Tibetan Royal Year of 2151 | Year of the Wood Dragon

ཐེ་ཝན།

རྒྱ་གཞུང་གིས་ཨ་རིའི་འཕྲོད་བསྟེན་དྲུང་ཆེས་ཐེ་ཝན་གྱི་སྲིད་འཛིན་དང་མཇལ་འཕྲད་གནང་བར་སྐྱོན་བརྗོད།

ཨ་རི་དང་ཐེ་ཝན་གཉིས་ཀྱི་ཚོང་འབྲེལ་དང་འཕྲོད་བསྟེན་ལས་གཞི་སོགས་རྒྱ་སྐྱེད་ལ་དམིགས་ཏེ་ཉེ་ཆར་རེས་གཟའ་ཉི་མའི་ཉིན་ཨ་རིའི་འཕྲོད་བསྟེན་དྲུང་ཆེ་སྐུ་ཞབས་ Alex Azar མཆོག་ཐེ་ཝན་ནང་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་སྐབས་ཡུལ་དེའི་ཕྱི་སྲིད་བློན་ཆེན་གཞོན་པ་ Tien Chung-kwang ལགས་ནས་དགའ་བསུའི་སྣེ་ལེན་ཞུས་པ་མ་ཟད། ཁ་སང་སྲིད་འཛིན་ Tsai Ing-wen མཆོག་དང་མཇལ་འཕྲད་ཀྱིས་གསར་འགོད་ལྷན་ཚོགས་སོགས་གནང་ཡོད་པ་རེད། གཞི་རྩའི་ད་རེས་ཨ་མི་རི་ཀའི་འཕྲོད་བསྟེན་དྲུང་ཆེ་སྐུ་ཞབས་ Alex Azar མཆོག་ཐེ་ཝན་ནང་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་པ་ནི་ཕྱི་ལོ་ ༡༩༧༩ རྗེས་སུ་ཨ་རིའི་ཆེས་མཐོའི་སྐུ་ཚབ་ཐེ་ཝན་ནང་ཕེབས་པ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་དང་། ཁོང་གིས་གསར་འགོད་ལྷན་ཚོགས་ཐོག་སྐུ་ཞབས་ Alex Azar ལགས་ནས་སྲིད་འཛིན་ Tsai Ing-wen མཆོག་གིས་དབུས་པའི་ཐེ་ཝན་མང་ཚོགས་ནས་དགའ་བསུའི་སྣེ་ལེན་ཞུས་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཨ་རིའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་ནས་ཐེ་ཝན་རྒྱལ་ཁབ་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་བཞིན་ཡོད་པ་མ་ཟད་ཨ་རིའི་ངོས་ནས་ཐེ་ཝན་གྱི་མང་ཚོགས་དང་ཕྱི་གསལ་ནང་གསལ་ཐོག་ལས་དོན་གནང་བཞིན་པར་བསྔགས་བརྗོད་ཞུ་བཞིན་ཡོད་ཅེས་གསུངས་འདུག ལྷག་པར་དུ་སྐུ་ཞབས་མཆོག་ནས་ཏོག་དབྱིབས་རིམས་ནད་ཀྱི་དུས་སྐབས་འདིར་ཐེ་ཝན་ཕྱོགས་ནས་འབད་བརྩོད་གང་ཐུབ་གནང་བ་དང་བསྟུན་རིམས་ནད་སྔོན་འགོག་གི་ལས་དོན་ཚགས་ཚུད་གནང་བར་ཡི་རངས་བསྔགས་བརྗོད་དང་། ཨ་རི་དང་ཐེ་ཝན་གཉིས་ཀྱི་འབྲེལ་བ་འདི་བཞིན་དུས་ནས་དུས་སུ་ཇེ་བཟང་དུ་འགྲོ་བཞིན་ཡོད་སྐོར་གསུངས་འདུག སྐབས་དེར་ཐེ་ཝན་གྱི་སྲིད་འཛིན་ Tsai Ing-wen མཆོག་གིས་ཨ་རིའི་སྐུ་ཚབ་མཆོག་གི་འཚམས་གཟིགས་བརྒྱུད་ནས་ཐེ་ཝན་དང་ཨ་རི་གཉིས་ཀྱི་དབར་རིམས་ནད་སྔོན་འགོག་ཙམ་མིན་པར་གཉན་རིམས་དང་འབྲེལ་བའི་ཉམས་ཞིབ་དང་སྨན་སྦྱོར་གྱི་ལས་དོན་ཁག་གོང་མཐོར་གཏོང་ཐུབ་པ་མ་ཟད། ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་བདེ་འཇགས་ལས་དོན་སོགས་ཀྱི་ཐོག་མཉམ་ལས་ཐུབ་རྒྱུའི་གོམ་སྟབས་ཆེན་པོ་ཞིག་ཀྱང་རེད་ཅེས་གསུངས་འདུགལྷག་པར་དུ་སྲིད་འཛིན་མཆོག་ནས་དེ་སྔ་ཨ་རི་སྲིད་གཞུང་ནས་ཐེ་ཝན་འདི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཁོངས་སུ་ཚུད་རྒྱུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག རྒྱ་ནག་ཕྱོགས་ནས་གནད་དོན་དེ་ཆབ་སྲིད་དང་འབྲེལ་བ་བཏགས་ཏེ་ད་བར་སྐྱོན་བརྗོད་བྱེད་བཞིན་པ་དེ་ནི་རྒྱལ་སྤྱིའི་འཕྲོད་བསྟེན་ཐོབ་ཐང་གི་གཞི་རྩའི་རྩ་འཛིན་དང་ཡོངས་སུ་འགལ་བ་རེད་ཅེས་གསུངས་འདུག ཐེངས་འདིའི་ཨ་རིའི་ཆེས་མཐོའི་སྐུ་ཚབ་ཐེ་ཝན་ནང་འཚམས་གཟིགས་སུ་ཕེབས་པ་དང་བསྟུན། རྒྱ་ནག་ཕྱོགས་ནས་ཐེ་ཝན་གྱི་མཁའ་དབྱིངས་སུ་དམག་འཐབ་གནམ་གྲུ་བཏང་སྟེ་འཇིགས་སྐུལ་རིགས་བྱས་པ་མ་ཟད་ཁ་སང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Zhao Lijian ཡིས་རྒྱ་ནག་ཕྱོགས་ནས་དེ་སྔ་ནས་ཨ་རི་དང་ཐེ་ཝན་དབར་གཞུང་འབྲེལ་གྲོས་མོལ་ཡོངས་རྗོགས་ལ་འགག་པ་བྱེད་བཞིན་ཡོད་པ་དང་། ལྷག་པར་དུ་ཐེ་ཝན་གྱི་གནད་དོན་དེ་ནི་རྒྱ་ནག་གི་ཚོར་བ་རྣོ་བའི་གནད་དོན་ཞིག་ཡིན་སྟབས་ཨ་རིའི་ངོས་ནས་ཀྱང་རྒྱ་ནག་གཅིག་གི་སྲིད་བྱུས་ལ་བརྩི་སྲུང་ཞུས་ཏེ་ཨ་རྒྱ་གཉིས་ཀྱི་འབྲེལ་བ་དམ་ཟབ་ལ་འབད་དགོས་ཞེས་བརྗོད་འདུགཐེངས་འདིའི་ཨ་རིའི་ཆེས་མཐོའི་སྐུ་ཚབ་ཐེ་ཝན་དུ་ཕེབས་པ་དང་འབྲེལ་ནས་དཔྱད་ཞིབ་པ་ཁག་ཅིག་ནས་འཚམས་གཟིགས་འདིས་ཨ་རི་དང་ཐེ་ཝན་དབར་འབྲེལ་བ་ཇེ་བཟང་དུ་འགྲོ་ངེས་ཡིན་སྐོར་གསུང་མཁན་འདུག་པ་དང་། ཡང་ལ་ལས་འདི་ནི་ཨ་རི་སྲིད་གཞུང་གིས་ཐེ་ཝན་སྤྱོད་ནས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་དང་། ལྷག་པར་དུ་སྲིད་འཛིན་ཊམ་མཆོག་གིས་ཏོག་དབྱིམས་རིམས་ནད་སྔོན་འགོག་ཐད་འཐུས་ཤོར་བྱུང་བ་རྣམས་སྦས་གསང་བྱེད་བཞིན་ཡོང་ལ་ཉེ་བའི་ཨ་རིའི་འོས་བསྡུའི་ལས་རིམ་ལ་ཁེ་ཕན་ཡོང་ཕྱིར་གནང་བ་རེད་སོགས་གསུང་མཁན་འདུག རྩ་བའི་ཐེངས་འདིའི་ཨ་རིའི་འཕྲོད་བསྟེན་དྲུང་ཆེ་སྐུ་ཞབས་ Alex Azar མཆོག་ཐེ་ཝན་ནང་འཚམས་གཟིགས་གནང་བའི་ཁྲོད་ཐེ་ཝན་འཕྲོད་བསྟེན་བློན་ཆེན་དང་ལྷན་དུ་འཕྲོད་བསྟེན་ལས་དོན་ཐོག་མཉམ་ལས་གནང་རྒྱུའི་གྲོས་མཐུན་ཁག་ཅིག་བཞག་གནང་ཡོད།

ཐེ་ཝན་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ Lee Teng-hui མཆོག་འདས་གྲོངས་སུ་གྱུར་བར་ཐུགས་གསོ་བསྩལ་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ Lee Teng-hui མཆོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚལ་ཐོན་པར་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་བ་དང་འབྲེལ། དམ་པ་དེ་ཉིད་ལ་རྗེས་དྲན་ཞུ་རྒྱུ་ཡག་ཤོས་དེ་ནི་ཁོང་གི་སྙིང་སྟོབས་དང་ཆོད་སེམས་རྗེས་སུ་དྲན་པའི་ཐོག་ནས་མང་གཙོ་གོང་འཕེལ་སླད་ཕྱག་ལས་རླབས་ཆེན་གནང་ཁག་མུ་མཐུད་རྒྱུན་སྐྱོང་གནང་རྒྱུ་དེ་རེད་ཅེས་བཀའ་བསྩལ་འདུགསྐུ་ཞབས་ Lee Teng-hui མཆོག་ནི་མང་ཚོགས་ཀྱིས་འོས་འདེམས་གནང་བའི་ཐེ་ཝན་གྱི་སྲིད་འཛིན་ཐོག་མ་དང་། ཁོང་ལ་ཡོང་གྲགས་སུ་ཐེ་ཝན་གྱི་མང་གཙོའི་སྲོལ་གཏོད་པ་པོའི་ཡབ་ཆེན་ཞེས་འབོད་སྲོལ་ཡོད་པ་མ་ཟད། ཁོང་ནི་ཕྱི་ལོ་ ༡༩༩༧ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཚོ་གླིང་དེའི་ནང་ཆེས་ཐོག་མ་གདན་འདྲེན་ཞུ་མཁན་དེ་ཡིན་པ་རེད། ཁོང་ཁ་སང་རེས་གཟའ་ཕུར་བུ་ཉིན་ཐེ་ཝན་རྒྱལ་ས་ཐེ་པེའི་ Veterans General Hospital ཞེས་པའི་སྨན་ཁང་དུ་སྙུང་གཞིའི་རྐྱེན་གྱིས་དགུང་ལོ་ ༩༧ ཐོག་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་པ་དང་བསྟུན། ༸གོང་ས་མཆོག་གིས་དམ་པ་དེ་ཉིད་ཀྱི་སྐུ་ཟླ་ལྕམ་སྐུ་ Tseng Wen-hui མཆོག་གིས་གཙོས་པའི་ནང་མི་སྐུ་འཁོར་ཡོངས་ལ་ཐུགས་གསོའི་གསུང་འཕྲིན་བསྩལ་བའི་ནང་མགོན་པོ་༸གང་ཉིད་མཆོག་ཕྱི་ལོ་ ༡༩༩༧ ལོར་ཐེ་ཝན་དུ་ཆེས་ཐོག་མ་ཕེབས་སྐབས་དམ་པ་དེ་ཉིད་མཇལ་འཕྲད་བྱུང་ཐེངས་དང་པོ་དེ་མཛད་རྒྱུའི་གོ་སྐབས་བྱུང་བ་མ་ཟད། རྗེས་སུ་མཚོ་གླིང་དེའི་ནང་སླར་ཡང་ཆིབས་བསྒྱུར་མཛད་སྐབས་དང་གཞན་ཡང་ཞི་བདེའི་གླེང་སྟེགས་ཁ་ཤས་ཐོག་ལྷན་མཇལ་བྱུང་སྐོར་ཐུགས་དྲན་གསོས་པ་དང་འབྲེལ། ༸གོང་ས་མཆོག་གིས་སྐུ་ཞབས་ཁོང་ནི་༸སྐུའི་མཛའ་གྲོགས་ལ་ངོས་བཞེས་མཛད་ཀྱི་ཡོད་སྐོར་བཀའ་བསྩལ་འདུགདེ་བཞིན་༸གོང་ས་མཆོག་གིས་སྐུ་ཞབས་ Lee Teng-hui དམ་པ་མཆོག་གིས་རང་ཉིད་སྐུ་འཚོ་བཞུགས་སྐབས་སྐུལ་ལས་བསྐྱོན་པར་བརྟེན་ཐེ་ཝན་གྱི་མང་གཙོ་གོང་འཕེལ་ཐོག་ཁྱད་དུ་འཕགས་པའི་མཛད་རྗེས་འཇོག་ཡོད་པ་དང་། ད་ལྟའི་ཆར་ཐེ་ཝན་རྒྱལ་ཁབ་འདི་ནི་རང་ཉིད་ཀྱི་ཕ་མེས་ནས་ཡོད་པའི་གཅེས་ནོར་ཕྱུག་པོ་དག་དང་ལྷན་དུ་མང་གཙོའི་ལམ་སྲོལ་ཆེས་ཆེར་གོང་འཕེལ་དུ་འགྲོ་བཞིན་པར་བཀའ་བསྩལ་བ་དང་ཆབས་ཅིག ང་ཚོའི་ངོས་ནས་དམ་པ་ཁོང་ལ་རྗེས་དྲན་ཞུ་རྒྱུ་ཡག་ཤོས་དེ་ནི་ཕལ་ཆེར་ཁོང་གིས་མང་གཙོའི་ཆེད་དུ་ཞུམ་པ་མེད་པའི་སྙིང་སྟོབས་ཆེན་པོས་ཐུགས་ཐག་གཙང་བཅད་ཀྱིས་བཞེངས་ཕྱོགས་དེའི་ཐོག་ནས་ཕྱག་ལས་མུ་མཐུད་གནང་རྒྱུ་དེ་རེད་ཅེས་བཀའ་བསྩལ་འདུག མགོན་པོ་༸གང་ཉིད་མཆོག་གིས་གསུང་འཕྲིན་གྱི་མཐའ་མཇུག་དེར་ཐེ་ཝན་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ Lee Teng-hui དམ་པ་མཆོག་ནི་བོད་མི་མང་ཚོགས་ཀྱི་མཛའ་གྲོགས་ཤིག་ཡིན་པ་དང་། ཁོང་ནས་རང་ཉིད་སྐུ་འཚོ་བཞུགས་སྐབས་བོད་དོན་ཐོག་རང་ནུས་གང་ཐུབ་ཅི་ཐུབ་ཀྱིས་རྒྱབ་སྐྱོར་གནང་ཡོད་སྐོར་བཀའ་བསྩལ་འདུགདེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུས་གནས་མཆོག་གིས་ཀྱང་དམ་པ་ཁོང་་གི་ནང་མི་སྐུ་འཁོར་ཡོངས་ལ་བོད་མིའི་སྒྲིག་འཛུགས་དང་བོད་མིའི་ཚབ་ཞུས་ཏེ་ཐུགས་གསོ་ཞུས་པ་དང་སྦྲགས། ཕྱི་ལོ་ ༡༩༩༧ ལོར་དམ་པ་དེ་ཉིད་སྲིད་འཛིན་ཡིན་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེ་ཝན་ནང་ཆེས་ཐོག་མར་གདན་འདྲེན་ཞུས་པ་དེ་ནི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་ཞིག་ཆགས་ཡོད་པ་དང་། ལྷག་དོན་སྐབས་དེར་༸གོང་ས་མཆོག་གིས་ཐེ་ཝན་གྱི་སྲིད་འཛིན་གཞོན་པ་ཟུར་པ་ Lien Chan མཆོག་དང་མཇལ་འཕྲད་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་དེ་ཐེ་ཝན་མི་མང་ལ་ངོ་སྤྲོད་མཛད་སྐོར་དྲན་གསོ་དང་སྦྲགས། ༸གོང་ས་མཆོག་དང་སྲིད་འཛིན་ཟུར་པ་སྐུ་ཞབས་ལི་ཏིང་ཧུ་མཆོག་རྣམ་གཉིས་མཇལ་འཕྲད་གནང་ནས་བོད་དང་ཐེ་ཝན་མི་མང་དབར་གདུང་སེམས་མཉམ་བསྐྱེའི་འབྲེལ་ལམ་གསར་པ་ཞིག་བསྐྲུན་ཡོད་པ་གསུངས་འདུགསྲིད་སྐྱོང་མཆོག་གིས་ད་དུང་སྐུ་ཞབས་ Lee Teng-hui མཆོག་ནི་ཕུགས་བསམ་ཅན་དང་དཔལ་འབྱོར་རིག་པ་བ། ལྷག་དོན་ལོ་རྒྱུས་ཀྱི་ཐོག་ནས་དམ་པ་དེ་ཉིད་ནི་ཐེ་ཝན་རྒྱལ་ཁབ་ཀྱི་མང་གཙོ་སྲོལ་གཏོད་པ་པོའི་ཡབ་ཆེན་ཡིན་པ་དང་། སྲིད་འཛིན་དམ་པ་ཁོང་གི་མཛད་རྗེས་རྣམས་ང་ཚོས་མུ་མཐུད་ནས་རྒྱུན་སྐྱོང་ཞུ་ངེས་རེད་ཅེས་གསུངས་པ་མ་ཟད། ཚོགས་གཙོ་མཆོག་གིས་དམ་པ་དེ་ཉིད་དགོངས་པ་རྫོགས་པ་ནི་ཐེ་ཝན་གྱི་མི་མང་ཙམ་མིན་པར་བོད་མི་མང་ཚོགས་ལའང་དེ་མཚུངས་གྱོང་གུད་ཆེན་པོ་ཆགས་ཡོད་སྐོར་གསུངས་འདུག

རྒྱ་ནག་གི་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ལ་ངོས་ལེན་མེད།

ཁ་སང་ཐེ་ཝན་གྱི་སྲིད་འཛིན་ལྕམ་  Tsai Ing-wen ཡི་ལས་ཡུན་གཉིས་པ་དབུ་འཛུགས་ཀྱི་དམ་འབུལ་མཛད་སྒོ་དང་བསྟུན་ཁོང་གི་ཐེ་ཝན་གྱི་ངོས་ནས་དུས་ནམ་ཡང་རྒྱ་ནག་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་བྱུས་ལ་ངོས་ལེན་གནང་རྒྱུ་མིན་པར་ནན་བརྗོད་དང་འབྲེལ། རྒྱལ་ཁབ་ཕྱོགས་གཉིས་ཀར་ཕུགས་རྒྱང་རིང་པོར་མཉམ་གནས་ཐུབ་པའི་ཐབས་ལམ་འཚོལ་ཞིབ་གནང་རྒྱུའི་འགན་ཡོད་པ་གསུངས་འདུགདེ་རིང་ Reuters སོགས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་འདི་ལོའི་ཕྱི་ཟླ་དང་པོའི་འོས་བསྡུ་ཆེན་མོའི་ནང་ལྕམ་སྐུ་མཆོག་དང་ཁོང་གི་མང་གཙོ་ཡར་ཐོན་ཚོགས་པར་ཚད་མཐོའི་རྒྱལ་ཁ་ཐོབ་པ་ལྟར། ཁ་སང་རྒྱལ་ས་ཐེ་པེ་རུ་རྟེན་གཞི་བྱས་པའི་སྲིད་འཛིན་ལས་ཁུངས་སུ་ལྕམ་ Tsai Ing-wen མཆོག་གི་སྲིད་འཛིན་ལས་ཡུན་གཉིས་པའི་དམ་འབུལ་མཛད་སྒོ་ཚོགས་ཡོད་པ་དང་། སྐབས་དེར་ཁོང་གིས་དེ་སང་འོས་བསྡུའི་སྐབས་ཚོར་ཤུགས་ཆེན་པོའི་ཐོག་གསུངས་ཡོད་པའི་ཚིགས་བརྗོད་བཞི་སྟེ་ཞི་བདེ་དང་འདྲ་མཉམ། མང་གཙོ། གྲོས་མོལ་བཅས་ནན་བརྗོད་དང་འབྲེལ་ཏེ་རྒྱ་ནག་གཞུང་གིས་ཐེ་ཝན་གྱི་རང་དབང་དང་མང་གཙོའི་གནས་བབས་ལ་མཐོང་ཆུང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བ་དེར་ཐེ་ཝན་གྱི་ངོས་ནས་ངོས་ལེན་མེད་པར་བཞེངས་ཕྱོགས་བརྟན་པོ་གནས་ཡོད་སྐོར་གསུངས་པ་མ་ཟད། ཐེ་ཝན་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་དེ་ད་ལྟའི་ཆར་ལོ་རྒྱས་ཐོག་འགྱུར་ལྡོག་གི་རང་བཞིན་གནས་བབས་ཆགས་ཡོད་པ་ལྟར་ཕྱོགས་གཉིས་ཀར་ཕུགས་རྒྱང་རིང་པོར་མཉམ་གནས་ཐུབ་པའི་ཐབས་ལམ་འཚོལ་ཞིབ་གནང་རྒྱུ་དང་། ཕན་ཚུན་མི་མཐུན་པའི་གནས་སྟངས་ཇེ་སྡུག་ཏུ་མི་གཏང་བའི་འགན་ཡོད་པ་གསུངས་འདུག དེ་བཞིན་ཐེ་ཝན་གྱི་ངོས་ནས་ད་བར་རྒྱལ་ཁབ་ཕྱོགས་གཉིས་དབར་ཞི་བདེ་དང་བརྟན་ལྷིང་གནས་ཐབས་ཐོག་ཐབས་ཤེས་གང་ཡོང་གནང་ཡོད་པ་བཞིན་དེའི་ཐོག་མུ་མཐུད་དེ་འབད་བརྩོན་གནང་སྟེ་རྒྱ་ནག་དང་གྲོས་མོལ་གནང་འདོད་ཡོད་སྐོར་གསུངས་འདུག རྒྱ་ནག་གིས་ཐེ་ཝན་སྲིད་འཛིན་གྱིས་གསུངས་པར་ལན་འདེབས་དང་འབྲེལ་ཏེ་རྒྱ་ནག་གི་ངོས་ནས་ ཐེ་ཝན་ཐོག་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཟེར་བའི་སྲིད་བྱུས་མུ་མཐུད་དེ་འཛིན་རྒྱུ་ཡིན་པ་དང་ཐེ་ཝན་དེ་རྒྱ་ནག་ནས་ཁ་བྲལ་མེད་པ་ཞིག་དང་། དེ་བཞིན་མེས་རྒྱལ་གོང་བུ་གཅིག་སྒྲིལ་གྱི་ལྟ་གྲུབ་འོག་ནས་ཐེ་ཝན་དེ་རྒྱ་ནག་ནང་དུ་ཟླ་སྒྲིལ་གཏང་རྒྱུ་ནི་ལྡོག་ཐབས་མེད་པའི་གནད་དོན་ཞིག་ཡིན་པ་སོགས་བཤད་འདུག རྩ་བའི་དེ་སྔ་ ༢༠༡༦ ལོར་ཐེ་ཝན་གྱི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཁྲོད་ལྕམ་སྐུ་ Tsai Ing-wen མཆོག་ལ་རྒྱལ་ཁ་ཐོབ་ནས་སྲིད་འཛིན་དུ་འོས་འདེམས་བྱུང་བ་ལྟར་ཁོང་གིས་ཐེ་ཝན་སྲིད་འཛིན་གྱི་ལས་ཡུན་དབུ་འཛུགས་གནང་བ་ནས་བཟུང་རྒྱ་ནག་གི་ངོས་ནས་ཐེ་ཝན་དང་ལྷན་དུ་གཞུང་འབྲེལ་གྲོས་མོལ་ཡོངས་རྫོགས་མཚམས་འཇོག་བྱས་ཡོད་པ་བཞིན་ཐེ་ཝན་དང་རྒྱ་ནག་དབར་དེ་སྔོན་ནས་དཀའ་རྙོག་ཡོད་ཐོག་ད་རེས་ལྕམ་སྐུ་མཆོག་གིས་གསུང་བཤད་གནང་ཕྱོགས་ལ་གཞིགས་ན་རྒྱལ་ཁབ་ཕྱོགས་གཉིས་དབར་གྱི་རྩོད་རྙོག་ད་དུང་ཡང་ཤུགས་ཆེར་འགྲོ་ངེས་ཡིན་སྐོར་གསུང་མཁན་མང་དག་ཅིག་འདུགལྕམ་སྐུ་ Tsai Ing-wen མཆོག་གི་སློབ་སྟོན་པ་བགྲེས་པ་སྐུ་ཞབས་ Yao Chia wen ལགས་ཀྱིས་ Reuters གསར་ཁང་ལ་ད་ལྟའི་གནས་སྟངས་ལ་གཞིགས་ཚེ་རྒྱ་ནག་དང་ཐེ་ཝན་དབར་གྲོས་མོལ་ཡོང་དཀའ་བ་དང་། ཐེ་ཝན་གྱི་ངོས་ནས་རྒྱ་ནག་དང་ལྷན་དུ་གྲོས་མོལ་བྱེད་པར་གྲ་སྒྲིག་ཡོད་ཀྱང་མ་འོངས་ལོ་བཞིའི་ནང་ཕྱོགས་གཉིས་དབར་རྒྱ་ནག་གི་ངོས་ནས་ཐེ་ཝན་གྱི་གྲོས་མོལ་གྱི་རེ་འདུན་ལ་དང་ལེན་བྱེད་རེ་ཉུང་ཉུང་ཡིན་པ་གསུངས་འདུགདེང་སྐབས་ཨ་རི་དང་རྒྱ་ནག་གཉིས་དབར་རྩོད་གཞི་ཤུགས་ཆེན་པོ་ཡོད་ཐོག་ཨ་རིའི་ངོས་ནས་ཐེ་ཝན་ལ་དེ་སྔ་དང་མི་འདྲ་བར་མངོན་གསལ་དོད་པོས་རྒྱབ་སྐྱོར་གྱི་རྣམ་པ་སྟོན་བཞིན་པ་དང་འབྲེལ། ཁ་སང་དམ་འབུལ་མཛད་སྒོ་དང་འབྲེལ་ཏེ་ཨ་རིའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Mike Pompeo མཆོག་གིས་ལྕམ་མཆོག་ལ་འཚམས་འདྲིའི་ཕྱག་ཡིག་གནང་སྟེ་ལྕམ་སྐུ་ཁོང་གིས་ཐེ་ཝན་ནང་གི་ཡང་དག་པའི་མང་གཙོ་གཞུང་འཛིན་སྣེ་ཁྲིད་གནང་རྒྱུའི་འཆར་སྣང་དང་བློ་སྤོབས་ལ་བསྔགས་བརྗོད་གནང་འདུག རྒྱ་ནག་གཞུང་གི་ངོས་ནས་ཨ་རིའི་ཕྱི་སྲིད་བློན་ཆེན་མཆོག་གིས་གནང་ཕྱོགས་དེར་སྐྱོན་བརྗོད་དང་རྒྱ་ནག་གིས་དེར་གདོང་ལེན་བྱ་རྒྱུ་ཡིན་པ་བརྗོད་འདུག

བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་སྐྱོད་ལས་འགུལ་ཐོག་མཉམ་ཞུགས་གནང་མཁན་ཇེ་མང་དུ་འགྲོ་བཞིན་འདུག

འདི་ལོའི་བོད་མིའི་རང་དབང་སྒེར་ལངས་གནང་བའི་གསུམ་བཅུའི་དུས་དྲན་ཐེངས་ ༦༡ པ་སྲུང་བརྩི་ཞུ་ལ་ཉེ་བ་དང་འབྲེལ། དེའང་ཟླ་བ་འདིའི་ཕྱི་ཚེས་ ༡༢ ཉིན་ཐེ་ཝན་གྱི་རྒྱལ་ས་ Taipei ནང་རྟེན་གཞི་བྱས་པའི་ཡུལ་དེའི་གྲོས་ཚོགས་མདུན་དུ་བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་སྐྱོད་ལས་འགུལ་དབུ་འཛུགས་གནང་ཡོད་པ་དང་། ད་ལྟའི་ཆར་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་དེའི་ནང་ཐེ་ཝན་མི་མང་དང་གཞོན་སྐྱེས་གཙོས་པའི་ཉི་ཧོང་མང་ཚོགས་བཅས་མཉམ་ཞུགས་གནང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད་འདུག དེའི་སྐོར་བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་ཚོགས་གཙོ་དང་ལས་འགུལ་གོ་སྒྲིག་གནང་མཁན་སྐུ་ཞབས་བཀྲིས་ཚེ་རིང་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་ཉིན་མོར་རྐང་འཁོར་སྐོར་སྐྱོད་གནང་བ་དང་དགོང་མོར་བོད་དོན་དང་འབྲེལ་བའི་གསུང་བཤད་ཀྱི་ལས་རིམ་གཉེར་གྱི་ཡོད་པར་མ་ཟད་ས་གནས་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་མཇལ་མོལ་ཡང་གནང་གི་ཡོད་པ་གསུངས་སོང་། དེ་བཞིན་ཁོང་གིས་ཐེངས་འདིའི་བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་སྐྱོད་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ཐེ་ཝན་གྱི་མི་མང་གཙོས་པའི་གཞོན་སྐྱེས་དང་ཉི་ཧོང་གི་མང་ཚོགས་དོན་གཉེར་བ་བཅས་མང་དུ་འགྲོ་བཞིན་ཡོད་སྐོར་ངོ་སྤྲོད་གནང་སོང་བར་མ་ཟད། ལས་འགུལ་ནང་དངོས་སུ་དང་བླངས་ཐོག་ནས་མཉམ་ཞུགས་གནང་མཁན་ཚོའི་ངོས་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་བ་བརྒྱུད་ནས་རང་ཉིད་ཀྱི་རྒྱལ་ཁབ་ལ་དགའ་ཞེན་གྱི་བསམ་བློ་ཤུགས་ཆེ་ཡོང་བར་ཕན་ཐོགས་བྱུང་གི་ཡོད་པའི་མྱོང་ཚོར་གསུང་མཁན་ཡོད་སྐོར་གསུངས་སོང་། ཁོང་གིས་ནན་ཏན་དུ་གསུངས་པར་བོད་མིའི་ངོས་ནས་བོད་ཀྱི་གནམ་ལོ་གསར་བཞད་ཉིན་དགའ་སྤྲོའི་དཔལ་ལ་རོལ་རྒྱུ་དང་སྦྲགས། ང་ཚོ་འདིར་བཙན་བྱོལ་དུ་ཕེབས་དོན་གང་ཡིན་མ་བརྗེད་པར་ ་བོད་མིའི་རང་དབང་སྒེར་ལངས་གནང་བའི་གསུམ་བཅུའི་དུས་དྲན་ཐེངས་ ༦༡ པ་སྲུང་བརྩི་ཞུ་སླད་ད་ལྟ་ནས་སྟ་གོན་གནང་དགོས་གལ་ཡིན་པའི་གཞེན་སྐུལ་གནང་ཡོད། གཞི་རྩའི་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ལས་ཁང་གིས་བོད་མིའི་རང་དབང་སྒེར་ལངས་དང་བསྟུན་གོ་སྒྲིག་ཞུས་པའི་བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་སྐྱོད་ལས་འགུལ་འདི་ཕྱི་ཟླ་ ༢ ཚེས་ ༡༢ རེས་གཟའ་ལྷག་པ་སྟེ་༸སྐུའི་བླ་གཟའ་ལྷག་དཀར་ཉིན་དབུ་འཛུགས་ཀྱིས་ཕྱི་ཟླ་ ༣ ཚེས་ ༡༠ བོད་མིའི་གསུམ་བཅུའི་དུས་དྲན་གྱི་ཉིན་མོའི་བར་གྱི་རེས་གཟའ་ལྷག་པ་ནམ་ཡིན་ལ་བསྟུད་མར་སྤེལ་གནང་གི་ཡོད་པ་དང་། བོད་མིའི་གསུམ་བཅུའི་དུས་དྲན་ཉིན་ལས་འགུལ་ལེགས་གྲུབ་ཀྱི་མཛད་སྒོ་དང་འབྲེལ་ཏེ་མཉམ་ཞུགས་གནང་མཁན་རྣམས་ལ་ཐུགས་རྗེ་ལེགས་གསོལ་གྱི་མཇལ་དར་འབུལ་ལམ་ཞུ་རྒྱུ་སོགས་གནང་རྒྱུ་རེད་འདུག

བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་སྐྱོད་ལས་འགུལ་ཐེངས་ ༡༠ དབུ་འཛུགས།

ཐེ་ཝན་ནང་རྟེན་གཞི་བྱས་པའི་བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གིས་ལོ་ལྟར་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་གྱི་ཉིན་མོ་དང་བསྟུན་བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་སྐྱོད་གནང་གི་ཡོད་པ་བཞིན་འདི་ལོའི་བོད་མིའི་རང་དབང་སྒེར་ལངས་གནང་བའི་གསུམ་བཅུའི་དུས་དྲན་ཐེངས་ ༦༡ པ་སྲུང་བརྩི་ཞུ་ལ་ཉེ་བ་དང་འབྲེལ་ཐེ་ཝན་དུ་བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་སྐྱོད་ལས་འགུལ་དབུ་འཛུགས་གནང་འདུག དེ་རིང་སྔ་དྲོ་ཆུ་ཚོད་ ༡༠ ཐོག་ཐེ་ཝན་གྱི་རྒྱལ་ས་ Taipei ནང་རྟེན་གཞི་བྱས་པའི་ཡུལ་དེའི་གྲོས་ཚོགས་མདུན་དུ་སྐུ་མགྲོན་གཙོ་བོ་ཐེ་ཝེན་གྲོས་ཚོགས་འཐུས་མི་ Freddy Lim ལགས་དང་ Hung Sun-han ལགས། Chen Po-wei ལགས། Chie Hsien-chin ལགས། དེ་བཞིན་ཐེ་ཝེན་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ Wu Jai-zheng ལགས་བཅས་ཀྱིས་གཙོས་པའི་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་ས་གནས་གཞོན་སྐྱེས་བཅས་ལྷན་ཞུགས་ཐོག་གསར་འགོད་ལྷན་ཚོགས་ཤིག་གནང་སྟེ་བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་སྐྱོད་ལས་འགུལ་དེ་དངོས་སུ་དབུ་འཛུགས་གནང་ཡོད་པ་རེད། སྐབས་དེར་ཐེ་ཝེན་གྲོས་ཚོགས་འཐུས་མི་རྣམས་ནས་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་དང་འབྲེལ་ཏེ་བོད་ནང་དུ་རང་ལུས་མེར་སྲེག་གི་གནད་དོན་བྱུང་བ་དེ་དག་རྒྱ་གཞུང་གིས་དྲག་པོའི་སྲིད་བྱུས་ལག་བསྟར་བྱེད་བཞིན་རྐྱེན་ལས་བྱུང་བ་ཅིག་ཡིན་སྐོར་གསུངས་པ་མ་ཟད་ཐེ་ཝེན་ནས་བོད་ཀྱི་གནད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་དགོས་གལ་ཡིན་པ་སོགས་གསུང་བཤད་གནང་འདུག  གསར་འགོད་ལྷན་ཚོགས་གྲུབ་མཚམས་སུ་ལས་འགུལ་བ་རྣམས་རྐང་འཁོར་ཞོན་ཏེ་བོད་ལ་རང་དབང་དགོས་པ་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་ཡུལ་དེའི་རྒྱས་སའི་ཉེ་འདབས་སུ་ཆགས་པའི་ ༢༢༨ ཞེས་པའི་དྲན་རྟེན་སྐྱེད་མོས་ཚལ་གཙོས་པའི་ས་གནས་ཀྱི་གྲོང་ཁྱེར་ཆེ་ཁག་ཏུ་བསྐྱོད་དེ་ས་གནས་མི་མང་དང་ཕྱིའི་ཡུལ་སྐོར་སྤྲོ་འཆམ་པར་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་ཡོད་པ་རེད། གཞི་རྩའི་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ལས་ཁང་གིས་བོད་མིའི་རང་དབང་སྒེར་ལངས་དང་བསྟུན་གོ་སྒྲིག་ཞུས་པའི་བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་སྐྱོད་ལས་འགུལ་འདི་དེ་རིང་ཕྱི་ཟླ་ ༢ ཚེས་ ༡༢ རེས་གཟའ་ལྷག་པ་སྟེ་༸སྐུའི་བླ་གཟའ་ལྷག་དཀར་ཉིན་དབུ་འཛུགས་ཀྱིས་ཕྱི་ཟླ་ ༣ ཚེས་ ༡༠ བོད་མིའི་གསུམ་བཅུའི་དུས་དྲན་གྱི་ཉིན་མོའི་བར་གྱི་རེས་གཟའ་ལྷག་པ་ནམ་ཡིན་ལ་བསྟུད་མར་སྤེལ་གནང་གི་ཡོད་པ་རེད།

རྒྱ་ནག་ཝུ་ཧེང་ནས་ཐོན་པའི་གློ་ཚད་དེ་བོད་ནང་ཁྱབ་སྲིད་པར་བློ་འཚབ་གནང་བཞིན་འདུག

རྒྱ་ནག་ཝུ་ཧེང་གྲོང་ཁྱེར་ནས་ཁྱབ་གདལ་བྱུང་བའི་ Corona virus ཞེས་པའི་གློ་ཚད་ཀྱི་ནད་འབུ་དེ་རྒྱ་ནག་གི་གྲོང་ཁྱེར་ཆེ་གྲས་ཁག་ཙམ་མ་ཟད་ཉི་ཧོང་། ཀོ་རི་ཡ། ཐེ་ཝན། ཐེ་ལན་ཌི། ཨ་རི་ནང་དུའང་ཁྱབ་གདལ་ཤུགས་ཆེ་འགྲོ་བཞིན་པའི་ཁྲོད་འདིར་ནད་གཞི་ཁྱབ་གདལ་དང་འབྲེལ་རྒྱ་ནག་གི་ས་བཀྲར་གཞིགས་ཚེ་ད་ལྟའི་ཆར་ནད་གཞི་དེ་བོད་རང་སྐྱོང་ལྗོངས་ཟེར་བ་དང་མཚོ་སྔོན་ཞིང་ཆེན་བཅས་སུ་ཁྱབ་མེད་པར་འགྲེལ་བརྗོད་གནང་གི་ཡོད་པ་ལྟར། བོད་མི་རྣམས་ཀྱིས་ད་ཆ་གློ་ཚད་ནད་གཞི་དེ་བོད་ལ་ཁྱབ་གདལ་འགྲོ་སྲིད་པར་བློ་འཚབ་ཆེན་པོ་གནང་བཞིན་འདུག རྒྱ་ནག་གཞུང་ནས་ཝུ་ཧེང་གྲོང་ཁྱེར་དེ་ཕྱི་ཕྱོགས་ལ་སྒོ་མོ་བརྒྱབ་ཡོད་པར་འགྲེལ་བརྗོད་བྱས་ཡོད་ཀྱང་ཁ་སང་རྒྱ་རིགས་བེུད་ཅིག་གིས་སྤྱི་ཚོགས་དྲྭ་ལམ་ཐོག་རང་ཉིད་ཀྱི་གྲོགས་མོ་ཞིག་དང་མཉམ་དུ་བླངས་པའི་བརྙན་ཐུང་ཞིག་འདོན་སྤེལ་གྱིས་ཁོང་གི་རོགས་པ་དེ་ Wuhan གྲོང་ཁྱེར་ནས་འབྱོར་བ་ཞིག་ཡིན་པ་དང་ཕྱིར་ཁ་ལག་བཟའ་བར་འགྲོ་བཞིན་ཡོད་པ་བཅས་ཀྱི་རྣམ་པ་མངོན་རྒྱུ་འདུག དེ་རིང་བཙན་བྱོལ་བོད་མི་ཁག་གཅིག་གིས་སྤྱི་ཚོགས་དྲྭ་ལམ་ཐོག་གནས་ཚུལ་མངོན་གསལ་གནང་བར་ རྒྱ་ནག་གཞུང་གིས་ནད་གཞི་དེ་ཁྱབ་གདལ་མི་འགྲོ་བར་ Wuhan གྲོང་ཁྱེར་དེ་ཡོངས་རྫོགས་སྒོ་མོ་བརྒྱབ་ཡོད་པ་དང། གྲོང་ཁྱེར་དེ་ནས་རྒྱ་ལམ་དང་མཁའ་ལམ་སོགས་གང་གི་ཐོག་ནས་ཡང་འགྲུལ་སྐྱོད་བྱེད་ཀྱི་མེད་ལུགས་བཤད་ཡོད་ཀྱང། ཁ་སང་བོད་ཀྱི་རྒྱལ་ས་ལྷ་ས་དང་ཟི་ལིང་གྲོང་ཁྱེར་གཉིས་སུ་ Wuhan ནས་གནམ་གྲུ་བབས་ཡོད་པ་དང་འབྲེལ་ནས་སེམས་འཚབ་ཆེན་པོ་གནང་བ་མ་ཟད་རྒྱ་གཞུང་གིས་བོད་ནང་གི་བོད་མི་རྣམས་ལ་རྒྱུན་དུ་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་ཀྱང་དོན་དམ་གྱི་དམ་དྲག་བྱེད་དགོས་པའི་མི་རྣམས་བྱིའུ་བཞིན་རང་དབང་ཐོག་འཁྱམ་བཞིན་ཡོད་པ་གསུངས་འདུག དྲྭ་རྒྱ་ཁག་ཏུ་སྤེལ་བཞིན་པའི་བརྙན་ཐུང་གཞན་ཞིག་གི་ནང་ཝུ་ཧེང་ནས་ཡིན་པའི་ཡུལ་སྐོར་བ་ཞིག་ཉེ་ཆར་བོད་གསེར་རྟ་རུ་འབྱོར་ཡོད་པ་དང་། མི་དེས་ས་གནས་དེའི་མི་གཉིས་ལ་འགོས་ཏེ་ད་ཆ་མི་དེ་གཉིས་སྨན་ཁང་དུ་མྱུར་སྐྱོབ་བྱེད་བཞིན་ཡོད་པའི་གནས་ཚུལ་ཡང་ཐོན་འདུག དེ་བཞིན་ཁ་སང་དང་ཁ་ཉིན་ལ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཇི་ནི་ཝར་ཛ་དྲག་གི་ཚོགས་འདུ་ཚོགས་རྗེས་གསར་འགོད་ལྷན་ཚོགས་ཐོག་འཛམ་གླིང་འཕྲོད་བསྟེན་ལྷན་ཚོས་ཀྱི་ངེས་སྟོན་པ་ Dr Tedros Adhanom Ghebreyesus ལགས་ཀྱིས་ད་ལྟའི་ཆར་རྒྱ་ནག་ནང་གི་ནད་ཡམས་དེ་རྒྱལ་སྤྱིར་ཛ་དྲག་རང་ཞིན་གྱི་ནད་ཡམས་ཤིག་ཆགས་ཡོད་སྐོར་དང་། རྒྱ་ནག་གཞུང་གི་ངོས་ནས་ནད་ཡམས་གང་ཡིན་ཤེས་རྒྱུ་དང། དེ་མི་དང་མི་ཕན་ཚུན་དབར་འགོས་རྒྱུ་ཡོད་པའི་ནད་གཞི་ཡིན་པར་ར་འཕྲོད་རྒྱུ། ནད་ཡམས་ཁྱབ་གདལ་མི་འགྲོ་བའི་ཆེད་དུ་ཐབས་ལམ་གང་ལེགས་འཚོལ་བཞིན་ཡོད་པ་སོགས་གསུངས་ཡོད་པ་མ་ཟད། རྒྱ་ནག་གཞུང་ཕྱོགས་ནས་ཀྱང་ཝུ་ཧེང་གྲོང་ཁྱེར་གཙོས་པའི་ཉེ་འཁྲིས་ཀྱི་གྲོང་ཁྱེར་ ༩ ཙམ་སྒོ་མོ་བརྒྱབ་ཡོད་པར་བརྗོད་བཞིན་ཡོད་པ་རེད། དེ་རིང་བར་གནས་ཚུལ་ཐོན་ཁག་ལ་གཞིགས་ཚེ་ད་ལྟའི་ཆར་ཨིན་ཡུལ་དང་ཨོ་སི་ཊོ་ལི་ཡ། དེ་བཞིན་Scotland  བཅས་ཀྱི་ནང་ནད་གཞི་དེ་ཕོག་པར་དོགས་གཞི་ཡོད་པ་ཁག་གཅིག་དང། ཨ་རིའི་ནང་ ༡ དང་ཉི་ཧོང་ནང་ ༢ དེ་བཞིན་ལྷོ་ Korea ནང་མི་ ༢ ལ་ནད་གཞི་དེ་ཕོག་ཡོད་པ་རེད་འདུག རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གྱིས་ད་ལྟ་ Wuhan དུ་ནད་གཞི་དེ་ཕོག་པའི་གྲངས་འབོར་ཇེ་མང་དུ་སོང་ནས་ ༨༣༠ ཆགས་ཡོད་པ་དང་རྐྱེན་འདས་སུ་གྱུར་བ་ ༢༦ བཅས་ཆེད་བཀོད་བྱས་ཡོད་ཀྱང་། ཨིན་ཡུལ་ནང་གི་ MRC ནད་ཡམས་ཉམས་ཞིབ་ཁང་གིས་ད་ལྟའི་ཆར་ Wuhan ནང་ནད་གཞི་དེ་ཕོག་པའི་མི་ ༢༠༠༠ ལྷག་ཡོད་པ་མངོན་གསལ་གནང་ཡོད་པ་རེད། དེའི་བར་ན་ཁ་སང་ Ciaxing Global ཞེས་པའི་རྒྱ་ཡིག་དྲྭ་གནས་ཐོག་ཧོང་ཀོང་ནང་བཅའ་བཞུགས་དེ་སྔ་  SARS དང་ད་ལྟའི་ནད་ཡམས་ཐོག་ཉམས་ཞིབ་གནང་མཁན་ཚན་རིག་པ་ Guan Yi ཟེར་བར་བཅར་འདྲི་ཞུས་པའི་གནས་ཚུལ་སྤེལ་བར་ཁོང་གིས་ཐེངས་འདིའི་ Coronavirus ནད་ཡམས་འདི་བཞིན་དེ་སྔ་ཕྱི་ལོ་ ༢༠༠༢་༣ ལོར་ཁྱབ་གདལ་བྱུང་སྟེ་མི་ ༨༠༠ ཙམ་གྱི་ཚེ་སྲོག་འཕྲོག་མཁན་གྱི་ SARs ནད་གཞི་ལས་ལྡབ་བཅུའི་ཉེན་ཁ་ཆེ་བ་ཡོད་པ་དང། ད་བར་ཉམས་ཞིབ་ཁྲོད་ནད་ཡམས་མང་དག་ཅིག་མཐོང་མྱོང་ཡོད་པ་དང། དེ་དག་འགོག་ཐུབ་རྒྱུའི་གདེང་ཚོད་ཡོད་ཀྱང་། ད་རེས་ཀྱི་ནད་ཡམས་འདིར་འཇིགས་སྣང་ཡོད་སྐོར་བརྗོད་འདུག

ཁ་ན་ཊའི་ནང་དུ་རྒྱ་ནག་གི་དཔོན་རིགས་ཐོག་ Magnitsky ཁྲིམས་གཞི་ལག་བསྟར་དགོས་པའི་ལས་འགུལ་སྤེལ་འདུག

བོད་མི་གཙོས་པའི་ཁ་ན་ཊྲའི་སྤྱི་མང་གི་ཚོགས་སྡེ་ཁག་གཅིག་གིས་གྲོང་ཁྱེར་ཊྲོ་རིན་ཊྲོ་ནང་དུ་རྒྱལ་ཡོངས་ཀྱི་ལས་འགུལ་ཞིག་དབུ་འཛུགས་དང་སྦྲགས།  ཡུལ་དེའི་གཞུང་ངོས་ནས་རྒྱ་ནག་ཐོག་ Magnitsky ཞེས་པའི་ཁྲིམས་གཞི་ལག་བསྟར་བྱས་ཏེ་ཧོང་ཀོང་དང་ཤིན་ཅང། དེ་བཞིན་བོད་སོགས་ཀྱི་ས་ཁུལ་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་རྒྱ་ནག་གི་དཔོན་རིགས་རྣམས་ཁ་ན་ཊྲའི་ནང་བསྐྱོད་རྒྱུ་བཀག་སྡོམས་སོགས་ཀྱི་ཉེས་ཆད་གཅོད་དགོས་པའི་ཞུ་སྐུལ་གནང་འདུག དེ་ཡང་དེ་རིང་global news གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་ན་ཊྲའི་ནང་གི་ལུས་འགུལ་དེའི་ཁྲོད།  ཧོང་ཀོང་དང་ཁ་ན་ཊྲའི་འབྲེལ་ལམ་གྱི་ཚོགས་གཙོ་སྐུ་ཞབས་Gloria Fung ལགས་ཀྱིས།  རྒྱ་ནག་གི་དཔོན་རིགས་རྣམས་ཀྱིས་ཧོང་ཀོང་དང་ཡུ་གུར། དེ་བཞིན་བོད་སོགས་ཀྱི་ས་ཁུལ་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་རྣམས་ལ་བཀག་སྡོམ་བྱེད་རྒྱུ་དེར། རྒྱལ་སྤྱིའི་སྒང་ནས་སྐད་ཆ་བཤད་དགོས་རྒྱུ་དེ་གལ་ཆེན་པོ་ཡིན་པ་དང་།  གནད་དོན་དེ་ནི་ཧོང་ཀོང་གི་མི་སེར་རྣམས་ལ་གདུང་སེམས་མཉམ་སྐྱེད་བྱས་བ་ཁོ་ན་ཙམ་ཞིག་མིན་པར།  དེ་ནི་ཧོང་ཀོང་གི་ནང་དུ་ལས་ཀ་གཉེར་ནས་གཏན་སྡོད་བྱེད་བཞིན་པའི་ཁ་ན་ཊྲའི་མི་སེར་འབུམ་གསུམ་གྱི་བདེ་དོན་དང་ཡང་འབྲེལ་བ་ཆེན་པོ་ཡོད་པ་ཞིག་ཡིན་ཡིན་པ་མ་ཟད།  དེ་ནི་ཁ་ན་ཊྲའི་རྒྱལ་ཁབ་ཀྱི་བདེ་འཇགས་ཀྱི་གནད་དོན་དང་ང་ཚོ་ཚང་མས་ཡི་རངས་བྱེད་བཞིན་པའི་རིན་ཐང་གི་སྙིང་བོ་དེ་ཡང་ཡིན་པར་བརྗོད་འདུག གོམ་བགྲོད་དེའི་ཁྲོད་ཀྱི་ཡུ་གུར་གྱི་ལས་འགུལ་བ། སྐུ་ཞབས་ Mehmet Tohi ལགས་ཀྱིས་ཀྱང་གསར་ཁང་ལ་བརྗོད་པ་ལྟར་ན།  ང་རང་ཙམ་མ་ཡིན་པར། ཕྱི་ཕྱོགས་སུ་གནས་བའི་ཡུ་གུར་ནང་མི་མང་པོ་རང་གི་ནང་མི་ཁ་བྲལ་བྱུང་སྟེ། རང་གི་ཨ་མ་འཇིག་རྟེན་འདིར་འཚོ་བཞུགས་ཡོད་མིན་གྱི་གནད་དོན་ལ་ཤེས་རྟོགས་ཙམ་ཡང་མེད་པའི་གནས་བབ་དེ་ནི་སེམས་ཁམས་ཀྱི་ཐོག་ནས་ཕམ་ཉེས་ཆེན་པོ་བྱུང་བ་དང་གཅིག་མཚུངས་ཡིན་པར་ངོ་སྤྲོད་གནང་བ་དང་སྦྲགས།  དུས་རབས་ཉེར་གཅིག་གི་ནང་དུ་གནད་དོན་འདི་དག་བྱུང་བཞིན་པ་ནི་འཇིགས་སུ་རུང་བའི་མྱོང་བ་ཞིག་ཡིན་སྐོར་བརྗོད་འདུག རྩ་བའི་ Magnitsky ཞེས་པའི་ཁྲིམས་གཞི་འདི་ནི་ཐོག་མར་ཕྱི་ལོ་ ༢༠༡༢ ལོར་ཨ་རིའི་གྲོས་ཚོགས་འོག་མའི་ནང་གཏན་འབེབས་བྱས་པའི་རྒྱལ་སྤྱིའི་རང་བཞིན་གྱི་ཁྲིམས་གཞི་ཞིག་ཡིན་པ་དང། ཁ་ན་ཊའི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་མཁན་རྣམས་ལ་བཀག་སྡོམ་བྱས་ནས་ཁོང་ཅག་གི་ཚོང་དོན་དང་འགྲུལ་བཞུད་སོགས་ལ་ཚད་གཞི་བཟོས་པའི་ཁྲིམས་གཞི་དེ་སྤྱི་ལོ་ ༢༠༡༧ ལོར་དངོས་སུ་ལག་བསྟར་བྱས་ཡོད་པ་ཞིག་ཡིན་པ་རེད། གྲོང་ཁྱེར་ཊྲོ་རིན་ཊྲོ་ནང་གི་གོམ་བགྲོད་ཀྱི་ལས་འགུལ་དེའི་ཁྲོད་དུ།  ཁྲིམས་གཞི་དེ་དང་འབྲེལ་བའི་མཁས་དབང་དང་། དེ་བཞིན་རྒྱ་ནག་གི་འགྲོ་བ་མིི་ཐོབ་ཐང་རྡོག་རོལ་གྱི་བྱས་ཉེས་ཁྲོད་ནས་རང་གི་ནང་མི་རྣམས་ལ་དངོས་སུ་ཤན་ཤུགས་ཐེབས་ཡོད་པའི་ཁ་ན་ཊའི་བོད་རིགས་མི་མང་དང། ཧོང་ཀོང་། ཡུ་གུར་གྱི་མི་མང་བཅས་ཀྱིས་མཉམ་ཞུགས་གནང་ཡོད་པ་རེད་འདུག ཁ་ན་ཊའི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁྲིམས་ལུགས་ཀྱི་མཁས་དབང་།  སྐུ་ཞབས་ Marcuz Kolgarལགས་ཀྱིས།  ང་ཚོ་ཁ་ན་ཊའི་མི་སེར་ཞིག་ལ་མཚོན་ན། འགྲོ་བ་མིའི་ཐོབ་ཐང་ནི་ང་ཚོའི་གཙུག་ཏུ་བཟུང་ཡོད་པའི་གནད་དོན་ཞིག་ཡིན་སྐོར་འགྲེལ་བརྗོད་ཀྱིས། ང་ཚོས་ཁྲིམས་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོིལ་གཏོང་བཞིན་པའི་རྒྱ་ནག་གི་དཔོན་རིགས་དེ་དག་བཀག་སྡོམ་བྱས་ཏེ།  རང་རྒྱལ་གྱི་ནང་དུ་རྒྱ་ནག་གི་དཔོིན་རིགས་དེ་དག་ལ་མ་དངུལ་གྱི་སྒོར་མོ་ཡོད་ཚེ་བཀག་སྡོམ་བྱེད་དགོས་བ་དང་། གལ་སྲིད་རྒྱ་ནག་གི་དཔོན་རིགས་དེ་དག་ཁ་ན་ཊར་ཡོང་ཚེ་ཁོང་ཚོའི་འགྲོ་འདུག་ལ་ཚད་བཀག་བྱེད་དགོས་བར་བརྗོད་པ་དང་སྦྲགས། རྒྱལ་སྤྱིའི་སྒང་ནས་ང་ཚོ་འགྲོ་བ་མིའི་ཐོབ་ཐང་གི་འགོ་ཁྲིད་ཅིག་ཏུ་ལྟ་བཞིན་ཡོད་དུས།  ང་ཚོས་ངེས་བར་དུ་དཀའ་ངལ་འཕྲད་བཞིན་པ་རྣམས་ལ་རོགས་རམ་བྱེད་དགོས་བར་བརྗོད་འདུག གཞི་རྩའི་ཧོང་ཀོང་ནང་ད་ལྟའི་ཆར་ཁ་ན་ཊའི་མི་སེར་འབུམ་གསུམ་ཙམ་གྱིས་སློབ་སྦྱོང་དང་ལས་ཀ་སོགས་གཉེར་བཞིན་ཡོད་པ་དང་། ཁ་ན་ཊའི་སྲིད་གཞུང་གིས། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་ལས་ཀྱི་ཐོག་ནས།  ཁ་ན་ཊའི་མི་སེར་དེ་དག་གི་ བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་སྐོར་གསུངས་བཞིན་ཡོད་པ་རེད།

ཀུ་ཤུ་བཟོ་ཚོང་ཁང་གིས་རྒྱ་ནག་དང་ལག་འབྲེལ་གྱིས་གནས་ཚུལ་བཀག་སྡོམ་བྱེད་ཀྱི་ཡོད་པར་སྐྱོན་བརྗོད།

ཁ་སང་རྒྱལ་སྤྱིའི་དྲ་རྒྱའི་རང་དབང་གི་ཉིན་མོར། ཨ་རིར་རྟེན་གཞི་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པས། ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཡོད་པའི་ཀུ་ཤུ་རྟགས་ཅན་གྱི་ཁ་པར་བཟོ་ཚང་ལ་སོང་ནས། བཟོ་ཚོང་ཁང་དེའི་ངོས་ནས་རྒྱ་ནག་དང་ལག་འབྲེལ་གྱིས་བོད་དོན་དང་ཡུ་གུར། དེ་བཞིན་ཧོང་ཀོང་དང་བོད་སོགས་ཀྱི་གནས་ཚུལ་ལ་བཀག་སྡོམ་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་པར་བརྗོད་དེ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག སྐབས་དེར། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་རྣམས་ཀྱིས་ཀུ་ཤུ་བཟོ་ཚོང་ཁང་གི་མདུན་དུ་ངོ་རྒོལ་ལས་འགུལ་སྤེལ་བ་མ་ཟད། ངོ་རྒོལ་བ་རྣམས་ཀྱིས་འཕྲེད་དར་མང་པོ་བཟུང་ཡོད་པ་ལས། ཀུ་ཤུ་བཟོ་ཚང་ཁང་གིས་མི་སྒེར་གྱི་གནད་དོན་དང་མིའི་རིགས་ཀྱི་མངོན་འདོད་ལ་རང་དབང་ཡོད་པར་བཀོད་ཡོད་ཡོད་ནའང་། ད་ཆ་བཟོ་ཚོང་ཁང་གིས་རྒྱ་ནག་་ལ་ལག་འབྲེལ་གྱིས་གནས་ཚུལ་བཀག་སྡོམ་བྱེད་བྱས་ཡོད་པ་མ་ཟད། མཉེན་ཆས་དང་འཚོལ་བྱེད་མ་ལག དེ་བཞིན་བརྡ་སྟོན་གྱི་བརྙན་རིས་སོགས་བཀག་སྡོམ་བྱས་ཡོད་པ་ལུང་འདྲེན་གྱིས། བཟོ་ཚོང་ཁང་གིས་གནས་ཚུལ་དེ་དག་མཚམས་བཞག་པའི་ཐོག བོད་དོན་དང་དབང་གི་ཆེད་དུ་རྒྱབ་སྐྱོར་བྱེད་དགོས་བ་སོགས་ཀྱི་འབོད་སྐུལ་གྱི་འཕྲེད་དར་མང་པོ་ཁྲོམ་བསྒྲགས་གནང་འདུག གཞན་ཡང་བོད་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་གྱི་ངེས་སྟོན་པ་པད་མ་སྒྲོལ་མ་ལགས་ཀྱིས་གཏམ་བཤད་གནང་སྟེ། སྤྱི་ལོ་ཉེས་སྟོང་བཅོ་བརྒྱད་ལོ་ནས་བཟུང་། ཀུ་ཤུ་བཟོ་ཚོང་ཁང་གིས་རྒྱ་ནག་གི་རེ་འདོད་ལྟར་ལོ་རྒྱུས་ཀྱི་སྟེང་བྱུང་མ་མྱོང་བའི་གནས་ཚུལ་བཀག་སྡོམ་བྱེད་ཀྱི་ཡོད་ལུགས་བརྗོད་ཡོད་པ་མ་ཟད། ཀུ་ཤུའི་ཁ་པར་གྱི་བྱེད་ལས་ཐོན་གསར་བཅུ་གསུམ་པའི་ནང་དུ། རྒྱ་ནག་གིས་ཐེ་ཝན་ནི་རྒྱ་ནག་གི་ཆ་ཤོས་ཡིན་པར་བརྗོད་ཡོད་པ་བཞིན། ཀུ་ཤུ་བཟོ་ཚོང་ཁང་གིས་ཐེ་ཝན་གྱི་རྒྱལ་དར་གྱི་བརྡ་སྟོན་བརྙན་རིས་སོགས་ཀུ་ཤུའི་ཁ་པར་གྱི་ནང་དུ་ནག་གསུབ་བཏང་ཡོད་པར་བརྗོད་དེ། བཟོ་ཚོང་ཁང་གིས་རྒྱ་ནག་དང་ལག་འབྲེལ་གྱིས་མི་མང་གིས་གནས་ཚུལ་ལ་རྒྱུས་ལོན་བྱེད་རྒྱུ་དང་འབྲེལ་ལམ་གྱི་བདེ་འཇགས། གཞན་ཡང་རང་དབང་གི་མངོན་འདོད་སོགས་ལ་བཀག་སྡོམ་བྱེད་བཞིན་པ་མཚམས་འཇོག་དགོས་ཞེས་པ་དང་། བཟོ་ཚོང་ཁང་གིས་རྒྱ་ནག་གི་དབང་ཆ་གཅིག་སྒྲིལ་གྱི་ལམ་ལུགས་ལ་རྒྱབ་སྐྱོར་བྱེད་མཚམས་བཞག་སྟེ། བཟོ་ཚོང་རང་གི་ངོས་ནས་ལངས་ཕྱོགས་བསྟན་པོ་བཟུང་སྟེ། འགྲོ་བ་མིའི་རིགས་ཀྱི་ཆེ་མཐོང་དང་ཆབ་སྲིད་ཀྱི་རང་དབང་སོགས་ལ་རྒྱབ་སྐྱོར་བྱེད་དགོས་ཞེས་འབོད་སྐུལ་བྱས་འདུག གཞན་ཡང་བོད་རང་དབང་སློབ་ཕྲུག་ཚོགས་པས། ཀུ་ཤུ་བཟོ་ཚོང་ཁང་གིས་རྒྱ་ནག་གི་མངོན་འདོད་སྒྲུབ་ཀྱི་ཡོད་པ་གསལ་བཤད་ཀྱིས། འདི་ལོའི་སྤྱི་ཟླ་༢ བའི་ཚེས་ ༢༦ ཉིན་ཀུ་ཤུ་བཟོ་ཚོང་ཁང་གིས་ལོ་མཇུག་གིི་མ་འཛུགས་ཀྱི་ཚོགས་ཆེན་འཚོགས་གཏན་འཁེལ་ཡོད་པར་བརྟེན། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས། ཀུ་ཤུ་བཟོ་ཚོང་ཁང་ལ་མ་འཛུགས་བྱེད་མཁན་རྣམས་ལ་འགྲོ་བ་མིའི་སྨྲ་བརྗོད་རང་དབང་དེ་གལ་ཆེན་དུ་བརྩི་དགོས་པའི་འབོད་བརྡ་རང་བཞིན་གྱི་སྙན་ཞུ་དབུལ་རྒྱུ་ཡིན་པར་བརྗོད་དེ། མི་མང་གིས་ཁོང་ཅག་གི་འབོད་བརྡ་རང་བཞིན་གྱི་སྙན་ཞུ་དེར་མཚན་རྟགས་བཀོད་དེ་ལས་འགུལ་དེར་རྒྱབ་སྐྱོར་བྱེད་དགོས་བའི་སྐུལ་མ་བཏང་འདུག གཞན་ཡང་ཁོང་ཚོས། ཀུ་ཤུ་བཟོ་ཚོང་ཁང་གིས་བཟོ་ཁང་གཞན་ལྟར་མ་ཡིན་པར། རྒྱ་ནག་གི་ནང་དུ་ཀུ་ཤུའི་ཁ་པར་བེད་སྤྱོད་གཏོང་ཕྱོགས་དང་འབྲེལ་ནས། རྒྱ་ནག་གི་མངོན་འདོད་ལྟར་གནས་ཚུལ་མང་པོ་བཀག་སྡོམ་བྱེད་ཀྱི་ཡོད་པ་ཡོངས་གྲགས་གནང་སྟེ། འདས་བའི་ཟླ་ངོ་གཅིག་གི་ནང་དུ། རྒྱ་ནག་གཞུང་གི་རེ་སྐུལ་ལྟར། རྒྱ་ནག་གི་ཚོང་རའི་ནང་དུ་ཀུ་ཤུ་བཟོ་ཚོང་ཁང་ནས་མཉེན་ཆས་ ༥༡༧ ཙམ་ནག་གསུབ་བཏང་ཡོད་པ་ཡོངས་གྲགས་གནང་བ་དང་འབྲེལ། སྤྱི་ལོི་ ༢༠༡༧ ལོར་ཡང་རྒྱ་ནག་གི་རེ་འདོད་ལྟར། ཀུ་ཤུ་བཟོ་ཚོང་ཁང་གིས་ VPNs ཞེས་པའི་གནས་ཚུལ་འཚོལ་བྱེད་ལས་མཉེན་ཆས་ ༦༠༠ ཙམ་ནག་གསུབ་བཏང་ཡོད་ལུགས་བརྗོད་དེ། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩོད་སྒྲུབ་པ་དག་ལ་མཚོན་ན། VPNs ཞེས་པ་ནི་རང་ཉིད་ལ་ཉེན་ཁ་མེད་པའི་སྒང་ནས་གནས་ཚུལ་འཚོལ་སྡུད་བྱེད་སྤྱད་གལ་ཆེན་ཞིག་ཡིན་ནའང་། ད་ཆ་རྒྱ་ནག་གིས་འཚོལ་བྱེད་མ་ལག་ཡོད་ཚད་བཀག་སྡོམ་བྱས་ཡོད་པ་ཡོངས་གྲགས་གནང་འདུག དེ་བཞིན་གྷོ་གྷེལ་བཟོ་ཚོང་ཁང་གིས་སྔོན་ཆད་རྒྱ་ནག་དང་ལྷན་དུ་Dragonfly ཞེས་པའི་འཚོལ་བཤེར་མ་ལག་གི་ལམ་ནས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་རྒྱུའི་ལས་གཞི་དེར་བཟོ་ལས་བ་མ་མང་པོས་ངོ་རྒོལ་བྱས་པ་བཞིན། གྷོ་གྷེལ་བཟོ་ཚོང་ཁང་གིས་ལས་འཆར་དེར་གནོད་ཤུགས་སྤྲད་ནས་ཕྱིར་བསྡུ་བྱས་ཡོད་པ་ལྟར། ད་ཆ་ཀུ་ཤུ་བཟོ་ཚོང་ཁང་ལ་ཡང་མི་མང་གི་གནོད་ཤུགས་སྤྲད་ནས་རྒྱ་ནག་དང་མཉམ་དུ་ལག་འབྲེལ་བྱེད་བཞིན་པ་དེ་མཚམས་འཇོག་བྱེད་དུ་འཇུག་དགོས་ཞེས་བྲིས་འདུག

བོད་མི་མང་སྤྱི་འཐུས་ཚོགས་ཆུང་ཞིག་ཐེ་ཝན་དུ་ཕྱོགས་བསྐྱོད་ཀྱིས་བོད་དོན་གོ་རྟོགས་ཀྱི་ལས་འགུལ་སྤེལ་བ།

སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཐེ་ཝན་དུ་ཕྱོགས་བསྐྱོད་གནང་སྟེ་ཁུལ་དེའི་གྲོས་ཚོགས་ཀྱི་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་ཆེད་བཅར་གྱིས་བོད་དོན་གོ་རྟོགས་དང་རྒྱབ་སྐྱོར་སྔར་ལྷག་ཡོང་ཕྱིར་ཞུ་སྐུལ་གནང་འདུག ཐེངས་འདིའི་སྤྱི་འཐུས་ཕྱོགས་བསྐྱོད་ཀྱི་ནང་དུ་བོད་མི་མང་སྤྱི་འཐུས་ཚོགས་ཟུར་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དང་གསེར་རྟ་ཚུལ་ཁྲིམས་ལགས། དབྱངས་ཅན་སྒྲོལ་དཀར་ལགས། བློ་བཟང་ཆོས་འབྱོར་ལགས་བཅས་ཆེད་ཕེབས་གནང་ཡོད་པ་ལྟར་གསར་འགོད་པས་སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་སུ་ཞལ་པར་གྱི་ཐོག་ནས་ཐེངས་འདིའི་ཕྱོགས་ཕེབས་དང་འབྲེལ་བའི་བཀའ་འདྲི་ཁག་གཅིག་ཞུས་པར་ཕྱོགས་བསྐྱོད་འདི་ནི་སྤྱི་འཐུས་སྐབས་བཅུ་བཞི་ནས་བཟུང་ཕྱོགས་བསྐྱོད་ཀྱི་ལས་རིམ་ཞིག་གཏན་ལ་ཕབས་ཡོད་པ་བཞིན་ཉིན་དང་པོའི་རིང་ཐེ་ཝན་གྱི་གཞུང་འཛིན་ཚོགས་པའི་མགྲིན་ཚབ་པ་དང་མངའ་སྡེ་གྲོས་ཚོགས་མི་སྣ། དེ་བཞིན་གཙུག་ལག་སློབ་གྲྭའི་སློབ་དཔོན་ཆེན་མོ་སོགས་དང་མཇལ་འཕྲད་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་བབས་སོགས་ངོ་སྤྲོད་གནང་ཡོད་པ་གསུངས་སོང་། ཁོང་གིས་ད་དུང་ཐེངས་འདིའི་ཕྱོགས་བསྐྱོད་དེ་གཞུང་གསར་རྙིང་གཉིས་ཀྱི་འོས་བསྡུའི་ལས་རིམ་དང་སྟབས་འཁེལ་བར་བརྟེན་སྤྱི་འཐུས་ཚོགས་ཆུང་ནས་དངོས་སུ་འོས་བསྡུ་གནང་བཞིན་པའི་ཉེ་འཁོར་གྱི་ས་ཁུལ་ཁ་ཤས་དང་སྲིད་འཛིན་གསར་པའི་འོས་ཐོབ་ཀྱི་རྒྱལ་ཁའི་གསུང་བཤད་གནང་ཡུལ་སོགས་ལ་དངོས་སུ་བཅར་རྒྱུའི་གོ་སྐབས་བྱུང་ཡོད་པ་ལྟར་རང་རེའི་སྤྱི་ཚོགས་དང་ཐེ་ཝན་གཉིས་ཀྱི་འོས་བསྡུའི་ཁྲོད་ནས་ཕྱོགས་གཉིས་ནས་ལེགས་ཆ་ལེན་དགོས་པའི་གནད་དོན་རེ་འགའ་ཡོད་པར་དོ་སྣང་བྱུང་སྐོར་འགྲེལ་བརྗོད་གནང་སོང་། རྩ་བའི་ཐེངས་འདིའི་ཐེ་ཝན་གྱི་ཕྱོགས་བསྐྱོད་ནི་ཕྱི་ཟླ་ ༡ ཚེས་ ༩ ཉིན་རྒྱ་གར་ནས་དབུ་འཛུགས་ཀྱིས་ཚེས་ ༡༨ ཉིན་ཕྱོགས་བསྐྱོད་མཇུག་སྒྲིལ་གནང་གི་ཡོད་པ་རེད། ཁུལ་དེའི་འོས་བསྡུའི་ལས་རིམ་གཟའ་ཉི་མའི་ཉིན་ལེགས་གྲུབ་དང་བསྟུན། ཁོང་རྣམས་ཀྱི་ཕྱོགས་བསྐྱོད་དངོས་སུ་དབུ་འཛུགས་གནང་ཡོད་པ་དང་དེ་རིང་ཉིན་གཉིས་པ་ཡིན་པ་རེད།

Latest news