Tibetan Royal Year of 2151 | Year of the Wood Dragon

རྒྱ་གར།

ཁྱིམ་མཚེས་རྒྱལ་ཁབ་ཕན་ཚུན་གྱི་འབྲེལ་ལམ་དམ་ཟབ་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་མོ་དཱི་མཆོག་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གཉིས་གཟའ་འཁོར་འདིའི་ནང་མཇལ་མོལ་གནང་རྒྱུ་ཡིན་པ་དེར་དགའ་བསུའི་བསྔགས་བརྗོད་གནང་བ་དང་འབྲེལ། ཁྱིམ་མཚེས་རྒྱལ་ཁབ་ཕན་ཚུན་དབར་འབྲེལ་ལམ་དམ་ཟབ་དགོས་གལ་ཡིན་པ་བཀའ་བསྩལ་འདུག དེ་ཡང་ཁ་ཉིན་རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་རྣམ་གཉིས་ནས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་ཐོག་རིང་མིན་ཟླ་བ་འདིའི་ཚེས་ ༢༧ དང་ ༢༨ ཉིན་ཡུལ་གཉིས་ཀྱི་དབུ་ཁྲིད་རྣམ་གཉིས་དབར་མཇལ་མོལ་གནང་རྒྱུ་ཡིན་པ་གསལ་བསྒྲགས་སྤེལ་བ་ལྟར། རྒྱ་གར་གྱི་ ANI གསར་ཁང་གིས་༸གོང་ས་མཆོག་ལ་གནད་དོན་དེའི་སྐོར་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་ད་རེས་དབུ་ཁྲིད་རྣམ་གཉིས་མཇལ་མོལ་གནང་རྒྱུ་དེ་ནི་ཧ་ཅང་ཡག་པོ་ཡིན་པ་དང་། ཁྱིམ་མཚེས་རྒྱལ་ཁབ་གཉིས་ཕན་ཚུན་གཅིག་ལ་གཅིག་བརྟེན་ཐོག་གནས་དགོས་སྟབས་ནང་མི་བཞིན་གནས་ཐུབ་ཚེ་ལེགས་སྐོར་བཀའ་བསྩལ་འདུག རྩ་བའི་མོ་དཱི་མཆོག་དང་ཞི་ཅིང་ཕིང་རྣམ་གཉིས་ཀྱི་ཐེངས་འདིའི་མཇལ་མོལ་དེ་ཡུལ་གཉིས་དབར་འབྲོག་ལམ་ས་མཚམས་ཀྱི་རྩོད་རྙོག་བྱུང་བ་ནས་བཟུང་མཇལ་མོལ་ཐེངས་དང་པོ་ཆགས་ཀྱི་ཡོད་པ་རེད།  གནད་དོན་དེ་དང་འབྲེལ་ནས་ལྕམ་ Swaraj མཆོག་གིས་དབུ་ཁྲིད་རྣམ་གཉིས་དབར་གྱི་མཇལ་མོལ་དེ་ནི་ཕྱོགས་གཉིས་ཀྱི་འབྲེལ་ལམ་དམ་ཟབ་ཏུ་གཏོང་རྒྱུར་ཆེད་དམིགས་གཙོས་གཉིས་སྨན་འབྲེལ་ལམ་དང་རྒྱལ་སྤྱིའི་གནད་དོན་ཁག་ཅིག་གི་ཐོག་བསམ་ཚུལ་བརྗེ་ལེན་གྱི་དུས་སྐབས་བཟང་པོ་ཞིག་ཡིན་སྐོར་གསུངས་ཡོད་པ་དང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang yi ནས་ཀྱང་དབུ་ཁྲིད་རྣམ་གཉིས་ནས་མཇལ་མོལ་དེ་ནི་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཐད་ལ་ལོ་རྒྱུས་ཀྱི་མཚམས་རྡོ་ལྟ་བུ་ཞིག་ཆགས་ཀྱི་ཡོད་པར་འགྲེལ་བརྗོད་གནང་འདུག

རྒྱ་གར་གྱི་སྲིད་བློན་མོ་དཱི་མཆོག་གཟའ་འཁོར་འདིའི་ནང་རྒྱ་ནག་ཏུ་ཕེབས་གཏན་ཁེལ་འདུག

རྒྱ་གར་གྱི་སྲིད་བློན་ Narendra Modi  མཆོག་ནས་ཟླ་ ༤ ཚེས་ ༢༧ དང་ ༢༨ བཅས་ཉིན་གཉིས་རིང་རྒྱ་ནག་གི་ Wuhan གྲོང་ཁྱེར་དུ་སྲིད་འཛིན་ཞི་ཅིང་ཕིང་དང་ལྷན་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་རྩོད་རྙོག་གཙོས་པའི་གནད་དོན་གཞན་ཁག་ཅིག་གི་ཐོག་བཀའ་བསྡུར་གནང་གཏན་ཁེལ་འདུག དེ་ཡང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལྕམ་ Sushma Swaraj མཆོག་དེང་སྐབས་རྒྱ་ནག་ཏུ་གཞུང་འབྲེལ་འཚམས་གཟིགས་ལ་ཕེབས་བཞིན་ཡོད་པ་དང་བསྟུན། ལྕམ་སྐུ་མཆོག་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang yi གཉིས་ཀྱིས་ཁ་སང་ཚེས་ ༢༢ ཉིན་རྒྱལ་ས་པེ་ཅིང་དུ་མཉམ་འབྲེལ་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཐོག་གནས་ཚུལ་དེ་ཡོངས་ཁྱབ་གནང་ཡོད་པ་དང་། ལྕམ་ Swaraj མཆོག་གིས་སྐབས་དེར་དབུ་ཁྲིད་རྣམ་གཉིས་དབར་གྱི་མཇལ་མོལ་དེ་ནི་ཕྱོགས་གཉིས་ཀྱི་འབྲེལ་ལམ་དམ་ཟབ་ཏུ་གཏོང་རྒྱུར་ཆེད་དམིགས་གཙོས་གཉིས་སྨན་འབྲེལ་ལམ་དང་རྒྱལ་སྤྱིའི་གནད་དོན་ཁག་ཅིག་གི་ཐོག་བསམ་ཚུལ་བརྗེ་ལེན་གྱི་དུས་སྐབས་བཟང་པོ་ཞིག་ཡིན་སྐོར་གསུངས་འདུག དེ་བཞིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang yi ནས་ཀྱང་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འདི་དུས་རབས་གསར་པ་ཞིག་ལ་ཁ་ཕྱོགས་པའི་ཁྲོད་འདིར་རྒྱ་གར་ལྟ་བུར་ཆ་མཚོན་ན་རྒྱ་ནག་ཡར་རྒྱས་དང་བསྐྱར་གསོའི་སླད་ཧ་ཅང་གནད་ཆེ་བའི་རྒྱལ་ཁབ་ཞིག་ཆགས་ཡོད་སྟབས། དབུ་ཁྲིད་རྣམ་གཉིས་ནས་གནད་དོན་དེ་གཙོ་བཟུང་གནང་སྟེ་ད་རེས་ཀྱི་མཇལ་མོལ་དེ་གནང་གཏན་ཁེལ་ཡོད་པ་དང་། མཇལ་མོལ་དེ་ནི་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཐད་ལ་ལོ་རྒྱུས་ཀྱི་མཚམས་རྡོ་ལྟ་བུ་ཞིག་ཆགས་ཀྱི་ཡོད་པར་འགྲེལ་བརྗོད་གནང་འདུག རྩ་བའི་རྒྱ་དཀར་ནག་གཉིས་དབར་འདས་པའི་ཟླ་ཤས་རིང་ཕྱོགས་གཉིས་ཀྱི་ས་མཚམས་སུ་ཆགས་པའི་འབྲོག་ལམ་ས་ཁུལ་གྱི་གནད་དོན་ཐོག་དཀའ་རྙོག་རིམ་པ་འཕྲད་པ་བཞིན། ད་རེས་རྒྱ་གར་གྱི་སྲིད་བློན་མོ་དཱི་མཆོག་རྒྱ་ནག་ཏུ་ཆེད་ཕེབས་ཀྱིས་སྲིད་འཛིན་ཞི་ཅིང་ཕིང་དང་མཇལ་མོལ་གནང་རྒྱུའི་གནད་དོན་ཐོག་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་དང་དཔྱད་ཞིབ་པ་རྣམས་ནས་དོ་སྣང་ཆེན་པོ་གནང་བཞིན་ཡོད་པ་རེད། རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ནང་གསལ་བར་གཞིགས་ཚེ་རྒྱ་ནག་གི་ཝུ་ཧཱན་གྲོང་ཁྱེར་དུ་འཚོགས་རྒྱུའི་སྲིད་བློན་མོ་དཱི་མཆོག་དང་སྲིད་འཛིན་ཞི་ཅིང་ཕིང་གཉིས་དབར་གྱི་མཇལ་མོལ་དེའི་སྐབས་ཕྱོགས་གཉིས་དབར་གྱི་འབྲེལ་ལམ་དང་རྒྱལ་ཁབ་སོ་སོའི་འཆར་སྣང་། དེ་བཞིན་རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་ཐོག་གཟིགས་ཚུལ་བརྗེ་ལེན་གནང་རྒྱུ་ཙམ་མིན་པར་རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་གི་ལས་གཞི་དང་ས་མཚམས་ཀྱི་རྩོད་རྙོག ཕྱོགས་གཉིས་དབར་འབྲོག་ལམ་དང་འབྲེལ་བའི་ས་མཚམས་ཀྱི་དཀའ་རྙོག་བྱུང་བ་ནས་བཟུང་རྒྱ་ནག་གཞུང་གི་ངོས་ནས་བོད་ཀྱི་ཡར་ཀླུང་གཙང་པོ་དང་གླང་ཆེན་ཁ་འབབ་ཀྱི་གཙང་ཆུའི་གནས་བབ་དང་འབྲེལ་བའི་གནས་ཚུལ་རྒྱུས་ལོན་བྱ་རྒྱུ་མཚམས་འཇོག་བྱས་ཡོད་པ་དེ་བསྐྱར་གསོ་ཐུབ་ཐབས་སོགས་ཀྱི་སྐོར་གྲོས་མོལ་གནང་རྒྱུ་ལ་ཚོད་དཔག་གནང་བཞིན་ཡོད་པ་རེད། རྩ་བའི་རྒྱ་གར་གྱི་སྲིད་བློན་ Narendra Modi  མཆོག་ད་རེས་རྒྱ་ནག་ཏུ་འཚམས་གཟིགས་ལ་ཕེབས་རྒྱུ་དེ་སྲིད་བློན་གྱི་ཐུགས་འགན་བཞེས་རྗེས་ཐེངས་བཞི་པ་ཆགས་ཀྱི་ཡོད་པ་མ་ཟད། ཁོང་འདི་ལོའི་ཟླ་ ༦ པའི་ནང་སླར་རྒྱ་ནག་ཏུ་འཚོགས་རྒྱུའི་ Shanghai Cooperation Organisation  summit ཞེས་པའི་ལྷན་ཚོགས་ཐོག་ཆེད་ཕེབས་གནང་འཆར་ཡོད་པ་རེད།

རྒྱ་གར་དབུས་གསང་བའི་ལས་ཁུངས་ཀྱིས་རྡོ་གདན་གྱི་འབར་རྫས་གནད་དོན་ཐོག་ཞིབ་འཇུག་གནང་དགོས།

ཉེ་ལམ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ད་ལྟའི་ཆར་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་ཁྲི་ཚོགས་ལྷག་ལ་བཀའ་ཆོས་བཀྲིན་སྩོལ་བཞིན་པའི་ཁྲོད། ཕྱི་ཚེས་ ༡༩ ཉིན་ཕྱི་དྲོ་ས་གནས་ཉེན་རྟོག་པས་གསུང་ཆོས་རྭ་བའི་ཉེ་འཁྲིས་ནས་འབར་རྫས་གཉིས་རྙེད་སོན་བྱུང་བའི་གནས་ཚུལ་ཐོན་ཡོད་པ་རེད། འབར་རྫས་རྙེད་སོན་གྱི་གནད་དོན་དེ་དང་འབྲེལ་ཁ་ཉིན་རེས་གཟའ་ཉི་མའི་ཉིན་ལ་དྭགས་ནང་རྟེན་གཞི་བྱས་པའི་ལ་དྭགས་ནང་པའི་ཚོགས་འདུ་ལྷན་ཚོགས་དང་ལ་དྭགས་དགོན་པ་ལྷན་ཚོགས་གཉིས་ནས་སླེ་ས་གནས་ཀྱི་རྫོང་དཔོན་ Avny Lavasa ལགས་ཀྱི་བརྒྱུད་རྒྱ་གར་སྲིད་བློན་སྐུ་ཞབས་ Narindra Modi མཆོག་དང་ནང་སྲིད་བློན་ཆེན་སྐུ་ཞབས་ Rajnath Singh མཆོག དེ་བཞིན་འབྲེལ་ཡོད་བི་ཧཱར་མངའ་སྡེའི་བློན་ཆེན་སྐུ་ཞབས་ Nitish Kumar མཆོག Jammu Kashmir མངའ་སྡེའི་བློན་ཆེན་ལྕམ་ Mehbooba Mufti Sayeed མཆོག་བཅས་ཀྱི་མཚན་ཐོག་ཏུ་ཕྱག་བྲིས་ཤིག་ཕུལ་ཡོད་པ་དང་། དེའང་རྒྱ་གར་དབུས་གཞུང་དང་མངའ་སྡེ་གཞུང་ནས་གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཆོས་ཞུ་བ་སྤྱི་དང་། ལྷག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིསྐུ་ཕྱྭའི་སྲུང་སྐྱོབ་ཀྱི་ཉེན་སྲུང་གི་ལས་དོན་སྔར་ལྷག་ཐུགས་འགན་བཞེས་དགོས་པ་མ་ཟད། ད་རེས་ཁུལ་དེ་ནས་རྙེད་སོན་བྱུང་བའི་འབར་རྫས་ཀྱི་གནད་དོན་དེ་སྣང་མེད་དུ་མ་བཞག་པར་རྒྱ་གར་དབུས་གསང་བའི་ལས་ཁུངས་ཀྱིས་གནད་དོན་དེའི་ཐོག་ཞིབ་འཇུག་གནང་དགོས་པའི་ཞུ་གཏུག་གནང་འདུག གསར་འགོད་པས་ལ་དྭགས་ནང་པའི་ཚོགས་འདུ་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམས་ཟླ་བ་ལགས་སུ་ཞལ་པར་བརྒྱུད་བཅར་འདྲི་ཁག་ཅིག་ཞུས་པར་ཁོང་གིས་གནས་མཆོག་རྡོ་རྗེ་གདན་དུ་འབར་རྫས་ཀྱི་གནད་དོན་བྱུང་བ་དེ་ཐེངས་དང་པོ་ཞིག་མིན་པར་དེ་སྔ་ཕྱི་ལོ་ ༢༠༡༣ ལོར་ཁུལ་དེར་འབར་རྫས་ཀྱི་དོན་རྐྱེན་འོག་གཏོར་སྐྱོན་དང་རྨས་སྐྱོན་རིགས་བྱུང་མྱོང་ཡོད་པ་འགྲེལ་བརྗོད་དང་སྦྲགས། རྒྱ་གར་དབུས་ས་གཉིས་ནས་ཁུལ་དེའི་བདེ་འཇགས་ཀྱི་ལས་དོན་ཐོག་སྔར་ལྷག་ཐུགས་འཁུར་བཞེས་དགོས་གནད་ཡིན་པ་སོགས་གསུངས་ཡོད། ད་དུང་ཁོང་གིས་ཐེངས་འདིའི་འབར་རྫས་ཀྱི་དོན་རྐྱེན་ལ་ངོ་རྒོལ་གྱི་རྣམ་པ་མཚོན་ཆེད་ཚེས་ ༢༡ ཉིན་ལ་དྭགས་སླེ་དང་བྱང་ཐང་། དེ་བཞིན་ནུབ་ར་སོགས་ས་གནས་ཁག་གཅིག་ཏུ་ཚོང་ཁང་ཡོངས་རྫོགས་སྒོ་བརྒྱབ་ནས་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་གནང་ཡོད་པ་གསུངས་སོང་། གཞི་རྩའི་འབར་རྫས་ཀྱི་གནད་དོན་དེ་བྱུང་སྐབས་ཁུལ་དེར་ཡོད་པའི་འདི་རླུང་འཕྲིན་ཁང་གི་ཆེད་གཉེར་གསར་འགོད་པས་བོད་མིའི་སྒྲིག་འཛུགས་བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན་ལགས་སུ་བཅར་འདྲི་ཞུ་སྐབས་ཁོང་གིས་ད་ལན་འབར་རྫས་གཉིས་རྙེད་སོན་བྱུང་ཡོད་པའི་གནས་ཚུལ་དེ་དངོས་འབྲེལ་ཡིན་པ་དང་། འབར་རྫས་ཀྱི་གནད་དོན་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཕྱྭར་དམིགས་པ་ཞིག་མ་རེད་ཅེས་གསུངས་པ་མ་ཟད། ད་ལྟའི་ཆར་མངའ་སྡེའི་གཞུང་ནས་༸སྐུ་ཕྱྭའི་སྲུང་སྐྱོབ་ཀྱི་ཉེན་སྲུང་ཚད་མཐོ་རུ་བཏང་ཡོད་སྟབས་བོད་མི་གཙོས་པའི་ཕྱི་ནང་གི་དད་ལྡན་མང་ཚོགས་རྣམས་ནས་བློ་འཚབ་མ་གནང་རོགས་ཞེས་འབོད་སྐུལ་གནང་ཡོད་པ་རེད།

གཡུང་དྲུང་བོན་གྱི་༸རྒྱལ་བ་སྨན་རིའི་ཁྲི་༣༤པ་བདམས་ཐོན་བྱུང་འདུག

དགེ་བཤེས་དྲང་སྲོང་ཟླ་བ་དར་རྒྱས་མཆོག་ཞ་དཀར་བསྟན་པའི་མངའ་བདག་འཛམ་གླིང་གཡུང་དྲུང་བོན་འབངས་ཡོངས་ཀྱི་དབུ་ཁྲིད་༸རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤ པའི་རྟགས་སྒྲིལ་དུ་བབས་འདུག ཟླ་བ་འདིའི་ཕྱི་ཚེས་༡༩ཉིན་ནས་དབུ་བཙུགས་ཀྱིས། རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེ་་ནང་དུ་རྟེན་གཞི་བྱས་པའི་གཡུང་དྲུང་བོན་གྱི་གདན་ས་དཔལ་གཤེན་བསྟན་སྨན་རིའི་དགོན་དུ་ ༸རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤ པ་བསྐོ་གཞག་དང་འབྲེལ་བའི་ཆོས་ཕྱོགས་ཀྱི་ཟན་སྒྲིལ་གྱི་གནང་སྒོ་ཁག་དབུ་འཛུགས་གནང་ཡོད་པ་རེད། དེ་རིང་གཡུང་དྲུང་བོན་གྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བ་གཞིགས་ན། སྨན་རིའི་ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དང་། སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་སོགས་བོད་ཕྱི་ནང་གི་བོན་གྱི་བླ་སྤྲུལ་དགེ་བའི་བཤེས་གཉེན་དང་། གནད་ཡོད་མི་སྣ་མང་པོས་བཀའ་བགྲོས་ཡུན་རིང་གནང་མཐར་སྔར་སྲོལ་བཞིན་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ། དེ་རིང་ཕྱི་ལོ་གསར་པའི་ཚེས་གཅིག་གི་སྔ་དྲོ་དམ་ཅན་བོན་སྐྱོང་སྲུང་མར་བདེན་པ་བདར་གནང་བའི་འབྲས་རྟགས་སུ་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོ་དྲང་སྲོང་ཟླ་བ་དར་རྒྱས་མཆོག་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ པའི་རྟགས་སྒྲིལ་དུ་བབས་ཡོད་པ་གསལ་བསྒྲགས་སྤེལ་འདུག  

བོད་དོན་ཆེད་རྐང་འཁོར་སྐོར་བསྐྱོད་གནང་མཁན་སྐུ་ཞབས་ Sandesh Meshram  ལགས་རྣ་ཐོས་ལར་འབྱོར་འདུག

རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་ནས་འགོ་འཛུགས་ཀྱིས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྣ་ཐོས་ལ་བར་བོད་དོན་ཆེད་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་མཁན་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ Sandesh Meshram འམ་བོད་མིང་ལ་བསམ་གཏན་ཡེ་ཤེས་ལགས་རྒྱ་གར་གྱི་མངའ་སྡེ་ཆེ་ཁག་གསུམ་ནང་སྐོར་བསྐྱོད་ལེགས་གྲུབ་ཀྱིས་དེ་རིང་རྣ་ཐོས་ལར་ཕེབས་འབྱོར་བྱུང་འདུག དེ་ཡང་སྐུ་ཞབས་ Meshram  ལགས་ཀྱིས་ཕྱི་ཟླ་ ༡༠ ཚེས་ ༢༠ ནས་སྐོར་བསྐྱོད་ཀྱི་ལས་འགུལ་དེ་འགོ་འཛུགས་གནང་སྟེ། ཐོག་མ་གནས་མཆོག་རྡོ་རྗེ་གདན་དང་ཝཱ་རཱ་ཎ་སཱི། ནུབ་བྷན་གྷལ་གྱི་གྲོང་ཁྱེར་ས་རུ་ག་ར་དང་རྡོ་རྗེ་གླིང་། བཀའ་བློན་སྦུག  རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་བཅས་ཁྱོན་རྒྱང་ཐག་སྤྱི་ལེ་ ༡༣༠༠ ཙམ་ཞིག་འགྲུལ་ཞུད་གནང་འདུག་པ་མ་ཟད། དུས་ཡུན་ཉིན་གྲངས་ ༢༢ ཙམ་གྱི་རིང་ཁོང་ནས་རྒྱ་གར་གྱི་མངའ་སྡེ་ཆེ་གྲས་གསུམ་གྱི་གྲོང་ཁྱེར་དང་གྲོང་སྡེ་ས་ཁུལ་མང་དག་ཞིག་བརྒྱུད་ནས་མང་ཚོགས་ལ་བོད་དོན་དྲིལ་བསྒྲགས་དང་བོད་དོན་གཏམ་བཤད། ཡིག་ཆ་འགྲེམས་སྤེལ། དེ་བཞིན་གསར་འགོད་གསལ་བསྒྲགས་སྤེལ་གནང་འདུག དེ་རིང་སྐུ་ཞབས་ Meshram ལགས་རྐང་འཁོར་སྐོར་བསྐྱོད་གནང་ཡུལ་ས་ཚིགས་མཐའ་མ་རྣ་ཐོས་ལར་བདེ་འབྱོར་བྱུང་འདུག་པ་དང་། སང་ཉིན་སྔ་དྲོ་རྣ་ཐོས་ལ་ནས་རྒྱལ་ས་སྒང་ཏོག་ཏུ་ཕེབས་ཐོན་གྱིས་ཁུལ་དེར་ལས་འགུལ་མཇུག་སྒྲིལ་གནང་གི་ཡོད་པ་རེད། སྐུ་ཞབས་ Meshram ལགས་ཀྱིས་ཐེངས་འདིའི་ལས་འགུལ་བརྒྱུད་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་མཁན་བོད་མི་ཚོའི་མངོན་འདོད་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ནང་ཕེབས་བཅུག་དགོས་པ། དེ་བཞིན་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་ཐབས་སུ་རྒྱ་གཞུང་ནས་མགོན་པོ་༸གང་ཉིད་མཆོག་གམ་སྐུ་ཚབ་དབར་གྲོས་མོལ་སླར་གསོ་དགོས་པ། ༸གོང་ས་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་ཆེ་བསྟོད་གཟེངས་རྟགས་ Bharat Ratna ཕུལ་དགོས་པ་མ་ཟད། གཞན་ཡང་རྒྱ་གཞུང་གིས་འབྲོག་ལམ་ཁུལ་དུ་བཙན་འཛུལ་བྱེད་སྟངས་ལ་ངོ་རྒོལ་དང་སྦྲགས་རྒྱ་གར་ནང་རྒྱའི་དངོས་ཟོག་ཚོང་འགྲེམས་མི་གནང་པར་རེ་སྐུལ་སོགས་དགོས་འདུན་དོན་ཚན་ཁག་ཅིག་ཆེད་བཏོན་གནང་འདུག ཐེངས་འདིའི་སྐོར་བསྐྱོད་སྐབས་ས་གནས་ཁག་ཏུ་ཡོད་པའི་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་སྐུ་ཞབས་ Meshram ལགས་ཀྱི་ལས་འགུལ་ལ་བསྔགས་བརྗོད་དང་ཆེ་བསྟོད་ཀྱི་དགའ་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག་པ་མ་ཟད། ཁ་ཉིན་ཁོང་རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་ཁུལ་གྱི་རྒྱལ་ས་སྒང་ཏོག་ནང་འབྱོར་སྐབས་ས་གནས་བོད་ཀྱི་གཞོན་ནུ་དང་བེུད་ལྷན་ཚོགས་གཉིས། དེ་བཞིན་མདོ་སྨད་ཚོགས་ཆུང་གཙོ་འགྱུར་ས་གནས་བོད་མི་མང་ཚོགས་རྣམས་ནས་དགའ་བསུའི་ཕེབས་བསུ་ཞུས་འདུག རྩ་བའི་སྐུ་ཞབས་ Sandesh Meshram  ལགས་ཀྱིས་འདས་པའི་ལོ་ངོ་ ༤༠ ལྷག་གི་རིང་ལ་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད་པ་དང་ཕྱི་ལོ་ ༡༩༩༦ ལོར་བཞུགས་སྒར་རྡ་རམ་ས་ནས་ལྡི་ལི་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་འདུག་པ་མ་ཟད། ད་བར་བོད་དོན་དྲིལ་བསྒྲགས་དང་འབྲེལ་བའི་རྐང་འཁོར་སྐོར་བསྐྱོད་ཐེངས་གཉིས་གནང་ཡོད་པ་རེད། ད་ལྟའི་ཆར་ནག་པུར་གྲོང་ཁྱེར་གྱི་འཕགས་བོད་མཛའ་འབྲེལ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེའི་ཕྱག་ལས་གནང་མུས་ཡིན་པ་རེད།

བོད་མི་ཡིན་པ་མ་བརྗེད་པའི་ཐོག་ནས་རྒྱ་གར་འོས་བསྡུའི་ལས་རིམ་ནང་ཞུགས་ཀྱི་ཡོད་པ་གསུངས་སོང་།

རྡ་རམ་ས་ལ་ས་གནས་རྒྱ་གར་གྱི་འོས་བསྡུའི་ལས་རིམ་ནང་ཞུགས་མཁན་བོད་མི་མི་ཉུང་བ་ཞིག་ཡོད་པའི་ཁྲོད་ཁོང་ཚོ་བོད་མི་ཡིན་པ་མ་བརྗེད་པའི་ཐོག་ནས་འོས་འཕེན་གྱི་ཡོད་པ་གསུངས་སོང་། དེ་རིང་ཟླ་ ༡༡ ཚེས་ ༩ ཉིན་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་འོས་བསྡུ་ཆེན་མོ་གནང་ཡོད་པ་དང་། མངའ་སྡེ་གྲོས་ཚོགས་སུ་འཐུས་མི་ ༦༨ ཀྱི་ས་མིག་ཡོད་པ་ལྟར་ Kangra རྫོང་ཁོངས་སྤྱི་ལ་འཐུས་མི་ ༡༥ འི་ས་མིག་ཡོད་པ་དང་དེའི་ཁྲོད་རྡ་རམ་ས་ལའི་ཁྱབ་ཁོངས་ལ་ས་མིག་ ༡ ཡོད་པ་རེད། རྡ་སྟེང་དུ་ Bhagsu Nath དང་ forseth Ganj སོགས་འོས་བསྡུའི་ས་ཚིགས་མི་འདྲ་བ་ལྔ་འདུག་པ་དེ་དག་ཏུ་ས་གནས་ཀྱི་བོད་མི་མི་ཉུང་བ་ཞིག་ནས་མཉམ་ཞུགས་གནང་སོང་། གསར་འགོད་པས་བོད་མི་ ༡༡ ལ་བཅར་འདྲི་ཞུས་སྐབས་བོད་མི་གསུམ་མ་གཏོགས་གཞན་ཚང་མས་སྐད་ཆ་ཐུབ་ས་མ་རེད་སྐད་ཆ་ཤོད་ཀྱི་མིན་སོགས་གསུངས་མཁན་འདུག བོད་མི་ཞིག་གིས་ཕྱི་རྒྱལ་བོད་མི་ཚོས་ས་གནས་ཀྱི་མི་སེར་བཟོ་ཆོག་ས་ལ་ང་ཚོ་རྒྱ་གར་གྱི་འོས་འཕེན་ལག་འཁྱེར་བཟོ་མི་ཆོག་པ་རྒྱུ་མཚན་མཐོང་གི་མེད། གཙོ་བོ་རང་ཉིད་བོད་མི་ཡིན་པ་མ་བརྗེད་པའི་ཐོག་ནས་དཔྱ་དངུལ་དུས་ཐོག་ཏུ་འབུལ་རྒྱུ་དང་། བོད་ཀྱི་རྩ་དོན་ལ་དཀའ་ལས་རྒྱག་རྒྱུ་གཙོ་བོ་རྩིས་ཀྱི་ཡོད་གསུངས་སོང་བ་དང་སྦྲགས། འོས་ཤོག་ལག་འཁྱེར་བཟོ་ནས་ས་གནས་ཡུལ་མི་དང་བོད་མིའི་དབར་འབྲེལ་བ་མང་བ་ཡོང་ཡག་དང་མཐུན་སྒྲིལ་ཡག་ཏུ་འགྲོ་གཞི་གཅིག་ཙམ་མ་ཟད། རྒྱ་གར་གཞུང་གིས་མཐུན་རྐྱེན་གནང་བཞག་པ་དེ་བེད་སྤྱོད་བཏང་པ་ཞིག་ལ་ངོས་འཛིན་གནང་གི་འདུག བཅར་འདྲི་ཞུ་ཡུལ་བོད་མི་བརྒྱ་ཆ་ ༩༠ ལྷག་གིས་མ་འོངས་པར་རྒྱ་གར་མི་སེར་ལག་དེབ་བཟོ་རྩིས་མེད་འོས་ཤོག་ལག་འཁྱེར་བཟོ་དགོས་དོན་ནི་བལ་ཡུལ་དུ་གནས་སྐོར་འགྲོ་རྒྱུ་དང་ས་གནས་རྒྱ་གར་ལས་ཁུངས་སུ་འཕྲད་བཞིན་པའི་དཀའ་ངལ་ཁག་ཅིག་སེལ་ཆེད་དུ་ཡིན་པ་གསུངས་སོང་། རྒྱ་གར་མི་སེར་ལག་ཁྱེར་བཞེས་མཁན་བཞུགས་སྒར་དུ་བཅའ་བཞུགས་བློ་བཟང་དབང་རྒྱལ་ལགས་ལ་གསར་འགོད་པས་བཅར་འདྲི་ཞུས་སྐབས་ཁོང་གིས་འོས་བསྡུའི་ལས་རིམ་ནང་མཉམ་ཞུགས་བྱེད་དགོས་དོན་དེ་དུས་རྒྱུན་ནས་ཆབ་སྲིད་ལ་དོ་སྣང་ཡོད་པ་མ་ཟད། ལྷག་པར་མང་ཚོགས་ཀྱི་བདེ་སྡུག་ལྟ་ཐུབ་མཁན་གྱི་མི་སྣ་བདམས་ཆེད་དུ་ཡིན་པ་གསུངས་སོང་། བཞུགས་སྒར་དུ་རྟེན་གཞི་བྱས་པའི་དབུས་བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་མི་སེར་ལག་འཁྱེར་སྐོར་དང་འབྲེལ་བའི་ཐོག་རྒྱབ་སྐྱོར་དང་འགག་ཆ་སོགས་གང་ཡང་མེད་པའི་བཞེངས་ཕྱོགས་འཛིན་མུས་ཐོག ཉེ་ཆར་ཚེས་ ༣ ཉིན་ནང་སྲིད་ལས་ཁུངས་ནས་ས་གནས་འགོ་འཛིན་ལས་ཁུངས་ཡོངས་ལ་བཀོད་ཁྱབ་ཅིག་གནང་པ་དང་སྦྲགས། བོད་མི་ཚོས་འོས་བསྡུའི་ལག་འཁྱེར་བཟོ་རྐྱེན་མ་འོངས་པར་བོད་མི་སྤྱི་ཚོགས་ནང་དཀའ་ངལ་འཕྲད་མི་སྲིད་པ་མིན་སྟབས་ཚང་མས་དེའི་ཐོག་ཐུགས་ཁུར་ཆེ་བཞེས་གནང་དགོས་པའི་ལམ་སྟོན་གནང་ཡོད་པ་རེད། འོས་བསྡུའི་མཐའ་མའི་གྲུབ་འབྲས་གསལ་བསྒྲགས་དེ་ཕྱི་ཟླ་ ༡༢ ཚེས་ ༡༨ ཉིན་གནང་གཏན་འཁེལ་འདུག་པ་དང་། ཤེས་རྟོགས་བྱུང་བར་ཧི་མཱ་མ་ཅལ་མངའ་ཁོངས་ཀྱི་བོད་མི་ ༡༥༠༠ ཡས་མས་ནས་ས་གནས་ཀྱི་འོས་ཤོག་ལག་འཁྱེར་བཟོས་ཟིན་འདུག་པ་དང་དེའི་ཁྲོད་རྡ་རམ་ས་ལ་རང་ནས་མི་གྲངས་ ༢༦༠ ཙམ་འདུག

བོད་ཀྱི་ཡར་ཀླུང་གཙང་པོ་ནས་ཤར་ཏུ་ཀི་སི་ཐན་བར་ཆུ་འོག་སྦུགས་ལམ་བཟོ་འཆར་འདུག

བོད་ཀྱི་ཡར་ཀླུང་གཙང་པོ་ནས་ཤར་ཏུ་ཀི་སི་ཐན་གྱི་སྐམ་སའི་ས་ཁུལ་བར་སྤྱི་ལེ་ ༡༠༠༠ ལྷག་གི་རིང་ཚད་ལྡན་པའི་ཆུ་འོག་སྦུབས་ལམ་ཞིག་བཟོ་འཆར་ཡོད་པའི་གནས་ཚུལ་ཐོན་འདུག་པ་མ་ཟད། གལ་ཏེ་ལས་གཞི་དེ་ཡོངས་སུ་བསྒྲུབ་ཚེ་འཛམ་གླིང་ནང་གི་ཆུ་འོག་སྦུབས་ལམ་རིང་ཤོས་དེ་ཆགས་ཀྱི་འདུག དེ་རིང་རྒྱ་གར་དང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ན། ཉེ་ཆར་རྒྱ་ནག་ནང་གི་བཟོ་སྐྲུན་ཁེ་ལས་མི་སྣ་ཁག་ཅིག་གིས་རྒྱ་ནག་གཞུང་ལ་བོད་ཀྱི་ཡར་ཀླུང་གཙང་པོ་ནས་ཤར་ཏུ་ཀི་སི་ཐན་བར་དུ་ཆོ་འོག་སྦུབས་ལམ་བཟོ་རྒྱུའི་ལས་འཆར་ཞིག་རྒྱ་ནག་གཞུང་ལ་སྤྲད་འདུག ལས་འཆར་དེར་གཞིགས་ཚེ་ཆུ་འོག་སྦུབས་ལམ་དེ་བཞིན་བོད་ཀྱི་ཡར་ཀླུང་གཙང་པོའི་ཁུལ་གྱི་ཟངས་རི་རྫོངས་ས་ཁུལ་ནས་ Taklamakan ཞེས་པའི་ཤར་ཏུ་ཀི་སི་ཐན་གྱི་བྱེ་ཐང་ས་ཁུལ་བར་བཟོ་འཆར་ཡོད་པ་དང་ལས་འཆར་སྤྱི་ཡོངས་ཀྱི་འགྲོ་གྲོན་ནི་ཨ་སྒོར་ཐེར་འབུམ་ ༡༥༠ ལྷག་ཚོད་དཔག་བྱེད་མུས་རེད་འདུག རླུང་འཕྲིན་ཁང་གིས་བོད་མིའི་སྒྲིག་འཛུགས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས་སུ་དེ་འབྲེལ་བཅར་འདྲི་ཞུས་པས་པར་ཁོང་གིས་ད་ལྟའི་ལས་འཆར་དེའི་འགྲོ་གྲོན་དང་ཁོར་ཡུག་གི་གནད་དོན། དེ་བཞིན་རྒྱ་ནག་གི་འཕྲུལ་ཆས་ནུས་པ་སོགས་སྤྱི་ཡོངས་ནས་བསྒྲུབ་ཐུབ་རྒྱུ་མེད་སྐོར་གསུངས་སོང་། ད་ལན་གྱི་ལས་འཆར་དེ་དང་འབྲེལ་ཡོད་རྒྱ་ནག་ནང་གི་བཟོ་སྐྲུན་ཆེད་ལས་པས་ཧོང་ཀོང་ནང་གི་ The South China morning post གསར་ཁང་ཐོག་འགྲེལ་བརྗོད་བྱས་པར་ལས་འཆར་དེ་རྒྱ་གཞུང་ལ་སྤྲད་ཟིན་ཡོད་པ་དང། རིང་མིན་ ༢༠༡༨ ལོའི་ཕྱི་ཟླ་ ༣ པའི་ནང་ཚུད་ལ་ཆོག་མཆན་ཐོབ་རྒྱུ་ཡིན་པར་ཚོད་དཔག་བྱེད་བཞིན་ཡོད་པ་བཤད་འདུག རྒྱ་གར་གྱི་གསར་ཁང་ The Times of India དྲ་གནས་ཐོག་ཡར་ཀླུང་གཙང་པོ་ཁ་བསྒྱུར་གྱི་ལས་འཆར་དེར་རྒྱ་ནག་གཞུང་ལ་ཆོག་མཆན་སྤྲད་ཚེ་ཡར་ཀླུང་གཙང་པོའི་ཐོག་འཚོ་བརྟེན་བྱེད་བཞིན་པའི་གཤམ་འོག་རྒྱལ་ཁབ་ཁག་ལ་ཆུའི་དཀའ་ངལ་དང་ཆུ་ལོག་གྱི་གནོད་འཚེ་ཡོང་རྒྱུའི་ཉེན་ཁ་ཡོད་སྐོར་ཡང་འགྲེལ་བརྗོད་བྱས་འདུག ཡར་ཀླུང་གཙང་པོའི་ཁ་བསྒྱུར་གྱི་གནད་དོན་ཐོག་དེ་རིང་རྒྱ་གཞུང་གིས་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ Hua Chuying ཡིས་ཡར་ཀླུང་གཙང་པོ་ནས་ཤར་ཏུ་ཀི་སི་ཐན་བར་གྱི་ཆུ་འོག་སྦུབས་ལམ་བཟོ་རྒྱུའི་གནས་ཚུལ་དེ་ནི་བདེན་པ་མིན་སྐོར་ལན་འདེབས་དང་འབྲེལ། རྒྱ་གཞུང་གིས་རྒྱལ་ཁབ་ཕན་ཚུན་དབར་གྱི་གཙང་ཆུ་མཉམ་ལས་ཐོག་གུས་བརྩི་དང་གནད་ཆེར་བརྩི་བཞིན་ཡོད་ཅེས་བརྗོད་འདུག རྩ་བའི་རྒྱ་གཞུང་གིས་ཐེངས་ ༡༢ པའི་ལོ་ལྔ་རེའི་འཆར་གཞི་ནང་དུ་བོད་ཀྱི་ཡར་ཀླུང་གཙང་པོའི་སྟེང་ཆུ་རགས་ཁག་མི་འདྲ་བ་ ༡༡ རྒྱབ་འཆར་ཡོད་པ་དང་། དེའི་ཁྲོད་ནས་ལས་གཞི་འགྲོ་བཞིན་པ་རྫང་མོ་ཆུ་རགས་ལས་གཞི་དེ་ཆགས་ཀྱི་ཡོད་པ་རེད། དེ་སྔོན་རྒྱལ་ཁབ་ཀྱི་བདེ་འཇགས་ཐོག་ཞིབ་འཇུག་གནང་མཁན་སྐུ་ཞབས Joel Wuthnow ལགས་ཀྱིས་ཉེ་ཆར་རྒྱ་དཀར་ནག་གཉིས་དབར་ལ་མཐའ་མཚམས་ཀྱི་རྩོད་རྙོག་ཙམ་མ་ཟད། བོད་བརྒྱུད་ནས་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་ཁུལ་དུ་རྒྱུག་བཞིན་པའི་ཡར་ཀླུང་གཙང་པོར་ཚོར་བ་རྣོ་བའི་གནད་དོན་ཛ་དྲག་ཞིག་ཆགས་ཡོད་པར་འགྲེལ་བརྗོད་གནང་འདུག རྒྱལ་སྤྱིའི་གཙང་ཆུ་ཆེ་ཁག་གི་ཐོ་གཞུང་ཁྲོད་ནས་ཡར་ཀླུང་གཙང་པོ་དེ་སྟངས་འཛིན་བྱེད་ཕྱོགས་སྐྱོ་ཤོས་ཀྱི་གྲས་ཆགས་ཡོད་པ་དང་། དེ་བཞིན་ད་ལྟའི་ཆར་གཙང་པོ་དེར་བརྟེན་མཁན་གྱི་རྒྱལ་ཁབ་རྒྱ་ནག་གཙོས་པའི་གཤམ་འོག་རྒྱལ་ཁབ་རྒྱ་གར་དང་བྷང་ལ་དེ་ཤི་བཅས་རྒྱལ་ཁབ་ཕན་ཚུན་དབར་མཉམ་གནས་ཀྱི་ལམ་ནས་གཙང་ཆུ་བེད་སྤྱོད་དང་སྟངས་འཛིན་བྱ་རྒྱུའི་ཐོུང་གི་ཚོགས་པ་དང་། ཆིངས་ཡིག་གཅིག་ཀྱང་བཞག་མེད་སྟབས་རྒྱལ་ཁབ་ཕྱོགས་ཕན་ཚུན་དབར་གཙང་ཆུའི་ཐོག་རྩོད་རྙོག་ཡོང་གི་ཡོད་པར་འགྲེལ་བརྗོད་བྱས་ཡོད་པ་རེད།

བོད་མིར་རང་དབང་རང་བཙན་སྤྲོད་དགོས་པའི་དགོས་འདུན་བཏོན་པ།

རྒྱ་གར་གྱི་གཞུང་འཛིན་  BJP  ཆབ་སྲིད་ཚོགས་པ་དང་འབྲེལ་བ་ཡོད་པའི་  Swadesh Jagaran Manch ཚོགས་པས་རྒྱ་གར་གཞུང་མང་གཉིས་ཀྱི་ངོས་ནས་བོད་མིའི་རང་དབང་རང་བཙན་ཐོག་རྒྱབ་སྐྱོར་གནང་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད། ཁ་སང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་རམ་ལི་ལ་ཐང་ཆེན་དུ་ Swadeshi Jagaran Manch  ཚོགས་པས་རྒྱ་ནག་གི་དངོས་ཟོག་བེད་སྤྱོད་དང་ཉོ་ཚོང་སོགས་བཀག་སྡོམ་གྱི་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་གོ་སྒྲིག་ཞུས་ཡོད་པ་དང་།    རྒྱ་གར་རྒྱལ་ཡོངས་ནས་ལས་འགུལ་བ་ཁྲི་ཚོ་དུ་མ་འདུ་འཛོམས་བྱུང་བའི་ལས་འགུལ་དེའི་ཁྲོད་ Swadeshi Jagaran Manch  ཚོགས་པས་དེང་སྐབས་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་དང་བསྟུན་ཅ་དངོས་ཕྱི་ཚོང་འཕེལ་རྒྱས་འགྲོ་བཞིན་པ་དེས་རྒྱ་གར་གཙོས་པའི་ཁྱིམ་མཚེས་རྒྱལ་ཁབ་མང་པོ་ཞིག་གི་བཟོ་གྲྭ་སྒོ་རྒྱབ་དགོས་བྱུང་བ་དང་།   ལྷག་པར་དམག་དོན་གྱི་སྟོབས་ཤུགས་ཀྱང་དེ་མཚུངས་འཕེལ་རྒྱས་འགྲོ་བཞིན་པ་དེས་བོད་ཧྲིལ་པོ་བཙན་བཟུང་བྱས་པ་མ་ཟད།   རྒྱ་གར་གཙོས་པའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ཅིག་གི་ས་ཁྱོན་བཙན་བཟུང་བྱེད་བཞིན་པ་དེས་རྒྱལ་སྤྱིའི་ཁྱོན་དུ་བདེ་འཇགས་ལ་ཤུགས་རྐྱེན་ངན་པ་ཞིག་ཐེབས་ཀྱི་ཡོད་སྟབས། རྒྱ་གར་གཞུང་མང་གཉིས་ཀྱིས་རྒྱ་ནག་གི་དངོས་ཟོག་བེད་སྤྱོད་དང་ཉོ་ཚོང་སོགས་བཀག་སྡོམ་བྱེད་དགོས་པ་མ་ཟད།   གཞུང་ཕྱོགས་ནས་རྒྱ་ནག་དང་མཉམ་དུ་བཞག་པའི་ཚོང་འབྲེལ་གྲོས་མཐུན་ཁག་ཕྱིར་འཐེན་བྱེད་གོས། ལྷག་དོན་འཛམ་གླིང་རྒྱལ་ཁབ་གཞན་ཁག་དང་འབྲེལ་བ་གནང་པའི་བརྒྱུད་རྒྱ་ནག་དེ་རྒྱལ་སྤྱིའི་ཚོང་ར་ཁག་ནས་ཁེར་རྐྱང་འཇོག་ཐབས་བྱེད་དགོས་པའི་དགོས་འདུན་ཡང་བཏོན་ཡོད་པ་རེད། Swadeshi Jagaran Manch  ཚོགས་པས་ཁ་སང་གི་ལས་འགུལ་དང་བསྟུན་ནས་དོན་ཚན་ཁག་བརྒྱད་ཡོད་པའི་བསྒྲགས་གཏམ་ཞིག་འགྲེམས་སྤེལ་གནང་ཡོད་པ་དང་། དེའི་ནང་རྒྱ་གར་གཞུང་གི་ངོས་ནས་བོད་མིའི་རང་དབང་རང་བཙན་ཐོག་རྒྱབ་སྐྱོར་གནང་དགོས་པ་མ་ཟད་རྒྱ་གར་གྱི་སྣེ་ཁྲིད་དེ་རྒྱལ་སྤྱིའི་ནང་བོད་དོན་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་གནད་དོན་ཐོག་གོ་རྟོགས་སྤེལ་བའི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་གོ་སྒྲིག་གནང་དགོས་པ་སོགས་ཀྱི་དགོས་འདུན་ཡང་བཏོན་ཡོད་པ་རེད། ཁ་སང་རྒྱ་ནག་གི་དངོས་ཟོག་བེད་སྤྱོད་དང་ཉོ་ཚོང་སོགས་བཀག་སྡོམ་གྱི་གཞི་རྒྱ་ཆེ་བའི་རྒྱ་གར་གྱི་ལས་འགུལ་དེའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་དབུས་པའི་ལྡི་ལི་བོད་སྒར་བསམ་ཡས་གླིང་དང་།    ལ་དྭགས་རྡ་རམ་ས་ལ། དེ་བཞིན་ལཱ ལ་ཀི་ལཱའི་སུད་ཚོང་བའི་བོད་མི་ཁག་ཅིག་བཅས་ལས་འགུལ་ནང་མཉམ་ཞུགས་གནང་ཡོད་པ་རེད། བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་ལས་འགུལ་དེའི་ཐོག་ཕེབས་པའི་རྒྱ་གར་རྒྱལ་ཡོངས་ཀྱི་ཚོགས་མིའི་སྐུ་ཚབ་ཚོའི་ལྷན་དུ་རྒྱལ་ས་ལྡིའི་ས་གནས་ཁག་ཅིག་ཏུ་རྒྱ་མིའི་ཅ་དངོས་ཉོ་ཚོང་མཚམས་འཇོག་གི་ལས་འགུལ་དེའི་བསྒྲགས་གཏམ་འགྲེམས་སྤེལ་དང་གོ་རྟོགས་སྤེལ་ཆེད་སྐོར་བསྐྱོད་ནང་ལྷན་ཞུགས་གནང་ཡོད་པ་རེད། གཞི་རྩའི་རྒྱ་གར་ནང་རྒྱ་མིའི་ཅ་དངོས་ཉོ་ཚོང་མཚམས་འཇོག་གི་ལས་འགུལ་དེ་ལོ་གཉིས་ཀྱི་སྔོན་ཙམ་ནས་འགོ་འཛུགས་བྱས་ཡོད་པ་དང་། Swadeshi Jagaran Manch  ཞེས་པའི་ཚོགས་པ་དེས་རྒྱ་གར་རྒྱལ་ཡོངས་ནང་རྒྱ་ནག་གི་ཅ་དངོས་ཉོ་ཚོང་མཚམས་འཇོག་གི་ལས་འགུལ་དེ་སྔ་ལོར་འགོ་འཛུགས་གནང་ཡོད་པ་རེད། ཁ་སང་གཞི་རྒྱ་ཆེ་བའི་ལས་འགུལདེ་ནི་ལོ་གཅིག་ཧྲིལ་པོ་འཁོར་བའི་མཇུག་སྡོམ་ཉིན་མོ་ཡིན་པ་མ་ཟད།  ཚོགས་པ་དེས་ད་དུང་རྒྱ་མིའི་ཅ་དངོས་ཉོ་ཚོང་མཚམས་འཇོག་གི་ལས་འགུལ་དེ་གཞི་རྒྱ་ཆེ་རུ་གཏང་རྒྱུའི་འཆར་གཞི་ཡོད་པ་རེད།

རྒྱ་གར་ནང་གི་བོད་མི་རྣམས་ལ་རྒྱ་གར་ནས་ཕྱིར་ཐོན་ཆོག་པའི་ཡིག་ཆ་འཕར་མ་ཞུ་མི་དགོས་པ་བཟོ་རྒྱུ།

རྒྱ་གར་ནང་དུ་ལག་དེབ་སེར་པོ་ཉར་མཁན་སྐྱབས་བཅོལ་བོད་མི་རྣམས་ལ་ཕྱིན་ཆད་ཕྱིའི་རྒྱལ་ཁབ་ནང་དུ་བསྐྱོད་སྐབས་ Exit Permit ཞེས་པའི་རྒྱ་གར་ནས་ཕྱིར་ཐོན་ཆོག་པའི་ཡིག་ཆ་འཕར་མ་དེ་ཞུ་མི་དགོས་པ་བཟོ་རྒྱུ་རེད་འདུག དེ་ཡང་དེ་རིང་ The Hindu གསར་ཁང་གིས་གནས་ཚུལ་སྤེལ་བར་ད་ལྟའི་ཆར་རྒྱ་གར་ནང་དུ་ཡོད་པའི་སྐྱབས་བཅོལ་བོད་མི་རྣམས་རྒྱལ་ཁབ་གཞན་དུ་བསྐྱོད་སྐབས་དོ་བདག་རྒྱལ་ཁབ་སོ་སོ་ནས་མཐོང་མཆན་ཞུས་པ་དང་སྦྲགས། རྒྱ་གར་ནས་ཕྱིར་ཐོན་ཆོག་པའི་ཡིག་ཆ་འཕར་མ་ཞིག་ཀྱང་ཞུས་དགོས་ཀྱི་ཡོད་པ་དེ་ལྟར་ཡང། རྒྱ་གར་གྱི་འབྲེལ་ཡོད་གཞུང་འབྲེལ་མི་སྣ་ཞིག་གིས་གསར་ཁང་དེར་འགྲེལ་བརྗོད་གནང་བར་གཞིགས་ན། བོད་མི་ཚོར་ཐོག་མར་ཕྱིར་སྐྱོད་ལག་འཁྱེར་རམ་ལག་དེབ་སེར་པོ་དེ་གནང་སྐབས་དོ་བདག་སོ་སོའི་རྒྱབ་ལྗོངས་ཆ་ཚང་རྟོག་ཞིབ་མཐིལ་ཕྱིན་གནང་རྗེས་གནང་པ་ཞིག་ཆགས་ཀྱི་ཡོད་སྟབས་ད་ཆ་ Exit Permit ཞེས་པ་དེ་ནི་དགོས་མེད་ཀྱི་ཆ་རྐྱེན་འཕར་མ་ཞིག་ཡིན་པ་དང། ད་ཆ་རྒྱ་གར་གཞུང་གི་ངོས་ནས་བོད་མི་ཚོར་དགོས་མེད་ཀྱི་ཡིག་ཆ་དེ་ཞུ་མི་དགོས་པ་བཟོ་འཆར་ཡོད་སྐོར་གསུངས་འདུག རྒྱ་གར་ནང་གནས་སྡོད་བོད་མི་རྣམས་ལ་ Identity Certificate འམ་རྒྱ་གར་གཞུང་གི་ངོ་སྤྲོད་ལག་དེབ་སེར་པོ་དེ་ཐོག་མར་བཟོ་སྐབས་ No Objection Certificate འམ་ཕྱིའི་རྒྱལ་ཁབ་ནང་དུ་བསྐྱོད་རྗེས་རྒྱ་གར་ལ་ཕྱིར་ལོག་བྱེད་པར་དགག་བྱ་མེད་པའི་དམ་ཕྲུག་ཞིག་གནང་གི་ཡོད་པ་ལྟར་བོད་མི་རྣམས་ལ་ཕྱིའི་རྒྱལ་ཁབ་ནང་དུ་བསྐྱོད་ཆེད་རྒྱ་གར་གཞུང་གི་ངོས་ནས་གནང་བའི་དམ་ཕྲུག་དེས་གོ་ཆོད་རྒྱུ་ཡིན་པ་གསུངས་འདུག ལས་བྱེད་པ་དེས་གསུངས་པར་རྒྱ་གར་ནང་སྲིད་ལས་ཁུངས་ཀྱི་ངོས་ནས་ Cabinet Committee on Security འམ་རྒྱ་གར་གྱི་བདེ་སྲུང་དང་འབྲེལ་བའི་འཛིན་སྐྱོང་ཚོགས་ཆུང་ནས་ངོས་ལེན་ཐོབ་རྗེས་རྒྱ་གར་ཕྱི་སྲིད་ལས་ཁུངས་ནས་ཕྱི་རྒྱལ་གཞུང་ཚབ་ཁང་ཆ་ཚང་ལ་ཕྱིན་ཆད་བོད་མི་རྣམས་ལ་ Exit Permit བཟོ་མི་དགོས་པའི་གྲུ་དོན་སྙན་གསེང་ཞུ་རྒྱུ་ཡིན་པ་གསུངས་འདུག འདི་ག་རླུང་འཕྲིན་ཁང་ནས་ཡུན་རིང་ནས་གནད་དོན་དེའི་ཐོག་རྒྱ་གར་གཞུང་དང་འབྲེལ་བ་གནང་མུས་ཡིན་པའི་ལྡི་ལི་སྐུ་ཚབ་དོན་ཁང་གི་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་གར་གཞུང་དང་ལྷན་དུ་ Exit Permit ཙམ་མ་ཡིན་པར་རྒྱ་གར་ནང་ཕྱིར་ལོག་ཆོག་པའི་མཐོང་མཆན་ Return Visa ཞུ་ཕྱོགས་དང་ Identity Certificate འམ་ངོ་སྤྲོད་ལག་ཁྱེར་དེ་ Travel Document འམ་འགྲུལ་བཞུད་ལག་འཁྱེར་དུ་བསྒྱུར་དགོས་པ་སོགས་ཀྱི་གནད་དོན་འདྲ་མིན་དྲུག་ཙམ་གྱི་ཐོག་ཡུན་རིང་ནས་གྲོས་མོལ་གནང་མུས་ཡིན་པ་དང། ད་ལྟའི་ཆར་གནད་དོན་ཁག་ཅིག་གི་ཐོག་ཐག་གཅོད་གནང་རན་ཡོད་སྐོར་གསུངས་སོང། རྩ་བའི་ཉེ་བའི་ཆར་རྒྱ་གར་ནང་བོད་མི་མི་ཉུང་བ་ཞིག་གིས་རྒྱ་གར་གྱི་རྩ་ཁྲིམས་ནང་འཁོད་པའི་ཐོབ་ཐང་རྩོད་དེ་རྒྱ་གར་གྱི་མི་སེར་ཐོབ་ཐང་ཞུས་དང་ཞུ་མུས་ཡིན་པ་ལྟར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་གནད་དོན་དེ་འགྲིག་མིན་གྱི་བགྲོ་གླེང་ཤུགས་ཆེ་གནང་བཞིན་ཡོད་པ་དང། རྒྱ་གར་ཡུལ་མིའི་ཐོབ་ཐང་རྩོད་མཁན་བོད་མི་ཁག་གཅིག་གིས་དེ་ལྟར་གནང་དགོས་པའི་རྒྱུ་མཚན་གཙོ་བོ་ནི། ལག་དེབ་གསེར་པོའི་ཐོག་ཕྱིའི་རྒྱལ་ཁབ་ཁག་ཏུ་བསྐྱོད་སྐབས་རྒྱ་གར་གཞུང་ནས་ Exit permit འམ་རྒྱ་གར་ནས་ཐོན་ཆོག་པའི་ཡིག་ཆ་དང་དེ་བཞིན་return visa འམ་རྒྱ་གར་ལ་ཕྱིར་ལོག་ཆོག་པའི་མཐོང་མཆན་སོགས་ཡིག་ཆ་འཕར་མ་མང་དག་ཞིག་ཞུ་དགོས་པ་དང། ཕྱིའི་རྒྱལ་ཁབ་དང་གནམ་ཐང་དུ་ལག་དེབ་སེར་པོ་དེ་གང་ཡིན་མིན་ཤེས་རྟོགས་མེད་པའི་ངལ་བ་མང་དག་འཕྲད་པ་ལུང་འདྲེན་གནང་མུས་ཡིན་པ་རེད།

Latest news