Tibetan Royal Year of 2151 | Year of the Wood Dragon

ཐེ་ཝན།

ཉི་ཧོང་ནང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྔ་སྣུར་གྱིས་སྲུང་བརྩི།

ཟླ་བ་འདིའི་ཚེས་ ༡༠ སྟེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སླེབས་ལ་ཉེ་བ་དང་བསྟུན། ཁ་ཉིན་རེས་གཟའ་སྤེན་པའི་ཉིན་ཉི་ཧོང་གི་རྒྱལ་ས་ Tokyo ལ་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་གཞུང་གིས་དྲག་གནོན་བྱས་མྱོང་ཡོད་པའི་མི་རིགས་ཁག་ཅིག་གི་གཞུང་འབྲེལ་མིན་པའི་ཚོགས་པ་སྟེ་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ལྷོ་སོག ཡུ་གུར་བ། ཧོང་ཀོང་། དེ་བཞིན་ཐེ་ཝན་ཚོགས་པ་བཅས་ཟུང་འབྲེལ་གྱིས་རྒྱ་ནག་དམར་ཤོག་ཚོགས་པས་འགྲོ་བ་མིའི་ཐོབ་ཐང་ལ་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱས་ཁག་ལ་འགོག་རྒོལ་གྱི་ལས་འགུལ་སྤེལ་བའི་ཐོག་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྔ་སྣུར་གྱིས་སྲུང་བརྩི་ཞུས་འདུག

རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་དང་འགྲོ་བ་མིའི་ཐོབ་ཐང་སྐོར་བགྲོ་གླེང་།

ཉི་ཧོང་གྲོས་ཚོགས་སུ་ The Asian Solidarity Council for Democracy and Freedom ཞེས་ཨེ་ཤ་ཡའི་ཁུལ་གྱི་མང་གཙོ་དང་རང་དབང་ཆིག་སྒྲིལ་ཚོགས་པའི་གོ་སྒྲིག་འོག་གྲོས་ཚོགས་འཐུས་མི་ཁག་ཅིག་གི་དབུས་ཕྱི་ནང་སྐུ་མགྲོན་ ༦༠ མཉམ་ཞུགས་གནང་སྟེ་རྒྱ་ནག་གཞུང་གི་དྲག་པོའི་སྲིད་བྱུས་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སྐོར་བགྲོ་གླེང་གནང་འདུག

ཐེ་ཝན་རིག་གཞུང་ལྷན་ཁང་གིས་བོད་ཀྱི་རིག་གཞུང་སྐོར་བགྲོ་གླེང་སྐོང་ཚོགས་གནང་བ།

ཟླ་བ་འདིའི་ཚེས་ ༡༤ ཉིན་ཐེ་ཝན་རིག་གཞུང་ལྷན་ཁང་གིས་གཙོ་གཉེར་ཐོག་བོད་སོག་རིག་གཞུང་འགྲེམས་སྟོན་ཁང་ནང་བོད་ཀྱི་རིག་གཞུང་འཕེལ་རྒྱས་དང་གསར་སྐྲུན་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་ཞིག་བསྐོང་ཚོགས་གནང་ཡོད་པ་དང་། སྐབས་དེར་ཐེ་ཝན་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་གནའ་བོའི་བོད་ཀྱི་ཁྲིམས་ལུགས་ནང་མི་སྟོང་འཇལ་བ་དང་མནའ་སྐྱེལ་ལམ་སྲོལ་ལས་ནང་ཆོས་ཀྱི་ཤུགས་རྐྱེན་ཇི་ལྟར་ཡོད་མེད་དང་འབྲེལ་བའི་དཔེ་མཚོན་དང་སྦྲགས་ཏེ་གསུང་བཤད་གནང་འདུགཉིན་གཅིག་གི་བགྲོ་གླེང་ཚོགས་འདུ་འདི་ཚོགས་ཐེངས་ཁག་གསུམ་ལ་ཆ་བགོས་གནང་སྟེ། བོད་ཀྱི་རིག་གཞུང་ཐོག་རྒྱུས་མངའ་ཆེ་བའི་མཁས་དབང་དང་ཆེད་ལས་མི་སྣ་ཁག་ཅིག་གིས་གནའ་བོའི་བོད་ཀྱི་ཁྲིམས་ལུགས་དང་། བོད་ཀྱི་འཁྲབ་གཞས། བོད་ཀྱི་སྲོལ་རྒྱུན་རི་མོའི་སྐོར་གཙོས་པའི་བོད་ཀྱི་སྒྱུ་རྩལ་སོགས་ཀྱི་ཐོག་མི་གྲངས་བརྒྱད་ཀྱིས་དཔྱད་རྩོམ་སྒྲོགས་སྦྱང་དང་། དེ་བཞིན་དབྱེ་ཞིབ་དཔྱད་གླེང་བ་མི་གྲངས་བརྒྱད་པོས་རྩོམ་ཡིག་དང་འབྲེལ་བའི་གསུང་བཤད་གནང་བར་མ་ཟད། ཚོགས་ཞུགས་པའི་ཁོངས་ནས་དགོངས་འདྲི་གནང་ཁག་ལ་བཀའ་ལན་བཅས་ཀྱི་ལས་རིམ་ཞིག་གཉེར་འདུག སྐབས་དེར་ཐེ་ཝན་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་གནའ་བོའི་བོད་ཀྱི་ཁྲིམས་ལུགས་ནང་མི་སྟོང་འཇལ་བ་དང་མནའ་སྐྱེལ་ལམ་སྲོལ་ལས་ནང་ཆོས་ཀྱི་ཤུགས་རྐྱེན་ཞེས་པའི་བརྗོད་གཞིའི་ཐོག་ལོ་རྒྱུས་ཡིག་ཆ་དང་ཆོས་འབྱུང་ཁག་ལ་གཞི་བཅོལ་ཏེ་གནའ་བོའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྲིམས་ལུགས་ཀྱི་ཕྱག་བསྟར་ནང་ཉེས་ཁྲིམས་ཐག་གཅོད་གནང་སྟངས་ཐོག་ནང་ཆོས་ཀྱི་ཤུགས་རྐྱེན་ཇི་ལྟར་ཡོད་མེད་དང་འབྲེལ་བའི་དཔེ་མཚོན་དང་སྦྲགས་ཏེ་ངོ་སྤྲོད་གནང་འདུག་པ་དང་། ལྷག་དོན་ཁོང་གིས་ཐེངས་འདིའི་བརྗོད་གཞི་དེ་དག་ནི་ཐེ་ཝན་ནང་ཧ་ལམ་དཔྱད་རྩོམ་སྤེལ་མཁན་དང་གསུང་བཤད་གནང་མཁན་མེད་པ་ལྟ་བུའི་དཀོན་གནས་ལས་མ་འདས་ཀྱང་། བོད་ཀྱི་རིག་གཞུང་སྐོར་བགྲོ་གླེང་སྐོང་ཚོགས་གནང་བ་འདི་བརྒྱུད་ནས་བོད་ཀྱི་ལེགས་བྱང་དང་བོད་བརྒྱུད་ནང་བསྟན་ཐོག་ལ་ཤེས་བྱ་གསར་པ་ཤེས་རྟོགས་ཐུབ་པར་ཐུགས་ཕན་གསོས་ངེས་ཡིན་པ་སོགས་གསུང་བཤད་གནང་འདུགགཞི་རྩའི་བོད་སོག་རིག་གཞུང་འགྲེམས་སྟོན་ཁང་གིས་གཙོ་བོ་བོད་ཀྱི་རིག་གཞུང་དང་འབྲེལ་བའི་ལས་འགུལ་མང་དག་ཅིག་གོ་སྒྲིག་གནང་མྱོང་ཡོད་ཅིང་། འགྲེམས་སྟོན་གྱི་ལམ་ནས་བོད་མིའི་རིག་གཞུང་ངོ་སྤྲོད་དང་། སློབ་འབྲིང་དང་མཐོ་སློབ་ཀྱི་གཞོན་སྐྱེས་ཚོའི་བསམ་བློའི་ཆུ་ཚད་ལ་གཞིགས་པའི་བགྲོ་གླེང་གོ་སྒྲིག་གནང་བར་མ་ཟད། ཐེངས་འདིའི་བགྲོ་གླེང་ནི་ཆེད་ལས་ཀྱི་རིག་གཞུང་བགྲོ་གླེང་ཞིག་ཆགས་ཀྱི་ཡོད་པ་རེད།

བོད་དེ་ནམ་ཡང་རྒྱ་ནག་གི་ཆ་ཤས་མིན་པ་དང་འབྲེལ་ཐེ་ཝན་གྱི་རྩ་ཁྲིམས་ལ་བསྐྱར་བཅོས་དགོས་པའི་གྲོས་འཆར་ཆེད་འདོན།

ཉེ་ཆར་ཐེ་ཝན་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Tsai Yi-Yu ལགས་དང་ Yu Tien ལགས་རྣམ་གཉིས་ཀྱིས་བོད་དང་སོག་ཡུལ་གཉིས་ཀྱི་གནད་དོན་དང་འབྲེལ་ཐེ་ཝན་གྱི་རྩ་ཁྲིམས་ཀྱི་ཆ་ཤས་ཁག་ཅིག་ལ་བསྐྱར་བཅོས་དགོས་པའི་གྲོས་འཆར་ཆེད་བཏོན་དང་སྦྲགས། དེ་སྔ་ཕྱི་ལོ་ ༡༩༥༡ སྔོན་ལ་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་རེད་ཅེས་མངོན་གསལ་གནང་འདུགདེ་རིང་ཕྱི་ཚེས་ ༥ ཉིན་ཐེ་ཝན་གྱི་ liberty times net གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། གྲོས་ཚོགས་འཐུས་མི་རྣམ་པ་གཉིས་ནས་ཡུལ་དེའི་གྲོས་ཚོགས་སུ་ཐེ་ཝན་གྱི་རྩ་ཁྲིམས་དེ་ཕྱི་ལོ་ ༡༩༤༦ ལོར་གཏན་འབེབས་གནང་བ་ཞིག་ཡིན་པ་དང་དེའི་ནང་གི་འབྲུ་དོན་མང་དག་ཞིག་ད་ལྟའི་ཆབ་སྲིད་ཀྱི་གནས་བབ་དང་མཐུན་གྱི་མེད་སྐོར་གསུངས་པ་དང་ཆབས་ཅིག རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ལོ་དེ་རང་ལ་སོག་ཡུལ་སྤྱི་མཐུན་རྒྱལ་ཁབ་ལ་གཞུང་འབྲེལ་ངོས་འཛིན་བྱས་ཡོད་པར་མ་ཟད། བོད་ལྟ་བུར་མཚོན་ན་ཕྱི་ལོ་ ༡༩༥༡ ལོར་རྒྱ་ནག་གིས་དྲག་པོའི་དབང་སྒྱུར་བྱས་ཏེ་བཙན་དབང་གི་ཆིངས་ཡིག་འཇོག་བཅུག་པ་ལས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ནམ་ཡང་མ་རེད་ཅེས་ནན་གསུངས་གནང་འདུག ཁོང་རྣམ་པ་གཉིས་ཀྱིས་གྲོས་ཆོད་གྲོས་འཆར་དེའི་ནང་ད་དུང་ཕྱི་ལོ་ ༢༠༡༧ ལོའི་ཕྱི་ཟླ་ ༡༢ ནང་ཐེ་ཝན་བོད་སོག་ལས་དོན་ལྷན་ཚོགས་དངོས་སུ་སྒོ་བརྒྱབ་ཟིན་ཀྱང་། ཐེ་ཝན་གྱི་རྩ་ཁྲིམས་ནང་ད་དུང་ཡང་གྲོས་ཚོགས་དང་འཛིན་སྐྱོང་སོགས་ཀྱི་འཐུས་མི་འོས་འདེམས་སྐབས་བོད་དང་སོག་པོའི་སྐུ་ཚབ་དགོས་སྐོར་འཁོད་ཡོད་སྟབས། སླད་མར་ཚིག་བརྗོད་དེ་རིགས་ཕྱིར་འཐེན་གནང་དགོས་པའི་ཞུ་སྐུལ་གནང་བར་མ་ཟད། གྲོས་འཆར་དེར་ཁྱོན་གྲོས་འཐུས་མི་ཞལ་གྲངས་ ༢༧ གྱིས་རྒྱབ་སྐྱོར་གནང་འདུག གྲོས་ཆོད་གྲོས་འཆར་དེའི་ནང་ཕྱི་ལོ་ ༡༩༡༡ ལོར་རྒྱ་ནག་གི་རྒྱལ་རབས་མཐའ་མ་ཆིང་རྒྱལ་རབས་མི་སེར་རྒྱལ་ཁབ་ཏུ་འགྱུར་བ་ནས་བཟུང་སོག་ཡུལ་གྱིས་རང་བཙན་གསལ་བསྒྲགས་ཡོངས་གྲགས་གནང་བ་དང་། ཕྱི་ལོ་ ༡༩༦༡ ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིར་ཞུགས་པ་དང་སྦྲགས་འཛམ་གླིང་གི་རྒྱལ་ཁབ་མང་པོའི་ཁྲོད་ནས་གཞུང་འབྲེལ་ངོས་འཛིན་ཐོབ་ཡོད་པ་དེ་ལྟར་ཡང་། ཐེ་ཝན་གྱི་རྩ་ཁྲིམས་ནང་མུ་མཐུད་སོག་ཡུལ་མིང་འདོན་གྱིས་མི་རིགས་ཆེན་མོའི་རིང་ལུགས་ཀྱི་སྔ་མོའི་ལྟ་གྲུབ་མུ་མཐུད་མངོན་གསལ་གནང་བཞིན་པ་དེ་ཐེ་ཝན་དང་སོག་ཡུལ་གཉིས་ཀྱི་དབར་ད་ལྟའི་འབྲེལ་ལམ་ལ་དོ་ཕོག་འགྲོ་རྒྱུ་ཡིན་པ་གསུངས་འདུག བོད་ལ་མཚོན་ན་ཕྱི་ལོ་ ༡༩༥༡ ལོ་ནས་བཟུང་རྒྱ་ནག་དམར་པོས་རིམ་བཞིན་བཙན་འཛུལ་བྱས་པ་ལས་དེ་སྔོན་བོད་དེ་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ནམ་ཡང་མིན་སྐོར་གསུངས་པ་དང་འབྲེལ། རྒྱ་ནག་དམར་ཤོག་གཞུང་གིས་ད་ཆ་བོད་ནང་ཆེས་དྲག་ནོན་གྱི་སྲིད་བྱུས་འོག་རྒྱ་ནག་གི་མི་སེར་སྤེལ་ཡུལ་ཞིག་ཏུ་འགྱུར་བཞིན་པ་དེའང་རྒྱ་ནག་གི་མི་རིགས་ཆེན་མོའི་རིང་ལུགས་དང་རྒྱ་སྐྱེད་རིང་ལུགས་ཀྱི་འབྲས་བུ་ཞིག་ཡིན་སྐོར་བརྗོད་འདུག རྩ་བའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Tsai Yi-Yu ལགས་དང་ Yu Tien ལགས་རྣམ་གཉིས་ཀྱིས་གྲོས་ཆོད་གྲོས་འཆར་དེ་ཙམ་མ་ཡིན་པར་ཉེ་སྔོན་གྲོས་ཚོགས་འཐུས་མི་ Chen Tingfei ལགས་ཀྱིས་གཙོས་པའི་འཐུས་མི་ཁག་ཅིག་གིས་ཀྱང་ཐེ་ཝན་གྱི་རྩ་ཁྲིམས་ཀྱི་ཁྱབ་ཚད་དང་ལྷག་པར་མེས་རྒྱལ་དང་གཅིག་གྱུར་གྱི་བརྗོད་ཚིག་སོགས་ཀྱི་ཐོག་བསྐྱར་བཅོས་དགོས་པའི་གྲོས་འཆར་ཆེད་བཏོན་གནང་ཡོད་པ་རེད་འདུག

རྒྱ་གཞུང་གིས་ཆོས་དད་ལ་སྡང་འཛིན་ཤུགས་ཆེ་བྱེད་བཞིན་པ་མངོན་གསལ་གནང་བ།

ཁ་སང་ཐེ་ཝན་གྱི་རྒྱལ་ས་ Taipei རུ་འཛམ་གླིང་གི་ཆོས་ལུགས་ཆེ་ཁག་གསུམ་གྱི་སྐུ་ཚབ་ལྷན་འཛོམས་ཀྱིས་རྒྱ་ནག་དམར་པོའི་གཞུང་གིས་བོད་གཙོས་ཡི་ཤུ་དང་ཁ་ཆེའི་གྲངས་ཉུང་མི་རིགས། དེ་བཞིན་ཧྥ་ལུང་གྷོང་བཅས་ཀྱི་ཆོས་དད་ལ་སྡང་འཛིན་ཤུགས་ཆེ་བྱེད་བཞིན་པའི་སྐོར་ལ་ལྷན་ཚོགས་གནང་འདུགདེ་རིང་ Taipei Times གསར་ཁང་གིས་ཐེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པ་དང་ Taiwan East Turkestan Association གཉིས་ཀྱི་གོ་སྒྲིག་འོག་ཐེ་ཝན་སྐུ་ཚབ་དོན་ཁང་གི་དོན་གཅོད་ཟླ་བ་ཚེ་རིང་ལགས་དང་ཡི་ཤུའི་ཆོས་དཔོན་ Huang Chun-sheng ལགས། དེ་བཞིན་དེ་སྔ་དྲུག་བཞི་དོན་རྐྱེན་གྱི་ལས་འགུལ་ནང་ཡོད་པའི་ Wuer Kaixi བཅས་ནས་གཏམ་བཤད་གནང་འདུག་པ་དང་། སྐབས་དེར་ཟླ་བ་ཚེ་རིང་ལགས་ཀྱིས་རྒྱ་ནག་དམར་པོའི་གཞུང་གིས་བོད་བརྒྱུད་ནང་བསྟན་དང་ལྷག་པར་དུ་བོད་མིའི་ཆོས་དད་ལ་སྡང་འཛིན་ཤུགས་ཆེ་བྱས་ཏེ་མནར་གཅོད་ཀྱི་བྱ་སྤྱོད་སྤེལ་རྒྱུ་དེ་དུས་ཡུན་རིང་པོ་ནས་དམིགས་ཡུལ་ཡོད་པ་མ་ཟད། བོད་གཙོས་གྲངས་ཉུང་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་དེ་དག་རྒྱའི་སྲིད་བྱུས་འོག་ནས་ནག་བསུབ་གཏོང་ཐབས་བྱེད་ཀྱི་ཡོད་པར་འགྲེལ་བརྗོད་གནང་འདུག སྐབས་དེར་ཡི་ཤུའི་ཆོས་དཔོན་ Huang Chun-sheng ལགས་ཀྱིས་རྒྱ་ནག་དམར་ཤོག་གཞུང་གིས་དབང་ཆ་བཟུང་ནས་ཡི་ཤུའི་ཆོས་བརྒྱུད་འཛིན་མཁན་རྣམས་ལ་སྡུག་སྦྱོང་དང་མི་རིགས་དབྱེ་འབྱེད། བཙོན་འཇུག དེ་བཞིན་སྲོག་ཁྲིམས། དམར་གསོད། ཆོས་ལུགས་བརྒྱུད་སྤེལ་བྱེད་མཁན་རྣམས་ཕྱིར་འབུད་བཅས་ཀྱི་བྱ་ངན་དང་། ལྷག་དོན་ཡི་ཤུའི་གསུང་རབ་ཀྱི་ཕྱག་དཔེ་རྣམས་མེད་པ་བཟོ་ཐབས་བྱས་པར་མ་ཟད། དེ་འབྲེལ་ལྷ་ཁང་གཏོར་བཤིག་སོགས་རྒྱ་ནག་གཞུང་གིས་ཆོས་ལུགས་དང་འབྲེལ་བའི་ཐོག་སྡུག་སྦྱོང་ཤུགས་ཆེ་གཏོང་བཞིན་ཡོད་པར་འགྲེལ་བརྗོད་གནང་འདུག གཞན་ཡང་དེ་སྔ་དྲུག་བཞི་དོན་རྐྱེན་གྱི་ལས་འགུལ་ལ་ཞུགས་པའི་ Wuer Kaixi ལགས་ཀྱིས་རྒྱ་གཞུང་དེ་ཆོས་དད་ཀྱི་ནུས་པར་ཞེད་སྣང་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་དམར་པོའི་གཞུང་གིས་རྒྱལ་ཁབ་གཞན་ལ་དབང་སྒྱུར་བྱས་ནས་ཐོན་ཁུངས་མཐའ་དག་འཕྲོག་བཅོམ་བྱས་པ་སོགས་ནི་ཉེས་ཅན་གྱི་གཞུང་ཞིག་ཡིན་པ་མ་ཟད། ཁ་ཆེའི་བུད་མེད་ཚོས་གདོང་ཁེབས་གོན་པ་དང་ཁ་ཆེའི་མི་རིགས་ཚོས་ཕག་ཤ་མ་ཟ་བ་ནི་དྲག་སྤྱོད་པར་ངོས་འཛིན་བྱེད་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་འདུག ད་དུང་སྐབས་དེར་ Falun Gong ཆོས་བརྒྱུ་འཛིན་མཁན་གྱི་ཁྲིམས་རྩོད་ཚོགས་པའི་མགྲིན་ཚབ་པ་ Teresa Chu ལགས་ཀྱིས་རྒྱ་གཞུང་གིས་མི་ལོ་ ༢༠ ནང་ཧྥ་ལུང་གྷོང་ཆོས་བརྒྱུད་འཛིན་མཁན་སྟོང་ཕྲག་མང་པོར་མནར་གཅོད་གཏང་རྒྱུ་གཙོས་དངུལ་གྱི་ཁེ་ཕན་སླད་ལུས་པོའི་ནང་ཁྲོལ་ཕྱིར་འདོན་གྱི་བྱ་ངན་དུ་མ་བརྩམས་ཡོད་པར་ངོ་སྤྲོད་དང་ཆབས་ཅིག མིའི་ནང་ཁྲོལ་འདོན་རྒྱུ་ནི་དུས་རབས་ཉེར་གཅིག་པའི་ནང་མིས་བཟོས་པའི་བྱ་བ་ཐ་ཤལ་ཞིག་ཡིན་ཀྱང་དུས་ད་ལྟའང་བྱ་ངན་དེ་ལག་བསྟར་བྱེད་བཞིན་པ་རེད་ཅེས་འགྲེལ་བརྗོད་གནང་འདུག ཕྱི་ལོ་ ༢༠༠༧ ལོར་རྒྱ་ནག་གི་ཚགས་ཤོག་ Southern Weekly ཞེས་པར་མིའི་ནང་ཁྲོལ་ཕྱིར་འདོན་གྱིས་ཚོང་འགྲེམས་བྱེད་མུས་ལ་བརྟེན་ཨ་སྒོར་ས་ཡ་ ༡༤ ལྷག་བྱུང་ཡོད་པའི་གནས་ཚུལ་ལུང་འདྲེན་གནང་སྟེ་དེ་དག་ལ་གདོང་ལེན་གནང་གནད་ཡིན་པར་མ་ཟད་རྒྱ་ནག་དམར་པོའི་གཞུང་དེ་མགོ་རྟིང་སློག་དུས་རན་པར་འགྲེལ་བརྗོད་གནང་ཡོད།

ནད་ཡམས་ཡལ་མཚམས་སུ་དུས་རྒྱུན་ལྟར་ཆོས་འབྲེལ་སྩོལ་རྒྱུ་ཡིན་སྐོར་བཀའ་གནང་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཁ་སང་ཐེ་ཝན་དད་ལྡན་མང་ཚོགས་རྣམས་ལ་དྲ་ཐོག་ཉིན་གྲངས་གསུམ་གྱི་བཀའ་ཆོས་མཇུག་སྒྲིལ་མཛད་པ་དང་འབྲེལ། རིང་མིན་ལོ་གསར་པའི་ནང་དུ་ནད་ཡམས་ཀྱི་དཀའ་ངལ་འཇམ་པ་རྗེས་སུ། ཐེགས་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དུས་རྒྱུན་ལྟར་ཆོས་འབྲེལ་མཛད་རྒྱུར་གྲ་སྒྲིག་ཨང་གསར་ཡོད་པར་བཀའ་སྩལ་འདུག

ཕ་རན་སིའི་སྲིད་འཛིན་ Macron ལགས་ཀྱིས་ཝང་ཡིར་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་བ།

རྒྱ་ནག་གྱི་ཕྱི་སྲིད་བློན་ཆེན་ Wang Yi ཟླ་ ༨ ཚེས་ ༢༥ ནས་ཨི་ཊ་ལི་དང་ནི་ཐར་ལན་ཌི། ནོར་ཝེ། ཕ་རན་སི། དེ་བཞིན་འཇར་མན་བཅས་ཡོ་རོབ་རྒྱལ་ཁབ་ལྔའི་ནང་གཞུང་འབྲེལ་སྐོར་སྐྱོད་བྱེད་བཞིན་ཡོད་པ་ལྟར་ཕྱི་ཚེས་ ༢༩ ནས་ཁ་སང་བར་ཡོ་རོབ་ཕ་རན་སི་རྒྱ་ཁབ་ནང་བསྐྱོད་དེ་སྲིད་འཛིན་ Emmanuel Macron ལགས་དང་ཕྱི་སྲིད་བློན་ཆེན་ Jean-Yves Le Drian ལགས་གཉིས་དང་ཐུག་འཕྲད་བྱས་ཡོད་པ་རེད།

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཡོ་རོབ་ཏུ་སྐོར་སྐྱོད་ལ་འགྲོ་སྐབས་ཚོགས་སྐྱིད་ཁག་གི་ངོ་རྒོལ།

འདི་ལོ་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱིས་རྒྱལ་སྤྱིའི་དཔལ་འབྱོར་ལ་ཉམས་ཉེས་ཆེན་པོ་བྱུང་བ་མ་ཟད། མི་སེར་མང་པོ་འདས་གྲོངས་སུ་ཕྱིན་ཡོད་སྟབས། རྒྱལ་སྤྱིའི་སྤྱི་ཚོགས་གང་སར་རྒྱ་ནག་ལ་སྡང་སྡུག་ཆེན་པོ་གནང་གི་ཡོད་པའི་དུས་སྐབས་འདིར། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡིས་ཡོ་རོབ་ཁུལ་དུ་སྐོར་སྐྱོར་ལ་འགྲོ་རྒྱའི་ལས་གཞི་ཞིག་སྒྲིག་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཀྱི་རྒྱ་ནག་གི་སྣང་བརྙན་བསྐྱར་སྐྲུན་བྱེད་ཐབས་འ་འབད་བརྩོན་བྱེད་ཀྱི་ཡོད་པའིི་གནས་ཚུལ་ཐོན་འདུག

རོལ་རྩེད་ཀྱི་ལམ་ནས་ཐུན་མོང་གིས་རྒྱ་ནག་ལ་རྒོལ་རྒྱུའི་ལས་འཆར་འགོ་འཛུགས།

ཁ་སང་ཐེ་ཝན་གྱི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཐེ་ཝན་ནང་གི་ ESC ཞེས་པའི་གཞུང་འབྲེལ་མིན་པའི་ཕྱི་འབྲེལ་འཐབ་ཇུས་ཚོགས་པས་ The reversed front ཞེས་རྒྱ་ནག་ལ་ཕར་རྒོལ་བྱེད་རྒྱུའི་རོལ་རྩེད་ཞིག་བཟོ་བསྐྲུན་གནང་བཞིན་པ་དང་། ཟླ་བ་སྔོན་མའི་ཚེས་ ༡༧ ནས་ལས་གཞི་དེའི་ཆེད་ཐེ་ཝན་མང་ཚོགས་ཁྲོད་ནས་མ་དངུལ་བསྡུ་རུབ་གནང་བཞིན་འདུག

Latest news