Tibetan Royal Year of 2151 | Year of the Wood Dragon

རྒྱ་གར།

རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ ༢༠༠ ནས་༸གོང་ས་མཆོག་ལ་རྒྱ་གར་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་དབུལ་དགོས་པའི་དགོས་འདུན་བཏོན་འདུག

རྒྱ་གར་གྱི་ཆབ་སྲིད་ཚོགས་པ་འདྲ་མིན་ལས་གྲུབ་པའི་རྒྱ་གར་དབུས་ཀྱི་གྲོས་ཚོགས་འཐུས་མི་ཉིས་བརྒྱ་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་མི་ལོ་དྲུག་ཅུ་ལྷག་རིང་བཀའ་དྲིན་ཆེན་པོས་མཛད་འཕྲིན་བསྐྱངས་ཡོད་པ་ཁག་ཅིག་དྲན་གསོའི་ཆེ་བསྟོད་ཞུས་པ་དང་སྦྲགས། རྒྱ་གར་དབུས་གཞུང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་ Bharat Ratna འབུལ་ལམ་ཞུ་དགོས་པའི་རེ་འདུན་བཏོན་འདུགཁ་སང་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ Shanta Kumar མཆོག་གིས་གསར་འགོད་བསྒྲགས་གཏམ་ཞིག་ཡོངས་ཁྱབ་གནང་བའི་ནང་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་གྲོས་ཚོགས་འཐུས་མི་རྣམ་པ་དང་རྒྱ་གར་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་འདྲ་མིན་ནས་ཁྱོན་གྲོས་ཚོགས་འཐུས་མི་ ༢༠༠ ཐུན་མོང་གིས་ཞུ་ཡིག་ཐོག་མཚན་རྟགས་བཀོད་ནས་རྒྱ་གར་དབུས་གཞུང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་ Bharat Ratna ཞེས་པ་དེ་འབུལ་ལམ་ཞུ་དགོས་པའི་ཞུ་སྙན་གཏན་འབེབས་གནང་ཐོག་རྒྱ་གར་ནང་སྲིད་བློན་ཆེན་སྐུ་ཞབས་ Rajnath Singh མཆོག་ལ་ཕུལ་ཡོད་པ་རེད།ལྷག་པར་དུ་སྐུ་ཞབས་ Shanta Kumar མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ལོ་ངོ་དྲུག་བཅུ་ལྷག་རིང་འཚེ་མེད་ཞི་བའི་ཐབས་ལམ་ཁོ་ནའི་ཐོག་ནས་བོད་མིའི་བདེན་པའི་འཐབ་རྩོད་ཀྱི་དབུ་ཁྲིད་མཛད་ཡོད་པ་དང་། མགོན་པོ་༸གང་ཉིད་མཆོག་གི་ཡང་དག་པའི་མཛད་བཟང་ལ་རྒྱལ་སྤྱིའི་ཁྱོན་ནས་ངོས་འཛིན་གྱིས་ཆེ་བསྟོད་ཞུས་པ་མ་ཟད། ཕྱི་ལོ་ ༡༩༨༩ ལོར་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པ་རེད། མགོན་པོ་༸གང་ཉིད་མཆོག་གི་མཛད་བཟང་དེ་དག་ལ་བརྟེན་ནས་ཐེངས་འདིར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་རྐང་འགན་བཞེས་ཐོག་༸གོང་ས་མཆོག་ལ་རྒྱ་གར་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་མགྱོགས་མྱུར་འབུལ་ལམ་ཞུ་དགོས་པའི་དགོས་འདུན་འདི་ལྟར་ཆེད་བཏོན་གནང་བ་ཡིན་ཞེས་གསུངས་འདུག སྐུ་ཞབས་ཤན་ཏཱ་ཀུ་མཱར་མཆོག་ནས་དེ་སྔ་ཕྱི་ལོ་ ༢༠༡༦ ལོར་བཞུགས་སྒར་དུ་༸གོང་ས་༸སྐྱབས་ཆེན་པོ་མཆོག་གིས་ཁོང་གིས་བརྩམས་པའི་ཧི་མཱ་ལ་ཡའི་སྟེང་གི་གྲིབ་གཟུགས་དམར་པོའམ་ Red Shadow over Himalaya དང་། ཁོང་གི་སྐུ་ཟླ་ Santosh Shailja ལས་ཀྱིས་བརྩམས་པའི་གལ་ཏེ་སྟོན་ཀ་ཤར་ཚེའམ་   If Autumn Comes ཞེས་པའི་དཔེ་དེབ་གཉིས་དང་གཞན་ཡང་སྐུ་ཞབས་ Hemraj Kaushik ལགས་ཀྱིས་སྐུ་ཞབས་ཤན་ཏཱ་ཀུ་མཱར་མཆོག་ལ་ཆེ་བསྟོད་ཀྱི་དཔེ་དེབ་གཅིག་བཅས་ཁྱོན་དཔེ་དེབ་གསུམ་དབུ་འབྱེད་མཛད་སྒོ་གཙོ་གྱུར་བོད་དོན་དང་འབྲེལ་བའི་མཛད་སྒོ་རིམ་པའི་ཐོག་རྒྱ་གར་གཞུང་ནས་༸གོང་ས་མཆོག་ལ་རྒྱ་གར་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་ Bharat Ratna ཞེས་པ་དེ་འབུལ་ལམ་ཞུ་དགོས་པ་གསུངས་ཡོད།

༸གོང་ས་མཆོག་ལ་རྒྱ་གར་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་དབུལ་དགོས་པའི་ཞུ་སྐུལ།

དེ་རིང་རྒྱ་གར་གྱི་ Times of India གསར་ཤོག་ཐོག་གནས་ཚུལ་ཐོན་པར་བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏིཤ་ཀུ་མཱར་མཆོག་ནུབ་བྷེན་གྷལ་གྱི་སྲིད་སྐྱོང་ཟུར་པ་ Gopalkrishna Gandhi ལགས་ཀྱིས་༸གོང་ས་མཆོག་ལ་རྒྱ་གར་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་ Bharat Ratna ཞེས་པ་དེ་དབུལ་དགོས་པའི་རྩོམ་ཡིག་ཅིག་སྤེལ་ཡོད་པ་དེར་རྒྱབ་སྐྱོར་གནང་ཡོད་པ་བཀོད་འདུགNitish Kumar མཆོག་གིས་རྒྱ་གར་གྱི་རིན་ཐང་ལྡན་པའི་བྱམས་བརྩེ་དང་འཚེ་མེད་ཞི་བ། དེ་བཞིན་ཕན་ཚུན་མཛའ་མཐུན་དང་འཛམ་གླིང་ཞི་བདེའི་ལྟ་གྲུབ་ཀྱིས་རྒྱ་གར་དེ་ཐུན་མོང་མ་ཡིན་པ་ཞིག་ཆགས་ཡོད་པ་ལྟར། ༸གོང་ས་མཆོག་དབུ་བཞུགས་ཀྱི་ཐོག་ནས་ལྟ་གྲུབ་རང་བཞིན་གྱི་ལམ་སྟོན་གནང་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད་ཅེས་གསུངས་འདུགཉེ་སྔོན་ཧིཾ་དུའི་གསར་ཤོག་ཅིག་གི་ཐོག་ཏུ་རྒྱ་གར་གྱི་མངའ་སྡེ་ནུབ་བྷེན་གྷལ་གྱི་སྲིད་སྐྱོང་ཟུར་པ་གྷོ་པཱལ་ཀྲི་ཤྞཱ་ལགས་ཀྱིས་རྒྱ་གར་ལ་༸གོང་ས་ཏཱ་ལའི་བླ་མ་མཆོག་ཉེ་བར་མཁོ་གལ་ཞེས་པའི་བརྗོད་གཞི་ཐོག་རྩོམ་ཡིག་ཅིག་སྤེལ་ཏེ་རྒྱ་གར་གྱིས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་རྒྱ་གར་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་དེ་འབུལ་མ་ཐུབ་པ་ཡིན་ན། དེ་ནི་རྒྱ་གར་རྒྱལ་ཁབ་ཀྱི་གྱོང་གུད་ཡིན་པ་ལས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་གྱོང་གུད་མ་རེད་ཅེས་བྲིས་ཡོད་པ་དེར་ཁ་སང་བྷི་ཧར་མངའ་སྡེ་བློན་ཆེན་སྐུ་ཞབས་ནི་ཏིཤ་ཀུ་མཱར་མཆོག་གིས་རྒྱབ་སྐྱོར་གནང་སྟེ་ཁོང་གི་སྤྱི་ཚོགས་དྲྭ་ལམ་དུ་རྩོམ་ཡིག་དེ་ཆེད་སྤེལ་གྱིས་ཁོང་ནས་གནས་ཚུལ་དེར་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་ཅེས་གསུངས་ཡོད་པ་རེད།ནུབ་བྷེན་གྷལ་གྱི་མངའ་སྡེའི་སྲིད་སྐྱོང་ཟུར་པ་ Gopalkrishna Gandhi ལགས་ཀྱིས་རྒྱ་གར་ལ་༸གོང་ས་ཏཱ་ལའི་བླ་མ་མཆོག་ཉེ་བར་མཁོ་གལ་ཞེས་པའི་རྩོམ་ཡིག་ནང་ད་ལྟ་བར་དུ་རྒྱ་གར་སྲིད་གཞུང་གིས་༸གོང་ས་མཆོག་གི་གནད་དོན་དེར་འཛེམ་ཟོན་གནང་ཡོད་སྐོར་གསུངས་པ་དང་འབྲེལ། རྒྱ་གར་གྱིས་རྒྱ་ནག་གི་ཡ་ལན་ལ་མགོ་འཐོམ་ནས་ཡོད་པ་རེད་དམ་ཞེས་དོགས་འདྲི་གནང་བ་བརྒྱུད་ནས་༸གོང་ས་མཆོག་གིས་ཀྱང་མགོན་པོ་མཆོག་ནས་བོད་དེ་རྒྱ་ནག་དང་ཁ་བྲལ་ཏུ་གཏོང་འདོད་མེད་པ་ལྟར། རྒྱ་གར་གྱི་ངོས་ནས་ཀྱང་བོད་ཀྱི་ཆོས་དང་རིག་གཞུང་གོང་འཕེལ་གཏོང་རྒྱུར་རོགས་འདེགས་དང་སྲུང་སྐྱོབ་གནང་བཞིན་ཡོད་པ་རེད། འོན་ཀྱང་རྒྱ་གར་དབུས་གཞུང་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་ Bharat Ratna ཞེས་པ་དེ་ཅིའི་ཕྱིར་འབུལ་མ་ཐུབ་པ་རེད་ཅེས་ཞུ་སྐུལ་གནང་ཡོད་པ་དང་། ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་ལ་གཟེངས་རྟགས་དེ་འབུལ་མ་ཐུབ་པ་ནི་རྒྱ་གར་རྒྱལ་ཁབ་ཀྱི་གྱོང་གུད་རེད་ཅེས་གསུངས་ཡོད། ཁོང་གིས་ད་དུང་༸གོང་ས་ཏཱ་ལའི་བླ་མ་མཆོག་འཛམ་གླིང་གི་ས་ཕྱོགས་གང་དུ་ཆིབས་བསྒྱུར་མཛད་ཀྱང་མི་མང་གིས་མགོན་པོ་མཆོག་ནི་སངས་རྒྱས་དངོས་ཤིག་ཡིན་པར་ངོས་བཞེས་ཞུ་བཞིན་ཡོད་པ་ལྟར་རྒྱ་གར་གྱི་ངོས་ནས་དེ་ལྟར་ངོས་བཞེས་གནང་གི་མེད་པར་སྐྱོན་བརྗོད་གནང་འདུགརྩ་བའི་ཁ་སང་བྷི་ཧར་མངའ་སྡེ་བློན་ཆེན་སྐུ་ཞབས་ནི་ཏིཤ་ཀུ་མཱར་མཆོག་དང་སྲིད་སྐྱོང་ཟུར་པ་གྷོ་པཱལ་ཀྲི་ཤྞཱ་ལགས་རྣམ་གཉིས་ཀྱིས་རྒྱ་གར་གྱིས་༸གོང་ས་མཆོག་ལ་སྤྱི་དམངས་ཀྱི་གཟེངས་རྟགས་མཐོ་ཤོས་དེ་འབུལ་ལམ་ཞུ་དགོས་པའི་གླེང་སློང་གནང་བ་དེ་ནི་ཆེས་ཐོག་མ་མ་ཡིན་པར་ཕྱི་ལོ་ ༢༠༡༧ ལོར་རྒྱ་གར་བྱང་ཤར་གྱི་མངའ་སྡེ་ཨ་རུ་ནཱ་ཅལ་དུ་རྟེན་གཞི་བྱས་པའི་ཨ་རུ་ནཱ་ཅལ་བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱ་གར་དབུས་གཞུང་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་ཞེས་པ་དེ་དབུལ་དགོས་པའི་ཞུ་འབོད་གནང་ཡོད་པ་རེད། གཞི་རྩའི་རྒྱ་གར་གྱི་ཆེས་མཐའི་གཟེངས་རྟགས་ भारत रत्न ཞེས་པ་དེ་ནི་རྒྱ་གར་ནང་གི་ཚན་རིག་དང་སྒྱུ་རྩལ། རྩོམ་རིག་ཐོག་མཛད་རྗེས་ཅན། དེ་བཞིན་སྤྱི་ཚོགས་ཞབས་ཞུའི་ཐད་ནས་རླབས་ཆེན་གྱི་ཕྱག་ལས་གནང་མཁན་སོགས་ལ་འབུལ་སྲོལ་ཡོད་པ་རེད།

རྒྱ་གར་སླར་ཡང་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ཚོགས་འདུར་ཞུགས་རྒྱུ་མིན་པ།

རྒྱ་ནག་གིས་ཟླ་འདིའི་ཟླ་མཇུག་ཏུ་རྒྱུད་གཅིག་ལམ་གཅིག་གི་ཚོགས་འདུའི་ཐོག་རྒྱ་གར་འཛུལ་ཞུགས་དགོས་པའི་གདན་ཞུ་བྱས་ཡོད་ཀྱང་རྒྱ་གར་གྱིས་སླར་ཡང་ཚོགས་འདུ་དེར་ཞུགས་རྒྱུ་མིན་པའི་བརྡ་ལན་གནང་འདུག རྒྱ་གར་གྱི་ Times of India གསར་ཤོག་ཐོག་གནས་ཚུལ་སྤེལ་བར་རྒྱ་ནག་གིས་ཕྱི་ལོ་ ༢༠༡༧ ལོར་རྒྱུད་གཅིག་ལམ་གཅིག་གི་ཚོགས་འདུ་ཐེངས་དང་པོ་དེ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་བསྡུ་སྐོང་གིས་རྒྱ་གར་ལ་ཚོགས་ཞུགས་ཀྱི་མགྲོན་བརྡ་བཏང་ཡོད་ཀྱང་། རྒྱ་གར་གཞུང་གིས་སྐབས་དེར་རྒྱུད་གཅིག་ལམ་གཅིག་གི་སྲིད་བྱུས་དེས་རྒྱ་གར་གྱི་བདག་དབང་ལ་དོ་ཕོག་གཏོང་བཞིན་པར་འགྲེལ་བརྗོད་ཀྱིས་ཚོགས་འདུར་ཞུགས་རྒྱུ་མིན་པར་གསལ་བརྗོད་གནང་ཡོད་པ་དང། ཕྱི་ལོ་ ༢༠༡༨ ལོའི་ཕྱི་ཟླ་ ༤ ནང་རྒྱ་དཀར་ནག་གི་སྲིད་འཛིན་དང་སྲིད་བློན་གཉིས་ཀྱིས་གཞུང་འབྲེལ་མིན་པའི་ཐོག་ནས་རྒྱ་ནག་གི་གྲོང་ཁྱེར་ Wuhan དུ་མཇལ་འཕྲད་ཀྱིས་གྲོས་མོལ་བྱས་ཡོད་སྟབས། རྒྱ་ནག་གིས་ཐེངས་འདིའི་རྒྱུད་གཅིག་ལམ་གཅིག་གི་ཚོགས་འདུ་ཐོག་ཏུ་རྒྱ་གར་འཛུལ་ཞུགས་བྱེད་རྒྱུའི་རེ་བ་ཆེན་པོ་བྱས་ཏེ་རྒྱ་གར་ཕྱི་སྲིད་ལྷན་ཁང་དུ་ཚོགས་ཞུགས་གནང་དགོས་པའི་ཞུ་མགྲོན་བརྡ་ཕུལ་ཡོད་ཀྱང་། རྒྱ་གར་གྱིས་རྒྱ་ནག་དང་པ་ཀི་ས་ཐན་གཉིས་དབར་གྱི་ཚོང་སྒོ་དེ་ཡུལ་གཉིས་དབར་གྱི་རྙོག་གཞི་ཅན་གྱི་ས་མཚམས་ས་ཁུལ་དུ་འཁེལ་གྱི་ཡོད་པར་སེམས་ཚབ་དང་འབྲེལ། རྒྱ་ནག་གི་ཚོགས་འདུ་དེའི་ཐོག་འཛུལ་ཞུགས་གནང་ཐབས་མེད་པའི་བཀའ་ལན་གནང་འདུག རྩ་བའི་རྒྱ་དཀར་ནག་གཉིས་སྲིད་འཛིན་དང་སྲིད་བློན་གཉིས་མཇལ་འཕྲད་བྱས་ནས་འབྲེལ་ལམ་བཟང་དུ་སོང་ཡོད་ནའང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་པ་ཀི་ས་ཐན་དུ་རྟེན་གཞི་བྱས་པའི་འཇིགས་སྐུལ་རིང་ལུགས་ཀྱི་ཚོགས་པ་ Jaish-e-Mohammed ཞེས་པ་དེ་བཀག་སྡོམ་གནང་རྒྱུའི་གྲོས་ཆོད་རིམ་པར་རྒྱ་ནག་གི་འགོག་རྐྱེན་བཟོས་པ་མ་ཟད། འདི་ལོ་དྲག་སྤྱོད་ཚོགས་པ་དེས་ Pulwama ཁུལ་དུ་རྒྱ་གར་གྱི་དམག་མི་ ༤༠ ལྷག་ཙམ་དམར་བསད་བཏང་ཡོད་པར་བལྟོས་མེད་རྒྱ་ནག་གིས་སླར་ཡང་རྒྱལ་ཚོགས་སུ་ཚོགས་པ་དེ་འཇིགས་སྐུལ་རིང་ལུགས་ཚོགས་པ་ཞིག་ཏུ་ངོས་འཛིན་ཡོང་བའི་གྲོས་ཆོད་ལ་ཐེངས་བཞི་པར་འགག་པ་རྒྱབ་ཡོད་རྐྱེན་རྒྱ་དཀར་ནག་གི་འབྲེལ་ལམ་དེ་རྣོ་ངར་རང་བཞིན་དུ་ཆགས་ཡོད་པ་རེད། རྒྱ་གར་གྱི་ Times of India གསར་ཁང་གིས་རྒྱ་གར་གྱི་ངོས་ནས་རྒྱ་ནག་དང་ལྷན་དུ་བཟོ་ལས་འཛུགས་སྐྲུན་གྱི་ཐད་མཉམ་ལས་གནང་འདོད་མེད་པ་དེ་འདྲ་མིན་ནའང་། རྒྱ་གར་གྱིས་ཕན་ཚུན་དབར་གྱི་བཟོ་ལས་འཛུགས་སྐྲུན་གྱི་ལས་གཞི་ཡོད་ཚད་རྒྱལ་སྤྱིའི་སྒྲིག་ཡིག་དང་མཐུན་པའི་ངང་ནས་ཕྱི་གསལ་ནང་གསལ་ཡོད་པ། དཔལ་འབྱོར་ཁོར་རྒྱུགས་ཡོད་པ། རྒྱལ་ཁབ་ཕན་ཚུན་གྱི་བདག་དབང་དང་ས་ཁོངས་ཆིག་སྒྲིལ་ལ་གུས་བརྩི་དགོས་པ་སོགས་ཀྱི་ཆ་རྐྱེན་དགོས་པར་བརྗོད་འདུག གཞི་རྩའི་ CPEC ཞེས་རྒྱ་ནག་དང་པ་ཀི་ས་ཐན་གཉིས་ཀྱི་ཚོང་སྒོ་ས་ཁུལ་དེ་ནི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་དོན་གནད་རང་བཞིན་གྱི་ལས་འཆར་ཞིག་ཏུ་བརྩིས་ཡོད་སྟབས། རྒྱ་གར་གྱིས་རྒྱུད་གཅིག་ལམ་གཅིག་གི་ལས་འཆར་དེར་དགོངས་པ་བཞེས་ཕྱོགས་ལ་བསྐྱར་ཞིབ་གནང་ཐབས་མེད་པ་མ་ཟད། རྒྱ་གར་གཞུང་ནས་རྒྱུད་གཅིག་ལམ་གཅིག་གི་ཚབ་ཏུ་རང་གི་ཁྱིམ་མཚེས་རྒྱལ་ཁབ་ཁག་གཙིགས་འཛིན་གྱི་སྲིད་བྱུས་དང་ act east go west ལྟ་བུའི་སྲིད་བྱུས་བརྒྱུད་ནས་ཕྱིའི་རྒྱལ་ཁབ་ཁལ་ལ་འབྲེལ་ལམ་འཛུགས་ཐབས་བྱེད་པ་དང་། དེ་ནི་རྒྱལ་སྤྱིའི་ཁྲིམས་དང་མཐུན་པ་ཞིག་ཡིན་པའི་ཡིད་ཆེས་བྱེད་བཞིན་ཡོད་པར་བསྒྲགས་འདུག རྩ་བའི་ཕྱི་ལོ་ ༢༠༡༧ ལོར་ཚོགས་པའི་རྒྱུད་གཅིག་ལམ་གཅིག་གི་ཚོགས་འདུ་ཐེངས་དང་པོའི་ཐོག་རྒྱ་གར་དང་འབྲུག་ཡུལ་མ་མཏོགས། རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་ཡོངས་རྫོགས་ཚོགས་འདུར་ཞུགས་ཡོད་པ་དང་། ཐེངས་འདིའི་ཚོགས་འདུ་དེ་ Sri Lanka དང་  Maldives དེ་བཞིན་པ་ཀི་ས་ཐན་སོགས་སུ་སྲིད་བྱུས་འདི་དང་འབྲེལ་བའི་རྙོག་གླེང་གི་རིགས་འགའ་རེ་ཡོད་པའི་དུས་བབ་དང་འཁེལ་གྱི་ཡོད་པ་མ་ཟད། རྒྱ་གར་གྱི་ངོས་ནས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་སྲིད་བྱུས་དེ་ནི་རྒྱ་ནག་གི་མི་སེར་སྤེལ་བའི་སྲིད་བྱུས་གསར་པ་ཤིག་ཡིན་པར་འགྲེལ་བརྗོད་བྱས་ཡོད་པ་རེད།

རྒྱ་གར་མང་ཚོགས་ཚོས་པ་ཀི་སི་ཏན་གྱི་གསར་འགོད་པས་༸གོང་ས་མཆོག་འཇིགས་སྐུལ་བ་Masood Azhar དང་མཚུངས་བསྡུར་བྱས་པར་སྐྱོན་བརྗོད་ནན་པོ་གནང་བ།

ཁ་ཉིན་ཟླ་ ༣ ཚེས་ ༡༣ ཉིན་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་ནས་ལྷན་ཁང་དེའི་སྲིད་དོན་དམ་དྲག་བཀའ་ཆད་ཀྱི་གྲོས་འགོ་ཨང་ ༡༢༦༧ ལག་བསྟར་བརྒྱུད་ Pakistan ནང་ཡོད་པའི་དྲག་སྤྱོད་པ་ Masood Azhar ཞེས་པ་དེ་རྒྱལ་སྤྱིའི་དྲག་སྤྱོད་པ་ཞིག་ཏུ་ངོས་འཛིན་གྱིས་ཉེས་ཆད་ཁག་ཅིག་གཏང་རྒྱུ་བྱས་ཡོད་ཀྱང་། སྐབས་དེར་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་གི་གཏན་འཇགས་ཚོགས་མི་རྒྱལ་ཁབ་རྒྱ་ནག་ནས་གྲོས་གཞི་དེ་ངོས་ལེན་མ་ཞུས་པར་དྲག་སྤྱོད་པ་ Masood Azhar ཞེས་པར་རྒྱབ་སྐོར་བྱས་ཡོད་པ་རེད། རྒྱ་ནག་གི་ Masood Azhar ལ་རྒྱབ་སྐྱོར་བྱེད་དོན་ལས་འཕྲོས་ནས་ཁ་སང་པ་ཀི་སི་ཏན་གྱི་གསར་འགོད་པ་རྒན་གྲས་ Hamid Mir ཡིས་འཕྲུལ་སྒྲ་ཐོག་རྒྱ་ནག་གིས་ Masood Azhar དང་འབྲེལ་བའི་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་གི་གྲོས་གཞི་ལ་ངོ་ལན་ཞུས་མེད་པའི་རྒྱུ་མཚན་གསལ་པོ་རེད། རྒྱ་གར་གྱིས་རྒྱ་ནག་གི་དགྲ་བོ་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་ལོ་ངོ་བཅུ་ཕྲག་མང་པོའི་རིང་ནས་འཚོ་སྣོན་སྦྱོར་བཞིན་པས་རེད་ཅེས་དང་། ༸གོང་ས་མཆོག་དྲག་སྤྱོད་པ་ Masood Azhar དང་མཚུངས་བསྡུར་བྱས་ཡོད། ཁོང་གིས་མཚུངས་བསྡུར་བྱས་པའི་བརྗོད་བྱའི་ཐད་ནས་རྒྱ་གར་གྱི་གནད་ཡོད་མི་སྣ་དང་གསར་འགོད་པ། དེ་བཞིན་མང་ཚོགས་བཅས་ཀྱིས་སེམས་ཚོར་ཆེན་པོས་པ་ཀི་སི་ཏན་གྱི་གསར་འགོད་པ་ Hamid Mir ཡིས་འཛམ་གླིང་ཞི་བདེའི་དེད་དཔོན་ཞིག་འཇིགས་སྐུལ་བ་དང་མཚུངས་བསྡུར་བྱས་པ་དེས་པ་ཀི་སི་ཏན་རྒྱལ་ཁབ་ཀྱི་རང་མདོག་ངོ་མ་དེ་བཏོན་ཡོད་པ་མ་ཟད་གསར་འགོད་པ་ཞིག་ནས་དེ་ལྟར་བྱས་པ་དེ་འུ་ཐུག་ཐབས་ཟད་དང་། གོད་བྲོ་བའི་བྱེད་སྟངས་ཤིག་རེད་ཅེས་སྐྱོན་བརྗོད་དང་ཁ་རྡུང་ནན་པོ་བཏང་འདུག རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་ Padma Bhushan བཞེས་མྱོང་མཁན་སྐུ་ཞབས་ David Frawley ལགས་ཀྱིས་རྒྱ་ནག་གིས་ཞི་བདེ་ལ་དགའ་བ་༸གོང་ས་མཆོག་དང་བོད་མིའི་ཐོག་དྲག་གནོན་དང་། དྲག་སྤྱོད་ལ་དགའ་བ་ Masood Azhar ལ་རྒྱབ་སྐྱོར་བྱེད་བཞིན་པ་དེ་ནི་རྒྱ་ནག་གི་བཅོས་མའི་ཐབས་བྱུས་ཤིག་རེད་ཅེས་གསུངས་འདུག དེ་བཞིན་ NDTV གསར་ཁང་གི་གསར་འགོད་པ་རྒན་པ་ Vikram Chandra ལགས་ཀྱིས་རང་ཉིད་ཀྱི་འཕྲུལ་སྒྲ་འམ་ Tweeter ཐོག་ང་ཚོ་རྒྱ་གར་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱབ་སྐྱོར་ཞུ་བཞིན་པ་དེར་སྤོབས་པ་ཆེན་པོ་ཡོད། པ་ཀི་སི་ཏན་གྱི་འཇིགས་སྐུལ་བ་ Masood Azhar ལ་རྒྱབ་སྐྱོར་བྱེད་བཞིན་དེ་ནི་རྒྱལ་སྤྱིའི་ཐོག་ངོ་ཚ་དགོས་པའི་གནས་གཤིས་ལས་མ་འདས་པ་སོགས་གསུངས་འདུག དེ་རིང་བཞུགས་སྒར་དུ་གཞུང་འབྲེལ་གསར་འགོད་ལྷན་ཚོགས་ཐོག་གསར་འགོད་པ་ཞིག་གིས་གནད་དོན་དེ་དང་འབྲེལ་ བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་བཀའ་འདྲི་ཞུས་པར་ཁོང་གིས་པ་ཀི་སི་ཏན་གྱི་གསར་འགོད་པས་མཚུངང་བསྡུར་བྱས་པ་དེ་ནི་དོན་མེད་བྱབ་ཆུང་གི་བྱ་སྤྱོད་ཅིག་རེད་ཅེས་གསུངས་ཡོད།

བོད་ཕྲུག་ཞིག་ཡིན་ཚེ་ལོ་ནའི་བབས་ཀྱི་ཁྱད་པར་མེད་པར་སྐྱབས་བཅོལ་ལག་དེབ་གསར་བཟོ་བྱེད་དགོས།

རྒྱ་གར་ནང་སྐྱེས་མིན་ལ་ལྟོས་མེད་བོད་ཕྲུག་ཞིག་ཡིན་ཕྱིན་ཆད་ལོ་ནའི་བབས་ཀྱི་ཁྱད་པར་གང་ཡང་མེད་པར་སྐྱབས་བཅོལ་ལག་དེབ་འམ་ RC གསར་བཟོ་བྱེད་དགོས་པ་ཡོངས་བསྒྲགས་གནང་འདུག ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢༥ ཉིན་རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུངས་ནས་རྒྱ་གར་ནང་གནས་སྡོད་བྱེད་མཁན་གྱི་བོད་རིགས་ཡིན་ཕྱིན་ཆད་ལོ་ནའི་བབས་ཀྱི་ཁྱད་པར་གང་ཡང་མེད་པར་རྒྱ་གར་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་བཟོ་དགོས་པའི་སྲིད་བྱུས་གསར་པའི་བཀའ་རྒྱ་དབུས་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་སུ་འབྱོར་དོན་ལྟར་ཉེ་ལམ་ཟླ་ ༢ ཚེས་ ༡༡ ཉིན་བདེ་སྲུང་ལས་ཁུངས་ནས་རྒྱ་གར་ནང་ཡོད་པའི་བོད་པའི་ས་གནས་འགོ་འཛིན་ཁག་གི་ལས་ཁུངས་བརྒྱུད་བོད་ཕྲུག་ཚོས་སྐྱབས་བཅོལ་ལག་དེབ་བཟོ་དགོས་པའི་བཀའ་རྒྱ་ཞིག་གནང་ཡོད་པ་རེད། ཕྲུ་གུ་ཚོའི་སྐྱབས་བཅོལ་ལག་དེབ་བཟོ་བར་དགོས་ངེས་ཆ་རྐྱེན་དང་གསར་བཟོའི་བརྒྱུད་རིམ་ནི་རྒྱ་གར་གྱི་ས་གནས་གང་རུང་ཞིག་ཏུ་སྐྱེས་པའི་སྐྱེས་ཚེས་ལག་ཁྱེར་དང་ཕ་མའི་སྐྱབས་བཅོལ་ལག་ཁྱེར། དེ་བཞིན་ཕྱེད་པར་གཅིག་བཅས་ཚང་ཐོག་ཁ་བྱང་རྩ་འཛིན་གྱི་ཆེད་ས་གནས་འགོ་འཛིན་གྱི་ལས་ཁུངས་དང་བདེ་སྲུང་ལས་ཁུངས་བཅས་ནས་རྒྱབ་གཉེར་གནང་བའི་ཡི་གེ་བསྣམས་ཏེ་ཉེན་རྟོག་ལས་ཁུངས་སུ་ཡིག་ཆར་ཞིབ་བཤེར་གནང་ཕྱིར་ཆེད་བསྐྱོད་ཀྱིས་དྲྭ་ཐོག་ནས་དེབ་སྐྱེལ་གནང་དགོས་པ་དང་། ནམ་ཞིག་སྐྱབས་བཅོལ་ལག་དེབ་གྲུབ་མཚམས་སུ་རང་ཉིད་ཀྱི་གློག་འཕྲིན་བརྒྱུད་འབྱོར་གྱི་ཡོད་པ་རེད་འདུག དྷ་ས་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལགས་ཀྱིས་བོད་མིའི་སྐྱབས་བཅོལ་ལག་དེབ་དང་འབྲེལ་བའི་དཀའ་ངལ་ཞུ་བར་ཡོང་མཁན་མང་དག་ཅིག་ཡོད་སྐོར་གསུངས་པ་དང་། དེ་དག་ལས་བལ་ཡུལ་ནས་ཡིན་པ་གང་ཞིག་སྐྱབས་བཅོལ་ལག་དེབ་མེད་མཁན་བོད་རིགས་ཁྱོན་ ༥༠༠ ཙམ་ལ་སྐྱབས་བཅོལ་ལག་དེབ་ཞུས་ཟིན་ཡོད་པ་མ་ཟད། སྐྱབས་བཅོལ་ལག་དེབ་མེད་མཁན་བོད་རིགས་ཁག་ཅིག་ཡོང་བཞིན་ཡོད་པ་ལྟར་དེ་དག་གི་ཐོ་གཞུང་བསགས་ནས་རིམ་བཞིན་བཟོ་རྒྱུར་འབད་མུས་ཡིན་པ་གསུངས་ཡོད། རྩ་བའི་རྒྱ་གར་དུ་གནས་པའི་བོད་མི་ཚོས་སྐྱབས་བཅོལ་ལག་དེབ་ཀྱི་དུས་འགྱངས་དེ་ལོ་རེར་ཐེངས་གཅིག་ཞུ་དགོས་ཀྱི་ཡོད་པ་དེ་ལྟར་ཡང་ཉེ་ལམ་ལོ་ཤས་ནས་བཟུང་ས་གནས་ཁག་ཅིག་གི་ནང་ལོ་ལྔ་རེའི་མཚམས་སུ་དུས་འགྱངས་ཞུ་དགོས་པ་གསར་བཟོ་གནང་ཡོད་པ་མ་ཟད། རྒྱ་གར་གཞུང་གིས་སྐྱབས་བཅོལ་ལག་དེབ་དུས་ཐོག་ཏུ་དུས་འགྱང་མ་ཞུས་ཚེ་ཨ་སྒོར་ ༣༠༠ ནས་ ༥༠༠ བར་ཉེས་ཆད་བསྐྱེལ་རྒྱུར་ཐག་གཅོད་གནང་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་རེད། དྷ་ས་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལགས་ཀྱིས་དྷ་སའི་ཁུལ་གྱི་བོད་མི་ ༧༠ ཙམ་ནས་རྒྱ་གར་གཞུང་གི་སྐྱབས་བཅོལ་ལག་དེབ་དུས་འགྱངས་ཀྱི་ཉེས་ཆད་དེ་ཆེ་དྲགས་པས་ཉེས་ཆེད་ཆག་ཡང་ཡོང་བའི་ཞུ་སྙན་ཕུལ་ཡོད་སྟབས་ས་གནས་འགོ་འཛིན་ལས་ཁུངས་ནས་ངལ་སེལ་སླད་བདེ་སྲུང་ལས་ཁུངས་ཀྱི་དྲུང་ཆེར་སྙན་སེང་ཞུས་ཡོད་སྐོར་གསུངས་ཡོད། གཞི་རྩའི་དྷ་ས་ས་གནས་ཁུལ་དུ་ད་བར་ས་གནས་རང་ནས་ཡིན་པའི་བོད་རིགས་ ༩༥༠༠ ལྷག་ཙམ་དང་ས་གནས་གཞན་གྱི་སྐྱབས་བཅོལ་ལག་དེབ་ཡོད་པ་གང་ཞིག་དྷ་སའི་ཁུལ་དུ་བཞུགས་ཞག་གནང་མཁན་གྱི་གྲངས་འབོར་ ༡༥༠༠ མ་ཟིན་ཙམ་ཞིག་ལ་སྐྱབས་བཅོལ་ལག་དེབ་ཡོད་པ་རེད་འདུག

རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཟུར་པ་སྐུ་ཞབས་ཇོར་ཇི་ཕར་ནན་ཌི་སི་མཆོག་ལ་མྱ་ངན་རྗེས་དྲན་ཞུས་པ།

ཁ་སང་སྔ་དྲོ་རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཟུར་པ་དང་སྐུ་ཞབས་ George Fernandes མཆོག་དགུང་གྲངས་ ༨༨ ཐོག་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་མ་ཐག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱ་ཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་དབུས་པའི་ལྡི་ལི་ཁུལ་གྱི་བོད་མི་ཚོས་དམ་པ་ཁོང་གི་གཟིམ་ཤག་ཏུ་ཆེད་ཕེབས་ཀྱིས་ཁོང་གི་ནང་མི་སྐུ་འཁོར་ལྷན་རྒྱས་ལ་ཐུགས་གསོ་དང་། དམ་པ་དེ་ཉིད་ཀྱིས་རྒྱུན་རིང་ནས་བོད་དོན་ཐོག་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གང་འོས་གནང་བར་བཀྲིན་རྗེས་དྲན་ཞུས་ཡོད་པ་མ་ཟད་ཚོགས་གཞོན་མཆོག་གིས་དབུས་པའི་བོད་མི་དེ་དག་ནས་དམ་པ་ཁོང་གི་སླད་དུ་བསྔོ་སྨོན་གསུང་འདོན་གནང་ཡོད།རླུང་འཕྲིན་ཁང་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱ་ཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ལ་བོད་མི་ཚོས་དམ་པ་ཁོང་ལ་དམིགས་བསལ་གྱི་བཀྲིན་རྗེས་དྲན་དང་གུས་བརྩེ་ཞུ་དགོས་དོན་གང་ཡིན་ཐད་ལ་བཀའ་འདྲི་ཞུས་པར་སྐུ་ཞབས་ཇོར་ཇི་ཕར་ནན་ཌི་སི་མཆོག་ནི་ཆབ་སྲིད་ཀྱི་དབང་ཆ་ཡོད་མེད་ལ་ལྟོས་མེད་བོད་མིར་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་མཁན་དང་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དང་པོ་ཚོགས་སྐབས་སྔ་ཕྱིར་རྒྱབ་སྐྱོར་གནང་མཁན་གྱི་དོན་དམ་པའི་བོད་དོན་རྒྱབ་སྐྱོར་བ་ཞིག་ཡིན་པ་སོགས་ངོ་སྤྲོད་གནང་སོང་།ཤེས་རྟོགས་བྱུང་བར་སང་ཉིན་སྔ་དྲོ་དམ་པ་ཁོང་གི་གཟིམ་ཤག་ཏུ་ཡི་ཤུའི་ལུགས་ཀྱི་ཐོག་ནས་མཆོད་འབུལ་གནང་རྒྱུ་དང་། ཉིན་རྒྱབ་ཚོུད་ ༣ སྟེང་སྐུ་ཕུང་ཞུགས་འབུལ་གནང་རྒྱུ་ཡིན་པ་མ་ཟད་གནངས་ཉིན་ཚེས་ ༡ ཉིན་སྤུར་ཐལ་དེ་ཡི་ཤུའི་ལུགས་ལྟར་སར་སྦས་གནང་རྒྱུ་བཅས་ཐུགས་གཏན་ཁེལ་ཡོད་པ་ལྟར། ལྡི་ལི་ཁུལ་གྱི་བོད་མི་ཚོས་དམ་པ་དེའི་འདས་མཆོད་ཀྱི་མཛད་རིམ་དེ་དག་ཐོག་མུ་མཐུད་ལྷན་ཞུགས་གནང་གི་འདུགདེ་བཞིན་དེ་རིང་ཉིན་རྒྱབ་ཚོུད་ ༢ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་བཀའ་ཤག་གི་ཚོགས་ཁང་གསར་པར་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སྲི་ཞུ་ལས་བྱེད་ཡོངས་ནས་བདེ་སྲུང་བློན་ཆེན་ཟུར་པ་དམ་པ་ཁོང་ལ་མྱ་ངན་གུས་བཏུད་ཞུ་ཕྱིར་ལྷན་འཛོམས་ཀྱིས་བསྔོ་སྨོན་གསུང་འདོན་གནང་བ་མ་ཟད། སྐབས་དེར་སྲིད་ཚབ་ཆོས་རིག་བཀའ་བློན་མཆོག་གིས་དམ་པ་ཁོང་ནི་བོད་ལ་དུས་འགྱུར་བྱུང་བ་ནས་བཟུང་བོད་དོན་ཐོག་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་བ་མ་ཟད་ཕྱི་ལོ་ ༡༩༩༤ ལོར་རྒྱལ་ས་ལྡི་ལིར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དང་པོ་བསྐོང་ཚོགས་གནང་ཡོད་པ་སོགས་ངོ་སྤྲོད་གནང་བ་དང་སྦྲགས། དམ་པ་ཁོང་སྐུ་ཚེ་མ་ཟིན་པ་ནི་འཕགས་བོད་གཉིས་ཀར་གྱོང་གུད་ཆེན་པོ་ཕོག་ཡོད་པ་གསུངས་ཡོད། དེ་རྗེས་དབུས་ལས་ཁུངས་ཁག་ནས་ལས་མཚམས་བཞག་ཡོད་པ་རེད། རྒྱལ་ས་ལྡི་ལིར་སྐུ་ཞབས་ཇོར་ཇི་ཕར་ནན་ཌི་སི་མཆོག་ལ་མྱ་ངན་རྗེས་དྲན་ཞུས་པའི་སྒྲ། བཞུགས་སྒར་དུ་སྐུ་ཞབས་ཇོར་ཇི་ཕར་ནན་ཌི་སི་མཆོག་དགོངས་པ་རྫོགས་པར་གཞུང་འབྲེལ་མཆོད་འབུལ་གནང་བའི་སྒྲ།

རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཟུར་པ་སྐུ་ཞབས་ཇོར་ཇི་ཕར་ནན་ཌི་སི་མཆོག་ལ་ཐུགས་གསོ་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཟླ་ ༡ ཚེས་ ༢༩ ཉིན་སྔ་དྲོ་རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཟུར་པ་དང་རྒྱ་གར་ཆབ་སྲིད་ཚོགས་པ་ Samata Party སྲོལ་གཏོད་པ་པོ་སྐུ་ཞབས་ George Fernandes མཆོག་དགུང་གྲངས་ ༨༨ ཐོག་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་དམ་པ་ཁོང་གི་སྐུ་ཟླ་ལྕམ་ Leila kabir ལགས་ཀྱི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་འདུགཐུགས་གསོའི་གསུང་འཕྲིན་དེའི་ནང་༸གང་ཉིད་མཆོག་གིས་སྐུ་ཞབས་ཇོར་ཇི་ཕར་ནན་ཌེ་སི་མཆོག་ནི་རྒྱུན་རིང་ནས་བོད་ཀྱི་འཐབ་རྩོད་ཐོག་ལ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་མཁན་གྱི་གྲོགས་པོ་བརྟན་པོ་དང་། ཁོང་སྐུ་འཚོ་བཞུགས་སྐབས་སུ་གོ་སྐབས་དང་དུས་ཚོད་ནམ་བྱུང་ལ་བོད་ཀྱི་གནད་དོན་གཙོ་བོར་གྱུར་པའི་བོད་དོན་ལྟར་དཀའ་ངལ་འཕྲད་བཞིན་པའི་མི་སེར་རྣམས་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་བཀའ་བསྩལ་འདུགམགོན་པོ་༸གང་ཉིད་མཆོག་གིས་སྐུ་ཞབས་ཇོར་ཇི་ཕར་ནན་ཌི་སི་མཆོག་ནི་རྒྱུན་དུ་རང་ཉིད་ཀྱི་ཕྱག་ལས་ནན་ཏན་ཐོག་ཕྱི་ནང་གི་བགེགས་རྐྱེན་ཡོངས་ལ་གདོང་ལེན་གནང་སྟེ་མི་སེར་དགོས་མཁོ་ཅན་རྣམས་ལ་རོགས་རམ་གང་ཐུབ་གནང་མཁན་ཞིག་ཡིན་པ་དང་། དམ་པ་ཁོང་ཆབ་སྲིད་ཀྱི་ཕྱག་ལས་ནས་དགོངས་ཞུ་གནང་རྗེས་སྔ་རྫེས་སུ་༸གང་ཉིད་མཆོག་དང་མཇལ་འཕྲད་ཡང་ཡང་བྱུང་ཡོད་པ་སོགས་དྲན་གསོ་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་དང་སྐུ་ཞབས་ཇོར་ཇི་ཕར་ནན་ཌི་སི་མཆོག་ཆོས་ལུགས་ཀྱི་ཆ་ནས་ཐ་དད་ཡིན་ཀྱང་། མགོན་པོ་༸གང་ཉིད་མཆོག་ནང་པ་ཞིག་ཡིན་པའི་ཆ་ནས་དམ་པ་ཁོང་སྐྱེ་བ་མྱུར་དུ་བཞེས་ཏེ་སླར་ཡང་རང་རྒྱལ་ཁབ་དང་ལྷག་པར་དུ་ཆེས་དམིགས་བསལ་གྱི་ཞབས་ཞུ་གནང་དགོས་པ་དག་ལ་སྤྱི་སྨན་གྱི་ཞབས་འདེབས་ཞུ་ཐུབ་པའི་གདེང་སྤོབས་ཡོད་ཅེས་བཀའ་བསྩལ་འདུག གཞི་རྩའི་སྐུ་ཞབས་ George Fernandes དམ་པ་མཆོག་ནི་ཕྱི་ལོ་ ༡༩༣༠ ལོར་རྒྱ་གར་ལྷོ་ཕྱོགས་ Manglore གྲོང་ཁྱེར་དུ་སྐུ་འཁྲུངས་ཤིང་། སྐུ་འཚོ་བཞུགས་རིང་ལ་སྤྱི་ཚོགས་ཞབས་ཞུ་དང་རྒྱ་གར་གྱི་གྲོས་འཐུས་མི་སྐབས་ ༩ གནང་ཡོད་པ་མ་ཟད། རྒྱ་གར་གྱི་བཟོ་ལས་བློན་ཆེན། མེ་འཁོར་འགྲིམ་འགྲུལ་བློན་ཆེན། དེ་བཞིན་ཕྱི་ལོ་ ༡༩༩༩ ལོར་རྒྱ་གར་དང་ Pakistan དབར་བྱུང་བའི་ Kargil དམག་གི་སྐབས་སུའང་རྒྱ་གར་བདེ་སྲུང་བློན་ཆེན་སོགས་ཀྱི་ཐུགས་འགན་བཞེས་མྱོང་ཡོད་པ་རེད། ཁོང་བདེ་སྲུང་བློན་ཆེན་གནང་བའི་སྐབས་སུ་ཁོང་ནས་རྒྱ་གར་གྱི་དགྲ་བོ་ཨང་དང་པོ་ནི་རྒྱ་ནག་རེད་ཅེས་གསུངས་ཡོད་པ་དང་། དེ་ནི་རྒྱ་གར་གཞུང་གི་བློན་ཆེན་ཞལ་ནས་གསུངས་པ་ཆེས་ཐོག་མ་ཆགས་ཀྱི་ཡོད་རེད། དམ་པ་ཁོང་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་དམིགས་བསལ་གྱི་ཐུགས་ཉེ་པོ་ཡོད་མཁན་ཞིག་དང་། འདས་པའི་ལོ་ངོ་བཞི་ཙམ་གྱི་གོང་ནས་དམ་པ་ཁོང་སྙུང་གཞི་བཞེས་ཡོད་སྟབས་སྨན་བཅོས་ཀྱི་གནང་སྒོ་ཁག་གནང་བཞིན་པའི་སྐབས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁོང་གི་བཞུགས་གནས་སུ་ཆེད་ཕེབས་ཀྱིས་མཇལ་འཕྲད་དང་ཐུགས་སྨོན་སོགས་གནང་ཡོད་པ་མ་ཟད། དེ་སྔ་ཕྱི་ལོ་ ༢༠༡༥ ལོར་རྒྱལ་ས་ལྡི་ལིར་ཚོགས་པའི་ཨེ་ཤ་ཡའི་མང་གཙོ་གོང་འཕེལ་དང་འབྲེལ་བའི་ལྷན་ཚོགས་ཐོག་སྐུ་ཞབས་ George Fernandes དམ་པ་མཆོག་གི་མཛད་རྗེས་ལ་ཆེ་བསྟོད་གནང་ཡོད་པ་དང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་ནས་དམ་པ་ཁོང་དང་མཇལ་འཕྲད་ནམ་གནང་མཛད་ཀྱང་ ཁོང་གིས་བོད་ཀྱི་གནད་དོན་གླེང་སློང་གནང་གི་ཡོད་པ་དང་། རང་ཉིད་ཀྱི་ཡིད་ཆེས་ཡོད་པའི་ཕྱག་ལས་དེ་ལྷག་བསམ་རྣམ་དག་གི་ཐོག་ནས་གནང་མཁན་ཞིག་ཡིན་པ་སོགས་ཀྱི་ཆེ་བསྟོད་མཛད་ཡོད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ཀྱང་སྐུ་ཞབས་དམ་ George Fernandes མཆོག་དགོངས་པ་རྫོགས་པར་ཐུགས་གསོ་དང་སྦྲགས། དམ་པ་ཁོང་ནི་རྒྱ་གར་གཞུང་གི་སྲི་ཞུ་བའི་ཕྱག་ལས་གནང་སྐབས་དང་། ཕྱིས་སུ་བགྲེས་ཡོལ་གནང་རྗེས་བོད་དོན་ཐོག་རྒྱབ་སྐྱོར་དང་གླེང་སློང་ཤུགས་ཆེ་གནང་མཁན་ཞིག་ཆགས་ཡོད་པ་སོགས་འགྲེལ་གསུངས་པ་དང་ཆབས་ཅིག དམ་པ་ཁོང་འདས་གྲོངས་སུ་གྱུར་བ་དེ་ནི་བོད་མི་ཚོར་མཚོན་ན་བོད་ཀྱི་རླབས་ཆེན་གྱི་གྲོགས་པོ་ཞིག་མེད་པར་གྱུར་བ་རེད་ཅེས་གསུངས་འདུག

རྒྱ་གར་གྱི་ན་གཞོན་རྣམས་ནས་ནཱ་ལེནྡཱི་རིག་གནས་ཐོག་དམིགས་བསལ་དོ་སྣང་གནང་དགོས།

དེ་རིང་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་རྒྱ་གར་ན་གཞོན་བོད་དོན་ཉམས་ཞིབ་པའི་ཚོགས་འདུ་ཐོག་བཅར་བའི་རྒྱ་གར་གྱི་ན་གཞོན་ཉམས་ཞིབ་པ་རྣམས་ལ་མཇལ་ཁ་དང་བཀའ་སློབ་བཀའ་དྲིན་བསྩལ་ཡོད་པ་རེད། སྐབས་དེར་མགོན་པོ་༸གང་ཉིད་མཆོག་ནས་རྒྱ་གར་ནས་དར་བའི་དཔལ་ནཱ་ལེནྡཱི་རིག་གནས་དེ་དག་ཆོས་ཀྱི་གནད་དོན་ཙམ་མིན་པར་རིག་གནས་དེ་དག་ལས་གསུངས་པའི་སེམས་ཁམས་རིག་པའི་རྣམ་གཞག་དང་། འཚེ་བ་མེད་པའི་ལྟ་གྲུབ། དེ་བཞིན་འགྲོ་བ་མིའི་སེམས་ཚོར་དྲག་པོ་ལ་གདོང་ལེན་གནང་སྟངས་སོགས་ནི་དེང་གི་དུས་སྐབས་འདིར་ཤིན་ཏུ་གནད་ཆེ་དང་བེད་སྤྱོད་ཡོད་པ་སོགས་ངོ་སྤྲོད་མཛད་པ་དང་སྦྲགས། རྒྱ་གར་གྱི་ན་གཞོན་རྣམས་ནས་རང་ཉིད་ཀྱི་ཕ་ཡུལ་ནས་དར་བའི་རིག་གནས་དེ་དག་ཐོག་དོ་སྣང་དམིགས་བསལ་གནང་སྟེ་བེད་སྤྱོད་ཐུབ་པ་ཞིག་གནང་དགོས་ཞེས་བཀའ་བསྩལ་འདུགམགོན་པོ་༸གང་ཉིད་མཆོག་ནས་ད་ལྟའི་ཆ་ལ་ནཱ་ལེནྡཱི་རིག་གནས་དེ་དག་ཐོག་མར་དར་ཡུལ་རྒྱ་གར་གར་ཕགས་པའི་ཡུལ་དང་ནང་པ་མང་པོ་ཡོད་ས་རྒྱ་ནག་ལྟ་བུའི་རྒྱལ་ཁབ་ནས་ཀྱང་བདག་གཅེས་དེ་ཙམ་གནང་ཐུབ་མེད་ཀྱང་། བོད་པའི་ངོས་ནས་རིག་གནས་དེ་དག་བདག་གཅེས་གནང་བ་ཙམ་མ་ཟད་ལོ་ངོ་ ༣༠ ལྷག་གི་རིང་ལ་རྒྱལ་སྤྱིའི་ཚན་རིག་མཁས་པ་དང་གྲོས་མོལ་གནང་འབྲས་སུ་ཕྱོགས་གཉིས་དབར་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་ཅེས་བཀའ་བསྩལ་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་བསྩལ་གྲུབ་མཚམས་སུ་ན་གཞོན་ཉམས་ཞིབ་པ་ཁག་གཅིག་ནས་བོད་དོན་དང་འབྲེལ་བའི་གནད་དོན་གང་གི་ཐོག་ལ་ཉམས་ཞིབ་གནང་ན་དགེ་མཚན་ཆེ་བ་ཡོད་མེད་དང་། ནང་ཆོས་ཀྱི་ཐོག་ནས་མ་འོངས་པའི་འཛམ་བུ་གླིང་ལ་ཕན་ཐོགས་གང་འདྲ་བསྒྲུབ་ཐུབ་མིན་སོགས་ཀྱི་བཀའ་འདྲི་དགོངས་སྐོར་ཞུས་ཡོད་པ་རེད། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དེ་དག་གིས་བོད་མི་ཚོར་དམིགས་བསལ་གྱི་གདེང་ཚོད་དང་སེམས་ཤུགས་འཕར་མ་བསྐྲུན་ཐུབ་ཡོད་སྟབས། ད་བར་བོད་མི་ཚོར་ཆབ་སྲིད་ཀྱི་དཀའ་ངལ་དང་ལྷག་པར་དུ་རྒྱ་ནག་གཞུང་ནས་དངུལ་དང་བསམ་བློའི་སློབ་གསོ་ག་ཚོད་སྤྲད་ཀྱང་བོད་མིའི་སྙིང་སྟོབས་ཞུམ་པ་མེད་པར་གནས་ཐུབ་ཡོད་ཅེས་བཀའ་བསྩལ་བ་དང་འབྲེལ་ནས་བོད་པའི་རིག་གནས་དེ་དག་གི་གཞི་རྩ་གཙོ་བོ་གཅིག་ནི་ནཱ་ལེནྡཱི་རིག་གནས་ཡིན་པས་དེའི་ཐོག་ཉམས་ཞིབ་མང་ཙམ་གནང་དགོས་པར་བཀའ་ལན་མཛད་ཡོད།༸གང་ཉིད་མཆོག་གིས་རྒྱུན་དུ་ནང་ཆོས་འདི་ནང་པའི་ཆོས་དང་ནང་པའི་ཚན་རིག དེ་བཞིན་ནང་པའི་ལྟ་གྲུབ་བཅས་དབྱེ་བ་གཙོ་བོ་གསུམ་ལ་ཕྱེ་གནང་གི་ཡོད་པ་ལྟར་ནང་པའི་ཚན་རིག་དང་ནང་པའི་ལྟ་གྲུབ་གཉིས་ཀྱི་ནང་ལ་གཙོ་བོ་སེམས་ཀྱི་རྣམ་གཞག་དང་ཚན་རིག་གི་རྣམ་གཞག་སྐོར་གསུངས་ཡོད་པར་བརྟེན་བར་སྐབས་ཤིག་ནས་བོད་པའི་དགོན་སྡེ་གྲྭ་ཚང་དང་། ཉེ་དུས་ནས་རྒྱ་གར་གྱི་ཤེས་ཡོན་ལྟེ་གནས་ཁག་གཅིག་ཏུ་སློབ་ཚན་གྱི་ངོ་བོར་གཏན་འབེབས་གནང་ཡོད་པ་སོགས་བཀའ་བསྩལ་དང་སྦྲགས། གང་ཟག་སུ་འདྲ་ཞིག་ཡིན་རུང་དེ་གཉིས་ཐོག་སློབ་གཉེར་གནང་རྒྱུ་དང་མང་ཚོགས་སྤྱི་ལ་ཕན་ཐོགས་ཡོད་པ་ཞིག་རེད་ཅེས་བཀའ་ནན་བསྩལ་ཡོད། གཞན་ཡང་སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རབས་ཉེར་གཅིག་འདིའི་ཐོག་ང་ཚོས་ཕྱོགས་ཡོངས་ཀྱི་གནས་སྟངས་ལ་དགོངས་པ་བཞེས་དགོས་གནད་ཡིན་པ་མ་ཟད། ང་དང་ཁྱོད་ཅེས་ཕན་ཚུན་དབར་རིམ་པ་གཉིས་པའི་ཐོག་ནས་ངལ་བ་དེ་དག་འཕྲད་བཞིན་ཡོད་སྟབས་དེ་ནི་འཁྲུག་རྩོད་ཀྱི་གཞི་རྩ་ཡིན་པ་སོགས་བཀའ་བསྩལ་བ་དང་འབྲེལ། ང་ཚོ་བོད་མི་ཚོས་ཀྱང་རྒྱ་ནག་དང་བོད་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་ལ་བསམ་བློ་བཏང་ནས་རྒྱ་ནག་དང་ཁ་བྲལ་རྩོད་ཀྱི་མེད་པ་དང་། ང་ཚོས་རང་སྲིད་རང་སྐྱོང་གི་གནས་བབས་རྩོད་བཞིན་པ་དེ་རྒྱ་ནག་རང་ཉིད་ཀྱི་རྩ་ཁྲིམས་ནང་ལའང་གསལ་ཡོད་པས་ཁྲིམས་འགལ་གྱི་བྱ་སྤྱོད་གང་ཡང་མིན་་སྐོར་བཀའ་བསྩལ་ཡོད།ལྷག་དོན་ད་ལྟའི་ཆར་རྒྱ་ནག་རང་གི་ནང་དུ་དཀའ་ངལ་གཙོ་བོ་འཕྲད་བཞིན་པ་ནི་དབང་ཆ་གཅིག་བསྡུས་རིང་ལུགས་ཀྱི་ལམ་ལུགས་ཡིན་པ་དང་། ལམ་ལུགས་དེ་ད་ལྟའི་རྒྱལ་སྤྱིའི་གནས་བབས་ཐོག་ནས་དུས་ཚོད་ཡོལ་ཟིན་པའི་ལམ་ལུགས་ཤིག་རེད་ཅེས་ལམ་སྟོན་མཛད་ཡོད།

རྒྱ་གར་དུ་ཕྱིར་ཕེབས་ཐུབ་ཐབས་སུ་རྒྱ་གར་གཞུང་དང་འབྲེལ་བ་གནང་བཞིན་པ།

གྲུབ་བརྒྱུད་བསྟན་པའི་གསལ་བྱེད་༸དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཚོགས་པའི་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་ ༣༦ པ་མཇུག་སྒྲིལ་དང་བསྟུན། སྐབས་དེར་ཕེབས་པའི་སྨོན་ལམ་གྱི་ཚོགས་མགོན་༸རྒྱལ་བའི་རྒྱལ་ཚབ་གོ་ཤྲཱི་རིན་པོ་ཆེ་མཆོག་གིས་དབུས་པའི་མཁན་བླ་སྤྲུལ་དང་དགེ་བཤེས། དེ་བཞིན་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཡོངས་ལ་དྲྭ་ཐོག་བརྒྱུད་གསུང་འཕྲིན་ཞིག་བསྩལ་འདུགགསུང་འཕྲིན་དེའི་ནང་རིན་པོ་ཆེ་མཆོག་གིས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་དེ་བཀའ་བརྒྱུད་པའི་ལོ་གཅིག་དུས་གཅིག་གི་ཆོས་ཕྱོགས་བྱ་བ་གལ་ཆེ་ཞིག་ཆགས་ཀྱི་ཡོད་ཀྱང་། རིན་པོ་ཆེ་༸གང་ཉིད་མཆོག་སྔ་ལོ་དང་འདི་ལོའི་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ཐོག་དངོས་སུ་ཕེབས་མ་ཐུབ་པ་དེར་ཐུགས་ཕམ་ཆེན་པོའི་ཐོག་ནས་མང་ཚོགས་ཡོངས་ལ་དགོངས་སེལ་ཞུས་པ་དང་ཆབས་ཅིག སྤྱིར་རིན་པོ་ཆེ་མཆོག་སྔ་ལོའི་ཕྱི་ཟླ་བཅུ་པའི་ནང་རྒྱ་གར་དུ་ཕྱིར་ཕེབས་གནང་སྟེ་༸གོང་ས་མཆོག་གི་ཞལ་མཇལ་ཞུ་རྒྱུ་དང་རྒྱ་གར་གཞུང་གི་དཔོན་རིགས་ཚོ་དང་མཇལ་འཕྲད་ཐོག་ནས་བཀའ་མོལ་གནང་རྒྱུར་འབད་བརྩོན་གནང་ཡོད་ཀྱང་། རིན་པོ་ཆེ་མཆོག་ནས་ Dominica རྒྱལ་ཁབ་ཀྱི་མི་སེར་བཞེས་ཡོད་སྟབས་རྒྱ་གར་གཞུང་ནས་གནང་བའི་ IC ལག་དེབ་སེར་པོ་དེ་རང་བཞིན་གྱིས་ནུས་མེད་ཆགས་པ་དང་འབྲེལ། ཨ་རིའི་ས་གནས་ New York ནང་རྟེན་གཞི་བྱས་པའི་རྒྱ་གར་གཞུང་ཚབ་ཁང་ལ་འཕྲལ་མར་འབྲེལ་བ་གནང་ཡོད་ཀྱང་། གནད་དོན་དེ་འབྲེལ་ལྡི་ལིར་རྟེན་གཞི་བྱས་པའི་དབུས་ལས་ཁུངས་ལ་འབྲེལ་བ་གནང་དགོས་སྐོར་ལམ་སྟོན་ཕུལ་བ་ལས་ངེས་གཏན་ཁེལ་བའི་ཐག་གཅོད་གནང་མེད་སྟབས་སྐབས་དེར་རྒྱ་གར་དུ་ཕེབས་ཐུབ་མེད་སྐོར་གསུངས་འདུགདེ་བཞིན་རིན་པོ་ཆེ་མཆོག་གིས་སྔ་ལོའི་ཕྱི་ཟླ་བཅུ་གཅིག་ནང་བཞུགས་སྒར་དུ་འཚོགས་གཏན་ཁེལ་བའི་བོད་ཀྱི་ཆོས་བརྒྱུད་ཁག་དང་གཡུང་དྲུང་བོན་བཅས་ཀྱི་ཆོས་ཚོགས་ཐེངས་ ༡༣ པའི་ཐོག་ཕེབས་རྒྱུ་དང་འབྲེལ་མཐོང་མཆན་ཐོབ་ཐབས་གནང་ཡོད་པ་དང་། སྐབས་དེར་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་༸སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་གློ་བུར་དགོངས་པ་གཞན་དོན་དུ་གཤེགས་པར་མྱ་ངན་གུས་འདུད་མཚོན་ཆེད་ཆོས་ཚོགས་དེ་ཕྱིར་འགྱངས་གནང་ཡོད་པ་རེད། འོན་ཀྱང་མཐོང་མཆན་ཐོག་ལ་ཡང་དོན་འབྲས་གང་ཡང་སོན་མེད་སྐོར་སོགས་བཀའ་བསྩལ་བ་དང་སྦྲགས། ད་ལྟའི་ཆར་རིན་པོ་མཆོག་རྒྱ་གར་དུ་ཕྱིར་ཕེབས་ཐུབ་ཕྱིར་རྒྱ་གར་གཞུང་དང་འབྲེལ་བ་མུ་མཐུད་ཞུ་བཞིན་ཡོད་སྟབས། གང་མགྱོགས་རྒྱ་གར་དུ་ཕེབས་ཐུབ་པར་ཐུགས་རེ་གནང་བཞིན་ཡོད་ཅེས་བཀའ་བསྩལ་འདུགགཞན་ཡང་རིན་པོ་ཆེ་མཆོག་ནས་འདས་པའི་བཀའ་བརྒྱུད་སྨོན་ལམ་རིམ་པའི་ཐོག་ནས་བཟང་ཕྱོགས་ཀྱི་འགྱུར་བ་མང་པོ་ཞིག་ཕྱིན་ཡོད་པ་དང་། དེ་དག་ལས་གཙོ་བོ་ནི་གྲྭ་བཙུན་རྣམ་པའི་ཀུན་སྤྱོད་གོང་འཕེལ་གཏོང་རྒྱུ་དང་། དེའང་དམ་ཆོས་འདུལ་བའི་ཉམས་ལེན་ག་ཚོད་ཐུབ་ཐུབ་ཀྱིས་ལག་བསྟར་གནང་རྒྱུ་དང་གོ་རྟོགས་སྤེལ་རྒྱུ་ཡིན་པ་སོགས་ལམ་སྟོན་རྒྱ་ཆེ་བསྩལ་འདུག   རིན་པོ་ཆེ་མཆོག་གིས་སྔ་ལོའི་ནང་རིན་པོ་ཆེ་མཆོག་དང་༸རྒྱལ་དབང་མཐའ་ཡས་རྡོ་རྗེ་མཆོག་རྣམ་གཉིས་དབར་ཕ་རན་སིའི་དབེན་པའི་གྲོང་གསེབ་ཞིག་ཏུ་མཇལ་མོལ་གནང་བ་དེ་ནི་བསྟན་འགྲོ་དོན་ཁོར་ནར་དམིགས་ཏེ་མཇལ་འཕྲད་གནང་བ་ཞིག་ཡིན་ཞེས་བཀའ་ནན་བསྩལ་འདུག་པ་མ་ཟད་ད་ལྟ་དང་མ་འོངས་ག་དུས་ཡིན་རུང༌བསྟན་འགྲོ་སྤྱིའི་སླད་དུ་ཐུགས་རྗེ་མི་ཆུང་བར་གནང་ངེས་ཡིན་ཞེས་བཀའ་བསྩལ་ཡོད་པ་རེད།རིན་པོ་ཆེ་མཆོག་གིས་ཐེངས་འདིའི་བཀའ་བརྒྱུད་སྨོན་ལམ་གྱི་སྦྱིན་བདག་གཙོ་བོ་གཉི་ཤང་གི་སེར་སྐྱ་མི་མང་རྣམས་ནས་ལས་དོན་སྤྱི་ཡོངས་ཐོག་འཐུས་ཚང་གནང་བས་མིང་དོན་མཚུངས་པའི་སྦྱིན་བདག་གནང་བར་ཐུགས་རྗེ་ཆེ་ཞུ་དང་འབྲེལ། མ་འོངས་པར་འབྲས་ལྗོངས་དང་བལ་ཡུལ། འབྲུག་ཡུལ་བཅས་སུ་བཀའ་བརྒྱུད་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པའི་ལྷ་སྡེ་མི་སྡེ་ཚོས་ཀྱང་དེ་ལྟར་གནང་ཐུབ་ཚེ་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་ཆགས་སྐོར་སོགས་ལམ་སྟོན་ཡང་མཛད་འདུག

Latest news