Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་གིས་ལ་དྭགས་བསམ་གཏན་གླིང་དགོན་པའི་དབྱར་ཆོས་ཆེན་མོ་དབུ་འབྱེད་མཛད་པ།

ཁ་སང་ཕྱི་ཚེས་ ༡༥ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ལ་དྭགས་ཀྱི་སུ་མུར་ཁུལ་དུ་གནས་པའི་དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་ཆེ་མཆོག་གི་བསམ་གཏན་གླིང་དགོན་པའི་ ༢༠༡༨ ལོའི་དབྱར་ཆོས་ཆེན་མོ་དབུ་འབྱེད་མཛད་ཡོད་པ་དང་། ལ་དྭགས་སུ་འཚོགས་བཞིན་པའི་དབྱར་ཆོས་ཆེན་མོ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་ཕེབས་པ་ལྟར་ཕྱི་ལོ་ ༢༠༡༣ ལོར་ཐོག་མར་དབུ་འཛུགས་གནང་བ་ཞིག་དང་། དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་ནང་བསྟན་ཆོས་བརྒྱུད་ཕན་ཚུན་དབར་ཐུགས་མཐུན་ཁྲིམས་གཙང་དང་། ས་གནས་མང་ཚོགས་ཚོར་ནང་ཆོས་ཀྱི་ཤེས་ཡོན་གོང་འཕེལ་ཡོང་ཐབས་དང་། ལྷག་པར་དུ་ཆོས་ལུགས་གཞན་དང་མཐུན་སྒྲིལ་གོང་འཕེལ་ཡོང་ཐབས་བཅས་སུ་དམིགས་པ་ཞིག་རེད། བསམ་གཏན་གླིང་དགོན་པ་ནས་གོ་སྒྲིག་ཞུས་པའི་དབྱར་ཆོས་ཆེན་མོའི་མཛད་སྒོ་ཐོག་དགོན་པ་དེའི་དགོན་བདག་དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་མཆོག་དང་། ཁྲིག་རྩེ་རིན་པོ་ཆེ་མཆོག་གིས་དབུས་པའི་བླ་ཆེན་ཁག་ཅིག ས་གནས་ཀྱི་དགོན་སྡེ་སོ་སོའི་སྐུ་ཚབ། ལྷག་པར་དུ་ས་གནས་ཀྱི་ཁ་ཆེའི་སྐུ་ཚབ། ཆབ་སྲིད་ཀྱི་མི་སྣ་དེ་བཞིན་ཡུལ་ལུང་སོ་སོའི་འགོ་དཔོན་དང་མི་མང་བཅས་ཁྱོན་མི་གྲངས་སྟོང་ཕྲག་འགའ་ཞིག་འདུ་འཛོམས་བྱུང་འདུག སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གདན་ས་ཁག་ནས་ཐོན་པའི་དགེ་བཤེས་ཚོས་རང་གི་གཞུང་ཙམ་མིན་པར་དབུ་ཕར་རྣམ་འགྲེལ་སོགས་ཀྱི་ཐོག་རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་གསར་གཏོད་གནང་ཐུབ་ཐབས་སོགས་ཀྱི་ལམ་སྟོན་མཛད་པ་མ་ཟད། ཆོས་ལུགས་ཚང་མས་འཛམ་གླིང་ཀུན་གྱི་བདེ་སྐྱིད་ལ་ཞབས་འདེགས་ཞུ་ཐུབ་པའི་ནང་པའི་ཚད་མ་རིག་པ་དང་། སེམས་ཁམས་རིག་པ་གཉིས་ལ་དོ་སྣང་བྱེད་དགོས་གལ་ཡིན་པ་སོགས་ཀྱི་བཀའ་བསྩལ་འདུག ༸གོང་ས་མཆོག་ནས་ད་དུང་༸གང་ཉིད་མཆོག་འཛམ་གླིང་ས་ཁུལ་གང་དུ་ཆེད་ཕེབས་མཛད་ཀྱང་ནང་ཆོས་སྤེལ་ཐབས་འབད་བརྩོན་གནང་གི་མེད་ཅེས་བཀའ་བསྩལ་མཛད་པ་མ་ཟད། ཆོས་གང་དང་གང་བྱེད་མིན་དེ་སྒེར་སོ་སོའི་ཁམས་དང་མོས་པ་ལ་བསྟུན་དགོས་པ་ཞིག་རེད་ཅེས་ལམ་སྟོན་མཛད་འདུག སྐབས་དེར་བསམ་གཏན་གླིང་དགོན་པའི་དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་ཆེ་མཆོག་ནས་ཀྱང་མཐུན་འབྲེལ་གྱི་རྩ་བ་དེ་ཆོས་ལུགས་ཕན་ཚུན་གྱི་བླ་ཆེན་ཚོའི་དབར་འབྲེལ་བ་དེ་ཐུགས་མཐུན་ཡོང་རྒྱུ་གལ་འགངས་ཆེན་པོ་ཡིན་སོགས་བཀའ་བསྩལ་འདུག ལ་དྭགས་སུ་མུར་ཁུལ་གྱི་བསམ་གཏན་གླིང་དགོན་པའི་དབྱར་ཆོས་ཆེན་མོའི་མཛད་སྒོ་དེའི་ཐོག་ལ་དྭགས་གླེ་གྲོང་ཁྱེར་གྱི་ཁ་ཆེའི་ Anjuman Mohammad Islam ཚོགས་པའི་ཚོགས་གཙོས་དབུས་པའི་ལྡུམ་ར་ཁུལ་གྱི་ཁ་ཆེའི་སྤྱི་ཚོགས་ཀྱི་ཚོགས་གཙོ་དང་། དེ་བཞིན་ཁ་ཆེའི་མི་མང་མང་པོ་ཞིག་ཕེབས་ཡོད་པ་ལྟར། སྐབས་དེར་ལྡུམ་རའི་ཁ་ཆེའི་ཚོགས་གཙོ་ Mohammad Akram ལགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོའི་རླབས་ཆེན་གྱི་མཛད་འཕྲིན་ཁག་ལ་ཡི་རང་བསྔགས་བརྗོད་ཤུགས་ཆེ་ཞུས་འདུག དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མཁན་རིན་པོ་ཆེ་ལ་དྭགས་པ་བློ་བཟང་རྒྱལ་མཚན་མཆོག་ནས་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་ནང་པ་སྤྱི་དང་། ལྷག་པར་དུ་ལ་དྭགས་པ་ཚོས་བོད་མི་སྐྱབས་བཅོལ་བ་ཚོའི་བཀྲིན་བསམ་ཤེས་བྱེད་དགོས་པ་སོགས་ཀྱི་གསུང་བཤད་གནང་སྟེ་བསམ་གཏན་གླིང་དགོན་པའི་དབྱར་ཆོས་ཀྱི་མཛད་སྒོ་དེ་མཇུག་སྒྲིལ་གནང་ཡོད་པ་རེད།

༸གོང་ས་མཆོག་སུ་མུར་ཁུལ་གྱི་བསམ་གཏན་གླིང་དགོན་པར་༸ཞབས་སོར་བདེ་བར་འཁོད་པ།

དེ་རིང་སྔ་དྲོ་ཆུ་ཚོད་ ༩་༣༠ ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ལྡུམ་ར་ཁུལ་གྱི་བདེ་སྐྱིད་ས་གནས་ཀྱི་མཛད་འཆར་ཁག་ལེགས་པར་གྲུབ་ནས་ཁུལ་དེ་ནས་ཀི་ལོ་མི་ཀྲར་ ༣༠ ལྷག་གི་སར་ཡོད་པའི་སུ་མུར་ཞེས་པའི་ས་གནས་ཀྱི་བསམ་གཏན་གླིང་དགོན་པར་༸ཞབས་སོར་བདེ་བར་འཁོད་ཡོད་པ་དང་། མགོན་པོ་༸གང་ཉིད་མཆོག་བསམ་གཏན་གླིང་དགོན་པར་༸ཞབས་སོར་འཁོད་སྐབས་དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་ཆེ་མཆོག་གིས་དབུས་པའི་དགོན་པའི་གྲྭ་མང་དང་ས་གནས་མི་མང་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུས་སོང་། ལ་དྭགས་ཀྱི་ལྡུམ་རའི་ས་ཁུལ་དུ་ཡོད་པའི་སི་མུར་གྱི་བསམ་གཏན་གླིང་དགོན་པ་ནི། དགའ་ལྡན་ཁྲི་ཟུར་རི་རྫོང་སྲས་རིན་པོ་ཆེའི་དགོན་པ་ཡིན་པ་དང་དགོན་པ་འདི་ལོ་ ༡༧༠ ལྷག་གི་སྔོན་དུ་བླ་མ་ཚུལ་ཁྲིམས་ཉི་མས་ཕྱག་བཏབ་འདུག ད་ལྟའི་དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་ཆེ་མཆོག་བླ་མ་ཚུལ་ཁྲིམས་ཉི་མའི་གདུང་བརྒྱུད་ཞིག་ཡིན་པ་རེད། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ག་བསམ་གཏན་གླིང་དགོན་པར་དེ་རིང་ཕྱི་ཚེས་ ༡༤ ནས་ཕྱི་ཚེས་ ༡༧ བར་སྐུ་བཞུགས་གནང་གི་ཡོད་པ་དང་། ཉིན་གྲངས་ ༣ རིང་བཞུགས་ཞག་གནང་ནས་མགོན་པོ་མཆོག་དགོན་པའི་ ༢༠༡༨ ལོའི་དབྱར་ཆོས་ཆེན་མོའི་ཚོགས་མགོན་དུ་དབུ་ཞུགས་མཛད་ཀྱི་ཡོད་པ་མ་ཟད། སེམས་བསྐྱེད་བཀའ་བརྒྱ་མ་དང་། འཇམ་དཔལ་མཚན་བརྗོད། ལམ་གཙོ་རྣམ་གསུམ་བཅས་ཀྱི་ཆོས་འབྲེལ་བཀྲིན་བསྩལ་གནང་རྒྱུ་དང་། ལྷག་དོན་ཕྱི་ཚེས་ ༡༧ ཉིན་མང་ཚོགས་ལ་སྒྲོལ་དཀར་གྱི་ཚེ་དབང་བཀྲིན་བསྩལ་བ་དང་འབྲེལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་ཀྱི་མཛད་འཆར་ཡོད་པ་རེད།

༸གོང་ས་མཆོག་གིས་ལྡུམ་ར་ཁུལ་གྱི་མང་ཚོགས་ལ་ཆོས་འབྲེལ་དང་ས་གནས་ཁ་ཆེའི་སྐུ་ཚབ་རྣམས་ལ་དམིགས་བསལ་ལམ་སྟོན་མཛད་པ།

དེ་རིང་ཟླ་ ༧ ཚེས་ ༡༣ ཉིན་ལ་དྭགས་ཀྱི་ལྡུམ་རའི་ས་གནས་བདེ་སྐྱིད་མི་མང་ཆོས་རའི་ནང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྟེན་འབྲེལ་བསྟོད་པ་དང་། བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་བཀྲིན་བསྩལ་བ་དང་། ཆོས་འབྲེལ་དེའི་ཐོག་ཏུར་ཏུག་ཁུལ་ནས་བཅར་བའི་ཁ་ཆེའི་སྐུ་ཚབ་མི་གྲངས་  ༤༠ ལྷག་ལ་དམིགས་བསལ་བཀའ་སློབ་གནང་བ་མ་ཟད་མགོན་པོ་༸གང་ཉིད་མཆོག་ནས་བདེ་སྐྱིད་ཁུལ་དུ་ཡོད་པའི་ཁ་ཆེའི་ལྷ་ཁང་དུ་ཆོས་མཇལ་མཛད་ཡོད་པ་རེད།  ལྡུམ་རའི་མི་མང་རྣམས་ནས་མགོན་པོ་༸གང་ཉིད་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། དེ་རིང་སྔ་དྲོ་ཚོུད་  ༩  ནས  ༡༡ བར་མི་མང་སྟོང་ཕྲག་བརྒལ་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྟེན་འབྲེལ་བསྟོད་པ་དང་། བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་བཀྲིན་བསྩལ་བ་དང་བསྟུན། ༸གང་ཉིད་མཆོག་གི་དགོངས་གཞི་དང་པོ་འགྲོབ་མི་ཞིག་ཡིན་པའི་ཆ་ནས་རྩ་བའི་ང་ཚོ་རྒྱུན་དུ་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ཀྱི་བདེ་བ་བསྒྲུབ་ཐབས་སུ་སྨོན་ལམ་བརྒྱབ་ཀྱི་ཡོད་ཀྱང་། སེམས་ཅན་གཞན་ལ་ཕན་སེམས་བྱེད་ཐུབ་མིན་ལ་ལྟོས་མེད་ང་ཚོས་འཛམ་གླིང་འདིའི་ནང་ཡོད་པའི་འགྲོ་བ་མི་དུང་ཕྱུར་བདུན་ཅུ་ཡོད་པ་དེ་དག་ལ་ཁ་ཡོད་ལག་ཡོད་ཀྱི་རྒྱུ་མཚན་འགྲེལ་བརྗོད་གནང་ཐོག་བདེ་སྐྱིད་བསྐྲུན་དགོས་གལ་ཡིན་པ་ལམ་སྟོན་རྒྱ་ཆེ་བཀྲིན་བསྩལ་བ་དང་འབྲེལ། སེམས་ཀྱི་ཞི་བདེའི་རྒྱུ་གཙོ་བོ་དེ་བྱམས་བརྩེ་ཡིན་སྐོར་སོགས་བཀའ་ནན་མཛད་འདུག སྐབས་དེའི་ཆོས་ཞུར་བཅར་བའི་ཕྱི་རྒྱལ་མི་རིགས་དང་རྒྱ་རིགས། དེ་བཞིན་ཁ་ཆེ་མི་རིགས་སོགས་ཆོས་ཞུ་བ་སྟོང་ཕྲག་ལྷག་འདུ་འཛོམས་བྱུང་བ་རྣམས་ལ་༸གང་ཉིད་མཆོག་ཕྱེད་ནང་པའི་དགེ་སློང་ཞིག་དང་ཕྱེད་ཚན་རིག་པ་ཞིག་ཡིན་པར་ངོས་འཛིན་གནང་གི་ཡོད་ཅེས་བཀའ་བསྩལ་བ་དང་ཆབས་ཅིག་ཏུ་ང་ཚོ་ཚང་མ་མི་གཅིག་གྱུར་ཡིན་པའི་འདུ་ཤེས་འཛིན་གལ་ཡིན་པ་དང་།   ལྷག་པར་དུ་ཆོས་དད་ཡོད་མེད་ལ་ལྟོས་མེད་ང་ཚོའི་མངོན་འདོད་དེ་བདེ་སྐྱིད་ཡིན་པ་ལྟར་ཆོས་ལུགས་ཕན་ཚུན་དབར་མཐུན་ལམ་ལེགས་པོ་དགོས་པ་མ་ཟད། རྣམ་ཀུན་ནས་མི་གཤིས་བཟང་པོ་ཞིག་ཡོང་ཐབས་ལ་འབད་བརྩོན་བྱེད་དགོས་ཞེས་ལམ་སྟོན་མཛད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་འབྲེལ་གྲུབ་རྗེས་སྐབས་དེར་ལྡུམ་རའི་ས་གནས་ནས་ཀི་ལོ་མི་ཀྲར་ ༧༠ ལྷག་ནས་ཕེབས་པའི་ཏུར་ཏུག་ཁ་ཆེའི་སྐུ་ཚབ་མི་གྲངས་ ༤༠ ལྷག་ཡོད་པ་དེ་དག་ལ་མཇལ་འཕྲད་གནང་བ་མ་ཟད། ཁོང་ཚོར་དུས་རབས་ ༡༧ སྐབས་༸རྒྱལ་བ་༸སྐུ་ཕྲེང་ལྔ་པ་ནས་བོད་མི་དང་ཁ་ཆེའི་དབར་ཡོད་པའི་སྔོན་གྱི་འབྲེལ་བ་དང་། དེང་སྐབས་སུའང་སི་རི་ནཱ་གར་ཁུལ་དུ་བོད་རིགས་ཁ་ཆེའི་གཞིས་ཆགས་ཡོད་པ་སོགས་ཀྱི་གནས་སྟངས་ངོ་སྤྲོད་གནང་བ་དང་འབྲེལ། རྒྱ་གར་གྱི་ཁ་ཆེ་ནང་ཁུལ་མཐུན་ལམ་ཡག་པོ་ཡོད་པ་དེར་ཡི་རང་བསྔགས་བརྗོད་གནང་བ་དང་ཆབས་ཅིག ལ་དྭགས་ཀྱི་ནང་པ་དང་ཁ་ཆེའི་བར་མཐུན་ལམ་གང་ལེགས་ཡོད་པ་དེ་ད་དུང་གོང་འཕེལ་གནང་ནས་མི་རིགས་གཞན་ལ་མིག་དཔེ་བཟང་པོ་ཞིག་བསྐྲུན་ཐབས་ལ་འབད་དགོས་གནད་ཡིན་པ་སོགས་ལམ་སྟོན་མཛད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལྡུམ་རའི་བདེ་སྐྱིད་ཁུལ་དུ་ཉིན་གཅིག་གི་ཆོས་འབྲེལ་དེ་རིང་ལེགས་གྲུབ་ཟིན་ཡོད་ཀྱང་། མགོན་པོ་༸གང་ཉིད་མཆོག་ཕྱི་ཚེས་ ༡༥ ནས་ ༡༧ བར་བདེ་སྐྱིད་ནས་ཀི་ལོ་མི་ཀྲར་ ༣༠ སར་ཡོད་པའི་དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་ཆེའི་སུ་མུར་ཁུལ་གྱི་བསམ་གཏན་གླིང་དགོན་པའི་དབྱར་ཆོས་ཆེན་མོར་དབུ་བཞུགས་དང་འབྲེལ་བཀའ་ཆོས་ཁག་ཅིག་བཀྲིན་བསྩལ་རྒྱུའི་མཛད་འཆར་ཐུགས་གཏན་ཁེལ་དོན་བཞིན་སང་ཉིན་༸གོང་ས་མཆོག་བདེ་སྐྱིད་ནས་སུ་མུར་ཁུལ་དུ་ཆིབས་བསྒྱུར་མཛད་ཀྱི་ཡོད་པ་རེད།

༸གོང་ས་མཆོག་ལ་དྭགས་ཀྱི་ནུབ་ར་ཁུལ་དུ་༸ཞབས་སོར་བདེ་བར་འཁོད་སྐབས་ས་གནས་མི་མང་ཚོས་ཕེབས་བསུ་གཟབ་རྒྱས་ཞུས་པ།

བོད་མིའི་བླ་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་སྔ་དྲོ་ཆུ་ཚོད་   ༡༠ པའི་ཐོག་ལ་དྭགས་ཀྱི་གྲོང་ཁྱེར་གླེ་ནས་མཁའ་ལམ་བརྒྱུད་ནུབ་རར་ཆིབས་བསྒྱུར་མཛད་པ་ལྟར་ནུབ་རའི་གནམ་ཐང་ཐཱོས་དུ་༸ཞབས་སོར་བདེ་བར་འཁོད་ཡོད་པ་དང་། སྐབས་དེར་ནུབ་རའི་མི་མང་ཚོས་མགོན་པོ་༸གང་ཉིད་མཆོག་ཁུལ་དེར་སྣེ་ལེན་ཞུ་ཆེད་གྲོང་གསེབ་སོ་སོའི་ནང་ཕེབས་བསུའི་རྒྱལ་སྒོ་དང་། ཕེབས་ལམ་གཡས་ཡོན་ཀུན་ལ་ཆོས་དར་སྒྲེང་འཛུགས་གནང་འདུག་པ་མ་ཟད། ཁྱད་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནམ་ཐང་ནས་བདེ་སྐྱིད་དགའ་ལྡན་བཀྲིས་གླིང་མགོན་པར་༸ཞབས་སོར་འཁོད་བསྟུན། གྲོང་གསེབ་སོ་སོར་ཕེབས་བསུའི་རྒྱལ་སྒོ་དང་གྲོ་སོ་ཕྱེ་མར་འདེགས་འབུལ། མང་ཚོགས་ཀྱི་ཕྱག་ཏུ་དཀར་གཙང་མཇལ་དར་དང་དྲི་ཞིམ་བདུག་སྤོས་སོགས་བསྣམས་ནས་༸གང་ཉིད་མཆོག་གི་ཞལ་མཇལ་ཞུས་པ་དང་འབྲེལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་རེད།ཐོག་མའི་མཛད་འཆར་གཞིགས་ན། ༸གོང་ས་མཆོག་ཁ་སང་ནུབ་ར་ཁུལ་དུ་༸ཞབས་སོར་འཁོད་རྒྱུའི་མཛད་འཆར་ཡོད་ཀྱང་། སྐབས་མཚམས་སུ་མཛད་འཆར་ཉིན་གཅིག་རིང་ཕྱི་བཤོལ་གནང་དགོས་བྱུང་ཡོད་པ་རེད།  ཁུལ་དེའི་མི་མང་དང་ལྷག་པར་དུ་བོད་མི་ཚོར་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་འཕྲོད་བཞེས་ལ་སྐུ་ངལ་མེད་དམ་སྙམ་པའི་བློ་འཚབ་ཞིག་རང་བཞིན་བྱུང་ཡོད། འོན་ཀྱང་ལ་དྭགས་སུ་༸གོང་ས་མཆོག་དང་ལྷན་བཅར་ཞུས་པའི་༸སྐུའི་ཕྱི་ལུགས་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་གླེ་ཁུལ་དུ་མཛད་འཆར་མང་གྲགས་པའི་དབང་གིས་ཉིན་གྲངས་གཅིག་རིང་༸སྐུ་ངལ་གསོ་བཞུགས་གནང་བ་མ་གཏོགསད་ལྟའི་ཆར་༸གང་ཉིད་མཆོག་༸སྐུ་གཟུགས་གསལ་ཐང་ཡིན་པས་བློ་འཚབ་རྩ་བ་ནས་གནང་དགོས་དོན་མེད་ཅེས་གསུངས་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་དེ་རིང་༸ཞབས་སོར་འཁོད་སའི་ནུབ་ར་ནི་ལ་དྭགས་ཀྱི་གླེ་གྲོང་ཁྱེར་ནས་ཀོ་ལོ་མི་ཀྲར་ ༡༡༠ ལྷག་གི་སར་ཆགས་ཡོད་པ་དང་། ནུབ་རའི་ཁུལ་དུ་ཁྱོན་གྲོང་གསེབ་ཁག་ཉི་ཤུ་ལྷག་ཙམ་ཞིག་ཡོད་པའི་ནང་ཁྱོན་མི་འབོར་ཆིག་ཁྲི་ལྔ་སྟོང་ཙམ་ཞིག་ཡོད་པ་མ་ཟད་དེའི་ཁོངས་ནས་ནང་པའི་མི་འབོར་དེ་ཆིག་ཁྲིར་ཉེ་བ་ཞིག་ཡོད་པ་རེད་འདུག ནུབ་རའི་ཁུལ་གྱི་གྲོང་ཁྱེར་ཆེ་ཤོས་དེ་བདེ་སྐྱིད་ཟེར་བ་དེ་ཡིན་པ་དང་།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བདེ་སྐྱིད་ཁུལ་དུ་ཡོད་པའི་ལ་དྭགས་ཀྱི་མགོན་པ་རྙིང་གྲས་དགའ་ལྡན་བཀྲིས་གླིང་དུ་སྐུ་བཞུགས་གནང་གི་ཡོད་པ་རེད། དགོན་པ་དེ་ནི་དུས་རབས་ ༡༤ ནང་རྒྱལ་བ་གཙོང་ཁ་པ་ཆེན་པོའི་དངོས་སློབ་བྱང་སེམས་ཤེས་རབ་བཟང་པོ་ཞེས་པ་ཁོང་ལ་དྭགས་ཀྱི་རྒྱལ་པོ་གྲགས་པ་འབུམ་ཐེར་དང་ནུབ་རའི་རྒྱལ་པོ་ཉི་མ་གྲགས་པ་གཉིས་ཀྱི་དབུ་ལྷ་ཆགས་སྟབས། ནུབ་རའི་བདེ་སྐྱིད་དགའ་ལྡན་བཀྲིས་གླིང་དགོན་པའི་ས་གཞིས་དེ་དག་ཆ་ཚང་ཕུལ་འདུག ད་ལྟའི་ཆར་དགོན་པ་དེ་བྱང་སེམས་ཤེས་རབ་བཟང་པོའི་རྒྱུན་འཛིན་ནམ་ཡང་སྲིད་སྐུ་ཕྲེང་དགུ་པ་ཁྲིག་རྩེ་རིན་པོ་ཆེ་མཆོག་ནས་འཛིན་སྐྱོང་སྤེལ་གསུམ་གནང་གི་ཡོད་པ་མ་ཟད། དགོན་པ་དེའི་ཁོངས་སུ་ད་ལྟའི་ཆར་དགེ་འདུན་ཞལ་གྲངས་ ༢༠༠ ལྷག་ཡོད་པ་རེད་འདུག གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནུབ་ར་ཁུལ་དུ་ཆིབས་བསྒྱུར་བསྐྱངས་པ་ད་རེས་ཐེངས་བདུན་པ་དེ་ཡིན་པ་དང་། མགོན་པོ་༸གང་ཉིད་མཆོག་གི་སང་ཕྱི་ཚེས་ ༡༣ ཉིན་བདེ་སྐྱིད་ཁུལ་གྱི་མི་མང་སྤྱི་པའི་ཆོས་རར་རྟེན་འབྲེལ་བསྟོད་པ་དང་། བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་བཀྲིན་བསྩལ་གནང་གི་ཡོད་པ་མ་ཟད། ཚེས་ ༡༥ ནས་ ༡༧ བར་བདེ་སྐྱིད་ནས་ཀི་ལོ་མི་ཀྲར་ ༣༠ ལྷག་གི་སར་ཡོད་པའི་ནུབ་ར་ཁུལ་གྱི་བསམ་གཏན་གླིང་དགོན་པའི་དབྱར་ཆོས་ཆེན་མོའི་མཛད་སྒོར་དབུ་བཞུགས་མཛད་རྒྱུ་བཅས་ཀྱི་མཛད་འཆར་ཡང་ཡོད་པ་རེད།

ཨ་རིའི་གྲོས་ཚོགས་ནང་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པ།

ཁ་སང་ཟླ་ ༧ ཚེས་ ༡༡ ཉིན་ཨ་རིའི་རྒྱལ་ས་ Washington DC ནང་རྟེན་གཞི་བྱས་པའི་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་ཁང་གིས་རྐང་འགན་བཞེས་ཐོག་ཡུལ་དེའི་གྲོས་ཚོགས་ཀྱི་ཚོགས་ཁང་ཆེན་མོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༨༣ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་འདུག མཛད་སྒོའི་ཐོག་དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དང་སྐུ་འབུམ་དགོན་པའི་མཁན་ཟུར་ཨ་ཀྱ་རིན་པོ་ཆེ། ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཨ་རིའི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ Nancy Pelosi མཆོག་གིས་གཙོས་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern མཆོག་དང་ལྕམ་སྐུ་ Ileana Ros-Lehtinen  མཆོག གྲོས་ཚོགས་འཐུས་མི་གཞན་ཁག་ཅིག ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་སྐུ་ཞབས་བསྟན་འཛིན་རྡོ་རྗེ་ལགས། རྒྱ་རིགས་ཁྲིམས་རྩོད་པ་དང་རང་དབང་འཐབ་རྩོད་པ་གྲགས་ཅན་སྐུ་ཞབས་ Chen Guangcheng ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་སྐུ་ཞབས་ Matteo Mecacci ལགས། སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་སོགས་གནད་ཡོད་མི་སྣ་དང་བོད་རིགས་བཅས་ནས་མཉམ་ཞུགས་གནང་འདུག སྐབས་དེར་དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ་དང་འབྲེལ། ཚང་མས་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པ་དང་ཆབས་ཅིག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་དགོངས་བཞེས་དང་བཀའ་སློབ་ལམ་སྟོན་ཕེབས་པ་རྣམས་བསྒྲུབ་གལ་ཡིན་པ་བཀའ་བསྩལ་འདུག ཨ་རིའི་གྲོས་ཚོགས་འཐུས་མི་ལྕམ་ Ileana Ros-Lehtinen མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་དང་བོད་མི་རྣམས་ཙམ་མ་ཟད་འཛམ་བུ་གླིང་འདིའི་ཐོག་ཡོད་པའི་འགྲོ་བ་ཡོངས་ཀྱི་དབུ་ཁྲིད་ཡིན་པ་དང་། ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་ནས་འཛམ་གླིང་ཞི་བདེ་དང་། མིའི་སེམས་ཁམས་ཀྱི་རིན་ཐང་གོང་འཕེལ་ཐད་ལེགས་སྐྱེས་ཆེན་པོ་འཇོག་གནང་མཛད་ཡོད་པ་སོགས་ལ་ཆེ་བསྟོད་དང་འབྲེལ་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་འདུག རྒྱ་ནག་གཞུང་ནས་དྲག་པོའི་སྲིད་བྱུས་འདྲ་མིན་བརྒྱུད་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་བཞིན་པའི་བྱ་སྤྱོད་དང་། བོད་ཀྱི་དགོན་སྡེ་གྲྭ་ཚང་ཁག་གཏོར་བཤིག བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་བརྩི་མེད་རྡོག་རོལ་གཏོང་བཞིན་པ་རྣམས་ངེས་པར་དུ་མཚམས་འཇོག་བྱེད་དགོས་པ་མ་ཟད། ཨ་རིའི་གྲོས་ཚོགས་ཀྱི་ངོས་ནས་ཀྱང་བོད་ཀྱི་གནད་དོན་དེ་གལ་གནད་ཅན་ཞིག་ལ་ངོས་འཛིན་གནང་དགོས་པ་དང་ཨ་རིའི་གྲོས་འཐུས་མི་རྣམས་ནས་ཀྱང་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གཙོ་གྱུར་བོད་རྒྱའི་དཀའ་རྙོག་གསལ་ཐབས་སུ་ཕྱག་ལས་གནང་བ་དེ་ནི་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་ལ་ཕྱག་རྟགས་ལེགས་ཤོས་ཤིག་ཆགས་སྐོར་གསུངས་འདུག ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern མཆོག་ནས་རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་འོག་སྐྱབས་བཅོལ་དུ་གནས་བཞིན་པའི་བོད་མི་རྣམས་རང་ཉིད་ཀྱི་ཕ་ཡུལ་དུ་ཕྱིར་ལོག་ཐུབ་ནས་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་ཁག་རང་དབང་ངང་ལོངས་སུ་སྤྱོད་རྒྱུའི་རང་དབང་གང་མགྱོགས་ཐོབ་པའི་རེ་སྨོན་དང་། རྒྱ་གཞུང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་འདོད་ལྟར་བོད་ནང་ཆིབས་བསྒྱུར་མཛད་བཅུག་དགོས་པ་གསུངས་འདུག ཨ་རིའི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ Nancy Pelosi མཆོག་གིས་གཙོས་གྲོས་ཚོགས་འཐུས་མི་གཞན་རྣམས་དང་། རྒྱ་རིགས་ཁྲིམས་རྩོད་པ་དང་རང་དབང་འཐབ་རྩོད་པ་གྲགས་ཅན་སྐུ་ཞབས་ Chen Guangcheng ལགས་སོགས་ནས་ཀྱང་༸སྐུའི་འཁྲུངས་སྐར་དང་འབྲེལ་བའི་འཚམས་འདྲིའི་གསུང་བཤད་གནང་བ་དང་ཆབས་ཅིག ས་གནས་བོད་རིགས་ཁག་ཅིག་ནས་བོད་ཀྱི་སྲོལ་རྒྱུན་གཞས་སྣ་ཁག་ཅིག་གཟིགས་འབུལ་ཞུས་འདུག བོད་ཀྱི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ནས་སྐབས་དེར་བཅར་བའི་མང་ཚོགས་སྤྱི་དང་། ལྷག་པར་དུ་འདས་པའི་ལོ་དུས་ནས་ཨ་རིའི་སྲིད་གཞུང་དང་གྲོས་ཚོགས་གཉིས་ཀྱི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཨ་རིའི་སྲིད་གཞུང་ནས་མུ་མཐུད་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་བའི་བརྒྱུད་བོད་རྒྱའི་གནད་དོན་ཞི་འགྲིག་ཡོང་ཐབས་སུ་རོགས་རམ་གནང་གལ་ཡིན་པར་འབོད་སྐུལ་ཞུས་འདུག གཞི་རྩའི་ཨ་རིའི་གྲོས་ཚོགས་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་དེ་སྔ་ལོ་ནས་དབུ་འཛུགས་གནང་ཡོད་པ་དང་། སྔ་ལོའི་འཁྲུངས་སྐར་སྐབས་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀའི་གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་སྣ་སོགས་མཉམ་ཞུགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་མཛད་འཕྲིན་ལ་ཆེ་བསྟོད་རྒྱ་ཆེ་ཞུས་ཡོད་པ་རེད།

རྒྱ་གར་བྱང་ཕྱོགས་ཇཱམུ་ཀཤྨིར་མངའ་མངའ་སྡེའི་སྲིད་སྐྱོང་མཆོག་ནས་༸གོང་ས་མཆོག་དང་མཇལ་འཕྲད་ཞུས་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་མགོ་སྟོད་ནས་རྒྱ་གར་བྱང་ཕྱོགས་ཇཱམུ་ཀཤྨིར་མངའ་ཁུལ་ལ་དྭགས་ཀྱི་མང་ཚོགས་ལ་བཀའ་སློབ་དང་ཆོས་འབྲེལ་སོགས་ཀྱི་མཛད་འཕྲིན་ཁག་ཅིག་སྐྱོང་བཞིན་པ་དང་བསྟུན། ཁ་སང་ཚེས་ ༡༠ ཉིན་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ Narinder Nath Vohra མཆོག་ནས་མགོན་པོ་༸གང་ཉིད་མཆོག་དང་མཇལ་འཕྲད་ཞུས་འདུག མཇལ་འཕྲད་དེའི་སྐབས་རྒྱ་གར་བྱང་ཕྱོགས་ཇཱམུ་ཀཤྨིར་མངའ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ Narinder Nath Vohra མཆོག་དང་ལྷན་ཁོང་གི་སློབ་སྟོན་པ་དང་། མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ། དེ་བཞིན་འབྲེལ་ཡོད་ལས་བྱེད་ཁག་ཅིག་བཅས་ནས་ལྷན་བཅར་ཞུས་འདུག མགོན་པོ་༸གང་ཉིད་མཆོག་ནས་འཛམ་གླིང་འདིའི་ཐོག་འཕྲད་བཞིན་པའི་དཀའ་རྙོག་རྣམས་གྲོས་མོལ་གྱི་ལམ་ནས་གསལ་ཐབས་གནང་གལ་ཡིན་པ་དང་། ལྷག་པར་དུ་མིའི་སྤྱི་ཚོགས་ནང་བསམ་ཚུལ་མི་མཐུན་པ་བྱུང་སྐབས་གྲོས་མོལ་བརྒྱུད་ནས་ཕན་ཚུན་དགོངས་བཞེས་གནང་ཐོག་འགྲིག་འཇགས་གནང་དགོས་གནད་ཡིན་པའི་ལམ་སྟོན་མཛད་འདུག ༸གོང་ས་མཆོག་གིས་ཁོང་རྣམས་ལ་དེ་སྔ་བོད་མི་རྣམས་ཐོག་མར་སྐྱབས་བཅོལ་དུ་འབྱོར་སྐབས་རྒྱ་གར་དབུས་གཞུང་དང་མངའ་སྡེ་གཞུང་ནས་བོད་མི་ཚོར་རོགས་སྐྱོར་གང་ཐུབ་གནང་བའི་གནས་སྟངས་སྤྱི་དང་སྒོས་སུ་བོད་དུ་ནང་པ་སངས་རྒྱས་པའི་ཆོས་དར་ཚུལ། རྒྱ་གཞུང་གིས་བོད་མིའི་ངོ་བོ་རྩ་མེད་གཏོང་བཞིན་ཡོད་པའི་གནས་སྟངས་སོགས་ངོ་སྤྲོད་མཛད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེར་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ Narinder Nath Vohra མཆོག་ལ་ཚེ་དཔག་མེད་ཀྱི་༸སྐུ་བརྙན་དང་དང་ཆོས་ལུགས་མཐུན་སྒྲིལ་དང་འབྲེལ་བའི་ཕྱག་དེབ་ཁག་ཅིག་གསོལ་བསྩལ་གནང་བ་དང་ཆབས་ཅིག འཛམ་གླིང་འདིའི་ཐོག་ཡོད་པའི་ཆོས་ལུགས་ཚང་མའི་གཞི་རྩའི་བསླབ་བྱ་གཙོ་བོ་ནི་བྱམས་སྙིང་རྗེ་དང་གཞན་ཕན་གྱི་བསམ་བློ་གོང་འཕེལ་གཏོང་རྒྱུ་གཅིག་མཚུངས་ཡིན་སྟབས། ཆོས་ལུགས་ཕན་ཚུན་དབར་གུས་བརྩི་གནང་དགོས་གལ་ཡིན་པ་དང་། འགྲོ་བ་མིའི་སྤྱི་ཚོགས་འདི་བཞིན་བྱམས་བརྩེ་དང་བཟོད་སྲན་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་གནད་ཡིན་པར་ལམ་སྟོན་བཀའ་སློབ་བཀྲིན་ཆེ་བ་རྒྱ་ཆེ་བསྩལ་འདུག

༸གོང་ས་མཆོག་གིས་ཉི་ཧོང་མང་ཚོགས་ལ་ཐུགས་གསོའི་གསུང་འཕྲིན་བསྩལ་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ཆར་ཉི་ཧོང་གི་ནུབ་ཕྱོགས་ Hiroshima ནང་ཆར་ཞོད་ཧ་ཅང་ཆེན་པོ་བྱུང་བའི་དབང་གིས་ཁུལ་དེར་ཆུ་ལོག་དང་ས་རུད་སོགས་ཀྱི་དོན་རྐྱེན་བྱུང་བས་ས་གནས་མང་ཚོགས་དུ་མའི་ཚེ་སྲོག་ཤོར་བ་མ་ཟད།    སྡོད་ཁང་དང་ས་ཞིང་སོགས་མི་རྒྱུ་གཉིས་ཀར་གོད་ཆག་ཚབས་ཆེན་ཕོག་པར་ཐུགས་གསོ་མཛད་འདུག དེ་ཡང་མགོན་པོ་༸གང་ཉིད་མཆོག་ནས་དེ་རིང་ཕྱི་ཟླ་ ༧ ཚེས་ ༩ ཉིན་ཡུལ་དེའི་སྲིད་བློན་ Shinzo abe མཆོག་གི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་བའི་ནང་།   མགོན་པོ་༸གང་ཉིད་མཆོག་ནས་ཆུ་ལོག་གི་གོད་ཆག་འོག་དཀའ་སྡུག་ཧ་ཅང་མྱོང་བཞིན་པའི་གནས་སྟངས་ལ་ཐུགས་ཕམ་ཆེན་པོ་གནང་བཞིན་ཡོད་པ་དང་།   ལྷག་པར་དུ་གོད་ཆག་དེའི་ཁྲོད་ཚེ་སྲོག་ཤོར་བ་རྣམས་ལ་ཐུགས་སྨོན་དང་།  ཤུལ་ལུས་ནང་མི་སྤུན་མཆེད་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཐུགས་གསོ་མཛད་པ་མ་ཟད་ཛ་དྲག་ཉེན་སྐྱོབ་དང་ངལ་སེལ་གྱི་ལས་གཞི་ཚགས་ཚུད་ངང་སྤེལ་བཞིན་པར་བསྔགས་བརྗོད་མཛད་འདུགད་དུང་མགོན་པ་༸གང་ཉིད་མཆོག་གིས་མཛེས་སྡུག་ལྡན་པའི་གྲོང་ཁྱེར་དེའི་ནང་ལན་མང་ཕེབས་མྱོང་ཡོད་སྐོར་གསུངས་པ་དང་།   ལྷག་པར་དུ་ཡུལ་དེའི་ནང་གནས་སྡོད་པ་རྣམས་གཞི་རྩའི་འགྲོ་བ་མིའི་རིན་ཐང་གོང་སྤེལ་ཆེད་བྱམས་བརྩེ་དང་།  ཆོས་ལུགས་མཐུན་སྒྲིལ་སོགས་གོང་སྤེལ་བྱེད་མཁན་གྱི་སྤྲོ་སྣང་དང་སེམས་ཤུགས་ཡོད་མཁན་ཤ་སྟག་ཡིན་པར་བསྔགས་བརྗོད་མཛད་འདུག   ད་ཆ་བྱུང་བའི་གོད་ཆག་རྐྱེན་པས་དཀའ་སྡུག་མྱོང་བཞིན་པ་རྣམས་ལ་ཐུགས་ཕམ་ཆེན་པོ་ཡོད་སྐོར་བཀའ་བསྩལ་བ་དང་འབྲེལ། ༸གང་ཉིད་མཆོག་ནས་དཀའ་སྡུག་དེ་དག་མྱོང་བཞིན་པའི་སྐབས་སུ་ཤེས་རབ་སྙིང་པོ་འདོན་ཐུབ་ན་ཕན་རླབས་ཆེན་པོ་ཡོད་པ་ལམ་སྟོན་མཛད་འདུག གཞི་རྩའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཉི་ཧོང་གི་ནུབ་ཕྱོགས་སུ་ཆར་ཞོད་ཆེན་པོ་བྱུང་བའི་དབང་གིས་ཁུལ་དེར་ཆུ་ལོག་དང་ས་རུད་བྱུང་བའི་ཁྲོད་ད་བར་མི་སྣ་བརྒྱ་ཕྲག་ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་དང་།  མང་ཚོགས་མང་དག་ཞིག་གོད་ཆག་ཁྲོད་རྙེད་སོན་མེད་པ་གྱུར་བ་མ་ཟད།  གོད་ཆག་དེའི་རྐྱེན་པས་ཁྱིམ་ཚང་ ༡༧༠༠༠ ཙམ་ལ་གློག་མེད་པ་དང་།  ཁ་པར་ཡང་འགྲོ་ཡི་མེད་པ་འགྲེལ་བརྗོད་བྱས་འདུག ཉི་ཧོང་གི་ཉེན་རྟོག་པ་དང་། མེ་བསད་རུ་ཁག  དམག་མི་བཅས་ནས་ཛ་དྲག་གི་ཉེན་སྐྱོབ་དང་ངལ་སེལ་གྱི་ལས་གཞི་མུ་མཐུད་སྤེལ་བཞིན་ཡོད་པ་རེད་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལ་དྭགས་མཛད་འཆར་ལ་འགྱུར་བ་ཕྲན་བུ་ཕྱིན་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དེ་སྔོན་ཕྱི་ཚེས་ ༢༡ བར་ལ་དྭགས་ཁུལ་དུ་བཞུགས་བཞག་གི་མཛད་འཆར་ཡོད་པ་ཡིན་ནའང་།  ད་ཆ་མཛད་འཆར་དེར་འགྱུར་བ་ཕྱིན་ཏེ་ད་བར་ཐུགས་གཏན་འཁེལ་བའི་མཛད་འཆར་གསར་པ་གཞིར་བཟུང་བྱས་ན་མགོན་པོ་གང་ཉིད་མཆོག་ཕྱི་ཟླ་ ༧ པར་ལ་དྭགས་སུ་སྐུ་བཞུགས་གནང་གི་ཡོད་པ་རེད་འདུག དེ་ཡང་ ༸གོང་ས་ ༸སྐྱབས་མགོན་ཆེན་པོ་མཆོག་ད་རེས་ལ་དྭགས་སུ་ཆིབས་བསྒྱུར་གསོལ་འདེབས་ཞུ་མཁན་ལ་དྭགས་ནང་པའི་ཚོགས་འདུའི་ཚོགས་གཙོ་ཚེ་དབང་འཕྲིན་ལས་ལགས་ཀྱིས་འདི་གའི་གསར་འགོད་པར་འགྲེལ་བརྗོད་གནང་དོན།  གསར་དུ་ཐུགས་གཏན་འཁེལ་བའི་མཛད་འཆར་གཞིགས་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་ ༡༡ ཉིན་ནུབ་ར་ཁུལ་དུ་ཆིབས་བསྒྱུར་བསྐྱང་སྟེ་བདེ་སྐྱིད་ Diskit ཁུལ་དུ་ཉིན་གྲངས་གསུམ་རིང་བཞུགས་ཞག་དང་འབྲེལ་ནུབ་རར་ཉིན་གཅིག་གི་ཆོས་འབྲེལ་བསྩལ་གནང་རྒྱུ་དང་།  ཕྱི་ཚེས་ ༡༤ ནས ༡༧ བར་བསམ་གཏན་གླིང་དུ་ཆིབས་བསྒྱུར་བཀྲིན་བསྐྱང་སྟེ་ཁུལ་དེའི་དབྱར་ཆོས་ཆེན་མོར་དབུ་བཞུགས་མཛད་རྒྱུ་དང་།  དེ་ནས་སླར་ཡང་ཕྱི་ཚེས་ ༡༨ ཉིན་གྲོང་ཁྱེར་གླེ་ནང་ཕྱིར་༸ཞབས་སོར་འཁོད་པ་དང་འབྲེལ་ཕྱི་ཚེས་ ༡༩ ཉིན་སྐུ་ངལ་གསོ་བཞུགས་གནང་རྒྱུ་རེད་འདུག  དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་ ༢༠ ནས ༢༥ བར་ཟངས་དཀར་ཁུལ་དུ་ཆིབས་བསྒྱུར་བསྐྱང་སྟེ་ཁུལ་དེར་ཆོས་འབྲེལ་བསྩལ་གནང་རྒྱུ་མ་ཟད།  དེ་ནས་ཀར་གྷིལ་ Kargil དུ་ཆིབས་བསྒྱུར་གྱིས་ཁུལ་དེར་ཉིན་གྲངས་གཉིས་ཀྱི་མཛད་འཆར་ཡོད་པ་རེད།  ཕྱི་ཚེས་ ༢༧ ཉིན་སླར་ཡང་མགོན་པོ་མཆོག་གླེ་གྲོང་ཁྱེར་དུ་ཕྱིར་༸ཞབས་སོར་འཁོད་ནས་ཕྱི་ཚེས་ ༢༨ ཉིན་སྐུ་ངལ་གསོ་བཞུགས་དང་དེ་ནས་ཕྱི་ཚེས་ ༢༩ ནས ༣༡ བར་བཅས་ཉིན་གྲངས་ ༣ རིང་གླེ་རུ་ཆོས་འབྲེལ་བཀྲིན་བསྩལ་གནང་རྒྱུ་བཅས་ཀྱི་མཛད་འཆར་ཡོད་པ་རེད་འདུག ལ་དྭགས་ནང་པའི་ཚོགས་འདུའི་ཚོགས་གཙོ་ཚེ་དབང་འཕྲིན་ལས་ལགས་ཀྱིས་ད་བར་ཐུགས་གཏན་འཁེལ་བའི་མཛད་འཆར་དེ་ཕྱི་ཚེས་ ༣༡ བར་ཡིན་ནའང་།  མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་འཕྲོད་བཞེས་ཧ་ཅང་ཡག་པོ་དང་ལྷག་པར་དུ་ལ་དྭགས་མི་མང་གི་དད་པ་དང་དམ་ཚིག་བཅས་ལ་བརྟེན་མཐའ་མའི་ཐུགས་ཐག་དེ་མགོན་པོ་༸སྐུ་ཉིད་ནས་གནང་རྒྱུ་ཡིན་པ་དེ་ལྟར་ཡང་ང་ཚོ་བསོད་ནམས་ཅན་གྱི་ལ་དྭགས་མི་མང་ཚོས་༸གང་ཉིད་མཆོག་ད་དུང་ཁུལ་དེར་ཉིན་གྲངས་འཕར་མ་འགའ་ཤས་ཤིག་བཞུགས་ཐུབ་པའི་རེ་བ་གནང་བཞིན་གསུངས་པ་དང་སྦྲགས།  ལ་དྭགས་མི་མང་དང་བོད་མི།  ལྷག་པར་དུ་འཛམ་བུ་གླིང་གི་ནང་པ་ཚོས་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་བརྟན་པའི་ཐུགས་སྨོན་དང་འབྲེལ་༸གང་ཉིད་མཆོག་གི་བཀའ་དགོངས་ཇི་བཞིན་ལག་བསྟར་ཐུབ་པར་འབད་བརྩོན་གནང་དགོས་པ་སོགས་གསུངས་སོང་།

འདི་ལོ་བལ་ཡུལ་ནང་༸སྐུའི་འཁྲུངས་སྐར་སྲུང་བརྩི་གང་ལེགས་ཞུས་ཐུབ་པ་བྱུང་འདུག

བལ་ཡུལ་གཞུང་གིས་ཁུལ་དེའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུའི་ཆོག་མཆན་གནང་མིན་ལ་ལྟོས་མེད་བོད་མི་རྣམས་ཀྱིས་ཁ་སང་དགའ་དད་སྤྲོ་གསུམ་ངང་ནས་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག བལ་ཡུལ་བོད་མིའི་སྤྱི་ཁྱབ་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་འགྲེལ་བརྗོད་གནང་བར་ཁ་སང་བལ་ཡུལ་གྱི་རྒྱལ་ས་ Kathmandu ནང་གི་ Jwalakhel བོད་མིའི་གཞིས་སྒར་དུ་བལ་ཡུལ་བོད་མིའི་སྤྱི་ཁྱབ་འབྲེལ་མཐུད་ལས་ཁང་གིས་རྐང་འགན་བཞེས་ཐོག་སྐུ་མགྲོན་གཙོ་བོ་བལ་ཡུལ་ནང་པའི་ཆོས་ཚོགས་ཀྱི་ཚོགས་གཙོ་ཨཱཙཱ་རྱ་ཀརྨ་ཡེ་ཤེས་ཤར་པ་ལགས་དང་ཨ་རིའི་གཞུང་ཚབ་ཆེན་མོ་རྣམ་གཉིས་ཀྱིས་གཙོས་དབྱིན་ཡུལ་དང་ཕི་རན་སི། དེ་བཞིན་ཨི་སི་ཊོ་ལི་ཡ། རྒྱ་གར་ལ་སོགས་པའི་རྒྱལ་ཁབ་མང་པོའི་གཞུང་ཚབ་ཆེན་མོ་བཅས་ལྷན་ཞུགས་ཐོག་བོད་མི་རྣམས་ཀྱིས་དགའ་དད་སྤྲོ་གསུམ་འཁོད་པའི་ངང་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་འདུག་པ་མ་ཟད་དེ་རིང་བལ་ཡུལ་བོད་ཀྱི་ལྷ་མོ་ཚོགས་པའི་ངོས་ནས་མང་ཚོགས་ལ་གཟུགས་ཀྱི་ཉི་མའི་ལྷ་གཞུང་འཁྲབ་སྟོན་ཞུས་འདུག དེ་བཞིན་ཁ་སང་༸གོང་ས་མཆོག་གི་༸སྐུའི་འཁྲུངས་དུས་ཆེན་ཉིན་ཡོ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས་ཀྱི་རིག་གཞུང་ཚན་པས་གོ་སྒྲིག་འོག་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མི་གྲངས་ ༢༠༠ ཙམ་ལྷན་འཛོམས་ཐོག་སུད་སི་གྲོང་ཁྱེར་ Zurich ས་གནས་ཡུལ་མི་རྣམས་ལ་བོད་ཀྱི་གནའ་དེང་གཉིས་ཀྱི་སྒོར་གཞས་གཟིགས་འབུལ་དང་། བོད་ཀྱི་ཐུན་མིན་ཁ་ཟས་ཀྱི་ལྟོ་ཕད་རེ་རེ་འགོད་འགྲེམས་གནང་ཐོག་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་ནང་ཁ་སང་བོད་ཀྱི་སྐུ་ཚབ་དོན་ཁང་གིས་གོ་སྒྲིག་འོག་ཁུལ་དེའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་མི་སྣ་དང་གྲོས་ཚོགས་འཐུས་མི། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་བཅས་ལྷན་འཛོམས་ཐོག་༸སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་འདུག དེ་རིང་དབྱིན་ཡུལ་སྐུ་ཚབ་དོན་གཅོད་དང་ས་གནས་བོད་རིགས་ཚོགས་པ་གཉིས་ཐུན་མོང་གིས་དབྱིན་ཡུལ་གཞུང་མང་དང་བོད་དོན་རྒྱབ་སྐྱོར་བ་ཡོངས་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུའི་ལས་རིམ་དང་འབྲེལ་ནས་ཡུལ་དེའི་ Cambain ས་གནས་སུ་ཉིན་གུང་ཚོུད་ ༡༢ ནས་ཕྱི་དྲོ་ཚོུད་ ༥ བར་བོད་ཀྱི་རིག་གཞུང་དུས་སྟོན་ཞེས་པའི་མཚན་སྦྱང་ཐོག་ཡུལ་དེའི་མང་ཚོགས་ལ་བོད་ཀྱི་གཞས་སྣ་སློབ་ཁྲིད་དང་བོད་དོན་གཏམ་བཤད། བོད་ཀྱི་ཆོས་ཕྱོགས་དང་འབྲེལ་བའི་དཀྱིལ་འཁོར་བཞེངས་བསྐྲུན་སོགས་ཀྱི་ལས་རིམ་སྤེལ་ནས་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག རྩ་བའི་ཁ་སང་ཟླ་ ༧ ཚེས་ ༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུངས་གྲངས་ ༨༣ དང་བོད་ལུགས་དགུང་གྲངས་ ༨༤ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ཉིན་མོ་དང་བསྟུན་འཛམ་གླིང་རྒྱལ་ཁབ་འདྲ་མིན་ནང་གནས་བཞུགས་བོད་རིགས་ཡོད་དོ་ཅོག་ནས་རྣམ་པ་འདྲ་མིན་གྱི་སྒོ་ནས་༸སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་མ་ཟད། ཕྱི་རྒྱལ་རྒྱལ་ཁབ་ཁག་ཅིག་གི་ནང་གཟའ་འཁོར་འདིའི་རེས་གཟའ་སྤེན་པ་དང་ཉི་མའི་ཉིན་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་རེད་འདུག དེ་དང་ཕྱོགས་མཚུངས་ ༸གོང་ས་མཆོག་ལ་དད་གུས་ཞུ་མཁན་རྒྱ་གར་དང་རྒྱལ་སྤྱིའི་གནད་ཡོད་མི་སྣ་མང་དག་ཞིག་གིས་འཕྲུལ་སྒྲ་ཐོག་ནས་༸སྐུའི་འཁྲུངས་སྐར་ལ་དགའ་བསུའི་འཚམས་འདྲི་དང་༸གང་ཉིད་མཆོག་གི་རླབས་ཆེན་གྱི་མཛད་རྗེས་ལ་ཆེ་བསྟོད་ཞུས་འདུག

Latest news