Tibetan Royal Year of 2151 | Year of the Wood Dragon

བོད།

རྒྱ་གཞུང་གིས་བོད་མི་འབྲོག་པ་ཚོའི་ཐོག་སྲིད་བྱུས་གསར་པ་ཞིག་འཁྱེར་དགོས་རྒྱུ་ཛ་དྲགས་ཡིན་པ་གསུངས་སོང།

ཉེ་ལམ་རྒྱ་གཞུང་གིས་བོད་ནང་ཕྱི་རྒྱལ་གསར་འགོད་པ་ཆེད་གཏོང་གིས་རྒྱལ་སྤྱིའི་ཁྲོད་རྒྱ་གཞུང་གིས་བོད་ཀྱི་འབྲོག་པའི་ཐོག་འཛིན་པའི་གཞི་སྤོས་སྲིད་བྱུས་ཀྱི་འགྲུབ་འབྲས་ཡག་པོ་ཐོན་ཡོད་ཡོད་ལུགས་དང། སྲིད་བྱུས་དེའི་འོག་བོད་མི་འཚོ་བའི་གནས་སྟངས་ཀྱང་ཡག་པོ་ཡིན་ལུགས་ཁག་གསལ་སྟོན་བྱས་འདུག འོན་ཀྱང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་དོན་དངོས་ཐོག་འདས་པའི་ལོ་ངོ་༢༠ལྷག་རིང་རྒྱ་གཞུང་གིས་བོད་མི་འབྲོག་པ་ཚོའི་ཐོག་འཛིན་པའི་སྲིད་བྱུས་དེ་ད་བར་ལམ་ལྷོང་གང་ཡང་བྱུང་མེད་སྐོར་གསལ་སྟོན་གནང་བ་དང། ད་ལྟའི་དུས་སྐབས་འདིར་རྒྱ་གཞུང་གིས་བོད་མི་འབྲོག་པ་ཚོའི་ཐོག་སྲིད་བྱུས་གསར་པ་ཞིག་འཁྱེར་དགོས་རྒྱུ་ཛ་དྲག་གི་གནད་དོན་ཞིག་ཡིན་པ་གསུངས་སོང། འདས་པའི་ལོ་ཤས་ནང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཁོར་ཡུག་སྲུང་སྐྱོབ་ཚོགས་སྡེ་ཁག་ནས། རྒྱ་གཞུང་གིས་བོད་མི་འབྲོག་པའི་ཐོག་ལག་བསྟར་བྱེད་བཞིན་པའི་གཞི་སྤོས་སྲིད་བྱུས་ཐོག་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་ཡོད་པའི་དུས་སྐབས་འདིར། ཉེ་ཆར་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གསར་འགོད་པ་རུ་ཁག་ཅིགརང་ལུས་མེར་བསྲེགས་མང་ཤོས་བྱུང་ས་བོད་མདོ་སྨད་རྔ་པ་ས་ཁུལ་གྱི་འབྲོག་པའི་ས་གནས་ཁག་ཅིག་ཏུ་གཞུང་འབྲེལ་སྐོར་བསྐྱོད་ལས་རིམ་ཞིག་གོ་སྒྲིག་བྱས་འདུག ད་ལན་གྱི་སྐོར་བསྐྱོད་དེའི་ནང་ཡོད་པ་ཨ་རིའི་ Wall Street Journal གསར་ཤོག་གྱི་རྒྱ་ནག་ཚན་པའི་གསར་འགོད་པ་ Chun Han Wong ལགས་ཀྱིས་ས་གནས་སུ་དངོས་ཡོད་ཀྱི་གནས་སྟངས་རྒྱུས་ལོན་བྱས་པའི་བརྒྱུད། ཐེངས་དེའི་རྒྱ་གཞུང་ གིས་གོ་སྒྲིག་བྱས་པའི་རྔ་པ་ཁུལ་གྱི་ཉིན་གཉིས་ཀྱི་སྐོར་སྐྱོད་དེ་ཡང་གཙོ་བོ། རྒྱལ་སྤྱིའི་བརྒྱུད་ལམ་ཁག་དུ་རྒྱ་གཞུང་གིས་ད་བར་ལག་བསྟར་བྱེད་བཞིན་འབྲོག་པ་གཞི་སྤོས་ཀྱི་སྲིད་བྱུས་དེ་བརྒྱུད། རྒྱ་ནག་མཐའ་མཚམས་ས་ཁུལ་གྱི་འབྲོག་པའི་མང་ཚོགས་ཚོར་ཕན་ཐོག་ཆེན་པོ་བྱུང་ཡོད་ལུགས་དྲིལ་བསྒྲགས་བྱ་རྒྱུ་ཆེད་ཡིན་པ་རེད་འདུག་ཅེས་འགྲེལ་བརྗོད་བྱས་འདུག ཁོང་གིས་མུ་མཐུད་གསུང་དོན་ལ། ཐེངས་དེའི་སྐོར་སྐྱོད་དེའི་སྐབས་སུ་རྒྱ་གཞུང་གིས་སྔོན་ཚོད་ནས་འདེམས་པའི་ས་ཁུལ་ཁག་ལས། གསར་འགོད་པ་འགྲོ་འདོད་ཡོད་པ་དང། དངོས་ཡོད་ཀྱི་རྩོད་རྙོག་ཡོད་པའི་ས་ཁུལ་ཁག་ཏུ་གནས་སྟངས་ཇི་ཡིན་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཆེད་འགྲོ་བསྐྱོད་ཆོག་པའི་རང་དབང་མེད་པ་མ་ཟད། སྐོར་བསྐྱོད་ཁྲིད་མཁན་དང་གསར་འགོད་པའི་བཅར་འདྲི་བྱེད་སའི་མི་སྣ་ཡང་གཞུང་འབྲེལ་མི་སྣ་དང་གཞུང་ལ་དགའ་མོས་བྱེད་མཁན་ཁོ་ན་ཡིན་སྐོར་ཡང་འགྲེལ་བརྗོད་བྱས་ཡོད་པ་རེད། ཐེངས་དེའི་སྐབས་རྒྱ་གཞུང་གིས་ཕྱི་རྒྱལ་གསར་འགོད་པ་ཚོར་འདས་པའི་ལོ་བཅོ་ལྔའི་ནང་འབྲོག་པ་གཞི་སྤོས་སྲིད་བྱུས་དེའི་ཆེད་ཨ་སྒོར་ས་ཡ་མང་པོ་བཏང་ནས། འབྲོག་པ་འབུམ་གཉིས་ལྷག་ལ་ས་ཆ་གནས་སྤོས་ཀྱིས་གྲོང་ཁྱེར་ནང་གི་འཚོ་བར་རོལ་བཞིན་ཡོད་པ་མ་ཟད། ཤེས་ཡོན་དང་དཔལ་འབྱོར། དེ་བཞིན་འཕྲོད་བསྟེན་སོགས་གང་སྤྱིའི་ཐད་ནས་ཡར་རྒྱས་ཆེན་པོ་ཕྱིན་ཡོད་ལུགས་བརྗོད་ཡོད་ནའང། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་ཉེ་ཆར་ལྟེ་གནས་ཁང་གི་ངོས་ནས་བོད་ནང་འབྲོག་པོ་གཞི་སྤོས་ཀྱི་གནད་དོན་ཐོག་འདོན་སྤེལ་བྱས་པའི་སྙན་ཐོག་ནང་གསལ་ཁག་ལུང་འདྲེན་དང་འབྲེལ། དོན་དངོས་ཐོག་འདས་པའི་ལོ་ངོ་ ༢༠ ལྷག་རིང་རྒྱ་གཞུང་གིས་བོད་མི་འབྲོག་པ་ཚོའི་ཐོག་འཛིན་པའི་སྲིད་བྱུས་འདིར་ད་བར་ལམ་ལྷོང་གང་ཡང་བྱུང་མེད་སྐོར་གསལ་སྟོན་དང་སྦྲགས། ད་ལྟའི་དུས་སྐབས་འདིར་རྒྱ་གཞུང་གིས་བོད་མིའི་འབྲོག་པ་ཚོའི་ཐོག་སྲིད་བྱུས་གསར་པ་ཞིག་འཁྱེར་དགོས་རྒྱུ་ཛ་དྲག་གི་གནད་དོན་ཞིག་ཡིན་པ་གསུངས་པ་མ་ཟད། ད་རེ་རྒྱ་གཞུང་གིས་ངོས་ནས་འབྲོག་པ་གཞི་སྤོས་ཀྱི་གནད་དོན་དང་བོད་ནང་བྱུང་བཞིན་པའི་རང་ལུས་མེར་བསྲེགས་དབར་འབྲེལ་བ་གང་ཡང་མེད་ལུགས་བརྗོད་བྱས་འདུག་ཀྱང་ཚེ་རིང་མཚོ་ལགས་ཀྱིས་དཔེ་མཚོན་དང་སྦྲགས་ནས་དེ་དོན་བདེན་པ་མིན་པའི་གསལ་བཤད་གནང་སོང།

རུང་རྒྱས་ཨ་གྲགས་ནི་ཐང་ལ་འགྱེལ་མ་མྱོང་བའི་བོད་ཀྱི་རྡོ་རིང་ཞིག་རེད་ཅེས་གསུངས་འདུག

བོད་ཀྱི་རྩོམ་པ་པོ་གྲགས་ཅན་ཐེའུ་རང་ལགས་ཀྱིས་རུང་རྒྱས་ཨ་གྲགས་ནི་ཐང་ལ་འགྱེལ་མ་མྱོང་བའི་བོད་ཀྱི་རྡོ་རིང་ཞིག་རེད་ཅེས་གསུངས་འདུག ཟླ་ ༧ ཕྱི་ཚེས་ ༣༡ ཉིན་རྒྱ་ནག་གཞུང་གི་བཙོན་ནས་རྒྱལ་གཅེས་པ་རུང་རྒྱས་ཨ་གྲགས་ལགས་ལོ་བརྒྱད་ཀྱི་བཙོན་འཇུག་དུས་བཀག་གཙང་ཟིན་གྱིས་བཙོན་གྲོལ་ཐོབ་མ་ཐག རྒྱ་གཞུང་གི་བཙོན་ཁང་དུ་ལོ་བཞི་རིང་བཙོན་འཇུག་གི་ངལ་བ་མྱོང་ཡོད་པའི་རྩོམ་པ་པོ་ཐེའུ་རང་ལགས་ཀྱིས་རང་ཉིད་ཀྱི་ཚོར་བ་དང་འབྲེལ། རུང་རྒྱས་ཨ་གྲགས་ལགས་ཀྱི་བོད་མི་རིགས་ལ་བཅང་པའི་སྙིང་སྟོབས་ལ་ཆེ་བསྟོད་ཀྱི་ཚུལ་དུ་རུང་རྒྱས་ཨ་གྲགས་བྲིས་པ་ཞེས་པའི་སྙན་རྩོམ་ཞིག་བྲིས་འདུག སྙན་རྩོམ་དེའི་ནང་ཐེའུ་རང་ལགས་ཀྱིས། རུང་རྒྱས་ཨ་གྲགས་ལགས། བྱ་རྒོད་དང། གཙང་པོ། འབྲོང། དེ་བཞིན་རྡོ་རིང་བཅས་ལ་དཔེ་མཚོན་བཞག་ནས་རྒྱལ་གཅེས་པ་ཁོང་གི་བོད་མི་རིགས་དང་རྒྱལ་ཁབ་ལ་ཞེན་པའི་བརྩེ་སེམས་དང་ཆོད་སེམས་ལ་ཆེ་བསྟོད་ཞུས་འདུག རྩོམ་པ་པོ་ཐེའུ་རང་ལགས་ནི། ཕྱི་ལོ་ ༢༠༠༨ ལོར་ས་བྱི་ཞི་རྒོལ་ཆེནམོའི་སྐབས་རྒྱ་གཞུང་གིས་མི་གསད་ཁྲག་སྦྱོར་དང་བོད་མིའི་དཀའ་སྡུག་མྱོང་བའི་སྐོར་ལ་ཁྲག་ཡིག་ཞེས་པའི་ཕྱག་དེབ་བརྩམས་ཆོས་སྤེལ་བའི་དོན་རྐྱེན་འོག་ལོ་བཞིའི་བཙོན་འཇུག་ཕོག་ནས་སྔ་ལོ་གློད་བཀྲོལ་ཐོབ་པའི་ཆབ་སྲིད་བཙོན་ཟུར་ཞིག་ཡིན་པ་རེད། རུང་རྒྱས་ཨ་གྲགས་ལགས་དང་ཐེའུ་རང་གཉིས་པོ་མཚོ་སྔོན་མི་ཡང་བཙོན་ཁང་ནང་མཉམ་དུ་བཙོན་འཇུག་འོག་མཉམ་གཤིབས་བྱས་མྱོང་ཡོད་པ་རེད། རྩོམ་པ་པོ་ཐེའུ་རང་ལགས་ཀྱིས། དེ་སྔ་རུང་རྒྱས་ཨ་གྲགས་ལགས་དང་བཙོན་ཁང་ནང་ཐོག་མར་ཐུགས་འཕྲད་བྱུང་བ་དང། བཙོན་ཁང་ནང་མཉམ་དུ་ངལ་རྩོལ་ཆེན་པོས་དཀའ་སྡུག་མྱོང་བའི་དུས་ཚོད་ཁག་དྲན་གསོ་བྱས་པ་འབྲེལ། ཁོང་གི་སེམས་ཁོང་ནས་རུང་རྒྱས་ཨ་གྲགས་ནི། བོད་མིའི་མིག་དཔེ་གསོན་པོ་ཞིག་ཡིན་པ་དང། སྐད་ཅིག་ཙམ་ཡང་བྲང་ཁོག་རྒྱ་མཚོ་སྐམ་མ་མྱོང་བའི་རྒད་པོ་ཞིག་དང་དར་ཆ་ཞིག་ཡིན་པ་མ་ཟད། བཙོན་ཁང་ནང་ཁོང་དང་ལྷན་དུ་བསྡད་པའི་དུས་ཡུན་དེའི་ནང། ཁོང་ལ་དྲོད་དང་བོད་མི་ཞིག་ཡིན་པའི་སྤོབས་པ་སོགས་སྤྲོད་བྱུང་ཅེས་གསུངས་འདུག

རྒྱལ་གཅེས་པ་རུང་རྒྱས་ཨ་གྲགས་ལགས་རྒྱའི་བཙོན་ནས་གློད་བཀྲོལ་ཐོབ་འདུག

ཁ་ནུབ་མཚན་དགོང་བོད་ནང་གི་ཚོུད། ༡།༠༠ ཐོག་ལ་རྒྱ་གཞུང་ཉེན་རྟོག་པས་རྒྱལ་གཅེས་པ་རུང་རྒྱས་ཨ་གྲགས་ལགས་ཁོང་གི་ནང་དུ་བསྐྱལ་འདུག རྒྱལ་གཅེས་པ་རུང་རྒྱས་ཨ་གྲགས་ལགས་དེ་སྔ་ ༢༠༠༧ ལོའི་ཟླ་ ༨ ཚེས་ ༡ ཉིན་མདོ་ཁམས་ལི་ཐང་རྟ་རྒྱུགས་ཆེན་མོའི་སྐབས་ཁོང་གིས་༸གོང་ས་མཆོག་བོད་ལ་ཕེབས་དགོས། བོད་ལ་རང་དབང་དགོས། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་རྣམ་གཉིས་གློད་བཀྲོལ་བཏང་དགོས་པའི་ཐོག་གསུང་བཤད་གནང་བར་བརྟེན་རྒྱ་གཞུང་ཉེན་རྟོག་པས་རྒྱལ་གཅེས་པ་ཁོང་འཛིན་བཟུང་གིས་ཉན་ཡང་བཙོན་ཁང་དུ་ལོ་བརྒྱད་ཀྱི་ཁྲིམས་ཆད་ཐོག་བཙོན་འཇུག་བྱས་ཡོད་པ་ཞིག་རེད། ཁོང་གི་ཚ་བོ་ཨ་འབྲུག་ཚེ་བརྟན་ལགས་ཀྱིས་གསུང་དོན་ལ་རྒྱ་ནག་གཞུང་གིས་ ༢༠༡༥ ལོའི་ཟླ་ ༧ ཚེས་ ༣༡ བོད་ནང་གི་མཚན་དཀྱིལ་ཚོུད་དང་པོའི་ཐོག་ལ་ཁོང་ནང་དུ་ཕྱིར་བསྐྱལ་དོན་གཙོ་བོ་ནི། ད་ལན་ཟླ་ ༨ ཚེས་ ༡ ཉིན་ཁོང་ལོ་བརྒྱད་ཀྱི་ཁྲིམས་ཆད་ཀྱི་དུས་ཡུན་ཟིན་གྱི་ཡོད་པ་རེད་ཅེས་གསུངས་པ་དང། རྒྱ་གཞུང་གིས་དམ་དྲག་འོག་ད་ལྟའི་ཆར་ཁོང་གི་སྐུ་གཟགས་ཀྱི་གནས་བབ་དང་དེ་མིན་གྱི་གནས་ཚུལ་སོགས་ཀྱི་ཐད་ཤེས་རྟོགས་གང་ཡང་མི་འདུག་ཅེས་གསུངས་སོང།

༸སྐུའི་གྱ་སྟོན་ཉིན་བོད་གསེར་རྟ་རུ་བོད་མི་གསུམ་འཛིན་བཟུང་བྱས་འདུག

༸སྐུའི་གྱ་སྟོན་ཉིན་མོར་བོད་གསེར་རྟ་ཕུར་བུ་དགོན་པའི་དགེ་འདུན་པ་ཆོས་སྐྱིད་དང་ཁོང་གི་ནང་མི་གཉིས་བཅས་བོད་མི་གསུམ་རྒྱ་གཞུང་གིས་འཛིན་བཟུང་བྱས་འདུག རྩ་བའི་འདི་ལོའི་ནང་འཛམ་གླིང་ས་ཕྱོགས་གང་སར་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་པའི་༸སྐུའི་གྱ་སྟོན་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར་རྒྱ་གཞུང་གིས་བོད་ནང་དམ་དྲག་སྔར་ལྷག་ཤུགས་ཆེ་བྱེད་བཞིན་ཡོད་པ་མ་ཟད། ལྷག་དོན་དུ་མདོ་སྨད་གསེར་རྟ་ནང་གྱ་སྟོན་གྱི་ཟླ་གཅིག་གོང་ནས་དམ་དྲག་ཤུགས་ཆེ་བྱེད་མུས་ལྟར། ཕྱི་ཟླ་ ༦ ཕྱི་ཚེས་ ༢༡ ༸སྐུའི་གྱ་སྟོན་ཉིན་མོར་གསེར་རྟ་ནང་དགེ་འདུན་པ་ཆོས་སྐྱིད་དང་། ཁོང་གི་པ་ལགས་གཉིས་གསེར་རྟ་རྫོང་ཐོག་ཏུ་དངོས་པོ་ཙ་ཙིག་ཉོ་སྐབས་རྒྱ་གཞུང་ཉེན་རྟོག་པས་གློ་བུར་དུ་ཆོས་དགེ་ལགས་འཛིན་བཟུང་བྱེད་རྗེས་ཁོང་གི་སྲིང་མོ་སྐྱིད་འཛོམས་ལགས་དང་ཚ་བོ་གྲགས་པ་ལགས་རྣམ་གཉིས་ཀྱང་འཛིན་བཟུང་བྱས་འདུགདགེ་འདུན་པ་ཁོང་འཛིན་བཟུང་བྱེད་དོན་ནི། ༸སྐུའི་གྱ་སྟོན་ཉིན་མོར་ཁོང་གི་སྟོད་གོས་རྒྱབ་ཏུ་བོད་ཡིག་ཐོག་༸སྐུའི་གྱ་སྟོན་བསུ་ཞེས་བྲིས་པ་དེའི་འཆར་འགོད་པ་དང་ཁོང་གིས་སྟོད་གོས་སྣམ་པ་དེ་ ཆབ་སྲིད་གནད་དོན་དུ་རྩིས་ཏེ་འཛིན་བཟུང་བྱས་འདུག ད་ཆ་དགེ་འདུན་པ་ཁོང་རྒྱ་གཞུང་གིས་གསེར་རྟ་རྫོང་ཁུལ་དུ་བཀག་ཉར་བྱེད་ཡོད་པར་ཚོད་དཔག་ཙམ་ལས་དམིགས་བསལ་གྱི་ཤེས་རྟོགས་གང་ཡང་བྱུང་མི་འདུག འོན་ཀྱང་ཁོང་གི་སྤུན་མཆེད་གཉིས་ཉིན་གྲངས་ཁ་ཤས་རྗེས་སུགློད་བཀྲོལ་བཏང་ཡོད་ཀྱང་ཚ་བོ་གྲགས་པ་ལགས་ལ་ཉི་ལྟར་ས་གནས་རྒྱ་གཞུང་ཉེན་རྟོག་པས་ལས་ཁུངས་སུ་འདྲི་རྩད་བྱེད་བཞིན་ཡོད་པ་རེད་འདུག

སླར་ཡང་བོད་མི་ཆབ་སྲིད་བཙོན་པ་ཞིག་བཙོན་ཁང་ནང་འདས་གྲོངས་གྱུར་འདུག

རྒྱལ་མོ་དངུལ་ཆུའི་ཉེ་འགྲམ་དུ་གཏེར་ཁ་སྔོག་འདོན་གྱི་ལས་འཆར་ལ་ཞི་རྒོལ་གནང་མཁན་བློ་བཟང་ཡེ་ཤེས་ལགས་ལྷ་སའི་ཆུ་ཤུལ་བཙོན་ཁང་དུ་སྐུ་འདས་གྲོངས་སུ་གྱུར་འདུག རྒྱལ་གཅེས་པ་བློ་བཟང་ཡེ་ཤེས་ལགས་ཟླ་ ༧ ཚེས་༡༩ ཉིན་གྱི་ཚོུད་ ༢།༠༠ ཡས་མས་ཙམ་ལ་འདས་གྲོངས་སུ་གྱུར་ཡོད་པ་དང། རྒྱ་ནག་གཞུང་གིས་ཁོང་གི་སྐུ་ཕུང་ནང་མིར་རྩིས་སྤྲོད་མ་བྱས་པ་མ་ཟད། སྤུན་མཆེད་ཚོས་ཞུ་གཏུགས་ལན་མང་བྱས་ཡོད་པར་བརྟེན་མཐར་དགེ་འདུན་པ་གཅིག་སྐུ་ཕུང་མདུན་སར་བསྔོ་སྨོན་སླད་བཅར་བཅུག་པ་ལས་གཞན་སྤུན་གཉེན་གཅིག་ཀྱང་བཏང་མེད་པ་དང། དེ་བས་ཀྱང་སྐུ་ཕུང་ཞུགས་འབུལ་སྐབས་སྤུན་མཆེད་གཉིས་ལས་ལྷག་ཡོང་མི་ཆོག་ཅེས་བརྗོད་འདུགརྩ་བའི་ཁོང་རྒྱ་གཞུང་གིས་ཐོག་མར་བཙོན་འཇུག་བྱེད་དོན་ནི། སྤྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༧ ཉིན་ཁམས་ཚ་བ་མཛོ་སྒང་རྫོང་སྟོང་འབར་ཡུལ་ཚོའི་གེ་བ་གྲོང་ཚོའི་ནང་གི་རྒྱལ་མོ་དངུལ་ཆུའི་ཉེ་འགྲམ་དུ་རྒྱ་གཞུང་གིས་གཏེར་ཁ་སྔོག་འདོན་གྱི་ལས་གཞི་སྤེལ་སྐབས། ས་གནས་བོད་མི་ཚོས་ཞི་རྒོལ་ཤུགས་ཆེ་བྱས་པ་མ་ཟད། སྐབས་དེར་རྒྱལ་གཅེས་པ་འཕགས་པ་རྒྱལ་མཚན་ལགས་འདས་གྲོངས་སུ་གྱུར་པ་དང་། གཞན་ཡང་རྒྱལ་གཅེས་པ་རིག་འཛིན་ལགས་གྱིས་ཀྱང་རང་ལུས་ལ་གྲི་བརྒྱབ་སྟབས། ཕྱི་ཚེས་ ༩ དང། ༡༠ བཅས་སུ་གེ་བ་སྡེ་བའི་སྡེ་དཔོན་རྒྱལ་གཅེས་པ་བློ་བཟང་ཡེ་ཤེས་ལགས་དང་མི་རྒན་གྲས་འགས་སྣེ་ཁྲིད་འོག་སྟོང་འབར་ཡུལ་ཚོའི་བོད་མི་རྒན་གཞོན་བར་གསུམ་གྱིས་མུ་མཐུད་ཞི་རྒོལ་གནང་པའི་རྗེས། ཆབ་མདོ་ཁུལ་དང་མཛོ་སྒང་རྫོང་སོགས་ནས་ཉེན་རྟོག་པ་དང་དམག་མི་ཡོང་ནས་ཡུལ་མི་ཚོར་འཇིགས་སྐུལ་བྱས་ཀྱང་ཡུལ་མི་ཚོས་དང་ལེན་མ་བྱས་པར་བརྟེན་ ཕྱི་ཚེས་ ༡༢ ཉིན་སྡེ་དཔོན་བློ་བཟང་ཡེ་ཤེས་ལགས་སོགས་མི་བདུན་ཙམ་ཆབ་མདོ་མཛོ་སྒང་རྫོང་དུ་བཙན་ཁྲིད་ཀྱིས་ལོ་གཅིག་ཙམ་རིང་འདྲི་རྩད་དང་ཉེས་རྡུང་བཟོད་གླགས་མེད་པའི་མནར་གཅོད་འོག་བཀག་ཉར་བྱས་འདུག གཞན་ཡང་ ༢༠༡༥ ཟླ་ ༥ པའི་ནང་ཁོང་དང་། ཁོང་གི་རོགས་པ་ངག་བཀྲ་ལགས། དེ་བཞིན་ཆོས་ལུགས་བསྟན་འཛིན་ལགས་བཅས་ཁོང་གསུམ་ལ་ལོ་གཉིས་རེའི་ཁྲིམས་ཐག་བཅད་ཡོད་པ་དང། བློ་བཟང་ཡེ་ཤེས་ལགས་ལ་རྒྱ་གཞུང་ཉེན་རྟོག་པས་མི་སྤྱོད་ལས་འདས་པའི་ཉེས་རྡུང་ཚད་མེད་བཏང་བའི་དབང་གིས་མགོ་ཡུ་འཁོར་བ་སོགས་གཟུགས་པོ་ནད་གཅོང་དུ་གྱུར་ནས་འདས་གྲོངས་སུ་གྱུར་པ་དང་གཞན་གཉིས་ད་དུང་བཙོན་ཁང་དུ་ཡོད་པ་རེད་འདུག ཡང་དེའི་བར་ན་ཟླ་ ༧ ཕྱི་ཚེས་ ༡༥ རེས་གཟའ་ལྷག་པའི་ཉིན་ཨ་མདོ་རྔ་བ་རྫོང་རྨེའི་རུ་མ་ཡུལ་ཚོའི་ནང་རྒྱལ་གཅེས་དབང་མོ་ལགས་ཀྱིས་༸གོང་ས་མཆོག་བོད་དུ་ཕེབས་དགོས་བོད་ལ་རང་དབང་དགོས་ཞེས་སྐད་འབོད་གནང་བཞིན་ཁྲོམ་སྐོར་བྱས་པར་བརྟེན་རྒྱ་གཞུང་ཉེན་རྟོག་པས་ཁོ་མོ་བཙན་ཁྲིད་ཀྱིས་འཛིན་བཟུང་བྱས་ཡོད་ཀྱང། ཁོང་ཁ་སང་ཚེས་ ༢༢ སྔ་དྲོར་གློད་བཀྲོལ་བཏང་ཡོད་པ་དང། ཁོང་ཕ་ཡུལ་དུ་ཕྱིར་འབྱོར་སྐབས་སྤུན་གཉེན་དང་། ས་གནས་མི་མང་ཚོས་མང་པོས་མཇལ་དར་དང་གོས་ཆེན་གཡོགས་ཏེ་བསུ་བ་གཟབ་རྒྱས་ཞུས་འདུག

དགེ་འདུན་པ་ཐུབ་བསྟན་བརྩོན་འགྲུས་ལགས་བཙོན་ནས་གློད་བཀྲོལ་ཐོབ་པ།

ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་ཨ་མདོ་ཞོན་ཧྭ་བིས་མདོ་ནས་ཡིན་པའི་རྒྱལ་གཅེས་པ་གྲྭ་ཐུབ་བསྟན་བརྩོན་འགྲུས་ལགས་རྒྱ་གཞུང་གི་བཙོན་ཁང་ནས་ལོ་གསུམ་གྱི་ཁྲིམས་ཆད་དུས་ཚང་ཐོག་བཙོན་ནས་གློད་བཀྲོལ་ཐོབ་འདུག ཁོང་ནི་རྒྱ་གཞུང་གིས་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་ཚོར་གདུང་སེམས་མཉམ་བསྐྱེད་ཞུ་བའི་ལས་འགུལ་ཐོག་འགན་འཁུར་བླངས་པའི་ཉེས་མིང་འོག་ལོ་ངོ་གསུམ་རིང་དུས་བཀག་བཙོན་འཇུག་བྱས་ཡོད་པ་དང། ཁོང་རྒྱ་གཞུང་གི་བཙོན་ནས་ལོ་གསུམ་གྱི་བཙོན་འཇུག་དུས་བཀག་ཚང་ཟིན་རྗེས་རང་གི་ཕ་ཡུལ་ཕྱིར་ཕེབས་པའི་སྐབས་དེར་སེར་སྐྱ་མི་མང་རྣམས་མཇལ་དར་སྒྲོན་འབུལ་གྱིས་ཕེབས་བསུ་ཞུས་འདུག

ཞི་ཅིང་ཕིང་མ་སླེབས་གོང་བོད་ནང་སྔར་ལྷག་དམ་བསྒྲགས་བྱེད་འགོ་ཚུགས་འདུག

ཨ་རིར་རྟེན་གཞི་བྱས་པའི་ bowenpress.com ཞེས་པའི་གསར་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ཟླ་བ་འདིའི་ཟླ་མཇུག་ཏུ་བོད་ནང་བསྐྱོད་འཆར་ཡོད་པ་དང། གནད་དོན་དེའི་རྐྱེན་པས་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ནང་དྲག་ཆས་དམག་མི་སོགས་སྔར་ལྷག་འགྲེམས་འཇོག་བྱེད་བཞིན་པ་མ་ཟད། འགག་སྒོ་ཁག་ཏུ་དམ་བསྒྲགས་ཤུགས་ཆེ་བྱེད་འགོ་ཚུགས་ཡོད་པ་བརྗོད་འདུག

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་དུག་གིས་བཀྲོངས་འདུག

རྒྱ་ནག་གཞུང་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་སྤུན་ཉེ་འབྲེལ་དང་སློབ་མ། དེ་བཞིན་མང་ཚོགས་བརྒྱ་སྐོར་ཁ་ཤས་ཀྱིས་མངོན་འདོད་ལྟར་སྐུ་ཕུང་ནང་མིར་རྩིས་མ་སྤྲད་པར་བཙན་དབང་འོག དེ་རིང་བོད་ནང་གི་སྔ་དྲོ་ཚོུད་༧པའི་ཐོག་ཞུགས་འབུལ་གནང་འདུག རིན་པོ་ཆེ་མཆོག་གི་སྤུན་མཆེད་གཅིག་གིས་འགྲེལ་བརྗོད་གནང་པར་རྒྱ་ནག་གཞུང་ནས་རིན་པོ་ཆེ་མཆོག་དུག་གིས་བཀྲོངས་ཡོད་པ་རེད་འདུག

ཅོ་ནེའི་བོད་མི་གཉིས་ལ་དོན་མེད་གཅར་རྡུང་དང་འཛིན་བཟུང་བྱས་པ།

ཕྱི་ཟླ་ ༥ པའི་ཚེས་ ༢༧ ཉིན་རྒྱལ་གཅེས་སངས་རྒྱས་མཚོ་ལགས་ཀྱི་རང་ལུས་མེར་བསྲེགས་བཏང་ཡུལ་བོད་མདོ་སྨད་ཅོ་ནེ་རྫོང་ཆས་བུ་གཞིས་ཁུལ་གྱི་ཉིན་པ་སྡེ་བའི་འབྲོག་སར་བདེ་འཇགས་སླད་ཡིན་ཟེར་བའི་རྒྱ་གཞུང་སྤྱི་བདེ་མི་སྣས། ཉིན་པའི་འབྲོག་མི་ཕར་འགྲོ་ཚུར་འོང་རྣམས་ཀྱི་གཞུང་ལམ་བཀག་འགོག་དང། འབྲོག་པ་ཚོ་དབྱར་དགུན་རུ་པ་སྤོ་སྐབས་དོན་མེད་ཀྱིས་གཅར་རྡུང་དང་སུན་གཙེར་བཟོ་བཞིན་པའི་ཁྲོད་དུ། ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ཁུལ་དེའི་བོད་མི་རྣམ་རྒྱལ་སྐྱབས་དང་བན་དེ་མཁར་ཞུ་བ་གཉིས་ལ་གཅར་རྡུང་དྲགས་པོ་བཏང་སྟེ་འཛིན་བཟུང་བྱེད་འདུག ཉེན་རྟོག་པས་ས་གནས་བོད་མི་ཚོར་ཞིབ་བཤེར་བྱ་རྒྱུ་ཡིན་པའི་སྔོན་བརྡ་གང་ཡང་མ་བྱེད་པར་ཉིན་པ་སྡེ་པའི་སྐྱེས་པ་ཚོར་གཞུང་ལམ་བཀག་འགོག་གིས་སྔོག་གཤེར་བྱས་སྟབས། སྐྱེས་པ་ཚོས་ཞིབ་གཤེར་བྱེད་དོན་ཅི་ཡིན་སོགས་ཀྱི་གནད་དོན་དྲི་པར། ཉེན་རྟོག་པས་དེ་མ་ཐག་རྣམ་འགྱུར་མི་ལེགས་པར་ཁ་གཡར་ཏེ་ཁོང་གཉིས་ལ་དབྱུག་པ་དང་ཁུ་ཚུར། རྡོག་ཐོ་སོགས་ཀྱིས་གཞུས་ནས་རུབ་རྡུང་ཡུན་རིང་བྱས་མཐར། ཉེན་རྟོག་པས་རླངས་འཁོར་ནང་བཞག་སྟེ་ལྐོག་སུད་ཀྱིས་ཀན་ལྷོ་མི་མང་སྨན་ཁང་དུ་འཕྲལ་མར་བཙན་ཁྲིད་བྱས་ཡོད་པ་མ་ཟད། ཆུ་ཚོད་ཉེར་བཞི་རྗེས་སུའང་ ཁོང་གི་སྤུན་གཉེན་རྣམས་ལ་བརྡ་ལན་སྤྲད་མི་འདུག

Latest news