་ཉིད་མཆོག་གི་༸སྐུ་ཚེ་ནང་ཐུགས་ཐག་བཅད་ཁག་ལས་ནོར་འཁྲུལ་བྱུང་ཡོད་མེད་སྐོར་བཀའ་འདྲི་ཞུས་པར་དགོང་ལོ་ ༡༦ ནས་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པ་ནས་ཕྱི་ལོ་ ༢༠༡༡ ལོར་ཆབ་སྲིད་ཀྱི་༸སྐུ་དབང་ཆ་ཚང་མང་ཚོགས་ནས་འོས་འདེབས་བྱས་པའི་འགོ་ཁྲིད་ལ་གསོལ་བསྩལ་གནང་སྐོར་དང་འབྲེལ་༸གང་ཉིད་མཆོག་ནས་ཐུགས་ཐག་གང་བཅད་པ་དེ་དག་ཕུགས་རྒྱང་རིང་པོར་ནོར་འཁྲུལ་མེད་པར་ཡག་པོ་བྱུང་ཡོད་པར་ངོས་འཛིན་གནང་བཞིན་ཡོད་པའི་བཀའ་ལན་མཛད་འདུག སྐབས་དེར་ལས་རིམ་གཙོ་སྐྱོང་བས་མགོན་པོ་༸གང་ཉིད་མཆོག་ལ་ད་ལྟའི་ཆར་ཆབ་སྲིད་ཀྱི་༸སྐུ་དབང་རྩིས་སྤྲོད་ཟིན་ཡོད་ཀྱང་བོད་ཀྱི་གནད་དོན་ཐོག་ཐུགས་ཁུར་བཞེས་ཕྱོགས་སྐོར་བཀའ་འདྲི་ཞུས་པར་༸གང་ཉིད་མཆོག་གིས་དུས་རབས་བདུན་པ་དང་བརྒྱད་པའི་སྐབས་བོད་ཀྱི་རྒྱལ་ཁམས་དང། སོག་པའི་རྒྱལ་ཁམས། དེ་བཞིན་རྒྱ་ནག་གི་རྒྱལ་ཁམས་བཅས་ཁག་སོ་སོར་གནས་ཡོད་པ་དང། དུས་རབས་དགུ་པ་ནས་བོད་དེ་སིལ་བུར་ཐོར་ཡོད་པ་དེ་ལྟར་ཡང། བོད་ཀྱི་སྐད་ཡིག་དང་ནང་ཆོས་དང་འབྲེལ་བའི་རིག་གཞུང་འདིས་བོད་ས་ཡོངས་རྫོགས་མི་རིགས་གཅིག་གི་ངོ་བོར་གནས་ཐུབ་པ་བྱུང་ཡོད་པ་མ་གཏོགས་དུས་རབས་མང་པོ་ནང་ཆབ་སྲིད་ཐོག་འཐུས་ཤོར་བཏང་ཡོད་པ་བཀའ་བསྩལ་བ་མ་ཟད།  ཕྱོགས་གཞན་ཞིག་ནས་༸གང་ཉིད་མཆོག་གིས་རྒྱ་ནག་དམར་པོའི་གཞུང་གིས་བོད་སར་དབང་སྒྱུར་བྱས་ནས་བོད་མི་ཚོར་དཀའ་ངལ་མང་པོ་འཕྲད་པར་བརྟེན་ད་ཆ་བོད་ཀྱི་ས་ཁུལ་ཁག་ཏུ་ཡོད་པའི་བོད་མི་ས་ཡ་དྲུག་པོ་ཚང་མ་ཆིག་སྒྲིལ་བྱུང་བ་དང། གལ་ཏེ་དེ་འདྲ་ཞིག་བྱུང་མེད་ཚེ་བོད་མི་ཚོ་ད་དུང་ང་དང་ཁོའི་ས་ཆ་ཞེས་རང་གཅེས་འཛིན་གྱི་བློ་འཁྱེར་ནས་གནས་ཡོད་པ་དང་། རྒྱ་ནག་གིས་བོད་ལ་དབང་སྒྱུར་བྱས་པ་དེ་ཡག་པོ་བྱུང་ཡོད་པའི་དགོངས་པ་འཁོར་གྱི་འདུག་ཅེས་བཀའ་བསྩལ་འདུག གཞན་ཡང་༸གང་ཉིད་མཆོག་གིས་ད་ལྟའི་དུས་སྐབས་འདིར་ཆོས་ལུགས་མཐུན་སྒྲིལ། འགྲོ་བ་མིའི་གཅིག་གྱུར་གྱི་འདུ་ཤེས་འཛིན་རྒྱུའི་གལ་གནད། སྤྱི་ཚོགས་ནང་བྱམས་བརྩེ་གོང་འཕེལ་བཅས་དེ་དག་ཡོང་བ་ལ་ཤེས་ཡོན་གྱི་སློབ་གསོ་ཁག་གི་ནང་དུ་ཕྱིའི་དངོས་པོ་འདུ་ཤེས་ཁོ་ན་མ་ཡིན་པར་ནང་སེམས་ཀྱི་རིན་ཐང་སྐོར་སློབ་ཁྲིད་གནང་བར་འབད་དགོས་གལ་ཡིན་པ་སོགས་ཀྱི་ཐད་ལམ་སྟོན་རྒྱ་ཆེ་མཛད་འདུག རྩ་བའི་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་ Sydney ནང་ཚོགས་པའི་ཞི་བདེ་དང་དེའི་རྒྱུ་རྐྱེན་ཞེས་མང་ཚོགས་སྟོང་ཕྲག་བརྒལ་བའི་ལྷན་ཚོགས་དེ་དེ་རིང་དང་སང་ཉིན་བཅས་ཉིན་གཉིས་རིང་ཚོགས་ཀྱི་ཡོད་པ་རེད། ལྷན་ཚོགས་ཐོག་འཛམ་གླིང་ཞི་བདེའི་ཐོག་ཕྱག་ལས་གནང་མཁན། ཆེད་ལས་མི་སྣ། དེ་བཞིན་ཤེས་ཡོན་དང་ཉམས་མྱོང་གི་རྒྱབ་ལྗོངས་འདྲ་མིན་ཡོད་པའི་གནད་ཡོད་མི་སྣ་མང་དག་ཞིག་ནས་གཏམ་བཤད་གནང་གི་འདུག ལྷན་ཚོགས་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མ་འོངས་པར་ཨོ་སི་ཊོ་ཡ་ནང་ཆིབས་བསྒྱུར་མཛད་ནས་ལྷན་ཚོགས་ཐོག་དབུ་བཞུགས་ཡོང་བར་གསོལ་འདེབས་ཞུས་ཡོད་པ་རེད།

Latest news