Tibetan Royal Year of 2151 | Year of the Wood Dragon

བོད།

བོད་མིའི་ཆོས་དང་རིག་གཞུང་ལ་དྲག་གནོན་ཤུགས་ཆེར་བྱེད་བཞིན་ཡོད་པའི་སྙན་ཐོ་སྤེལ་འདུག

ཕྱི་ཟླ་ ༣ ཚེས ༣༡ ཉིན་ CECC ཞེས་ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ཐོག་གི་ཚོགས་ཆུང་གིས་ཕྱི་ལོ་ ༢༠༢༡ ལོའི་རྒྱ་ནག་ཐོག་སྤེལ་བའི་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་རྒྱ་ནག་དམར་ཤོག་གཞུང་གིས་བོད་མིའི་ཆོས་དད་རང་དབང་ལ་མུ་མཐུད་དྲག་གནོན་ཙམ་མ་ཟད། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་པ་བཀོད་འདུག དེ་ཡང་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གིས་ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ཐོག་གི་ཚོགས་ཆུང་གིས་རྒྱ་ནག་དང་འབྲེལ་བའི་སྐོར་ལ་འདོན་སྤེལ་གནང་བའི་སྙན་ཐོའི་ནང་དོན་བཀོད་པའི་ནང་། རྒྱ་ནག་གཞུང་གིས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་གནང་རྒྱུ་རྒྱ་ནག་ཁོ་ནར་ཡོད་སྐོར་བརྗོད་བཞིན་པ་དང་འབྲེལ། རྒྱ་ནག་གཞུང་གིས་མགོན་པོ་༸གང་ཉིད་མཆོག་ལ་དད་གུས་ཞུ་མཁན་རྣམས་ལ་ཉེས་ཆད་གཅོད་བཞིན་པ་དང་།  བོད་ཕྱི་ནང་གཉིས་སུ་འབྲེལ་ལམ་བྱ་རྒྱུ་དམ་དྲག་ཤུགས་ཆེར་བྱེད་རྒྱུ་དང་ལྷག་པར་དུ་ཕྱི་ཕྱོགས་སུ་ཡོད་པའི་བོད་མི་དང་འབྲེལ་ལམ་བྱེད་མཁན་ཀུན་ལ་གདུག་རྩུབ་མནར་གཅོད་གཏོང་གི་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་འཕྲུལ་རིགས་མ་ལག་བརྒྱུད་ཨ་རིའི་མི་སེར་ལའང་སོ་མྱུལ་བྱེད་ཀྱི་ཡོད་པ་སོགས་ལུང་འདྲེན་དང་སྦྲགས། ཨ་རིའི་སྲིད་འཛིན་བྷ་ཊན་མཆོག་གི་སྲིད་གཞུང་ནས་ Tibetan Policy and Support Act of 2020 ཞེས་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་བརྒྱུད་དེ་བོད་མིའི་ཆོས་དང་རིག་གཞུང་། དེ་བཞིན་ངོ་བོ་བཅས་སྲུང་སྐྱོབ་གནང་དགོས་པ་མ་ཟད། ཕྱི་འབྲེལ་མི་སྣས་༸གོང་ས་སྐུ་ཕྲེང་ ༡༥ པ་མཆོག་གི་གནད་དོན་ཐོག་རྒྱ་ནག་གཞུང་གིས་ཐེ་བྱུས་མི་ཡོང་བར་འབད་བརྩོན་གནང་དགོས་པ་གསུངས་ཡོད་པ་བཀོད་འདུག ད་དུང་ཚོགས་ཆུང་དེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་པ་བརྒྱུད་དེ་སྔ་གར་སོང་ཆ་མེད་དུ་གྱུར་བའི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་སྐུ་ཚབ་མི་སྣ་དང་ལྷན་དུ་མཇལ་མོལ་གནང་དུ་འཇུག་དགོས་བའི་ཞུ་སྐུལ་གནང་དགོས་པ་མ་ཟད། སྙན་ཐོ་འདི་བརྒྱུད་དེ་དེ་སྔ་ཨ་རིས་གཏན་འབེབས་གནང་པའི་ The Reciprocal Access to Tibet Act ཞེས་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་དེ་ཕྱག་བསྟར་གནང་དགོས་རྒྱུ་དང་། འཛིན་སྐྱོང་དང་གྲོས་ཚོགས་འཐུས་མི་རྣམས་ནས་བོད་ནང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོང་གནང་རྒྱུའི་སླད་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་གཞན་དང་ལྷན་དུ་རྒྱལ་སྤྱི་རང་བཞིན་ལྡན་པའི་མཉམ་རུབ་ཀྱི་ནུས་པ་སྤུངས་རྒྱུ་ཙམ་མ་ཟད། བཙན་བྱོལ་ནང་གི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་དང་ལྷན་དུ་དུས་ནས་དུས་སུ་བཀའ་མོལ་གནང་དགོས་པ་གསུངས་འདུག སྙན་ཐོ་འདི་དང་འབྲེལ་ནས་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གི་སྲིད་གཞུང་དང་འབྲེལ་ལམ་འཇོག་མཁན་གྱི་ངེས་སྟོན་པ་ Franz Matzner ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་སྤེལ་བཞིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་བོད་མིའི་ཆོས་དང་རིག་གཞུང་། དེ་བཞིན་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་ནག་གསུབ་གཏོང་བཞིན་ཡོད་སྟབས། ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ཐོག་གི་ཚོགས་ཆུང་ནས་འདོན་སྤེལ་གནང་བའི་སྙན་ཐོའི་ནང་གསལ་ལྟར། རྒྱལ་སྤྱིའི་ཚོགས་སྡེ་ཁག་ཀྱིས་ཀྱང་རྒྱལ་སྤྱིའི་བདེ་འཇགས་དང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་ཆོས་དད་རང་དབང་སོགས་ཀྱི་གནད་དོན་ཀྱི་ཐོག་ནས་མཉམ་རུབ་གནང་དགོས་པ་གསུངས་འདུག

བཀྲ་ཕུན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་རྗེས་འདས་གྲོངས་སུ་གྱུར་འདུག

བཀྲ་ཕུན་ལགས་ཀྱིས་རྔ་པ་ཀིརྟི་དགོན་པར་ལྟ་རྟོག་བྱེད་མཁན་གྱི་ཉེན་རྟོག་ལས་ཁུངས་མདུན་དུ་རང་ལུས་མེར་བསྲེགས་བཏང་རྗེས་ཉེན་རྟོག་པས་བཙན་ཁྲིད་བྱས་འདུག་པ་དང་རྗེས་སུ་ཁོང་འདས་གྲོངས་སུ་གྱུར་འདུགརླུང་འཕྲིན་ཁང་ལ་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་ལགས་རྣམ་གཉིས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བར་གཞིགས་ཚེ། ཕྱི་ཟླ་ ༣ ཚེས་ ༢༧ ཉིན་གྱི་ཞོགས་པའི་ཆུ་ཚོད་ལྔ་པ་ཡས་མས་སུ་རང་ལོ་ ༨༡ ཡིན་པའི་བཀྲ་ཕུན་ལགས་ཀྱིས་རྔ་པ་ཀིརྟི་དགོན་པར་ལྟ་རྟོག་བྱེད་མཁན་གྱི་ཉེན་རྟོག་ལས་ཁུངས་མདུན་དུ་རང་ལུས་མེར་སྲེག་བཏང་ནས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་གནང་རྗེས་ཉེན་རྟོག་པས་བཙན་ཁྲིད་བྱས་འདུག་པ་དང་རྗེས་སུ་ཁོང་སྐུ་གྲོངས་ཡོད་པ་རེད་འདུག བོད་ནང་ནས་གནས་ཚུལ་མཁོ་སྤྲོད་གནང་མཁན་གྱིས་གསུངས་དོན། འདས་པའི་ལོ་མང་རིང་ཕྱི་ཟླ་གསུམ་པ་ནམ་ཡིན་ལ་རྒྱ་གཞུང་གིས་རྔ་པ་མི་མང་ལ་རྒྱུན་ལྡན་ལས་ལྷག་པའི་དམ་བསྒྲགས་དང་སུན་གཙེར། འདྲི་གཅོད་དང་བཀག་འགོག་སོགས་བྱས་པར་བརྟེན་དཀའ་ངལ་རབ་དང་རིམ་པ་བཟོས་པ་ལྟར་འདི་ལོ་ཡང་ཕྱི་ཟླ་གསུམ་པའི་ནང་དམིགས་བསལ་དམ་བསྒྲགས་ཆེན་པོ་བྱས་འདུག་ལ། བོད་མི་ཆེས་མང་པོ་ཞིག་འུ་ཐུག་ཐབས་ཟད་ཀྱི་གནས་སུ་བསྐྱལ་དང་སྐྱེལ་བཞིན་པའི་གནས་བབ་དེ་མངོན་གསལ་ཆགས་ཡོད་པའི་འགྲེལ་བརྗོད་ཀྱང་གནང་སོང་། བཀྲ་ཕུན་ལགས་ནི་རྔ་པའི་འབྲོག་སྡེ་རྨེའུ་རུ་མའི་རུ་ཆེན་གསུམ་པའི་ཕུར་རྩ་ཚང་ནས་ཡིན་པ་དང་། དུས་རྟག་ཏུ་བོད་དོན་ལ་སེམས་ཁུར་དང་ལ་རྒྱ་ཡོད་མཁན་ཞིག་ཡིན་འདུག ལྷག་པར་དུ་ཁོང་གིས་ ༢༠༢༡ ལོར་བརྒྱད་ཅུའི་གྱ་སྟོན་སྐབས་སུ་༸རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བྱིན་རླབས་ཀྱིས། བོད་ལ་སྐྱིད་པའི་ཉི་མ་ཞིག་ཤར་རྒྱུ་ཡོད་པ་གཏན་འཁེལ་ཡིན་པས་ན་ཆུང་གཞོན་ནུ་ཚོའི་སེམས་ཤུགས་མ་ཆགས་ཞེས་གཏམ་བཤད་སྤེལ་མྱོང་ཡོད་པ་རེད།  

ཁམས་སྐྱེ་རྒུ་མདོ་ནས་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་གནང་བ། 

དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་འཁོད་པར་གཞིགས་ན། ཁ་སང་རེས་གཟའ་ལྷག་པའི་ཕྱི་དྲོ་ཆུ་ཚོད་ ༤ སྟེང་བོད་ཁམས་སྐྱེ་རྒུ་མདོ་གྲོང་ཁྱེར་གྱི་ཁུལ་རིམ་པའི་ཉེན་རྟོག་ལས་ཁུངས་མདུན་དུ་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་གནང་ཡོད་པ་དང་ད་ལྟའི་ཆར་རང་ལུས་མེར་བསྲེགས་བཏང་མཁན་དེའི་རྒྱབ་ལྗོངས་ལོ་རྒྱུས་སོགས་ཀྱི་སྐོར་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མི་འདུག རྩ་བའི་གནས་ཚུལ་འདིའི་ཐད་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དེ་རིང་གྲོས་ཚོགས་སུ་བོད་མི་མང་སྤྱི་འཐུས་རྣམ་པའི་མཁྱེན་རྟོགས་སླད་སྙན་སེང་ཞུས་སོང་བ་དང་ཞིབ་ཕྲའི་གནས་ཚུལ་ཐོག་རྩད་གཅོད་གནང་རྒྱུ་ཡིན་པར་གསུངས་སོང་།

ཆབ་སྲིད་བཙོན་ཟུར་མཆོག་སྤྲུལ་ཟླ་བ་རིན་པོ་ཆེ་མཆོག་གི་སྐུ་གདུང་ཞུགས་འབུལ་སྐབས་བཀག་སྡོམ།

བོད་ནག་ཆུ་ས་ཁུལ་ཁམས་ཤག་རོང་པོ་ཁུལ་ནས་ཡིན་པ་མཆོག་སྤྲུལ་ཟླ་བ་རིན་པོ་ཆེའི་སྐུ་གདུང་ཞུགས་འབུལ་གནང་སྐབས་རྒྱ་གཞུང་གིས་དགོན་པའི་དགེ་འདུན་པ་མ་གཏོགས་མང་ཚོགས་རྣམས་ཕེབས་མི་ཆོག་པར་བཀག་སྡོམ་བྱས་འདུག བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཆབ་སྲིད་བཙོན་ཟུར་གྲགས་ཅན་མཆོག་སྤྲུལ་ཟླ་བ་རིན་པོ་ཆེ་སྐུ་ཕྲེང་ལྔ་པ་༸རྗེ་བཙུན་མཁྱེན་རབ་དབང་ཕྱུག་བསམ་གཏན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༣༠ ཉིན་བོད་ནང་གི་ཕྱི་དྲོ་ཕྱག་ཚོད་ ༥༌༡༠ ཙམ་ལ་དགུང་གྲངས་ ༨༦ ཐོག་ལྷ་སའི་གཟིམ་ཤག་ཏུ་དགོངས་པ་ཆོས་དབྱིངས་སུ་ཐིམས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་དང་ལྷག་དོན་རིན་པོ་མཆོག་ཉིན་གྲངས་བཅུ་བཞིའི་རིང་ཐུགས་དམ་ལ་བཞུགས་ཡོད་སྐོར་བཀོད་འདུག  འོན་ཀྱང་རྒྱ་གཞུང་གིས་གསང་རྒྱ་དམ་པོ་བྱེད་བཞིན་པའི་འོག་ནས་དགོངས་རྫོགས་སྐོར་གནས་ཚུལ་ཕྱིར་བསྒྲགས་མི་ཆོག་པའི་ཉེན་བརྡ་བཏང་བ་མ་ཟད། དྲ་ལམ་ཐོག་དད་ལྡན་པ་རྣམས་ནས་དེ་འབྲེལ་གྱི་པར་རིས་དང་བརྙན་ཐུང་བཞག་པ་ཡོངས་ནག་སུབ་བཏང་འདུག ལྷག་པར་ཕྱི་ཟླ་ ༢ ཚེས་ ༡༣ ཉིན་ཐུགས་དམ་གྲོལ་རྗེས་དད་ལྡན་སེར་སྐྱ་མི་མང་ནས་རྒྱ་གཞུང་གི་ལྟ་སྲུང་ཉེན་རྟོག་པ་དང་འབྲེལ་ཡོད་ལས་བྱེད་ཚོར་སྐུ་གདུང་མཇལ་ཁ་ཞུ་བར་གཏོང་རོགས་ཞེས་རེ་སྐུལ་ཞུས་འདུག་ཀྱང་རྒྱ་གཞུང་གི་ཉེན་རྟོག་པས་ལྷ་སར་གནས་སྡོད་གནང་མཁན་མ་གཏོགས་ས་གནས་གཞན་གྱི་མང་ཚོགས་གཅིག་ཀྱང་ཕེབས་མི་ཆོག་པའི་སྡིག་ར་སྐུལ་བཏང་ཡོད་པ་རེད་འདུག ཕྱི་ཟླ་ ༢ ཚེས་ ༡༥ ཉིན་སེར་སྐྱ་རྒན་བགྲེས་རེ་ཟུང་ལས་མཇལ་ཁ་བཏང་མེད་པ་དང་མཇལ་ཁ་ལ་ཡོང་མཁན་ཚོ་རླངས་འཁོར་ཐོག་ནས་ཡོང་མི་ཆོག་པ་དང་། ཁ་བཏགས་ཕྱིར་འདོན་མི་ཆོག་པ། ཟིང་སློང་མི་ཆོག་པ། དེ་བཞིན་པར་དང་བརྙན་བླངས་མི་ཆོག་ཅེས་ཀྱི་དོན་ཚན་བཞི་གསལ་བསྒྲགས་སྤེལ་ཡོད་པ་དང་འབྲེལ་ཏེ། མང་ཚོགས་ནས་བྱེད་མི་ཆོག་པའི་དོན་ཚན་བཞི་པོ་དེ་ལག་བསྟར་མ་གནང་ཚེ་འཛིན་བཟུང་བཙོན་འཇུག་བྱེད་ངེས་ཡིན་པ་དང་། དེ་བཞིན་རིན་པོ་ཆེ་མཆོག་གི་སྐུ་གདུང་རོང་པོ་དགོན་དགའ་ལྡན་དར་རྒྱས་གླིང་དུ་གདན་ཞུ་མི་ཆོག་པའི་འཇིགས་སྐུལ་བྱས་འདུག ལྷག་པར་ཕྱི་ཚེས་ ༡༨ ཉིན་རྒྱ་གཞུང་གི་ལྟ་སྲུང་ནན་པོའི་འོག་ལྷ་ས་ནས་སྐུ་གདུང་དགའ་ལྡན་དར་རྒྱས་གླིང་དུ་གདན་འདྲེན་ཞུས་པ་དང་སྐབས་དེར་དགོན་པའི་རླངས་འཁོར་གཉིས་མ་གཏོགས་བཏང་མི་ཆོག་པའི་བཀོད་ཁྱབ་བཏང་འདུག སྐུ་གདུང་དགོན་པར་གདན་འདྲེན་ཞུས་པའི་གནས་ཚུལ་དེ་ཡུལ་མི་ཁ་ཤས་ནས་ཤེས་རྟོགས་བྱུང་སྟབས་མི་ཁ་ཤས་དགོན་པར་བཅར་ནས་སྐུ་གདུང་མཇལ་ཁ་ཞུ་རྒྱུ་བྱུང་འདུག་ཀྱང་། རིམ་པས་མི་མང་པོ་ཞིག་དགོན་པར་ཡོང་བར་བརྟེན་སྐུ་གདུང་མཇལ་ཁ་ལ་བཀག་སྡོམ་བྱས་ཡོད་སྟབས། ཉེན་རྟོག་པ་དང་མི་མང་དབར་རྩོད་རྙོག་བྱུང་གྲབས་སྐབས་དགོན་པའི་དགེ་འདུན་པ་ཞིག་གིས་བཀའ་གནང་བ་ལྟར་མི་མང་རྣམས་རང་ཉིད་ཀྱི་གནས་སུ་ཕྱིར་ལོག་གནང་འདུག ཕྱི་ཚེས་ ༢༥ ཉིན་སྐུ་གདུང་ཞུགས་འབུལ་སྐབས་རྒྱ་གཞུང་གིས་བཀོད་ཁྱབ་དམ་པོའི་འོག་དགོན་པར་ཡོད་པའི་དགེ་འདུན་པ་མ་གཏོགས་མང་ཚོགས་གཅིག་ཀྱང་ཡོང་མི་ཆོག་པའི་བཀག་སྡོམ་བྱས་པ་མ་ཟད་སྐུ་གདུང་ཞུགས་འབུལ་སྐབས་ཡོད་པའི་དགེ་འདུན་པ་ཚོའི་ངོས་ནས་པར་ཆས་དང་ཁ་པར་བསྣམ་མི་ཆོག་ཅེས་ཟེར་ནས་ལུས་བཤེར་བཏང་ཡོད་པ་རེད། གཞི་རྩའི་མཆོག་སྤྲུལ་ཟླ་བ་རིན་པོ་ཆེ་མཆོག་ཕྱི་ལོ་ ༡༩༣༧ ལོར་ནག་ཆུ་ས་ཁུལ་ཁམས་སྟོད་རུ་གསར་དུ་ཡབ་བཙན་མགོ་ཡང་མགོན་བླ་འགའ་ལགས་དང་ཡུམ་མཚོ་དཀར་ལགས་གཉིས་ཀྱི་སྲས་སུ་འཁྲུངས་ཡོད་པ་དང་། ཕྱི་ལོ་ ༡༩༦༠ ལོར་རྒྱ་ནག་གིས་བོད་ལ་དབང་བསྒྱུར་བྱེད་སྐབས་རྒྱ་ལ་ཁ་གཏད་ལངས་པའི་ཉེས་འཛུགས་ཀྱིས་ཕྱི་ལོ་ ༡༩༦༠ ལོར་དམངས་གཙོ་བཅོས་བསྒྱུར་ཟེར་བའི་སྐབས་སུ་རྒྱ་གཞུང་ནས་འཛིན་བཟུང་དང་། ལན་མང་འཐབ་རྩོད་དང་རྡུང་རྡེག་ཚབ་ཆེན་བཏང་སྟེ་བཙོན་འཇུག་ལོ ༥ དང་། གཞན་ཡང་རིག་གནས་གསར་བརྗེ་སྐབས་ལས་མི་རུ་ཁག་ཟེར་བའི་ནང་ནས་སླར་ཡང་འཛིན་བཟུང་བྱས་ཏེ་འཐབ་རྩོད་དང་མནར་གཅོད་བཟོད་བཀའ་བ་བཏང་སྟེ་ལོ་ ༧ བཙོན་འཇུག་བྱས་ཡོད་པ་རེད། དེ་རྗེས་ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༢༠ ཉིན་མདོ་ཁམས་ཤག་རོང་པོ་ཁུལ་དུ་སླར་ཡང་རྒྱ་གཞུང་གིས་ལྔ་ཉི་ཤུའི་དོན་རྐྱེན་ཟེར་བའི་འོག་རོང་པོ་ཆོས་རྗེ་སྐུ་ཕྲེང་བརྒྱད་པའི་ཡང་སྲིད་སྐོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་བ་ཡོད་པའི་ནག་ཉེས་བཙུགས་ཏེ་སླར་ཡང་ལོ་ ༧ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་མ་ཟད། སྐུ་ཚེ་གང་པོར་ཆབ་སྲིད་ཀྱི་ཁེ་དབང་འཕྲོག་ནས་རྒྱ་གཞུང་གི་སྟངས་འཛིན་འོག་ཆེད་མངགས་མི་སྣས་ཡང་ནས་ཡང་དུ་ཞིབ་བཤེར་བྱས་པར་བརྟེན་བཟང་བཙོན་ལྟ་བུར་བཞུགས་དགོས་བྱུང་ཡོད་པ་རེད།

ཕྲུ་གུ་གསུམ་གྱི་ཨ་མ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ།

ཁམས་ཡུལ་ཤུལ་དམར་ལེབ་རྫོང་ཆིག་སྒྲིལ་གྲོང་སྔོན་ལུང་སྡེ་བ་ནས་ཡིན་པའི་ཕྲུ་གུ་གསུམ་གྱི་ཨ་མ་ནོར་འཛིན་དབང་མོ་ལགས་ལ་ཕྱི་ལོ་ ༢༠༡༣ ལོར་བོད་མི་བསྟན་འཛིན་ཤེས་རབ་ལགས་ཀྱིས་སྐུ་ལུས་ཞུགས་འབུལ་གནང་བའི་གནས་ཚུལ་ཕྱི་ལ་ཁྱབ་བསྒྲགས་བྱས་པའི་ཉེས་མེང་འོག་ཁོང་ལ་ལོ་གསུམ་གྱི་རིང་བཙོན་འཇུག་ཉེས་ཆད་བཏང་ཡོད་པ་དང་། ད་ལྟའི་ཆར་ཁོང་བཙོན་ཁང་གང་དུ་ཡོད་མེད་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་དཀའ་བར་གྱུར་ཡོད་པ་མ་ཟད། ནང་མི་བུ་ཕྲུག་དང་བཟའ་ཟླ་བཅས་པར་ཐུག་འཕྲད་གནང་བའི་རྒྱུ་རྐྱེན་འོག་ཁོང་གི་གཟུགས་གཞིའི་གནས་སྟངས་ཞན་པོ་ཆགས་ཡོད་པ་རེད་འདུག གནས་ཚུལ་མཁོ་སྤྲོད་པས་གསུངས་པར་གཞིགས་ན། ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༦ ཉིན་ཆུ་དམར་ལེབ་རྫོང་ཆིག་སྒྲིལ་གྲོང་སྡེ་ནས་ཡིན་པའི་བོད་མི་ན་གཞོན་བསྟན་འཛིན་ཤེས་རབ་ལགས་ཀྱིས་སྐུ་ལུས་མེར་བསྲེགས་གནང་ཡོད་པ་བཞིན། ཕྱི་ལོ་ ༢༠༢༠ ཟླ་ ༥ པའི་ནང་ཆུ་དམར་ལེབ་རྫོང་མི་དམང་ཁྲིམས་ཁང་གིས་གསང་བའི་ཁྲིམས་ར་ཚོགས་ནས་ནོར་འཛིན་དབང་མོས་སྐབས་དེའི་གནས་ཚུལ་ཕྱིར་ཁྱབ་བསྒྲགས་གནང་ཡོད་པའི་ཉེས་འཛུགས་འོག་ལོ་གསུམ་གྱི་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། སྤྱིར་ས་གནས་ཉེན་རྟོག་པས་ནོར་འཛིན་དབང་མོ་ལགས་འཛིན་བཟུང་བྱས་སྐབས་ཐོག་མར་ཁོང་ཞིབ་བཤེར་ཁང་དུ་ཆུ་ཚོད་ཉི་ཤུའི་རིང་བཀག་ཉར་བྱས་པ་དང་། ལག་པར་ལྕགས་སྒྲོན་བརྒྱབ་ནས་སྐར་མ་འགའི་རིང་ནང་མིར་ཐུག་འཕྲད་གནང་བཅུག་འདུག་པ་དེ་ལྟར་ནའང་། ནང་མི་ཚོས་ཕུལ་བའི་ན་བཟའ་དང་དངོས་ཆས་གང་ཡང་ལེན་བཅུག་མི་འདུག སྐུ་ལུས་མེར་བསྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་བསྟན་འཛིན་ཤེས་རབ་ལགས་དང་ནོར་འཛིན་དབང་མོ་གཉིས་དབར་གཉེན་ཉེ་སྤུན་མཆེད་སོགས་ཀྱི་འབྲེལ་བ་གང་ཡང་མེད་པ་དང་། ཁོང་གི་ནང་ལ་བཟའ་ཟླ་ཉི་མ་གཙོས་བུ་ཕྲུག་ཆུང་ཤོས་ལོ་ ༢ དང་ཆེ་ཤོས་ལོ་ ༥ བཅས་ཁྱོན་བྱིས་པ་ ༣ ཡོད་པ་རེད་འདུག ཁོང་ནི་ཁྲི་འདུ་རྫོང་སྡོམ་མདའ་ཞང་སྐར་ཆེན་སྡེ་བའི་རུ་ཆེན་དང་པོ་ནས་ཡིན་ཞིང་། ཕྱི་ལོ་ ༢༠༡༦ ལོར་ཁོང་ཆུ་དམར་ལེབ་རྫོང་ཆིག་སྒྲིལ་གྲོང་རྡལ་སྔོན་ལུང་ས་གནས་སུ་གནས་ལ་ཕྱིན་ནས་འབྲོག་པའི་འཚོ་བ་སྐྱེལ་བཞིན་ཡོད་པ་དང་། ད་བར་རྒྱ་ནག་གཞུང་གིས་ཁོང་གི་ནང་མི་ཚོ་དང་ཐུག་འཕྲད་གནང་བཅུག་གི་མེད་པ་རེད།

པདྨ་ཚེ་བརྟན་ལགས་ཀྱིས་གངས་གཟིག་ཅེས་བའི་གློག་བརྙན་གསར་བ་ཞིག་འདོན་འཆར།

བོད་མཚོ་སྔོན་ཁྲི་ཀ་ནས་འཚར་ལོངས་བྱུང་བའི་བོད་ཀྱི་གློག་བརྙན་བཟོ་སྐྲུན་པ་པདྨ་ཚེ་བརྟན་ལགས་ཀྱིས་མི་འགྱངས་བར་གངས་གཟིག་ཅེས་པའི་འགྲོ་བ་མི་དང་གཅན་གཟན་སེམས་ཅན་བར་གྱི་འབྲེལ་ལམ་གཙོ་བོར་སྟོན་པའི་གློག་བརྙན་གསར་བ་ཞིག་ཕབ་སྐྲུན་བྱེད་རྒྱུ་རེད་འདུག རྒྱ་ནག་གི་གཞུང་འབྲེལ་གྱི་གསར་ལམ་ Global Times ཡིས་གནས་ཚུལ་སྤེལ་བར་གཞིགས་ན། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱིས་གངས་གཟིག་ཅེས་པའི་གློག་བརྙན་ཞིག་གི་འཁྲབ་གཞུང་བྲིས་ཟིན་པ་མ་ཟད། རྒྱ་གཞུང་གི་ཆོག་མཆན་སྤྲད་ཟིན་པ་བཞིན་གང་མགྱོགས་བརྙན་ལེན་གྱི་ལས་གཞི་མགོ་རྩོམ་རྒྱུ་ཡིན་པ་ལྟར། ད་ལྟ་རྒྱ་ནག་གི་མི་སེར་མང་པོ་ཞིག་གིས་གློག་བརྙན་དེར་སྤྲོ་སེམས་ཆེན་པོས་ངང་སྒུག་བྱེད་བཞིན་པར་འགྲེལ་བརྗོད་བྱས་འདུག གློག་བརྙན་དེའི་བརྗོད་བྱ་གཙོ་བོ་འགྲོ་བ་མི་དང་གཅན་གཟན་རྣམས་ཞི་བདེ་ངང་མཉམ་གནས་ཐུབ་པ་དང་འབྲེལ་བ་ཞིག་ཡིན་པ་དང་། དེའི་ནང་འབྲོག་ཁྱིམ་ཞིག་གི་སྒོ་ཕྱུགས་སེམས་ཅན་དགུ་ལྷག་གངས་གཟིག་ཅིག་གིས་བསད་པའི་དོན་རྐྱེན་དང་འབྲེལ། ཕྱུགས་བདག་གི་བུ་ཡིས་གངས་གཟིག་དེ་གསོད་རྩིས་བྱས་ཀྱང་ནང་གི་ཕ་རྒན་གྱིས་བཟོད་བསྲན་ཆེན་པོའི་ངང་ནས་གངས་གཟིག་དེ་ཐར་བ་གཏོང་དགོས་བ་དང་འབྲེལ་ཕ་བུ་གཉིས་ཀྱི་བར་ལ་རྩོད་གླེང་བྱུང་བའི་དོན་རྐྱེན་ཞིག་ལ་སྦྱར་ཡོད་པ་དང་། པདྨ་ཚེ་བརྟན་ལགས་ཀྱིས་གསར་ཁང་ལ་འགྲེལ་བརྗོད་བྱས་པའི་ནང་དུ། ལོ་གཉིས་གསུམ་ཞིག་གི་ཡར་སྔོན་དུ། ཁོང་གིས་དངོས་སུ་དེ་ལྟ་བུའི་གཏམ་རྒྱུད་ཅིག་ཐོས་མྱོང་བས་སྐབས་དེ་ནས་བཟུང་དོན་རྐྱེན་དེ་བརྗེད་མྱོང་མེད་པར་བསམ་བློ་ཡང་ཡང་འཁོར་བསྡད་པ་ཞིག་ཡིན་སྟབས། སྔར་ལོའི་ཏོག་དབྱིབས་རིམས་ནད་ཁྱབ་བརྡལ་གྱི་སྐབས་སུ་གློག་བརྙན་གྱི་འཁྲབ་གཞུང་བྲིས་ཟིན་ཏེ་ཐེངས་འདིར་དངོས་སུ་དོན་རྐྱེན་དེར་གཞིར་བཞག་གིས་གློག་བརྙན་ཞིག་ཕབ་སྐྲུན་བྱེད་འཆར་ཡོད་པར་གསུངས་འདུག རྒྱ་ནག་གི་གཞུང་འབྲེལ་གསར་ཁང་གིས། བོད་མཐོ་སྒང་སྟེ། དམིགས་བསལ་གྱི་རྨ་འབྲི་རྫ་གསུམ་གྱི་ཁུལ་དུ་རྟེན་གཞི་བྱས་པའི་བོད་མི་རྣམས་ནི་དུས་རྒྱུན་ནས་སྔར་འགྲོ་བ་མིའི་རིགས་ཀྱིས་རྒྱུས་ལོན་བྱས་མེད་པའི་རང་བྱུང་གི་ས་ཁུལ་དུ་འཚོ་བ་སྐྱེལ་བཞིན་སྟབས་རྒྱུན་དུ་གཅན་གཟན་དང་ལྷན་དུ་ཞི་བདེ་ངང་མཉམ་གནས་བྱེད་ཕྱོགས་ཀྱི་ཐད་ནས་དཀའ་ངལ་འཕྲད་བཞིན་ཡོད་པར་འགྲེལ་བརྗོད་བྱས་མ་ཟད། རང་བྱུང་ཁོང་ཡུག་དང་རི་སྐྱེས་སྲོག་ཆགས་རྣམས་ལ་གཅེས་སྲུང་གི་གོ་རྟོགས་སྤེལ་ཆེད་དུ། དེང་སྐབས་ཕྱུགས་རྫི་མང་པོས་རི་སྐྱེས་སེམས་ཅན་དེ་དག་གི་འཚོ་གནས་ལ་བརྙན་བླངས་ཏེ་ཁྱབ་སྤེལ་བྱེད་བཞིན་པར་བརྗོད་འདུག དེ་བཞིན་འབྲོག་ཁུལ་གྱི་ཕྱུགས་རྫི་གསུམ་གྱིས་དབྱར་དུས་སུ་དབྱར་རྩ་དགུན་འབུ་འཐུ་སྐབས་གཟིག་ཨ་མ་ཞིག་གིས་བྲག་ཕུག་ཅིག་ཏུ་རང་གི་ཕྲུ་གུ་རྣམས་གསོ་སྐྱོང་བྱེད་བཞིན་པ་རྙེད་སོན་བྱུང་བ་དང་འབྲེལ་ནས་ཟླ་གསུམ་གྱི་རིང་ལ་དེར་བརྙན་ཕབ་བྱས་ཡོད་པར་ངོ་སྤྲོད་གནང་འདུག པེ་ཅིང་དུ་རྟེན་གཞི་བྱས་པའི་རྒྱ་ནག་གི་གློག་བརྙན་དཔྱད་བརྗོད་པ་ Luo Luo གིས། པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་དེ་ཡིས་རི་སྐྱེས་སེམས་ཅན་རྣམས་སྲུང་སྐྱོབ་ཀྱི་ཐད་ལ་ཤུགས་རྐྱེན་ཐེབས་ངེས་བ་མ་ཟད། གློག་བརྙན་ལ་གཟིགས་མཁན་གྱི་ལྟད་མོ་བ་རྣམས་ཀྱི་སེམས་ངོར་གཅན་གཟན་དང་འཕྲད་སྐབས་བསམ་བློ་ཇི་ལྟར་གཏོང་དགོས་བའི་ཐད་ནས་བློ་སྐྱེད་སྤྲོད་ཐུབ་པ་དང་འབྲེལ། དེ་ལྟ་བུའི་གློག་བརྙན་གྱི་རིགས་ཀྱིས་མིའི་རིགས་ཀྱི་སེམས་ངོར་རང་བྱུང་ཁོར་ཡུག་ལ་གཅེས་སྲུང་བྱེད་རྒྱུའི་གོ་རྟོགས་སྤེལ་ཐུབ་པར་ཕན་ནུས་ཆེ་བ་ཞིག་ཡིན་པ་མངོན་གསལ་གནང་སྟེ། ཁོང་གིས་གློག་བརྙན་དེ་བརྒྱུད་ནས་མི་དང་རི་སྐྱེས་སེམས་ཅན་བར་གྱི་འབྲེལ་བ་དང་། དེ་བཞིན་ཕ་བུ་གཉིས་ཀྱི་རྩོད་གླེང་གི་ཁྲོད་ནས་སེམས་ཅན་ལ་གཟིགས་སྐྱོང་དང་འབྲེལ་བའི་འགྱུར་བ་ཅི་བྱུང་གི་ཐད་ནས་གློག་བརྙན་དེར་ངང་སྒུག་བྱས་ནས་ཡོད་པར་བརྗོད་འདུག གཞི་རྩའི་པདྨ་ཚེ་བརྟན་ལགས་ནི་བོད་ཁུལ་དུ་གྲགས་ཆེ་བའི་གློག་བརྙན་བཟོ་སྐྲུན་པ་ཞིག་ཡིན་པ་དང་། ད་སྔ་བར་ཁོང་གིས་བོད་ཀྱི་ཁོར་ཡུག་དང་བོད་མིའི་འཚོ་བ་དང་སྦྱར་ནས་ཕབ་སྐྲུན་གནང་བའི་དབུགས་ལྒང་དང་ཐར་ལོ། དེ་བཞིན་སྦྱིན་པ་སོགས་ཀྱི་གྲགས་ཅན་གྱི་གློག་བརྙན་ཁག་ཅིག་འདོན་སྤེལ་གནང་ཡདོ་པ་མ་ཟད། རྒྱལ་སྤྱིའི་གྲགས་ཅན་གྱི་གློག་བརྙན་དུས་སྟོན་མང་པོར་ཞུགས་ནས་གློག་བརྙན་ཁག་ཅིག་ལ་བྱ་དགའ་ཡང་ཐོབ་མྱོང་ཡོད་པ་རེད།

ཕྱི་ལོ་༢༠༡༢ ལོའི་བུད་མེད་འདུར་རྒྱུགས་ཁྲོད་ཆོས་དབྱིངས་སྐྱིད་ལགས་ཨང་དང་པོར་གོང་སྤར།

ཁ་ཉིན་AIU ཞེས་པའི་རྒྱལ་སྤྱིའི་རྩེད་འགྲན་མཉམ་འབྲེལ་ཚོགས་པས་གསལ་བསྒྲགས་ཤིག་གནང་བའི་ནང་དུ། དེ་སྔོན་ཕྱི་ལོ་ ༢༠༡༢ ལོར་དབྱིན་ཡུལ་དུ་ཚོགས་པའི་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱི་སྟེང་སྤྱི་ལེ་༢༠ ལྷག་གི་རིང་ཚད་ལྡན་པའི་བུད་མེད་ཀྱི་འདུར་རྒྱུགས་འགྲན་བསྡུར་ཁྲོད་ཨང་དང་པོ་ཐོབ་མཁན་གྱི་ཨུ་རུ་སུ་རྩེད་འགྲན་པ། Elena Lashmanova ཞེས་པས་སྐབས་དེར་གཟུགས་པོར་སྟོབས་ཤུགས་འབྱིན་པའི་རྫས་འགྱུར་བེད་སྤྱོད་བྱས་ཡོད་པ་ར་སྤྲོད་བྱུང་སྟབས། སྐབས་དེའི་འགྲན་བསྡུར་ཁྲོད་ཞུགས་མཁན་བོད་རིགས་བུད་མེད་ཆོས་དབྱིངས་སྐྱིད་ལགས་ད་ཆ་འདུར་རྒྱུགས་དེའི་ཁྲོད་ཨང་དང་པོ་ཐོབ་མཁན་དེ་ཆགས་འདུག འབྲེལ་ཡོད་ཚན་པའི་ཞིབ་འཇུག་རིམ་པ་བྱས་པ་བརྒྱུད་ནས།   Elena Lashmanova ལགས་ཕྱི་ལོ་ ༢༠༡༢་དང་༢༠༡༤ ལོའི་རྩེད་འགྲན་ཁྲོད་གཟུགས་པོར་སྟོབས་ཤུགས་འབྱིན་པའི་རྫས་འགྱུར་བེད་སྤྱོད་བྱས་པ་ངོས་ལེན་བྱས་ཡོད་སྟབས་སྐབས་དེའི་རྩེད་འགྲན་ཁྲོད་བྱ་དགའ་བླངས་བ་ཚང་མ་ཕྱིར་བསྡུ་བྱས་ཡོད་པར་གསལ་བསྒྲགས་བསྐྱངས་ཡོད་པར་བརྟེན།    བོད་རིགས་ཤིག་ཐེངས་དང་པོར་ཨོ་རྩལ་འགྲན་བསྡུར་ལ་ཞུགས་པའི་བུ་མོ་ཆོས་དབྱིངས་སྐྱིད་ལགས་མི་ལོ་བཅུ་ཡི་རྗེས་སུ་སྐབས་དེའི་འདུར་རྒྱུགས་ཁྲོད་ཨང་དང་པོའི་གསེར་གྱི་རྟགས་མ་བཞེས་མཁན་དུ་གྱུར་ཡོད་འདུགཁ་སང་རྒྱལ་སྤྱིའི་རྩེད་འགྲན་མཉམ་འབྲེལ་ཚོགས་པས་གནས་ཚུལ་དེ་ཕྱིར་བསྒྲགས་བྱས་པ་དང་ལྷན་དུ།  ཆོས་དབྱིངས་སྐྱིད་ལགས་ཀྱིས་ཁོང་གི་སྒེར་གཉེར་གྱི་ཝེ་པོ་སྤྱི་ཚོགས་དྲ་ལམ་དུ། ལོ་ངོ་བཅུ་ཡི་རྗེས་སུ་གཞི་ནས་ཁོང་ཉིད་ལ་གསེར་གྱི་རྟགས་མར་རིམ་འཕར་ཁ་གསབ་བྱུང་བར་སྨྲ་མི་ཤེས་བའི་དགའ་སྐྱོ་འདྲིས་མ་ཞིག་བྱུང་ཡོད་པར་འགྲེལ་བརྗོད་ཀྱིས། དེ་ནི་ཕྱོགས་གཅིག་ནས་ཡུན་རིང་གི་རྗེས་སུ་ཁོང་ལ་སྐབས་དེར་ཨང་དང་པོ་ཐོབ་པར་ཤེས་རྟོགས་བྱུང་བ་དང་། ཕྱོགས་གཞན་ནས་སྐབས་དུས་ཡུལ་དངོས་ནས་ཨང་དང་པོ་ཐོབ་པའི་གཟི་བརྗིད་དེ་དངོས་སུ་མྱོང་ཐུབ་མེད་པ་དེ་ཡིན་པར་ཕྱིར་བསྒྲགས་གནང་སྟེ།  མང་ཚོགས་ཀྱིས་ཁོང་ལ་ལོ་མང་རིང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་འདུགསྤྱིར་ཕྱི་ལོ་ ༢༠༡༢ ལོར་ཆོས་དབྱིངས་སྐྱིད་ལགས་བུད་མེད་ཀྱི་འདུར་རྒྱུགས་ཁྲོད་ཨང་གསུམ་པ་ཐོབ་ཡོད་ཀྱང་། སྐབས་དེར་ཨང་གཉིས་བ་ཐོབ་པའི་ཨུ་རུ་སུའི་བུད་མེད་རྩེད་འགྲན་པ Kaniskina ལགས་ཕྱི་ལོ ༢༠༡༥ ལོར་གཟུགས་པོར་སྟོབས་ཤུགས་འབྱིན་པའི་རྫས་འགྱུར་བེད་སྤྱོད་བཏང་ཡོད་པ་ར་སྤྲོད་བྱུང་རྗེས། གཟེངས་རྟགས་ཕྱིར་བསྡུ་གནང་ཡོད་པ་ལྟར། ད་ཆ། སྐབས་དེར་ཨང་དང་པོ་ཐོབ་མཁན་ཀྱི་ཨུ་རུ་སུའི་རྩེད་འགྲན་པ Elena Lashmanova ལགས་ཀྱིས་ཀྱང་སྨན་རྫས་སྤྱད་ཡོད་པ་ངོས་ལེན་བྱས་ཡོད་སྟབས། བོད་རིགས་བུད་མེད་ཆོས་དབྱིངས་སྐྱིད་ལགས་ཨང་དང་པོ་དང་། དེ་བཞིན་རྒྱ་ནག་གི་རྩེད་འགྲན་པ་ཨང་བཞི་དང་ལྔ་བ་ཐོབ་མཁན་གཉིས་ཨང་གཉིས་བ་དང་གསུམ་པ་ཆགས་ཡོད་པ་རེད། རྩ་བའི་བོད་རིགས་བུ་མོ་ཆོས་དབྱངས་སྐྱིད་ལགས་ནི་ཕྱི་ལོ་ ༡༩༩༠ ལོར་བོད་ཨ་མདོ་མཚོ་སྔོན་ཞིང་ཆེན། མཚོ་བྱང་ཁུལ་འདབ་བཞི་རྫོང་། ཝ་མགྱོགས་ཡུལ་ཚོ་ཞེས་པའི་འབྲོག་ཁྱིམ་དཀྱིས་མ་ཞིག་ནས་སྐྱེས་ཤིང་། ཆུང་དུས་ནས་རྫ་ལུང་རི་གསུམ་དུ་ཕྱུག་ཟོག་འཚོ་སྐྱོང་བྱས་ནས་འཚར་ལོངས་བྱུང་ཞིང་། བར་སྐབས་སུ་ས་གནས་ཀྱི་ཡུལ་ཚོ་རུ་སློབ་ཆུང་བར་དུ་སློབ་སྦྱོང་གནང་རྗེས་མཚོ་སྔོན་ཞིང་ཆེན་ལུས་རྩལ་སློབ་གྲྭར་ཆེད་ཞུགས་ཀྱིས་ལུས་རྩལ་ཐོག་དངོས་སུ་སྦྱོང་བརྡར་མགོ་འཛུགས་གནང་སྟེ་བོད་རིགས་ཤིག་ཐོག་དང་པོར་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་སུ་ཐེངས་དང་པོར་འཛུགས་ཞུགས་ཀྱིས་ཨང་དང་པོའི་གསེར་གྱི་རྟགས་པ་བཞེས་མཁན་དང་པོ་དེ་ཆགས་ཡོད་པ་ལྟར། ཁོང་མོ་ཕྱི་ལོ་ ༢༠༡༢ ནས་སྔ་རྗེས་སུ་ཨོ་རྩལ་འགྲན་ཚོགས་ལ་ཐེངས་འགར་ཞུགས་མྱོང་ཡོད་པ་རེད།

རྒྱ་ནག་གིས་མགོ་ལོག་དར་ལག་རྫོང་ནས་བོད་མི་ཞིག་འཛིན་བཟུང་བཙན་ཁྲིད་བྱས་རྗེས་གར་སོང་ཆ་མེད་དུ་གྱུར་འདུག

སྔར་ལོ་རྒྱ་ན་གིས་བོད་ནང་དུ་རྒྱ་སྒྱུར་གྱི་སློབ་གསོ་སྤེལ་ཤུགས་ཆེ་རུ་བཏང་བ་དང་འབྲེལ་ནས། སྔ་རྗེས་སུ་བོད་ཁུལ་ནས་སྒེར་གཉེར་གྱི་སློབ་གྲྭ་སྒོ་བརྒྱབ་པ་དང་འབྲེལ་ཡོད་ཀྱི་དགེ་རྒན་དང་སློབ་མ་ཁག་ཅིག་འཛིན་བཟུང་བྱས་པའི་གནས་ཚུལ་རིམ་པ་བྱུང་བ་ལྟར། སྔར་ལོའི་ལོ་མཇུག་ཏུ་མགོ་ལོག་དར་རྫོང་གི་བོད་མི་དཔལ་བཟང་ཞུ་བ་ཞིག་འཛིན་བཟུང་གིས་བཙན་ཁྲིད་བྱས་ཏེ་ད་ཆ་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་ཐོན་འདུགདེ་ཡང་བཞུགས་སྒར་གྱི་བོད་གནས་ལྟ་ཞིབ་ཁང་གི་པདྨ་རྒྱལ་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན།  སྔར་ལོའི་རྒྱ་ནག་གི་བོད་སྐད་ཡིག་རྒྱ་སྒྱུར་གྱི་སྲིད་བྱས་ལག་བསྟར་བྱས་པ་དང་འབྲེལ་ནས་།  མཚོ་སྔོན་ཞིང་ཆེན། མགོ་ལོག་དར་ལག་རྫོང་ནས་ཡིན་པའི་བོད་མི་དཔལ་བཟང་ལགས་ཀྱིས་རྒྱ་སྒྱུར་སློབ་གསོར་ངོ་རྒོལ་བྱས་རྐྱེན་ཁོང་རྒྱ་ནག་གིས་རང་ཁྱིམ་ནས་འཛིན་བཟུང་བྱས་ཏེ་ཟི་ལིང་དུ་འཁྲིད་རྗེས་གར་ཡོད་མ་ཤེས་པར་ད་བར་ཟླ་བཞི་ལྷག་འགྲོ་བཞིན་ཡོད་པ་རེད་འདུག ཁོང་གིས་འགྲེལ་བརྗོད་གནང་བ་ལྟར་ན།  མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དར་ལག་རྫོང་ནས་ཡིན་པའི་བོད་མི་དཔལ་བཟང་ལགས་ཀྱིས་སྐད་འཕྲིན་གྱི་ཚོགས་པ་ཞིག་གི་ནང་དུ།  སྐད་ཡིག་རྒྱ་སྒྱུར་གྱི་སློབ་གསོ་དང་འབྲེལ་ནས་བཀའ་མོལ་གནང་སྟེ། རྒྱ་ལ་རྒྱ་ཡིག་དགོས་ན་བོད་ལ་བོད་ཡིག་དགོས་ཅེས་གཏམ་བཤད་བྱས་པ་དང་ཉིན་དེའི་མཚན་མོར་དར་ལག་རྫོང་ཉེན་རྟོག་པ་དཔལ་བཟང་ལགས་ཀྱི་རང་ཁྱིམ་དུ་ཡོང་ནས་འཛིན་བཟུང་བཙན་འཁྲིད་བྱས་རྗེས་ཉིན་གྲངས་ ༡༥ རིང་དར་ལག་རྫོང་ཉེས་དོན་ཞིབ་དཔྱོད་ཁང་དུ་བཀག་ཉར་འོག་བཞག་ཡོད་པ་དང་། དེའི་རྗེས་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་ཟི་ལིང་དུ་ཁྲིད་ནས་ཟླ་གསུམ་དང་ཕྱེད་ཀ་ལྷག་འགྲོ་བཞིན་ཡོད་ནའང་གར་ཡོད་འདིར་ཡོད་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབས་ཀྱི་མེད་སྟབས། ཁོང་གི་འབྲེལ་ཡོད་ཀྱི་ནང་མི་རྣམས་ཀྱིས་སེམས་ཁྲལ་བྱེད་བཞིན་ཡོད་པར་གསུངས་སོང་།  གཞན་ཡང་ཁོང་གིས།   སྔར་ལོའི་ལོ་མཇུག་ཏུ་རྒྱ་ནག་གཞུང་གིས་བཅད་བགོ་བྱས་པའི་བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་སྨར་ཁམས་སྤོམ་མདའ་སྡེ་བ་ནས་ཡིན་པའི་བོད་རིགས་དམའ་འབྲིང་སློབ་ཕྲུག་བུ་གཅིག་དང་བུད་མེད་གཉིས་ཀྱང་རྒྱ་སྒྱུར་སློབ་གསོ་ལག་བསྟར་བྱེད་བཞིན་པ་དང་འབྲེལ་ནས་འཛིན་བཟུང་བྱས་ཏེ་ཡུལ་དེའི་སློབ་གསོ་སྒྱུར་བཀོད་ཁང་ཞིག་ཏུ་བཀག་ཉར་འོག་བཞག་སྟེ་ཟླ་བ་ཁ་ཤས་འགྲོ་བཞིན་ཡོད་ཀྱང་། ད་དུང་ཀློད་གྲོལ་བཏང་མེད་སྐོར་འགྲེལ་བརྗོད་གནང་སོང་། ཁོང་གིས་མུ་མཐུད་དུ་གསུངས་དོན།  ད་སྐབས་རྒྱ་ནག་གིས་མཚོ་སྔོན་ཞིང་ཆེན། མགོ་ལོག་ཁུལ་གྱི་རྫོང་ཐོག་ཏུ་རྒྱ་ནག་གིས་བོད་རིགས་སློབ་མའི་ཕ་མའི་ཚོགས་འདུ་མང་པོ་སྐོང་འཚོགས་བྱས་དང་བྱེད་བཞིན་པ་མ་ཟད། སློབ་མའི་ཕ་མ་རྣམས་ཀྱིས་ཀྱང་རྒྱ་ཡིག་རྒྱ་སྐད་སྦྱང་ནས་སློབ་མའི་སློབ་སྦྱོང་ལ་རམས་འདེགས་བྱེད་དགོས་བ་མ་ཟད། བོད་རིགས་སློབ་མ་རྣམས་ཀྱིས་རྒྱ་ཡིག་རྒྱ་སྐད་སྦྱོང་བརྩོན་ལ་སྐུལ་མ་བཏང་ནས་རྒྱ་ནག་གི་གོང་རིམ་གྱི་ཚོགས་འདུ་རིམ་པའི་སྙིང་དོན་ལ་གོ་བ་ཡང་དག་ལེན་དགོས་བ་སོགས་ཀྱི་ཚོགས་འདུ་མང་པོ་སྐོང་འཚོགས་གནང་བཞིན་པའི་གནད་དོན་འབྱུང་བཞིན་ཡོད་པ་ངོ་སྤྲོད་གནང་སོང་།གཞི་རྩའི་རྒྱ་ནག་གིས་བོད་ཁམས་གང་སར་སྐད་གཉིས་སློབ་གསོ་བྱས་པ་ལག་བསྟར་བྱས་ནས་སྦྱང་བྱའི་བསླབ་གཞི་ཁག་མང་པོ་ཞིག་རྒྱ་སྒྱུར་བྱས་ཡོད་ཀྱང་། སྔར་ལོ་ནས་རྒྱ་ནག་གི་དབུས་ཤེས་ཡོན་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པ་ལྟར། བོད་ཁུལ་གྱི་གཙོ་བྱས་པའི་རྒྱལ་ནག་ཡོངས་སུ་རྒྱ་སྐད་རྒྱ་ཡིག་གཙོར་ཁྲིད་ཀྱིས་རྒྱ་ནག་གི་སྤྱི་སྐད་བེད་སྤྱོད་གཏོང་ཤུགས་ཆེ་རུ་གཏོང་དགོས་བའི་བཀའ་རྒྱ་བཏང་བའི་ཁྲོད། བོད་ཁུལ་གང་སར་བོད་སྐད་བོད་ཡིག་གི་སྤྱོད་སྒོ་ཆེས་ཆུང་རུ་ཕྱིན་པར་བརྟེན་ནས། སྔ་རྗེས་སུ་བོད་ཁུལ་གྱི་དགེ་རྒན་དང་སློབ་མ་ཁག་ཅིག་འཛིན་བཟུང་བྱས་ཡོད་པ་རེད།

ཆབ་སྲིད་བཙོན་པ་དཀོན་མཆོག་ཚེ་འཕེལ་ལགས་ལོ་ ༡༣ བཙོན་འཇུག་རྗེས་གློད་བཀྲོལ་བཏང་འདུག

རྒྱ་གཞུང་གིས་ཕྱི་ལོ་ ༢༠༠༩ ལོར་འཛིན་བཟུང་གིས་ལོ་ ༡༥ ཙམ་རིང་བཙོན་འཇུག་ཁྲིམས་ཐག་བཅད་པའི་བོད་མི་རྩོམ་པ་པོ་དང་དགེ་རྒན། དེ་བཞིན་ཁོར་ཡུག་ལས་འགུལ་བ་དཀོན་མཆོག་ཚེ་འཕེལ་ལགས་ལགས་ལོ་ ༡༣ བཙོན་འཇུག་རྗེས་ཉེ་ཆར་ཕྱི་ཟླ་ ༣ ཚེས་ ༡༨ ཉིན་བཙོན་གྲོལ་ཐོབ་འདུག བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གནས་ཚུལ་སྤེལ་བར་གཞིགས་ན། འདས་པའི་ལོ་ངོ་ ༡༣ རིང་རྒྱ་ནག་གི་བཙོན་འཇུག་འོག་ཡོད་པའི་བོད་མི་ཆབ་སྲིད་བཙོན་པ་དཀོན་མཆོག་ཚེ་འཕེལ་ལགས་ཉེ་ཆར་ཕྱི་ཟླ་ ༣ ཚེས་ ༡༨ ཉིན་ལོ་གཉིས་སྔ་ནུར་གྱིས་བཙོན་གྲོལ་བཏང་ཡོད་པ་དང་། དེའང་ཁོང་གིས་བཙོན་ཁང་ནང་བཙོན་རོགས་གཅིག་གི་ཚེ་སྲོག་བསྐྱབས་པ་དང་སྤྱོད་ཚུལ་ཡག་པོ་བསྟན་པའི་དབང་གིས་སྔ་ནུར་གྱིས་གློད་བཀྲོལ་བཏང་ཡོད། དཀོན་མཆོག་ཚེ་འཕེལ་ལགས་གློད་བཀྲོལ་བཏང་བའི་སྐབས་སུ་གཟུགས་གཞི་གནས་སྟངས་ཇི་ཡོད་སྐོར་ད་ལྟའི་ཆར་ཞིབ་ཕྲ་ཤེས་རྟོགས་ཐུབ་ཀྱི་མེད་ཀྱང་། ཁོང་དེ་སྔ་བཙོན་ཁང་ནང་བཞུགས་པའི་སྐབས་སུ་ཁོང་ལ་སྐེད་པ་དང་པུས་མོའི་ནད་གཞིའི་དཀའ་ངལ་འཕྲད་ཡོད་པ་མ་ཟད་ནང་མི་ཉེ་འབྲེལ་རྣམས་དང་ཐུག་འཕྲད་བྱ་རྒྱུའི་དུས་ཚོད་ཉུང་ངུ་ལས་མེད་པ་དང་བཙོན་པ་ཐུག་འཕྲད་སྐབས་བཙན་དབང་གིས་རྒྱ་སྐད་ཁོ་ན་མ་གཏོགས་བོད་སྐད་བེད་སྤྱོད་བྱ་མི་ཆོག་པའི་དམ་དྲག་ཆེན་པོ་བྱས་པའི་འོག་རྒྱ་སྐད་མི་ཤེས་མཁན་ཁོང་གི་ཨ་མ་ལགས་ལྟ་བུར་ངལ་བ་ཆེན་པོ་བྱུང་ཡོད་པ་ཤེས་རྟོགས་བྱུང་འདུག གཞི་རྩའི་བོད་ནང་གི་མཆོད་མེ་དྲ་བའི་རྩོམ་སྒྲིག་པའམ་རྩོམ་པ་པོ་དཀོན་མཆོག་ཚེ་འཕེལ་ལགས་བོད་མདོ་སྨད་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་ནས་ཡིན་པ་དང་། ཕྱི་ལོ་ ༢༠༠༨ ལོའི་བོད་རྒྱལ་ཡོངས་ས་བྱི་ཞི་རྒོལ་ཆེན་མོའི་སྒེར་ལངས་རྗེས་སུ་ ༢༠༠༩ ལོའི་ཟླ་ ༢ ཚེས་ ༢༦ ཉིན་ནག་ཉེས་ཇི་ཡིན་གསལ་བཤད་མེད་པར་དཀོན་མཆོག་ཚེ་འཕེལ་ལགས་རྨ་ཆུ་རྫོང་གི་རང་ཁྱིམ་ནས་འཛིན་བཟུང་བྱས་ཏེ་ཟླ་བ་ ༩ ཙམ་གྱི་རིང་ལ་གར་སོང་ཆ་མེད་དུ་གྱུར་ནས་ལོ་དེའི་ཕྱི་ཟླ ༡༡ ནང་ས་གནས་སྲིད་གཞུང་ཁྲིམས་ཁང་གིས་ཁོང་ལ་རྒྱལ་ཁབ་ཀྱི་གསང་བ་ཕྱི་གྱར་བྱས་པའི་ཉེས་འཛུགས་འོག་ལོ་བཅོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། དཀོན་མཆོག་ཚེ་འཕེལ་ལགས་ད་ཆ་གློད་བཀྲོལ་བཏང་ཟིན་ཡང་། ཆབ་སྲིད་ཀྱི་ཁེ་དབང་འཕྲོག་པའི་ཉེས་ཆད་མུ་མཐུད་འཁྱེར་དགོས་པའི་འོག ཁོང་ལ་ས་གནས་ཉེན་རྟོག་པའི་ལྟ་སྲུང་དང་ས་གནས་གཞན་དུ་བསྐྱོད་པ་སོགས་ཀྱི་རང་དབང་མེད་སྟབས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས་རྒྱ་ནག་གཞུང་ལ་དཀོན་མཆོག་ཚེ་འཕེལ་ལགས་ལ་སྨན་བཅོས་ཀྱི་ཐོབ་ཐང་དང་རང་དབང་སྤྲོད་དགོས་པ་གཙོ་བོར་གྱུར་པའི་དགོས་འདུན་ཁག་ཅིག་ཆེད་བཏོན་གནང་ཡོད།  

Latest news