Tibetan Royal Year of 2151 | Year of the Wood Dragon

རྒྱ་གར།

རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ཚོགས་ཆེན་ཐེངས་དང་པོ་དབུ་འཛུགས་གནང་སོང་།

དེ་རིང་ཕྱི་ཚེས་ ༢༦ ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་པ་ཡོལ་ཙམ་ལ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་ནང་དུ་རྒྱ་གར་གཙོས་པའི་ཨ་རི་དང་ཡོ་རོབ་སོགས་རྒྱལ་སྤྱིའི་ཡུལ་གྲུ་འདྲ་མིན་ནང་བཞུགས་པའི་བོད་རིགས་རྒན་གཞོན་ལྔ་བརྒྱ་ལྷག་འདུ་འཛོམས་ཐོག་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ཚོགས་ཆེན་ཐེངས་དང་པོ་དབུ་འཛུགས་གནང་སོང་། ཚོགས་ཆེན་དེ་ནི་བཞུགས་སྒར་དུ་རྟེན་གཞི་བྱས་པའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་དང་། ཨ་རིའི་ Minnesota ནང་རྟེན་གཞི་བྱས་པའི་དབུ་མའི་ལམ་གྱི་གཞོན་ནུའི་མཐུན་ཚོགས་གཉིས་ཀྱིས་རྐང་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང། ཚོགས་ཆེན་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཟུར་པདྨ་འབྱུང་གནས་མཆོག་དང་། དམིགས་བསལ་སྐུ་མགྲོན་ཧི་མ་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་གྱི་བློན་ཆེན་ཟུར་པ་སྐུ་ཞབས་Vijay Singh Mankotia ལགས་དང་ཨ་མི་རི་ཀའི་New York གཙུག་ལག་སློབ་གཉེར་ཁང་གི་ཆབ་སྲིད་སློབ་དཔོན་སྐུ་ཞབས་ Ming Xia ལགས་བཅས་དང་། གཞན་ཡང་་གནས་ཆུང་ཆོས་རྒྱལ་ཆེན་མོའི་སྐུ་རྟེན་དང་ཀེའུ་ཚང་རིན་པོ་ཆེ། བོད་མི་མང་སྤྱི་འཐུས་ལས་ཟུར་ཁག་ཅིག སྲི་ཞུ་བ་ཟུར་པ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་གི་སྐུ་ཚབ། དེ་བཞིན་མཐོ་སློབ་འགྲིམ་བཞིན་པའི་སློབ་མ་དང་མང་ཚོགས་བཅས་ཁྱོན་བོད་རིགས་ལྔ་བརྒྱ་ལྷག་ནས་མཉམ་ཞུགས་གནང་འདུག དེ་རིང་གི་ཚོགས་ཆེན་དེའི་ཐོག་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཁག་ཅིག་གི་བླ་ཆེན་བསྟན་བདག་རྣམ་པ་དང་། ཡུན་རིང་ནས་བོད་དོན་རྒྱབ་སྐྱོར་གནང་མཁན་ཨ་རིའི་གྲོས་ཚོགས་འཐུས་མི་ལྕམ་ Nancy Pelosi ལགས་དང་སྐུ་ཞབས་ Jim Mcgovern ལགས་བཅས་ཀྱིས་འཚམས་འདྲིའི་བརྙན་ཐུང་གནང་ཡོད་པ་མ་ཟད། དམིགས་བསལ་སྐུ་མགྲོན་རྒྱ་རིགས་སློབ་དཔོན་སྐུ་ཞབས་ Ming Xia ལགས་ཀྱི་བརྒྱུད་ཕྱི་སྡོད་རྒྱ་རིགས་ ༦༠ ལྷག་མཐུན་མོང་གིས་ཕྱག་བྲིས་ཤིག་གནང་ཡོད་པའི་ནང་དབུ་མའི་ལམ་གྱི་སྲིད་བྱུས་འདི་ནི་བོད་རྒྱའི་དཀའ་རྙོག་ཐག་གཅོད་ཐུབ་རྒྱུ་དང་། རྒྱ་ནག་རྒྱལ་ཁབ་འདི་བཞིན་མང་གཙོའི་རྒྱལ་ཁབ་ཞིག་ཏུ་འགྱུར་རྒྱུ་བཅས་ནུས་པ་ལྡན་པའི་སྲིད་བྱུས་ཤིག་ལ་ངོས་འཛིན་ཞུ་བཞིན་ཡོད་པ་དང་། རྒྱ་ནག་གཞུང་ནས་༸གོང་ས་མཆོག་གི་བླ་ན་མེད་པའི་དགོངས་བཞེས་དང་བག་ཡངས་པའི་ཐུགས་བཞེས་ལ་དཔྱད་པ་གནང་སྟེ། དྲང་བདེན་གྱི་བརྡ་ལན་དང་གྲོས་མོལ་སླར་གསོ་ཡོང་ཐབས་གནང་གལ་ཡིན་པའི་སྐུལ་མ་གནང་འདུག  

བོད་དོན་བདེན་མཐའ་མ་སེལ་བར་དུ་རང་བཙན་འཐབ་རྩོད་མུ་མཐུད་རྒྱུན་སྲིང་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད།

བོད་རང་བཙན་སླར་གསོ་དགོས་པ་ནི་བོད་མི་འདས་གསོན་ཡོངས་ཀྱི་དམིགས་འདུན་གཙོ་བོ་ཡིན་པ་འགྲེལ་བརྗོད་དང་འབྲེལ། མི་ཚེ་མི་རབས་ལ་འཐབ་རྩོད་བྱེད་དགོས་ཀྱང་བོད་དོན་བདེན་མཐའ་མ་སེལ་གྱི་བར་དུ་སྙིང་ལ་རུས་པ་བཅུག་ནས་རང་བཙན་འཐབ་རྩོད་མུ་མཐུད་རྒྱུན་བསྲིང་བྱ་རྒྱུའི་ཆོད་སེམས་བརྟན་པོ་དང་བཅས། རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་ལྔ་པ་དེ་མཇུག་བསྒྲིལ་གནང་སོང་། དེ་ཡང་ཞུགས་སྒར་རྡ་ཤོད་སྣུམ་འཁོར་འབབ་ཚུགས་ཀྱི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་ས་གནས་རྒྱ་གར་གཞུང་གི་ཚོགས་ཁང་ཆེན་མོའི་ནང་དུ་ཟླ་བ་འདིའི་ཚེས་ ༢༣ ནས་བཟུང་དབུ་འཛུགས་གནང་བའི་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་ལྔ་པ་དེ་ཁ་ས་ཕྱི་ཟླ་ ༥ ཚེས་ ༢༥ ཉིན་གྱི་དགོང་མོ་ཕྱག་ཚོད་ ༧ ཡས་མས་ཞིག་ལ་མཇུག་བསྒྲིལ་གནང་ཡོད་པ་དང་། ཐེངས་འདིའི་ཚོགས་ཆེན་ཐོག་ནས་བསྒྲགས་གཏམ་དོན་ཚན་ལྔ་དང་དགོངས་ཚུལ་ཁག་བཅོ་ལྔ་འཁོད་པ་ཞིག་ཡོངས་བསྒྲགས་གནང་སོང་། དོན་ཚན་ལྔ་ཅན་གྱི་བསྒྲགས་གཏམ་དེའི་ནང་གཙོ་བོ་བོད་དོན་བདེན་མཐའ་མ་སེལ་བར་དུ་བོད་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་མི་རབས་ནས་མི་རབས་བར་རྒྱུན་བསྲིང་བྱ་རྒྱུ་ཙམ་མ་ཟད། བོད་རང་བཙན་འཐབ་རྩོད་པ་རྣམས་ནས་དགྲ་གཉེན་མགོན་གསུམ་གྱི་ཁ་ཕྱོགས་མ་ནོར་བའི་ཐོག་ནས་རྡོག་རྩ་གཅིག་བསྒྲིལ་དགོས་པ། གཞན་ཡང་རྒྱ་གར་གཞུང་མང་ཡོངས་ལ་བཀྲིན་ཆེ་ཞེས་ཞུས་པ་དང་ཆབས་ཅིག བོད་རང་བཙན་དེ་རྒྱ་གར་གྱི་བདེ་འཇགས་དང་ཐུག་ཡོད་སྟབས་རྒྱ་གར་གཞུང་ནས་དེའི་ཐོག་སྔར་ལྷག་རྒྱབ་སྐྱོར་ཡོང་བ་སོགས་ཀྱི་འབོད་སྐུལ་ཞུས་གནང་འདུག དེ་རིང་གི་ཚོགས་ཆེན་དེའི་ཐོག་ཚོགས་བཅར་བ་ ༡༦༠ ལྷག་ཙམ་མཉམ་ཞུགས་གནང་ཡོད་པ་དང་། ཁ་ས་ཚོགས་འདུ་ཉིན་མཐའ་མའི་ཐོག་སྐབས་རྗེས་མའི་ཚོགས་ཆེན་དེ་རྒྱ་གར་ནང་དུ་ཚོགས་རྒྱུ་གཏན་འཁེལ་བྱུང་ཡོད་པ་མ་ཟད། ད་ལན་གྱི་ཚོགས་ཆེན་དེའི་བརྒྱུད་རྒྱལ་ཁབ་རེ་ནས་འབྲེལ་མཐུད་པ་རེ་བསྐོ་བཞག་གནང་ཡོད་པ་རེད།

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་ ༥ པ་འགོ་འཛུགས།

དེ་རིང་ཕྱི་ཚེས་ ༢༣ ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་པ་ཡོལ་ཙམ་ལ་བཞུགས་སྒར་རྡ་ཤོད་སྣུམ་འཁོར་འབབ་ཚུགས་ཀྱི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་ས་གནས་རྒྱ་གར་གཞུང་གི་ཚོགས་ཁང་ཆེན་མོའི་ནང་དུ་བོད་མིའི་སྤྱི་ཚོགས་ཁྲོད་རང་བཙན་ལྟ་གྲུབ་འཛིན་མཁན་གྱི་མི་སྣ་རྒན་གཞོན་བརྒྱ་ལྷག་འདུ་འཛོམས་ཐོག་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་ལྔ་པ་འགོ་འཛུགས་གནང་སོང་། ཚོགས་ཆེན་དབུ་འབྱེད་ཀྱི་སྐུ་མགྲོན་གཙོ་བོ་རྡ་ས་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Ajay Singh Mankotia ལགས་དང་། དམིགས་བསལ་སྐུ་མགྲོན་དུ་རང་བཙན་འཐབ་རྩོད་པ་རྒན་གྲས་ལྷ་བཟང་ཚེ་རིང་ལགས་དང་འཇམ་དབྱངས་ནོར་བུ་ལགས། དེ་བཞིན་རྒྱུན་དུ་བོད་ཐོག་དཔྱད་གཏམ་རིགས་སྤེལ་མཁན་རྒྱ་གར་གི་གསར་འགོད་པ་ Vijay Kranti  ལགས་བཅས་ཆེད་ཕེབས་གནང་འདུག དམིགས་བསལ་སྐུ་མགྲོན་རང་བཙན་འཐབ་རྩོད་པ་རྒན་གྲས་ལྷ་བཟང་ཚེ་རིང་ལགས་ནས་ཐེངས་འདིའི་ཚོགས་ཆེན་དང་འབྲེལ། བོད་རང་བཙན་རྩོད་རྒྱུ་དེ་ནི་ཁེ་གྱོང་དང་ཐོབ་ཤོར་གྱི་གནད་དོན་ཞིག་མིན་པར་བདེན་པའི་འཐབ་རྩོད་ཞིག་ཡིན་སྟབས། དེ་ལ་བསྒྱུར་བ་མེད་པའི་ཐོག་ནས་རྩོད་དགོས་སྐོར་གསུངས་པ་དང་ཆབས་ཅིག ད་ལྟའི་ཆ་ལ་བོད་མིའི་སྒྲིག་འཛུགས་ནས་དབུ་མའི་ལམ་གྱི་ཐོག་རང་སྐྱོང་གི་གནས་བབས་རྩོད་བཞིན་པ་དེ་ནི་རྒྱ་ནག་ནང་སྲིད་གནད་དོན་ཞིག་རེད་ཅེས་གསུངས་བ་མ་ཟད། བོད་ཀྱི་ཁོར་ཡུག་གནས་བབས་དང་། དམག་དོན། དེ་བཞིན་ཚོང་གི་གནད་དོན་སོགས་ཕྱོགས་གང་ས་ནས་བོད་ཀྱི་གནད་དོན་དེ་བོད་མིའི་གནད་དོན་རྐྱང་པ་ཞིག་མ་ཡིན་པར། རྒྱལ་སྤྱིའི་གནད་དོན་ཞིག་ཏུ་བཟོ་རྒྱུ་གལ་ཆེན་པོ་ཡིན་པ་གསུངས་ཡོད། དེ་བཞིན་དམིགས་བསལ་སྐུ་མགྲོན་བོད་རང་བཙན་འཐབ་རྩོད་པ་འཇམ་དབྱངས་ནོར་བུ་ལགས་ནས་ཁོང་ད་རེས་ཀྱི་ཚོགས་ཆེན་དེར་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་སྐུ་ཚབ་ཀྱི་ངོ་བོའི་ཐོག་ཕེབས་ཡོདཔ་འགྲེལ་བརྗོད་དང་འབྲེལ། ཐེངས་འདིའི་ཚོགས་ཆེན་ཐོག་ནས་བོད་རང་བཙན་འཐབ་རྩོད་དང་འབྲེལ་བའི་ཚོགས་འདུ་སྐོང་ཚོགས་གནང་རྒྱུ་ཙམ་མ་ཡིན་པར། འཐབ་རྩོད་དེའི་ལས་དོན་གྲུབ་ཆེད་གཏན་འཇགས་ཚོགས་པ་ཞིག་བཙུག་རྒྱུའི་ཐོག་གྲོས་སྡུར་གནང་གལ་ཡིན་པའི་འབོད་སྐུལ་ཞུས་སོང་། ཡང་ཚོགས་ཆེན་གྱི་སྐུ་མགྲོན་གཙོ་བོ་རྡ་ས་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Ajay Singh Mankotya ལགས་ནས། བོད་པའི་འཐབ་རྩོད་དེ་བཞིན་དུས་ཚོད་ཀྱི་ཆ་ནས་རྒྱུན་རིང་པོ་འགོར་སྲིད་པ་རེད། གཙོ་ཆེ་ཤོས་འཐབ་རྩོད་ཁྲོད་རང་ཉིད་ཀྱི་སེམས་ཚོར་དང་འཚོ་བའི་དབང་དུ་མ་ཕྱིན་པར་དྲང་བདེན་གྱི་ཐོག་ནས་ཐབས་བྱུས་དང་སྲིད་བྱུས་ངེས་གཏན་ཞིག་གཏན་འབེབས་གནང་སྟེ་གོམ་པ་མདུན་བསྐྱོད་གནང་རྒྱུ་ཡིན་པའི་ལམ་བསྟོན་གནང་སོང་། གཞན་ཡང་ཐེངས་འདིའི་བོད་རང་བཙན་ཚོགས་ཆེན་ཐེངས་ ༥ པའི་ཐོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་བོད་རང་བཙན་འཐབ་རྩོད་པ་སྐུ་ཞབས་ཀརྨ་ཆོས་འཕེལ་ལགས་དམ་པ་དེ་ཉིད་ལ་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ་སོང་བ་ལྟར། དམ་པ་ཁོང་གི་སྐུ་ཟླ་བདེ་སྐྱིད་ལགས་ནས་གཟེངས་རྟགས་བཞེས་ཡོད་པ་རེད། གཞི་རྩའི་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་འདི་ནི་བོད་རང་བཙན་སླར་གསོའི་ལངས་ཕྱོགས་འཛིན་མཁན་གྱི་བོད་མི་ཚོའི་དབར་ལ་བསམ་ཚུལ་བརྗེ་ལེན་དང་བགྲོ་གླེང་བྱེད་སའི་སྡིང་ཆ་ཞིག་ཡིན་པ་དང་། ཚོགས་ཆེན་འདི་བཞིན་ཐོག་མར་ཕྱི་ལོ་ ༢༠༡༢ ལོར་བཞུགས་སྒར་རྡ་རམ་ས་ལར་འགོ་འཛུགས་ཀྱིས་རིམ་པས་རྒྱལ་ས་ལྡི་ལི་དང་ཨ་རིའི་གྲོང་ཁྱེར་ནིའུ་ཡོག དེ་བཞིན་ཕ་རན་སི་རྒྱལ་ས་ Paris བཅས་སུ་ཚོགས་ཡོད་པ་རེད།

༸གོང་ས་མཆོག་གིས་བོད་ཀྱི་རྐང་སྤོལ་རུ་ཁག་ལ་ས་གནས་གང་དུ་ཕྱིན་ནའང་བོད་མི་རིགས་ཀྱི་གཤིས་ཀ་བཟང་པོ་དེ་འཁྱེར་ནས་ཕེབས་ཞེས་བཀའ་བསྩལ་བ།

  ༸གོང་ས་མཆོག་གིས་བོད་ཀྱི་རྐང་སྤོལ་རུ་ཁག་ལ་ས་གནས་གང་དུ་ཕྱིན་ནའང་བོད་མི་རིགས་ཀྱི་གཤིས་ཀ་བཟང་པོ་དེ་འཁྱེར་ནས་ཕེབས་ཞེས་བཀའ་བསྩལ་བ། ཕྱི་ཟླ་ ༥ ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོ་ཆུ་ཚོད་དགུ་པ་ཙམ་ལ་བོད་ཀྱི་རྐང་སྤོལ་རུ་ཁག་འཚོགས་ལ་ཉེ་བའི་༢༠༡༨ ལོའི་ CONIFA འཛམ་གླིང་རྐང་རྩེད་སྤོ་ལོའི་གཟེངས་རྟགས་ཀྱི་འགྲན་སྡུར་ཆེད་དབྱིན་ཡུལ་ཕྱོགས་སུ་ཐོན་ལ་ཉེ་བ་དང་བསྟུན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁར་བཅར་ཡོད།   དེ་ཡང་མཇལ་བཅར་ཐོག་བོད་ཀྱི་རྐང་སྤོལ་རུ་ཁག་གི་སྦྱོང་འཁྲིད་པ་སྤེན་པ་ཚེ་རིང་ལགས་དང་རུ་དཔོན་སྐར་མ་ཚེ་དབང་ལགས་གཙོས་པའི་རྩེད་མོ་བ་རྣམས་པ་དང་། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དྲུང་ཆེ་པ་སངས་རྡོ་རྗེ་ལགས་གཙོས་པའི་ལས་བྱེད་བཅས་ཕེབས་འདུག་པ་དང་། སྐབས་དེར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྩེད་འགྲན་པ་རྣམས་ལ། བོད་མི་རིགས་ཀྱི་མཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། ལྷག་དོན་བྱམས་བརྩེའི་གཤིས་ཀ་དེ་དག་རྒྱལ་སྤྱིའི་ཐོག་སྤོབས་པ་བྱ་འོས་པ་ཞིག་ཡིན་སྐོར་བཀའ་འགྲེལ་དང་སྦྲགས། ད་རེས་ཕྱོགས་ཐོན་གནང་མཁན་གྱི་རྩེད་འགྲན་པ་རྣམས་ས་གནས་གང་དུ་ཕྱིན་པ་ཡིན་ནའང་བོད་མི་རིགས་ཀྱི་གཤིས་ཀ་བཟང་པོ་དེ་འཁྱེར་ནས་ཕེབས་ཨ་ཞེས་བཀའ་བསྩལཡོད། གཞན་ཡང་ཁོང་རྩེད་འགྲན་པ་རྣམས་རྩེད་འགྲན་ཆེད་ཕེབས་ལ་ཉེ་བ་དང་བསྟུན། དེ་རིང་ཉིན་དགུང་ཚོུད་ ༡༢།༣༠ ཡོལ་ཙམ་ལ་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་བོད་མིའི་སྒྲིག་འཛུགས་བཀའ་ཤག་ཚོགས་ཁང་དུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གདན་ཞུའི་ཐོག་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་སོང་བ་དང་། སྐབས་དེར་སྲིད་སྐྱོང་མཆོག་ནས་བོད་ཀྱི་རྐང་སྤོལ་རུ་ཁག་ལོ་ངོ་༡༠ ཙམ་གྱི་རྗེས་སུ་སླར་ཡང་རྒྱལ་སྤྱིའི་སྡིངས་ཆའི་ཐོག་རྩེད་འགྲན་གནང་རྒྱུའི་གོ་སྐབས་བྱུང་བ་དེ་ནི་རྩེད་མོའི་ངོ་བོ་ཁོ་ན་ཙམ་མ་ཡིན་པར། ཆབ་སྲིད་ཀྱི་ཆ་ནས་ཀྱང་བྱས་རྗེས་ཆེན་པོ་ཞིག་མཚོན་གྱི་ཡོད་པ་གསུངས་སོང་། གཞི་རྩའི་བོད་ཀྱི་རྐང་སྤོལ་རུ་ཁག་ཟླ་བ་འདིའི་ཕྱི་ཚེས་ ༣༡ ནས་དབྱིན་ཡུལ་གྱི་རྒྱལ་ས་ London ནང་འཚོགས་གཏན་འཁེལ་བའི་ ༢༠༡༨ ལོའི་ CONIFA འཛམ་གླིང་རྐང་སྤོལ་རྩེད་འགྲན་ཆེན་མོའི་ཆེད་སང་ཉིན་བཞུགས་སྒར་ནས་རྩེད་འགྲན་པ་ ༡༥ དང་ལས་བྱེད་ཁག་ཅིག་ཕྱོགས་ཐོན་གནང་གི་ཡོད་པ་མ་ཟད། རྩེད་འགྲན་དེའི་ཆེད་ཨ་རི་དང་ཁེ་ན་ཌ་ དེ་བཞིན་དབྱིན་ཡུལ་དང་ཡོ་རོབ་ཁུལ་གྱི་ས་གནས་གཞན་བཅས་ནས་བོད་རིགས་རྩེད་འགྲན་པ་ ༨ ནས་མཉམ་ཞུགས་གནང་གི་འདུག  

སྒྲོལ་མ་དབྱངས་ཅན་ལགས་བསྐྱར་དུ་བོད་ཀྱི་བེུད་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོར་བདམས་ཐོན།

བཞུགས་སྒར་ཉེ་འདབས་སུ་རྟེན་གཞི་བྱས་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་སྐོང་ཚོགས་གནང་བའི་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༢ པའི་ཉིན་མཐའ་མའི་ཐོག་ཚོགས་བ་རྣམས་ནས་སྐབས་༡༢ པའི་བོད་ཀྱི་བེུད་མེད་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་གསར་པ་འོས་འདེམས་གནང་ཡོད། དེ་ཡང་ཁ་སང་སྔ་དྲོའི་ཆུ་ཚོད་བཅུ་པ་ཙམ་ནས་འགོ་འཛུགས་གནང་བའི་བོད་ཀྱི་བེུད་ལྷན་ཚོགས་ཀྱི་རྒྱུན་ལས་འོས་འདེམས་ཀྱི་ལས་རིམ་ཐོག་མ་དེར་ཚོགས་བཅར་བ་རྣམས་ནས་ས་གནས་སོ་སོ་ནས་འདོད་མོས་ལྟར་འོས་མི་ ༥༧ ཡོད་པ་རྣམས་ལ་ཚོགས་བཅར་བས་འོས་ཤོག་འཕེན་སྟེ་སྔོན་འགྲོའི་འོས་མི་ ༢༠ ཐམ་པ་འོས་འདེམས་གནང་ཡོད་པ་དང་། དེ་རྗེས་དངོས་གཞིའི་འོས་འདེམས་ཁྲོད་བོད་ཀྱི་དབུས་བེུད་ལྷན་ཚོགས་ཀྱི་རྒྱུན་ལས་མི་གྲངས་༡༡ འདེམས་སྒྲུག་གནང་ཡོད་པའི་ཁྲོད་ནས་ཚོགས་གཙོ་ལས་ཐོག་སྒྲོལ་མ་དབྱངས་ཅན་ལགས་སུ་འོས་གྲངས་༡༣༧ ཐོབ་སྟེ་སླར་ཡང་བོད་ཀྱི་བེུད་ལྷན་ཚོགས་ཀྱི་སྐབས་༡༢ པའི་ཚོགས་གཙོར་བདམས་ཐོན་བྱུང་སོང་བ་མ་ཟད། དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་འབྲེལ་མཐུད་པ་བསྐལ་བཟང་གཡུ་སྒྲོན་ལགས་ལ་འོས་གྲངས་ ༡༣༢ ཐོབ་སྟེ་ཚོགས་གཞོན་དུ་བདམས་ཐོན་དང་། དྲུང་ཆེ་ལས་ཐོག་ཚེ་རིང་ཆོས་འཛོམས་ལགས་ལ་འོས་གྲངས་ ༡༠༤ ཐོབ་སྟེ་སླར་ཡང་དྲུང་ཆེ་བཅས་སུ་བདམས་ཐོན་བྱུང་ཡོད། སྐབས་དེར་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ནས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ནས་ཁོང་ལ་ཡིད་ཆེས་དང་རེ་བ་བཅངས་པར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་གཅིག་བོད་ཀྱི་བེུད་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཚག་ཚུད་ཡོང་ཐབས་དང་། བོད་བསྟན་པ་ཆབ་སྲིད་ཀྱི་ལས་དོན། ལྷག་པར་དུ་༸གོང་ས་མཆོག་གི་བཀའ་དགོངས་གྲུབ་རྒྱུའི་ཐད་ལ་སྔར་ལྷག་འབད་བརྩོན་གནང་རྒྱུ་ཡིན་པ་གསུངས་ཡོད། རྩ་བའི་ཟླ་བ་འདིའི་ཕྱི་ཚེས་༡༡ ནས་ཁ་སང་བར་ཉིན་གྲངས་དྲུག་གི་སྐོང་ཚོགས་གནང་བའི་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༢ པའི་ཐོག་རྒྱལ་སྤྱི་ཁྱོན་ཡོངས་ལ་ཡོད་པའི་བེུད་མེད་ལྷན་ཚོགས་ཀྱི་ཡན་ལག་ས་གནས་ ༣༧ གྱི་ཚོགས་མི་ ༢༠༠ ཙམ་ནས་མཉམ་ཞུགས་གནང་ཡོད་པ་དང་། སྐབས་དེར་ཁོང་རྣམས་ནས་དབུ་མའི་ལམ་གྱ%

བེུད་ལྷན་ཚོགས་ཀྱི་ངོས་ནས་ཕྱི་ཟླ་ ༣ པའི་ཚེས་ ༡༢ དེ་བཞིན་འགྱུར་བ་མེད་པའི་ཐོག་ནས་བེུད་སྒེར་ལངས་ཀྱི་ཉིན་མོར་སྲུང་བརྩི་གནང་རྒྱུ་ཡིན་པའི་གྲོས་ཆོད་བཞག་འདུག

ད་རིང་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༢ པ་མཇུག་སྒྲིལ་དང་བསྟུན། ཐེངས་འདིའི་ཚོགས་ཆེན་ཐོག་གྲོས་ཆོད་ཁྱོན་ ༡༠ ཙམ་བཞག་པའི་ཁོངས་སུ། བེུད་ལྷན་ཚོགས་ཀྱི་ངོས་ནས་གསུམ་པའི་བཅུ་གཉིས་དེ་བཞིན་བཞག་ཐབས་མེད་པ་དང་འགྱུར་བ་མེད་པའི་ཐོག་ནས་བེུད་སྒེར་ལངས་ཉིན་མོ་རང་ལ་སྲུང་བརྩི་གནང་རྒྱུ་གཏན་འབེབས་བྱུང་འདུག དེ་ཡང་ཟླ་བ་འདིའི་ཕྱི་ཚེས་ ༡༡ ནས་དབུ་འཛུགས་གནང་བའི་ཚོགས་ཆེན་ཐེངས་ ༡༢ པ་དེའི་ཐོག་རྒྱལ་སྤྱི་ཁྱོན་ཡོངས་ལ་ཡོད་པའི་བེུད་མེད་ལྷན་ཚོགས་ཀྱི་ཡན་ལག་ས་གནས་ ༣༧ གྱི་ཚོགས་མི་༢༠༠ ཙམ་ནས་མཉམ་བཞུགས་གནང་ཡོད་པ་དང་། ཁོང་རྣམས་ནས་ཚོགས་འདུའི་ཐོག་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གོ་རྟོགས་དང་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ལས་འགུལ་སྤེལ་ཕྱོགས་དང་། དེ་བཞིན་༸གོང་ས་མཆོག་གི་སྐུ་ཕྱ་དང། བོད་མིའི་མི་འབོར་འཕེལ་རྒྱས་དང་འབྲེལ་བའི་ལས་གཞི་སོགས་གྲོས་གཞི་དོན་ཚན་བཅུའི་ཐོག་གྲོས་བསྡུར་ལྷུག་པོ་གནང་བའི་ཁར་དེ་རིང་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ངོས་ནས་ ༣ པའི་ ༡༢ དེ་བཞིན་གྱུར་བ་མེད་པའི་ཐོག་ནས་བེུད་སྒེར་ལངས་ཀྱི་ཉིན་མོར་སྲུང་བརྩི་གནང་རྒྱུ་དང། བེུད་ལྷན་ཚོགས་དབུས་ས་གཉིས་ཀའི་ངོས་ནས་བོད་མི་འབོར་འཕེལ་རྒྱས་ཀྱི་ལས་གཞི་ཤུགས་ཆེ་རུ་བཏང་རྒྱུ། བེུད་ལྷན་ཚོགས་ཀྱི་སྒྲིག་འཛུགས་ས་བརྟན་ཡོང་ཆེད་དབུས་དང་ས་གནས་དབར་འབྲེལ་བ་གཏིང་ཟབ་རུ་བཏང་དགོས་པ་སོགས་གྲོས་ཆོད་ ༡༠ གཏན་འབེབས་གནང་འདུག ད་རིང་ཚོགས་ཆེན་གྱི་ཉིན་མཐའ་མའི་ལས་རིམ་ཐོག་སྔ་དྲོ་གཏན་འབེབ་བྱུང་བའི་གྲོས་ཆོད་ཁག་ཀློག་གནང་བའི་རྗེས། དེ་རིང་ཉིན་རྒྱུབ་ཏུ་དབུས་བོད་ཀྱི་བེུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་གསར་པ་འོས་འདེམས་ཀྱི་ལས་རིམ་གྲུབ་པའི་རྗེས་སུ་ཚོགས་འདུ་ཡོངས་སུ་མཇུག་སྒྲིལ་གནང་གི་ཡོད་པ་རེད།

བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༢ པ་དབུ་འཛུགས་གནང་སོང་།

དེ་རིང་སྔ་དྲོ་ཆུ་ཚོད་དགུ་དང་ཕྱེད་ཀའི་ཐོག་བཞུགས་སྒར་ཉེ་འདབས་སུ་རྟེན་གཞི་བྱས་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ཚོགས་ཁང་དུ་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་གྲས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༢ པ་དེ་དབུ་འཛུགས་གནང་སོང་། ཚོགས་ཆེན་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨ་ཅརྱཡེ་ཤེས་ཕུན་ཚོགས་མཆོག་དང་བེུད་ལྷན་ཚོགས་ཀྱི་སློབ་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག གཞན་ཡང་དབུས་ས་གཉིས་ཀྱི་བེུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་དང་བཞུགས་སྒར་ཉེ་འཁོར་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་ཁྱོན་མི་གྲངས་ ༣༠༠ ཞིག་ནས་མཉམ་ཞུགས་གནང་འདུག  ད་རེས་ཉིན་གྲངས་དྲུག་རིང་ཚོགས་རྒྱུའི་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༢ པའི་ཐོག་རྒྱལ་སྤྱི་ཁྱོན་ཡོངས་ལ་ཡོད་པའི་བེུད་མེད་ལྷན་ཚོགས་ཀྱི་ཡན་ལག་ས་གནས་ ༣༧ གྱི་ཚོགས་མི་༢༠༠ ཙམ་ནས་མཉམ་ཞུགས་གནང་འདུག་པ་དང་། ཁོང་རྣམས་ནས་ཚོགས་དུས་དེའི་རིང་དབུ་མའི་ལམ་གྱི་སྲིད་བྱུས་གོ་རྟོགས་ལས་འགུལ་སྤེལ་ཕྱོགས་དང་། བོད་ནང་གི་ཛ་དྲག་གནས་སྟངས། དེ་བཞིན་༸གོང་ས་མཆོག་གི་སྐུ་ཕྱའི་སྐོར་བོད་མིའི་མི་འབོར་འཕེལ་རྒྱས་དང་འབྲེལ་བའི་ལས་གཞི་སོགས་གྲོས་གཞི་དོན་ཚན་བཅུའི་ཐོག་གྲོས་བསྡུར་གནང་གི་ཡོད་པ་མ་ཟད། ཕྱི་ཚེས་༡༦ སྟེ་ཚོགས་དུས་ཉིན་མཐའ་མའི་ཐོག་དབུས་བོད་ཀྱི་བེུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་གསར་པ་འོས་འདེམས་གནང་གི་ཡོད་པ་རེད།

རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང་ཧི་མཱ་ལ་ཡའི་ས་མཚམས་ཁུལ་དུ་རྩོད་རྙོག་ཆེན་པོ་འབྱུང་བཞིན་པ།

ཁ་སང་ཟླ་ ༥ ཕྱི་ཚེས་ ༧ ཉིན་རྒྱབ་ཆུ་ཚོད་ ༣༌༣༠ ཐོག་བཞུགས་སྒར་དྷ་རྨ་ས་ལའི་བདེ་དོན་ཚོགས་ཁང་དུ་ཧི་མཱ་ལ་ཡའི་ཁྱིམ་ཚང་ཚོགས་པས་གོ་སྒྲིག་འོག་བོད་དང་རྒྱ་གར་གྱི་རིག་གཞུང་འབྲེལ་ལམ་དང་ཧི་མཱ་ལ་ཡའི་བདེ་འཇགས་ཞེས་པའི་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་ཡོད་པ་རེད། ཚོགས་འདུའི་སྐུ་མགྲོན་གཙོ་བོ་རྒྱ་གར་གྱི་ RSS རྒྱལ་ཞེན་ཚོགས་པའི་དབུ་ཁྲིད་དང་འཕགས་བོད་འབྲེལ་མཐུད་ཚོགས་པའི་སློབ་སྟོན་པ་སྐུ་ཞབས་ Indresh Kumar ལགས་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་དྷ་ས་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལགས། བཞུགས་སྒར་ཉེ་འཁོར་གྱི་བོད་དོན་རྒྱབ་ཚོགས་པའི་ཚོགས་མི་དང་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། དེ་བཞིན་ས་གནས་མི་མང་ཁག་ཅིག་བཅས་ནས་མཉམ་ཞུགས་གནང་འདུག སྐབས་དེར་སྐུ་མགྲོན་གཙོ་བོ་སྐུ་ཞབས་ Indresh Kumar ལགས་ནས་ཁོང་ད་རེས་བཞུགས་སྒར་ཁུལ་དུ་ཕེབས་དགོས་དོན་གཙོ་བོ་ནི་ས་གནས་མི་མང་གི་དཀའ་ངལ་ཤེས་རྟོགས་ཐུབ་ཐབས་དང་རྒྱ་གར་དང་ཧི་མཱ་ལ་ཡ་སྤྱི་ཡོངས་ཀྱི་རིག་གཞུང་སྲུང་སྐྱོབ་ཆེད་ཡིན་སྐོར་འགྲེལ་བརྗོད་དང་སྦྲགས། དེ་སྔ་བོད་དང་རྒྱ་གར་ཙམ་མ་ཟད་ཧི་མཱ་ལ་ཡིའི་རྒྱལ་ཁབ་ཕན་ཚུན་དབར་སྤུན་མཆེད་ལྟར་འབྲེལ་བ་དམ་ཟབ་ཡོད་ཁར་ཧི་མཱ་ལ་ཡའི་ས་མཚམས་ས་ཁུལ་དུ་ཉེན་རྟོག་མི་སྣ་ ༧༨ ལས་མེད་ཀྱང་རྩོད་རྙོག་དང་ཟང་ཟིང་། དེ་བཞིན་ཁྲིམས་འགལ་གྱི་བྱ་སྤྱོད་རིགས་གང་ཡང་ཡོང་གི་མེད་པ་གསུངས་སོང་། འོང་ཀྱང་རིམ་པས་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང་འཕགས་བོད་གཉིས་ཀྱི་ས་མཚམས་ས་ཁུལ་དུ་རྒྱ་དམར་གྱི་དམག་མི་འབུམ་གཉིས་ཙམ་ཆེད་གཏོང་བྱས་ཡོད་སྟབས། རྒྱ་གར་གཞུང་ནས་ཀྱང་རང་ཉིད་ཀྱི་ས་མཚམས་སྲུང་སྐྱོབ་གནང་ཆེད་དུ་དམག་མི་འབུམ་གཉིས་ཙམ་དང་མ་དངུལ་སྒོར་ས་ཡ་མང་པོ་གཏོང་དགོས་པའི་གནང་སྟངས་འབྱུང་བཞིན་ཡོད་པ་མ་ཟད། ཧི་མཱ་ལ་ཡིའི་ཁྱིམ་མཚེས་རྒྱལ་ཁབ་སྤྱི་ཡོངས་ཀྱི་ས་མཚམས་ས་ཁུལ་དུ་རྩོད་རྙོག་ཆེན་པོ་འབྱུང་བཞིན་ཡོད་པ་སོགས་གསུངས་ཡོད། དེ་བཞིན་ཁོང་ནས་བོད་རྒྱའི་དཀའ་རྙོག་སེལ་ཐུབ་པ་བྱུང་ཚེ་རྒྱ་དཀར་ནག་གཉིས་དང་བོད་བཅས་ཀྱི་ས་མཚམས་ཁུལ་ཙམ་མ་ཟད། ཧི་མཱ་ལའི་བདེ་འཇགས་སྲུང་སྐྱོབ་དང་ཞི་བདེ་ལྷིང་འཇགས་ཡོང་ངེས་ཡིན་སྟབས། རྒྱ་ནག་གཞུང་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་བོད་མིའི་སྒྲིག་འཛུགས་དང་ངེས་པར་དུ་གྲོས་མོལ་གནང་དགོས་པའི་སྐུལ་མ་གནང་བ་དང་ཆབས་ཅིག མ་འོངས་པར་ཁོང་ནས་རིམ་བཞིན་བོད་དོན་ཆེད་རྒྱ་གར་རྒྱལ་ཡོངས་ནང་ལ་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་དང་། རྒྱལ་སྤྱིའི་སྟེང་བོད་དོན་ཚོགས་ཆེན། དེ་བཞིན་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ཚོགས་ཆེན་སོགས་བསྐོང་ཚོགས་གནང་འཆར་ཡོད་པ་གསུངས་ཡོད། གཞི་རྩའི་སྐུ་ཞབས་ Indresh Kumar ལགས་ཉེ་ཆར་ཟླ་བ་འདིའི་ཚེས་ ༥ དང་ ༦ བཅས་སུ་རྒྱ་གར་གྱི་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེ་ནང་རྟེན་གཞི་བྱས་པའི་མཾཌཱི་ཁུལ་དུ་ Bharat Tibet Sahyog Manch འམ་འཕགས་བོད་འབྲེལ་མཐུད་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐོག་ཆེད་ཕེབས་གནང་བ་དང་བསྟུན། ཚོགས་ཆེན་དེ་གྲུབ་མཚམས་སུ་བཞུགས་སྒར་གཙོས་པའི་མཚོ་པདྨ་དང་སྦིར་སོགས་བོད་མིའི་གནས་སྡོད་ཀྱི་ས་གནས་སོ་སོར་འཚམས་གཟིགས་དང་བོད་མི་གཙོས་བོད་དོན་རྒྱབ་སྐྱོར་བ་ཚོར་གསུང་བཤད་གནང་གི་ཡོད་པ་རེད།

སྲིད་བློན་མོ་དཱི་མཆོག་གིས་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ལ་ས་ག་ཟླ་བའི་མངོན་བསྟོད་ཀྱི་གཟེངས་རྟགས་ཕུལ་བ།

གནས་བརྟན་སྡེ་པའི་ལུགས་ཀྱི་ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་སེང་གེ་མཆོག་ལྷུམས་སུ་ཞུགས་པ་དང་། སངས་རྒྱས་པ། མྱ་ངན་ལས་འདས་པ་བཅས་ཀྱི་དུས་ཆེན་ཁྱད་འཕགས་བ་གསུམ་འཛོམས་ Buddha Purnima ཞེས་སྲུང་བརྩི་ཞུ་སྲོལ་ཡོད་པ་ལྟར། ཁ་སང་ཕྱི་ཟླ་ ༤ ཚེས་ ༣༠ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Indira Gandhi Indoor Stadium ཚོགས་ཁང་དུ་རྒྱ་གར་དབུས་གཞུང་གི་རིག་གཞུང་ལྷན་ཁང་དང་ International Buddhist Confederation ཞེས་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་གཉིས་ཟུང་འབྲེལ་ཐོག་གོ་སྒྲིག་འོག་སྐུ་མགྲོན་གཙོ་བོ་རྒྱ་གར་གྱི་སྲིད་བློན་ Narendra Modi མཆོག་དབུ་བཞུགས་གཙོས། རྒྱ་གར་གྱི་ས་གནས་འདྲ་མིན་ཁག་གི་ནང་པ་སངས་རྒྱས་པའི་རྗེས་འབྲང་ཆོས་ཚོགས་དང་དགོན་ཁག་གི་དགེ་བཙུན་ཁྲི་ལ་ཉེ་བ་དང་བོད་མི་ ༡༠༠༠ ལྷག་འདུ་འཛོམས་ཀྱིས་དུས་ཆེན་དེ་སྲུང་ཞུས་འདུག སྲིད་བློན་ན་རེནྡྲ་མོ་དཱི་མཆོག་གིས་སྐབས་དེར་རྒྱ་གར་ཡུ་པི་མངའ་སྡེ་ནང་རྟེན་གཞི་བྱས་པའི་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང་རྒྱ་གར་རྒྱལ་ཡོངས་དགེ་འདུན་འདུ་ཚོགས་པ་གཉིས་ནས་ནང་ཆོས་ཀྱི་བསླབ་པ་སློབ་གཉེར་འཛིན་སྐྱོང་སྤེལ་གསུམ་གནང་བར་  Vaishakh Sammaan Prashasti Patra ཞེས་ས་ག་ཟླ་བའི་མངོན་བསྟོད་ཀྱི་གཟེངས་རྟགས་ཤིག་ཀྱང་ཕུལ་འདུག སྲིད་བློན་མཆོག་གིས་དེ་རྗེས་ནང་པ་སངས་རྒྱས་པའི་ཆོས་ཀྱི་གལ་གནད་དང། ལྷག་པར་དུ་རྒྱ་གར་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་ཆོས་དམིགས་བསལ་བ་དེ་ཆོས་རྒྱལ་མྱ་ངན་མེད་ཀྱི་སྐུ་དུས་ནས་ཉམས་གསོ་དང་དར་སྤེལ་གནང་བ་ལྟར་ང་ཚོའི་ངོས་ནས་དེ་ལྟར་གནང་དགོས་གལ་ཡིན་པ་གསུངས་འདུག སྲིད་བློན་མཆོག་གིས་ཁྱད་པར་དུ་རྒྱ་གར་འདི་འཚེ་མེད་ཞི་བའི་རྒྱལ་ཁབ་ཞིག་ཡིན་པ་དང། རྒྱལ་ཁབ་འདི་དང་ལྷག་དོན་ཡུལ་འདི་ནས་དར་བའི་ནང་པའི་ཆོས་ཀྱི་ནང་སྐད་ཡིག་བཅས་ཀྱི་དབྱེ་བ་རྩ་བ་ནས་མེད་པར་ནན་གསུང་གནང་བ་དང་འབྲེལ། སྲིད་བློན་མཆོག་གིས་སྣེ་ཁྲིད་པའི་གཞུང་གི་ངོས་ནས་རྒྱ་གར་གྱི་གནའ་བོའི་རིག་གནས་སྲུང་སྐྱོབ་ཞུ་སླད་ཕུགས་རྒྱང་རིང་པོའི་ལས་གཞི་སྤེལ་བཞིན་ཡོད་སྐོར་གསུངས་པ་མ་ཟད། རྒྱ་གར་ནང་གི་ནང་པའི་གནས་ཆེན་ཁག་ཅིག་ཡར་རྒྱས་གཏང་ཆེད་དུ་རྒྱ་གར་སྒོར་མོ་འབུམ་༣༦༠ མ་དངུལ་བཀའ་འཁྲོལ་གནང་འདུག རྩ་བའི་རྒྱ་གར་གཞུང་གི་ངོས་ནས་ས་ག་ཟླ་བའི་དུས་ཆེན་གཞུང་འབྲེལ་གྱི་སྲུང་བརྩི་ཞུ་རྒྱུ་དབུ་འཛུགས་གནང་བ་ནས་བཟུང་སློབ་གཉེར་ཁང་དང་སྒྲིག་འཛུགས། དེ་བཞིན་གང་ཟག་སྒེར་བཅས་ལ་བསྟན་པའི་ཞབས་འདེགས་དང་ཤེས་ཡོན། རིག་གཞུང་སོགས་ཀྱི་ཐད་ལ་གཟེངས་སུ་ཐོན་པའི་ཕྱག་ལས་གནང་མཁན་རྣམས་ལ་ Vaishakh Sammaan Prashasti Patra ཞེས་ས་ག་ཟླ་བའི་མངོན་བསྟོད་ཀྱི་གཟེངས་རྟགས་དེ་གནང་སྲོལ་ཡོད་པ་དང། དེ་སྔོན་ཕྱི་ལོ་ ༢༠༡༦ ལོའི་ས་ཟླའི་དུས་ཆེན་ཐོག་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་ཁང་གི་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་ལགས་སུ་གཟེངས་རྟགས་དེ་ཕུལ་ཡོད་པ་མ་ཟད། འདི་ལོ་སླར་ཡང་གཟེངས་རྟགས་དེ་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་ཁང་གི་ཕྱག་ལས་ལ་མངོན་སྟོད་ཀྱི་ཚུལ་དུ་ཕུལ་ཡོད་པ་རེད། གཞི་རྩའི་ས་ག་ཟླ་བའི་དུས་ཆེན་དེ་ནི་སྟོན་པ་ཤཱཀྱ་ཐུབ་པ་མཆོག་དགའ་ལྡན་གྱི་གནས་ནས་ལྷ་མོ་སྒྱུ་འཕྲུལ་མའི་ལྷུམས་སུ་ཞུགས་ཤིང་ལུམ་བྷིའི་ཚལ་དུ་སྐུ་བལྟམས་པ་དང་། གནས་མཆོག་རྡོ་རྗེ་གདན་དུ་བྱང་ཆུབ་ཆེན་པོའི་ཤིང་གི་དྲུང་དུ་གཡོ་མེད་ཏིང་འཛིན་ལ་གནས་ཏེ་སྲོད་ལ་བདུད་འདུལ་བ་དང་ཐོ་རེངས་ལ་མངོན་པར་རྫོགས་པར་སངས་རྒྱས་པ། རྩྭ་མཆོག་གྲོང་དུ་གཤེགས་ཏེ་ས་ལའི་ཚལ་གྱི་དབུས་ཐ་མལ་གྱི་གཟིམ་ཁྲིར་བཞུགས་ཤིང་ཉན་ཐོས་འོད་སྲུང་ཆེན་པོ་ལ་བསྟན་པ་གཏད་དེ་ཟག་པ་མེད་པའི་ཆོས་ཀྱི་དབྱིངས་སུ་སྐུ་མྱ་ངན་ལས་འདས་པའི་མཛད་པ་བསྟན་པ་བཅས་དུས་ཆེན་ཁྱད་པར་བ་གསུམ་དུས་གཅིག་ཏུ་ཁེལ་བའི་དུས་ཚིགས་བྱིན་ཅན་ཞིག་ཡིན་པ་རེད། ཐེངས་འདིའི་གནས་བརྟན་སྡེ་པའི་ལུགས་ཀྱི་ས་ག་ཟླ་བའི་དུས་ཆེན་སྲུང་བརྩིའི་མཛད་སྒོ་ཐོག་རྒྱ་གར་གྱི་རིག་གཞུང་བློན་ཆེན་སྐུ་ཞབས་ Mahesh Sharma དང་ནང་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་Kiren Rijiju མཆོག་བཅས་ཆེད་ཕེབས་གནང་བ་མ་ཟད། བོད་མིའི་ཕྱོགས་ནས་ཤར་བྱང་ཆོས་རྗེ་རྣམ་གཉིས་དང་། འབྲི་གུང་༸སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག ཀྭན་ཏིང་ཏཱ་ཡི་སི་ཏུ་རིན་པོ་ཆེ་མཆོག རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་གི་དབུས་པའི་བོད་ཀྱི་མཁན་བླ་སྤྲུལ་ཁག་ཅིག་ཆེད་ཕེབས་གནང་འདུག

Latest news