Tibetan Royal Year of 2151 | Year of the Wood Dragon

རྒྱ་གར།

ཨ་རུ་ནཱ་ཅལ་ས་གནས་ཁག་ཅིག་ལ་མིང་གསར་པ་བཏགས་པ་ཙམ་གྱིས་ས་གནས་དེའི་བདག་དབང་རྒྱ་ནག་ལ་ཡོད་པ་ཞིག་ཆགས་ཀྱི་མ་རེད་ཅེས་གསུངས་འདུག

རྒྱ་ནག་གཞུང་ནས་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ས་གནས་ཁག་ཅིག་ལ་མིང་གསར་པ་བཏགས་ནས་ས་གནས་དེའི་བདག་དབང་ཡོངས་རྫོགས་རྒྱ་ནག་རང་ཉིད་ལ་ཡོད་ཚུལ་བརྗོད་ཡོད་ཀྱང་། རྒྱ་གར་གཞུང་གིས་ཁྲིམས་མཐུན་ཐོག་ནས་ས་གནས་དེ་དག་གི་བདག་དབང་རྒྱ་ནག་ལ་ཡོད་པ་ཞིག་ཆགས་ཀྱི་མ་རེད་ཅེས་གསུངས་འདུག དེ་ཡང་ཉེ་ཆར་ཟླ་འདིའི་ཚེས་ ༡༤ ཉིན་རྒྱ་ནག་མི་མང་ཕྱི་སྲིད་ལྷན་ཁང་ནས་རྒྱ་གཞུང་གིས་བོད་ཀྱི་ལྷོ་ཕྱོགས་ཞེས་འབོད་བཞིན་པའི་རྒྱ་གར་བྱང་ཤར་ཁུལ་གྱི་ Arunachal མངའ་སྡེའི་ས་གནས་དྲུག་གི་མིང་གསར་པ་དེ་བོད་ཡིག་དང་རྒྱ་ཡིག དེ་བཞིན་དབྱིན་ཡིག་གསུམ་གྱི་ཐོག་དག་ཆ་དང་བཅས་པ་གཞུང་འབྲེལ་གྱི་གཏན་འབེབས་བྱས་པ་མ་ཟད། ས་གནས་དེ་དག་རྒྱལ་རབས་ལོ་རྒྱུས་དང་རིག་གཞུང་། དེ་བཞིན་འཛིན་སྐྱོང་བཅས་ཀྱི་ཐད་ནས་རྒྱ་ནག་གི་ཆ་ཤས་ཤིག་རེད་ཅེས་བརྗོད་པ་དང་འབྲེལ། ཁ་སང་ཚེས་ ༢༠ ཉིན་རྒྱ་གར་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་སྐུ་ཞབས་ Gopal Baglay ལགས་ཀྱིས་གནད་དོན་དེའི་ཐད་ད་ལྟའི་ཆར་རྒྱ་ནག་གཞུང་དང་ལྷན་དུ་གཞུང་འབྲེལ་གྱི་གླེང་སློང་གང་ཡང་བྱུང་མེད་ཀྱང་། རྩ་བའི་རྒྱ་ནག་གཞུང་གིས་རང་ཉིད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་དང་མངའ་སྡེའི་ས་གནས་ཁག་ལ་ཁྲིམས་མཐུན་གང་ཡང་མེད་པའི་ཐོག་ནས་རང་ཉིད་ཀྱི་མིང་གསར་པ་བཏགས་པ་དེས་ས་གནས་དེ་དག་གི་བདག་དབང་ཡོངས་རྫོགས་རྒྱ་ནག་ལ་ཡོད་པ་ཞིག་ཆགས་ཀྱི་མ་རེད་ཅེས་མངོན་གསལ་གནང་འདུག ལྷག་པར་དུ་ཁོང་གིས་ཨ་རུ་ནཱ་ཅལ་མངའ་སྡེའི་ས་ཁུལ་དེ་དག་ནི་དེ་སྔ་ནས་རྒྱ་གར་གྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། གནས་བབ་དེར་འགྱུར་བ་གང་ཡང་མེད་པར་མུ་མཐུད་གནས་ཀྱི་རེད་ཅེས་ནན་བརྗོད་གནང་འདུག    དེ་བཞིན་ཁ་སང་རྒྱ་གར་དབུས་གཞུང་གི་དྲིལ་བསྒྲགས་དང་གྲོང་སྡེ་ཡར་རྒྱས་ལྷན་ཁང་གི་བློན་ཆེན་སྐུ་ཞབས་ M Venkaiah Naidu ལགས་ནས་ཀྱང་གསར་འགོད་པའི་དྲི་བ་དང་ལེན་གྱིས་ཕྱིའི་རྒྱལ་ཁབ་སུ་འདྲ་ཞིག་ཡིན་རུང་རྒྱ་གར་གྱི་མངའ་སྡེ་དང་ས་ཁུལ་སོགས་ཀྱི་ཐད་ལ་མིང་བཏགས་རྒྱུའི་རང་དབང་ཡོད་མ་རེད་ཅེས་གསུངས་འདུག་པ་མ་ཟད། Arunachal མངའ་སྡེའི་ས་གནས་ཨིན་ཅི་གཅིག་ལས་མེད་ཀྱང་དེའི་བདག་དབང་ཡོངས་རྫོགས་རྒྱ་གར་ཡོད་སྟབས། ད་རེས་རྒྱ་གཞུང་གིས་ཁུལ་དེའི་ས་གནས་ཁག་གཅིག་ལ་མིང་གསར་པ་བཏགས་པ་དེ་གནད་ཆེ་གང་ཡང་ཆགས་ཀྱི་མ་རེད་ཅེས་གསུངས་ཡོད། གཞི་རྩའི་རྒྱ་གཞུང་གིས་ཉེ་ཆར་གཏན་བེབས་བྱས་པའི་ས་གནས་དྲུག་པོའི་མིང་དེ་དག་ནི། ཨོ་རྒྱན་གླིང་དང་། མི་ལ་རི།  མཆོད་རྟེན་དཀར་པོ་རི། སྨན་ཆུ་ཁ། པུས་མོ་ལ། ནམ་མཁའ་ཕུབ་རི་ཅེས་ཆགས་ཀྱི་ཡོད་ཀྱང་། མིང་དེ་དག་ད་ལྟའི་ཨ་རུ་ནཱ་ཅལ་མངའ་སྡེའི་ས་གནས་གང་དང་གང་ལ་གོ་གི་ཡོད་མེད་ཀྱི་གསལ་ཁ་གང་ཡང་མེད་པ་རེད། འདི་ག་རླུང་འཕྲིན་ཁང་གིས་གནད་དོན་དེའི་ཐད་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དྲུང་ཆེ་དང་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་གཅིག་ལྕོགས་གནང་མཁན་དྭགས་པོ་བསོད་ནམས་ནོར་བུ་ལགས་སུ་བཀའ་འདྲི་ཞུ་པར་ཁོང་གིས་རྒྱ་ནག་གཞུང་ནས་རང་ཉིད་ཀྱི་བདག་དབང་འོག་མེད་པའི་རྒྱལ་ཁབ་གཞན་གྱི་ས་གནས་ཁག་ལ་མིང་གསར་བཏགས་པ་དེ་ནི་ཆེས་ཁྲིམས་འགལ་གྱི་བྱེད་སྟངས་ཤིག་རེད་ཅེས་གསུང་སོང་པ་མ་ཟད། རྒྱ་གཞུང་གིས་མུ་མཐུད་རྒྱ་གར་གཞུང་ལ་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཁྲོད་༸གོང་ས་མཆོག་བེད་སྤྱོད་བྱེད་བཞིན་འདུག་ཅེས་སྐྱོན་བརྗོད་བྱེད་བཞིན་པ་དེས་རྒྱ་ནག་གཞུང་ནས་༸གོང་མཆོག་གི་མཚན་སྙན་གྲགས་དང་མཛད་རྫེས་ཀྱི་རྒྱབ་ལྗོགས་ཁག་གསལ་པོ་ཤེས་ཀྱི་མེད་པའི་རྟགས་མཚན་ཞིག་རེད་ཅེས་ནན་པོ་གསུངས་ཡོད།

རྒྱ་གར་གཞུང་ཕྱོགས་ནས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གང་ཡང་ཕྱིན་མེད་པར་ནན་བརྗོད།

རྒྱ་གར་གཞུང་ཕྱོགས་ནས་བོད་ཀྱི་གནད་དོན་དང་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་འབྲེལ་ལམ་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གང་ཡང་ཕྱིན་མེད་པར་ནན་བརྗོད་གནང་འདུག དེ་ཡང་ཉེ་ཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་ཁུལ་དུ་ཆིབས་བསྒྱུར་བཀྲིན་བསྐྱངས་པ་དང་འབྲེལ། རྒྱ་གཞུང་གིས་རྒྱ་གར་གཞུང་ལ་བོད་ཀྱི་གནད་དོན་ཐོག་དེ་སྔ་ཁས་ལེན་པའི་འབྲུ་དོན་དང་ཡོངས་སུ་རྒྱབ་འགལ་ཡོད་སྐོར་བརྗོད་ནས་སྐྱོན་བརྗོད་མང་དག་ཞིག་བྱས་པ་དང་། གནད་དོན་དེས་རྒྱལ་ཁབ་ཕྱོགས་གཉིས་པའི་འབྲེལ་ལམ་ལ་དོ་ཕོག་འགྲོ་ངེས་ཡིན་པའི་ཉེན་རྡ་ཤུགས་ཆེ་བཏང་ཡོད་པ་རེད། ཁ་སང་ཟླ་ ༤ ཚེས་ ༡༤ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཚོགས་པའི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་རྒྱ་གར་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་སྐུ་ཞབས་ Gopal Baglay ལགས་ཀྱིས་ད་རེས་ཀྱི་གནད་དོན་དེའི་རྐྱེན་པས་རྒྱ་གར་གཞུང་ནས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་ཕྱིན་ཡོད་མེད་ཀྱི་བཅར་འདྲི་ཞུས་པར་ཁོང་གིས་རྒྱ་གར་གཞུང་ཕྱོགས་ནས་བོད་རང་སྐྱོང་ལྗོངས་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་སུ་ངོས་འཛིན་ཞུས་པ་དེ་ནི་སྔར་བཞིན་སྲིད་བྱུས་ལ་འགྱུར་བ་གང་ཡང་ཕྱིན་མེད་ཅེས་གསུངས་འདུག་པ་དང་། རྒྱ་གར་གི་ངོས་ནས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་གནད་དོན་ཐད་དྲང་བདེན་དང་ཕྱོགས་གཉིས་ཀྱིས་ཁས་བླངས་པའི་དོན་དམ་གྱི་ཐབས་ལམ་ཚོལ་རྒྱུའི་སྲིད་བྱུས་ལའང་འགྱུར་བ་རྩ་བ་ནས་ཕྱིན་མེད་ཅེས་ནན་བརྗོད་གནང་ཡོད་པ་རེད། རྩ་བའི་གནད་དོན་དེའི་ཐོག་ཉེས་ཆར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཀྱང་རྒྱ་གར་གྱི་ཨེན་ཌི་ཊི་ཝི་ NDTV བརྒྱུད་ལམ་གྱི་བཅར་འདྲིའི་ལས་རིམ་ཐོག་དེང་སྐབས་རྒྱ་གར་གཞུང་གི་ངོས་ནས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་ཕྱིན་མེད་པ་དང་། ད་ལྟའི་སྐུ་ཞབས་མོ་དི་གཞུང་འཛིན་གྱི་ངོས་ནས་༸གོང་ས་མཆོག་གི་གནད་དོན་ཐད་དེ་སྔ་མངོན་གསལ་མ་ཡིན་པའི་ལས་དོན་གནང་ཕྱོགས་དེ་དེང་སྐབས་མངོན་གསལ་དོད་རུ་ཕྱིན་ཡོད་སྐོར་གསུངས་ཡོད་པ་རེད།

རྡོ་གདན་བྱང་ཆུབ་ལྗོན་ཤིང་གི་འདབ་མ་དུས་ཐོག་ཏུ་མ་འཁྲུངས་པའི་ཐད་ཚན་རིག་པས་ཞིབ་འཇུག་གནང་རྒྱུ།

ནང་པའི་གནས་ཆེན་གཙོ་གྲས་སྟོན་པ་བཅོམ་ལྡན་འདས་སངས་རྒྱས་ཡུལ་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ལྗོན་ཤིང་གི་འདབ་མ་དུས་ཐོག་ཏུ་མ་འཁྲུངས་པའི་ཐད་ཚན་རིག་པས་བརྟག་དཔྱད་ཞིབ་འཇུག་གནང་རྒྱུ་རེད་འདུག རྡོ་རྗེ་གདན་མཆོད་རྟེན་རིན་པོ་ཆེའི་འཛིན་སྐྱོང་ཚོགས་ཆུང་གི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཨེན་རྡོ་རྗེ་ལགས་ནས་དེ་དོན་གསར་ཁང་ཁག་ལ་འགྲེལ་བརྗོད་གནང་པར་ད་ལྟའི་ཆར་བྱང་ཆུབ་ལྗོན་ཤིང་སྤྱིའི་གནས་སྟངས་ལེགས་པོ་ཡོད་ཀྱང་། ད་ལོ་འདམ་མ་དུས་ཐོག་ཏུ་མ་འཁྲུངས་པ་འདི་ནི་རྣམ་ཀུན་དང་མི་འདྲ་ཞིག་ཆགས་ཡོད་སྟབས། ཟླ་ ༤ པའི་མཇུག་ཏུ་ལྡེ་ར་རྡུན་ནང་ཡོད་པའི་ནགས་ཚལ་ཞིབ་འཇུག་ལྟེ་གནས་ཁང་གི་ཚན་རིག་པ་ཁག་ཅིག་གིས་དེ་དོན་བརྟག་དཔྱད་ཞིབ་འཇུག་གནང་གི་ཡོད་པ་གསུངས་འདུག ལོ་ཤས་གོང་སྟེ་ཕྱི་ལོ་ ༢༠༡༣ ཟླ་ ༦ ནང་བྱང་ཆུབ་ལྗོན་ཤིང་ལ་འབུའི་གནོད་པ་བྱུང་པས་སྐབས་དེར་འདམ་མ་མང་པོ་ས་ལ་ལྷུང་པའི་གནས་ཚུལ་བྱུང་བར་བརྟེན་རྗེས་སུ་འབུ་སྨན་རྒྱག་ནས་ད་བར་སྐྱེས་འཕེལ་ཐད་དཀའ་ངལ་བྱུང་མི་འདུག རྩ་བའི་ད་ལྟའི་མཆོད་རྟེན་རིན་པོ་ཆེ་དྲུང་གི་བྱང་ཆུབ་ལྗོན་ཤིང་དེ་དེ་སྔ་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་སྐབས་ཀྱི་ལྗོན་པ་དེ་རང་གི་རྒྱུན་གཅིག་ཡིན་སྟབས་དེ་ནི་ཧ་ཅང་གི་རྩ་ཆེ་ཞིག་ཆགས་ཀྱི་ཡོད་པ་རེད། རྡོ་རྗེ་གདན་མཆོད་རྟེན་རིན་པོ་ཆེའི་འཛིན་སྐྱོང་ཚོགས་ཆུང་ནས་ལྗོན་ཤིང་དེའི་བདག་གཅེས་ཆེད་ལོ་རེར་འགྲོ་གྲོན་ཧིན་སྒོར་འབུམ་ལྔ་བཞག་ནས་ཟླ་བ་གསུམ་བཞིའི་མཚམས་སུ་ཚན་རིག་པས་བརྟག་དཔྱད་ཞིབ་འཇུག་སོགས་གནང་ནས་གཙང་སྦྲ་སོགས་དགོས་མཁོའི་རིགས་གནང་རྒྱུ་ཡིན་པ་རེད་འདུག རྡོ་རྗེ་གདན་མཆོད་རྟེན་རིན་པོ་ཆེའི་འཛིན་སྐྱོང་ཚོགས་ཆུང་གི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་རྡོ་རྗེ་ལགས་ནས་གསར་ཁང་ཁག་ལ་ད་རེས་བྱང་ཆུབ་ལྗོན་ཤིང་གི་འདབ་མ་དུས་ཐོག་ཏུ་མ་འཁྲུངས་པ་འདི་ནི་ཚ་དྲོད་ཆེ་བའི་གནམ་གཤིས་རྐྱེན་གྱིས་ཡིན་པ་འགྲེལ་བརྗོད་དང་སྦྲགས། ཉིན་ཤས་རྗེས་ཚན་རིག་པས་བརྟག་དཔྱད་གྲུབ་བསྟུན་མ་འོངས་པར་འགན་འཛིན་ལྷན་ཚོགས་ནས་ལྗོན་ཤིང་དེའི་ལོ་རེའི་གནས་སྟངས་ཁག་དེབ་འགོད་ཉར་ཚགས་གནང་འཆར་ཡོད་པ་ཡང་གསུངས་འདུག

བོད་པའི་བུད་མེད་ཞིག་ལ་རྒྱལ་སྤྱིའི་དྲག་རྩལ་འགྲན་བསྡུར་ནང་ཟངས་ཀྱི་རྟགས་མ་ཐོབ་འདུག

༄༅། །ད་སྐབས་ཨེ་ཤེ་ཡའི་རྒྱལ་ཁབ་ཐའེ་ལན་ཌ་ནང་དུ་ཚོགས་བཞིན་པའི་རྒྱལ་སྤྱིའི་དྲག་རྩལ་རྩེད་འགྲན་ནང་དུ།རྒྱ་གར་གྱི་རུ་ཁག་ནང་རྩེད་འགྲན་གནང་མཁན་བོད་རིགས་བུད་མེད་རྩེད་འགྲན་པ་བསྟན་འཛིན་པདྨ་ལགས་ལ་ཟངས་ཀྱི་རྟགས་མ་ཐོབ་འདུགརྩ་བའི་བསྟན་འཛིན་པདྨ་ལགས་ནི་རྒྱ་གར་ནང་དུ་སྐྱེས་པའི་བོད་པའི་བུད་མེད་ཞིག་ཡིན་པ་དང་།དེ་སྔ་རྒྱ་གར་སྐད་ཡིག་གི་གསར་ཁང་ནང་གསར་འགོད་པའི་ཕྱག་ལས་ཀྱང་གནང་མྱོང་མཁན་ཞིག་དང་།ཁོང་ནས་འདས་པའི་ལོ་གཉིས་ཙམ་རིང་རང་ཉིད་ཀྱི་ཆུང་དུས་སྐབས་སུ་ནས་དོ་དབྱིངས་ཡོད་པའི་དྲག་རྩལ་སྦྱོང་བརྡར་གནང་རྗེས།སྔ་ལོའི་འགོ་སྟོད་ནས་བཟུང་རྒྱ་གར་གྱི་ལྡི་ལི་ས་གནས་དང་མངའ་སྡེ།དེ་བཞིན་རྒྱལ་ཡོངས་རིམ་པའི་རྩེད་འགྲན་ནང་མཉམ་བཞུགས་གནང་བའི་ཁྲོད་གསེར་དང་དངུལ་གྱི་རྟགས་མ་ཐོབ་མྱོང་བ་དང་།སྔ་ལོའི་ལོ་མཇུག་ཏུ་ཁོང་རྒྱ་གར་གཞུང་གི་དྲག་རྩལ་སྦྱོང་བརྡར་སྡེ་ཚན་ནང་ཚུད་པ་དང་སྦྲགས།ཟླ་དེའི་ཕྱི་ཚེས་༡༡ནས་༢༢བར་ཐའེ་ལན་ཌ་ནང་ཚོགས་བཞིན་པའི་དྲག་རྩལ་རྩེད་འགྲན་ནང་མཉམ་བཞུགས་གནང་རྒྱུའི་གོ་སྐབས་ཐོབ་ཡོད་འདུགསྐབས་དེར་ཁོང་ནས་དྲག་རྩལ་འགྲན་བསྡུར་ནང་རྒྱ་གར་གྱི་ངོ་ཚབ་ཐོག་ནས་རྩེད་འགྲན་ནང་མཉམ་བཞུགས་གནང་རྒྱུའི་གོ་སྐབས་བྱུང་བ་དང་།ཁོང་ནས་དྲག་རྩལ་རྩེད་འགྲན་ཁྲོད།Muaythaiརྩེད་འགྲན་ནང་ཨང་རིམ་གསུམ་པ་ཟངས་ཀྱི་རྟགས་མ་ཐོབ་པ་དང་།ཕྱི་ཚེས་༡༦ཉིན་རྟགས་མ་འབུལ་བཞེས་ཀྱི་མཛད་སྒོ་ཚོགས་ཡོད་པ་དང་།སྐབས་དེར་ཁོང་རྒྱ་གར་གྱི་རྩེད་འགྲན་པའི་ཁོངས་སུ་ཡིན་སྟབས།རྟགས་མ་བཞེས་པའི་སྐབས་སུ་ལུས་ལ་རྒྱ་གར་གྱི་རྒྱལ་དར་བཅིང་ནས་རྒྱལ་ཁའི་ངང་སྡིངས་ཆའི་སྟེང་ཕེབས་པ་བྱུང་འདུག འདིའི་སྐོར་དེ་རིང་ཁོང་ལ་ཞལ་པར་བརྒྱུད་བཅའ་འདྲི་ཞུ་སྐབས།རྩ་བའི་ཁོང་ལ་ཟངས་ཀྱི་རྟགས་མ་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་ཡོད་ཀྱང་།རང་ཉིད་ཀྱི་ངོས་ནས་གསེར་རམ་དངུལ་གྱི་རྟགས་མ་ཐོབ་རྒྱུར་ཐོག་མ་ཉིད་ནས་དམིགས་ལྟོས་ཟིན་ཡོད་སྟབས།བློ་ཕམ་ཡང་ཕྲན་བུ་བྱུང་ཡོད་པ་གསུང་བྱུང་།བསྟན་འཛིན་པདྨ་ལགས་ནི་བོད་རིགས་ཤིག་ཡིན་པ་དང་།ལག་དེབ་སེར་པོའི་ཐོག་རྒྱ་གར་གྱི་ངོ་ཚབ་ཐོག་ནས་རྩེད་འགྲན་ཆེད་ཕེབས་ཡོད་སྟབས།ལམ་བར་དང་གང་ཅིའི་ཐད་ནས་དཀའ་ངལ་རིགས་འཕྲད་ཡོད་མིན་སྐོར་བཅའ་འདྲི་ཞུ་སྐབས། བསྟན་འཛིན་པདྨ་ལགས་སུ་ཐེངས་འདིའི་རྒྱལ་ཁ་ཐོབ་པའི་རྗེས་སུ།ཟླ་དེའི་ཟླ་མཇུག་ཏུ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནང་དུ།རྒྱ་གར་གྱི་Wushuདྲག་རྩལ་རྩེད་འགྲན་ནང་དུ་མཉམ་བཞུགས་གནང་རྒྱུའི་མགྲོན་བརྡ་ཡང་འབྱོར་ཡོད་པ་དང་།རིང་མིན་Boxingཡང་ན།ཁུ་ཚུར་འགྲན་བསྡུར་འདྲ་མིན་ནང་དུ་རྩེད་འགྲན་གནང་རྒྱུའི་གོ་སྐབས་ཀྱང་ཐོབ་བཞིན་ཡོད་སྐོར་གསུང་བྱུང་།ཁོང་གི་མཐའ་མའི་དམིགས་ཡུལ་དེ་མ་འོངས་པར་རྒྱལ་སྤྱིའི་Olympic རྩེད་འགྲན་ནང་དུ་རྒྱ་གར་གྱི་ངོ་ཚབ་གནང་སྟེ་རྩེད་འགྲན་གནང་རྒྱུ་དེ་རེད་འདུག

རྒྱ་ནག་གཞུང་ནས་༸གོང་ས་མཆོག་གི་ཆིབས་བསྒྱུར་དེ་ཆབ་སྲིད་ཀྱི་ངོ་བོར་མ་བསྒྱུར་རོགས།

རྒྱ་གར་གཞུང་གིས་རྒྱ་ནག་གི་སྐྱོན་བརྗོད་ལ་སྣང་མེད་ཀྱིས་༸གོང་ས་མཆོག་ཨ་རུ་ནཱ་ཅལ་དུ་ཆིབས་བསྒྱུར་གནང་རྒྱུར་རྒྱབ་སྐྱོར་ཞུས་པ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་ཆིབས་བསྒྱུར་མཛད་འཆར་ཡོད་པ་ལྟར། རྒྱ་གར་གཞུང་གིས་རྒྱ་ནག་གི་སྐྱོན་བརྗོད་དང་ཉེན་བརྡ་ཁག་རྒྱབ་ཏུ་བསྐྱུར་ནས་མགོན་པོ་༸གང་ཉིད་མཆོག་གི་ཆིབས་བསྒྱུར་ཐད་རྒྱབ་སྐྱོར་ཤུགས་ཆེ་གནང་འདུག དེའང་ཁ་སང་ཚེས་ ༩ ཉིན་རྒྱ་གར་གྱི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་སྐུ་ཞབས་ Gopal Baglay མཆོག་གིས་༸གོང་ས་མཆོག་གི་གནད་ཐོད་ཞུས་པ་ཡིན་ན། རྒྱ་གར་དབུས་གཞུང་གི་བཞེངས་ཕྱོགས་ལ་འགྱུར་བ་མེད་གང་ཡང་མེད་པ་དང་། ༸གོང་ས་མཆོག་ནི་རྒྱ་གར་གཞུང་མང་གཉིས་ཀྱི་ཆེས་དད་གུས་ཞུ་ཡུལ་གི་ཆོས་ཕྱོགས་ཀྱི་དབུ་ཁྲིག་ཅིག་རེད་ཅེས་གསུངས་འདུག ཁོང་གིས་ད་དུང་རྒྱ་རྒྱ་གར་དབུས་གཞུང་གིས་མགོན་པོ་༸གང་ཉིད་མཆོག་རྒྱ་གར་གྱི་ས་གནས་གང་དུ་ཕེབས་ཀྱང་དེར་བཀའ་སྡོམ་གང་ཡང་མེད་ཅེས་དང་། མགོན་པོ་མཆོག་མངའ་ཁུལ་དེའི་ནང་ཆོས་ལུགས་དབུ་ཁྲིད་ཀྱི་ངོ་བོ་ཐོག་ནས་ཆིབས་བསྒྱུར་གནང་གི་ཡོད་སྟབས། རྒྱ་ནག་གི་ངོས་ནས་ཆིབས་བསྒྱུར་དེ་ཆབ་སྲིད་ཀྱི་ངོ་བོ་ཞིག་ཏུ་བསྒྱུར་རྒྱུ་མེད་པ་རེད་ཅེས་གསུངས་འདུག རྩ་བའི་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Geng Shuang ཡིས་ཉེ་ཆར་གསར་འགོད་ལྷན་ཚོགས་ཤིག་གི་ཐོག ༸གོང་ས་མཆོག་ཨ་རུ་ནཱ་ཅལ་ནང་ཆིབས་བསྒྱུར་མཛད་པ་ཡིན་ན། དེས་རྒྱ་དཀར་ནག་གཉིས་དབར་གྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་སྲིད་པ་དང། རྒྱ་གར་དབུས་གཞུང་ནས་མགོན་པོ་༸གང་ཉིད་མཆོག་ལ་རྒྱ་ནག་དང་འགལ་ཟླ་བཟོ་གཞིའི་སྡིངས་ཆ་བསྐྲུན་རྒྱུ་མེད་སྐོར་སྐྱོན་བརྗོད་དང་སྦྲགས། ཏཱ་ལའི་རུ་ཚོགས་ཀྱིས་དུས་ཡུན་རིང་པོ་ནས་རྒྱ་ནག་ཁ་བྲལ་གྱི་ལས་འགུལ་སྣ་མང་སྤེལ་བ་མ་ཟད། རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་དང་འབྲེལ་བའི་རྙོག་གླེང་བཟོས་ཡོད་སྐོར་སོགས་ཀྱང་ནན་བཤད་བྱས་ཡོད་པ་རེད། དེ་བཞིན་ Geng Shuang ཡིས་རྒྱ་ནག་གིས་རྒྱ་གར་གཞུང་གི་ངོས་ནས་ཏཱ་ལའི་བླ་མའི་གནད་དོན་དང་ཚོར་བ་སྐྱེན་པའི་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་དང་འབྲེལ་བའི་དཀའ་རྙོག་ཡོད་པ་ཤེས་བཞིན་ཏཱ་ལའི་བླ་མ་ཁུལ་དེར་གནད་ཞུ་བྱེད་ཚེ་དེས་རྒྱལ་ཁབ་གཉིས་པོའི་ས་མཚམས་བདེ་འཇགས་ལ་གནོད་ངེས་ཡིན་པ་བཤད་ཡོད་པ་རེད། ཞི་རྩའི་༸གོང་ས་མཆོག་ ཕྱི་ཟླ་ ༤ ཚེས་ ༤ ནས་ ༡༣ བར་ཨ་རུ་ནཱ་ཅལ་མངའ་སྡེར་ཆིབས་བསྒྱུར་མཛད་ཀྱི་ཡོད་པ་རེད། ༸གོང་ས་མཆོག་ནས་དེ་སྔོན་ཕྱི་ལོ་ ༢༠༠༣ དང་དེ་རྗེས་ ༢༠༠༩ བཅས་ཁུལ་དེར་ཐེངས་གཉིས་ཙམ་ཆིབས་བསྒྱུར་མཛད་ཡོད་པ་དང་། ཕྱི་ལོ་ ༢༠༠༩ ལོའི་ཆིབས་བསྒྱུར་སྐབས་རྒྱ་ནག་གཞུང་གིས་རྒྱ་གར་གཞུང་ལ་བོད་མིའི་ཁ་བྲལ་གྱི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པར་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་རེད།

Latest news