Tibetan Royal Year of 2151 | Year of the Wood Dragon

རྒྱ་གར།

McMahon Line ས་ཐིག་དེ་རྒྱལ་སྤྱིའི་ས་མཚམས་སུ་ངོས་འཛིན་དགོས་པའི་གྲོས་ཆོད་གྲོས་འཆར་ཆེད་བཏོན།

McMahon Line ས་ཐིག་དེ་རྒྱལ་སྤྱིའི་ས་མཚམས་སུ་ངོས་འཛིན་དགོས་པའི་གྲོས་ཆོད་གྲོས་འཆར་ཆེད་བཏོན།

རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བ་ལྷིང་འཇགས་མེད་པ་གསལ་བཏོན་གནང་འདུག

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ G20 ཞེས་པའི་འབྱོར་ལྡན་རྒྱལ་ཁབ་ ༢༠ ཡི་ཕྱི་སྲིད་བློན་ཆེན་ལྷན་ཚོགས་འཚོགས་པ་དང་བསྟུན། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Jai Shankar མཆོག་གིས་ཁ་སང་ཉིན་རྒྱབ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Qin Gang ཆིན་ཀཱང་དང་ལྷན་ཟུར་དུ་ཚོུད་གཅིག་ཙམ་རིང་ཐུག་འཕྲད་ཀྱིས་ས་མཚམས་དང་འབྲེལ་བའི་དཀའ་གནད་གླེང་སློང་གནང་ཡོད་པ་རེད།  རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་མཆོག་གིས་གྲོས་མོལ་དེ་གཙོ་བོ་རྒྱལ་ཁབ་ཕྱོགས་གཉིས་ཀྱི་ས་མཚམས་ཁུལ་དུ་ད་ལྟའི་ཆར་དཀའ་ངལ་འཕྲད་བཞིན་པར་གདོང་ལེན་བྱེད་ཕྱོགས་སྐོར་དང་ལྷག་པར་ས་མཚམས་སུ་གནས་སྟངས་ཞི་འཇམ་ཡོང་ཐབས་ཤིག་ཡིན་པ་གསུངས་ཡོད་འདུག རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ S Jaishankar མཆོག་གིས་འབྱོར་ལྡན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་དངོས་གཞི་གྲུབ་རྗེས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཆིན་ཀཱང་དང་གྲོས་མོལ་བྱུང་བའི་སྐོར་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཡོད་དང་། སྐབས་དེར་ཁོང་གིས་གྲོས་མོལ་དེ་རྒྱལ་ཁབ་ཕྱོགས་གཉིས་ཀྱི་ད་ལྟའི་འབྲེལ་ལམ་སྐོར་ཡིན་པ་དང་། ཁོང་གི་ངོས་ནས་དེ་སྔོན་ཕྱོགས་གཉིས་ཀྱི་འབྲེལ་བ་དེ་རྒྱུན་ལྡན་ལྟར་མིན་སྐོར་བརྗོད་ཡོད་པ་རྣམ་པ་ཚོས་ཤེས་གསལ་རེད་ཅེས་གསུངས་ཡོད་པ་དང་།   གྲོས་མོལ་ཤུགས་ཆེ་བ་གནད་དོན་དེ་ཉིད་ཐོག་བྱུང་ཡོད་སྐོར་གསུངས་པ་དང་འབྲེལ། ད་དུང་ཁོང་གིས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་དབར་དོན་དངོས་ཀྱི་དཀའ་ངལ་རྣམས་དོར་དུ་མི་རུང་བ་ཞིག་ཡིན་པ་དང་།   དཀའ་ངལ་དེ་དག་ངོས་འཛེན་བྱས་པའི་ཐོག་ཡོངས་གྲགས་སུ་གུ་ཡངས་ཀྱི་ཐོག་སེལ་ཐབས་བྱེད་དགོས་གལ་ཡིན་པ་མ་ཟད། རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་བ་གོང་འཕེལ་དང་།   ས་མཚམས་ཁུལ་དུ་ཞི་བདེ་ལྷིང་འཇག་ཡོང་ཐབས་གླེང་སློང་གནང་ཡོད་ཅེས་གསུངས་འདུག རྒྱ་ནག་གྱི་ཕྱི་སྲིད་བློན་ཆེན་ཆིན་ཀཱང་ནི་ཞི་ཅིན་ཕིང་གི་བློ་ཐག་ཉེ་བའི་ལས་རོགས་ཤིག་ཡིན་པ་དང་།   རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱི་ལས་འཛིན་པ་སྔོན་མ་ཝང་ཡིས་ཕྱི་ལོ་ ༢༠༡༩ ལོར་ས་མཚམས་ཀྱི་གནད་དོན་ཆེད་རྒྱ་གར་སླེབས་ཡོད་པ་རེད། དེ་བཞིན་ཐེངས་འདིར་ཆིང་ཀཱང་རྒྱ་གར་དུ་ G20 ལྷན་ཚོགས་དང་སྟབས་བསྟུན་ནས་སླེབས་ཡོད་པར་ཆིང་ཀཱང་རང་ཉིད་རྒྱ་གར་དུ་འབྱོར་ཏེ་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་མཆོག་དང་ཐུག་འཕྲད་བྱས་པ་དེ་ཐེངས་དང་པོ་ཡིན་པ་རེད། རྒྱ་གར་གིས་རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་ས་ཁུལ་དུ་ཞི་བདེ་སླར་གསོ་མ་བྱུང་བར་འབྲེལ་ལམ་དེ་རྒྱུན་ལྡན་བཞིན་ཡོང་ཐབས་མེད་སྐོར་གསུངས་བཞིན་ཡོད་པ་དང་། སྐུ་ཞབས་ Jai Shankar མཆོག་གིས་དེ་སྔོན་ Bali ནང་ཚོགས་པའི་ G20 ལྷན་ཚོགས་སྐབས་སུའང་། སྐབས་དེའི་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang Yi ལ་ལ་དྭགས་ཁུལ་གྱི་འཕགས་བོད་ས་མཚམས་ཀྱི་དཀའ་རྙོག་ཁག་གང་མགྱོགས་སེལ་དགོས་གལ་ཐོག་གླེང་སློང་གནང་ཡོད་པ་རེད། གཞི་རྩའི་རྒྱལ་ཁབ་ཕྱོགས་གཉིས་དབར་ས་མཚམས་དང་འབྲེལ་བའི་ཆེས་མཐོའི་དཔོན་རིགས་ཀྱི་གྲོས་མོལ་ད་བར་ཐེངས་ ༡༧ བྱུང་ཡོད་ནའང་གྲོས་མོལ་གནང་བ་ཙམ་ལས་གནས་སྟངས་ལ་འགྱུར་བ་གང་ཡང་ཕྱིན་མེད་པ་དང་།    ལྷག་པར་ཕྱི་ལོ་ ༢༠༢༠ ཕྱི་ཟླ་ ༥ ནང་ལ་དྭགས་འཕགས་བོད་ས་མཚམས་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་དམག་མི་དབར་གདོང་ཐུག་བྱུང་རྗེས་ད་བར་ཕྱོགས་གཉིས་དབར་གྱི་འབྲེལ་ལམ་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཡོད་པ་རེད།

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཆིན་ཀཱང་ G20 ལྷན་ཚོགས་ཆེད་རྒྱ་གར་རྒྱལ་ས་ལྡི་ལིར་འབྱོར་འདུག

རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ S Jaishankar མཆོག་གིས་མགྲོན་འབོད་གནང་པ་བཞིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཆིན་ཀཱང་དངོས་སུ་ G20 ཞེས་འབྱོར་ལྡན་རྒྱལ་ཁབ་ཉི་ཤུའི་ཕྱི་སྲིད་བློན་ཆེན་ཁག་གི་ལྷན་ཚོགས་ཆེད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འབྱོར་ཡོད་པ་དང་།   ཁོང་གཉིས་དེ་རིང་ཉིན་རྒྱབ་ཟུར་དུ་ཐུག་འཕྲད་བྱུང་ཡོད་པ་རེད་འདུག Qin Gang རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འབྱོར་པ་དེ་ནི་རྒྱ་ནག་གི་ལས་འཛིན་སྔོན་མའི་ཕྱི་སྲིད་བློན་ཆེན་ཝང་ཡི་ཕྱི་ལོ་ ༢༠༡༩ ལོར་ས་མཚམས་ཀྱི་གནད་དོན་དང་འབྲེལ་བའི་གྲོས་མོལ་དུ་འབྱོར་རྗེས་ཀྱི་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་རྒྱ་གར་དུ་འབྱོར་བ་ཐེངས་དང་པོ་དེ་ཡིན་པ་རེད།  ཁོ་པ་རྒྱ་གར་དུ་མ་ཐོན་པའི་སྔ་རོལ་དུ་རྒྱ་ནག་ཕྱི་སྲིད་ལས་ཁུངས་ངོས་ནས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བ་དེ་རིན་ཐང་ཆེན་པོ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་།  ཕྱོགས་གཉིས་དབར་མཐུན་འབྲེལ་དམ་ཟབ་དེ་ནི་རྒྱལ་ཁབ་གཉིས་ཀའི་ཁེ་ཕན་དང་འབྲེལ་བ་ཡོད་པ་ཞིག་ཡིན་སྐོར་བརྗོད་ཡོད་པ་རེད། བརྒྱུད་ལམ་ཁག་གི་ནང་དུ་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ངོས་ནས་དེ་རིང་ཐོག་མར་ཨ་རིའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Antony Blinken མཆོག་དང་། དེ་རྗེས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Qin Gang དང་མཉམ་ཟུར་དུ་ཐུག་འཕྲད་བྱུང་ཡོད་སྐོར་ལས། ནང་དོན་ཞིབ་ཕྲའི་གནས་ཚུལ་གང་ཡང་ཐོན་མེད། འོན་ཀྱང་དཔྱད་ཞིབ་པ་རྣམས་ཀྱིས་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ངོས་ནས་ Qin Gang ལ་འཕགས་བོད་མཐའ་མཚམས་ཁུལ་དུ་ཞི་བདེ་དང་བརྟན་ལྷིང་སླར་གསོ་ཡོང་སླད་དམག་དཔུང་ཕྱིར་འཐེན་དགོས་པའི་བཞེངས་ཕྱོགས་བསྐྱར་ནན་གནང་གི་ཡོད་པ་གསུངས་འདུག རྩ་བའི་རྒྱ་དཀར་ནག་ཕན་ཚུན་དབར་ས་མཚམས་དང་འབྲེལ་བའི་ཆེས་མཐོའི་དཔོན་རིགས་དབར་གྲོས་མོལ་ཐེངས་ ༡༧ ལྷག་བྱུང་ཡོད་ནའང་ལ་དྭགས་ཁུལ་གྱི་ས་མཚམས་རྩོད་རྙོག་བྱུང་བའི་རྗེས་སྟེ་ཕྱི་ལོ་ ༢༠༢༠ ཕྱི་ཟླ་ ༥ ནས་ད་བར་ཕྱོགས་ཉིས་དབར་འབྲེལ་མཚམས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་རེད། དཔྱད་ཞིབ་པ་ཁག་གཅིག་གྱིས་ཐེངས་འདིའི་ G20 ལྷན་ཚོགས་དེའི་ཐོག་ཡུག་རེན་དང་ཨུ་རུ་སུའི་རྩོད་རྙོག་གི་གནད་དོན་ཐོག་གླེང་སློང་ཤུགས་ཆེ་བ་ཡོང་རྒྱུ་ཡིན་པ་མ་ཟད།  ལྷག་པར་སྟོབས་ཆེན་རྒྱལ་ཁབ་ ༢༠ ཡོད་པ་དེ་དག་གིས་ཡུག་རེན་དང་ཨུ་རུ་སུའི་དཀའ་ངལ་དང་འབྲེལ་བའི་རྒྱལ་ཁབ་སོ་སོའི་ལངས་ཕྱོགས་དེ་བཞིན་གསལ་པོ་ཆགས་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་གི་ཡོད་པ་རེད། གཞི་རྩའི་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཆིན་ཀཱང་རྒྱལ་ས་ལྡི་ལིར་འབྱོར་རྒྱུའི་གནས་ཚུལ་དང་བསྟུན།   ཁ་སང་རྒྱ་ནག་གཞུང་ཚབ་མདུན་དུ་ བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་།    བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གསུམ་གྱི་ངོས་ནས་སྤྱིར་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་སྲིད་བྱུས་ཁག་ལ་ང་རྒོལ་དང་།   ལྷག་པར་དུ་བོད་ནང་གི་བོད་ཕྲུག་རྣམས་ཕ་མ་སྤུན་མཆེད་དང་ཁ་བྲལ་བཏང་སྟེ་བཙན་དབང་ཐོག་གཏན་འཇགས་བཅའ་སྡོད་སློབ་གྲྭར་གཏོང་བཞིན་པ་དེ་ནི་བོད་མིའི་ཆོས་དང་རིག་གཞུང་སྐད་ཡིག་བཅས་པ་རྩ་མེད་བཟོས་འཆར་དེ་བཞིན་བོད་རྒྱ་བསྒྱུར་གྱི་སྲིད་བྱུས་ཞིག་ཡིན་པ་སྐྱོན་བརྗོད་ཤུགས་ཆེ་གནང་སྟེ། བོད་དང་བོད་མིའི་མངོན་འདོད་རྣམས་ངོ་རྒོལ་སྐད་འབོད་བརྒྱུད་གསལ་གཏོན་གནང་ཡོད་པ་རེད། ཁ་སང་དང་དེ་རིང་བཅས་ཉིན་གྲངས་གཉིས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཡུལ་དེའི་སྲིད་འཛིན་ཕོ་བྲང་ Rashtrapati Bhawan དུ་ G20 ཞེས་འབྱོར་ལྡན་རྒྱལ་ཁབ་ཉི་ཤུའི་ཕྱི་སྲིད་བློན་ཆེན་ཚོའི་ལྷན་ཚོགས་འཚོགས་གནང་གི་ཡོད་པ་དང་བསྟུན་འདི་ག་རླུང་འཕྲིན་ཁང་ནས་དེ་རིང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་སུ་ཐེངས་འདིའི་ G20 ལྷན་ཚོགས་ཀྱི་གལ་གནད་དང་འབྲེལ་རྒྱ་དཀར་ནག་ཀྱི་འབྲེལ་ལམ་ཁྲོད་བོད་ཀྱི་གནད་དོན་བཅས་ཀྱི་སྐོར་ལ་བཀའ་འདྲི་ཁག་ཅིག་ཞུས་ཡོད་པ་གཤམ་གྱི་སྒྲ་སྒམ་གཉིས་པའི་ཐོག་གསན་ཐུབ།

རྒྱ་གཞུང་གིས་ Aksai Chin བརྒྱུད་འཕགས་བོད་ས་མཚམས་སུ་མེ་འཁོར་ལྕགས་ལམ་འཛུགས་འཆར།

བོད་རང་སྐྱོང་ལྗོངས་ཟེར་བའི་འཛུགས་བསྐྲུན་དང་བསྐྱར་གསོ་ལས་ཁུངས་ཀྱིས་མ་འོངས་མེ་འཁོར་ལྕགས་ལམ་འཛུགས་བསྐྲུན་ལས་འཆར་ཡོངས་གྲགས་བྱས་པའི་ནང་རྒྱ་ནག་གཞུང་གིས་རྒྱ་དཀར་ནག་གཉིས་དབར་རྩོད་རྙོག་ཡོད་པའི་ Aksai Chin ས་ཁུལ་བརྒྱུད་འཕགས་བོད་ས་མཚམས་ཉེ་འགྲམ་བར་མེ་འཁོར་ལྕགས་ལམ་འཛུགས་འཆར་ཡོད་པ་དང་། དེའང་ཕྱི་ལོ་ ༢༠༢༥ བར་གཞིས་ཀ་རྩེ་ནས་ Pakhuktso བར་དང་ཕྱི་ལོ་ ༢༠༣༥ ཤིན་ཅང་གི་ཧོ་ཏན་ས་ཁུལ་བར་མེ་འཁོར་ལྕགས་ལམ་འཛུགས་བསྐྲུན་གྱི་ལས་གཞི་སྤེལ་འཆར་ཡོད་པ་བཤད་འདུག དེ་རིང་ The Hindu དང་ FirstPost སོགས་རྒྱ་གར་གྱི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་བདུན་ཕྲག་སྔོན་མར་བོད་རང་སྐྱོང་ལྗོངས་ཟེར་བའི་མེ་འཁོར་ལྕགས་ལམ་འཛུགས་བསྐྲུན་དང་འབྲེལ་བའི་མ་འོངས་ལས་གཞི་ཁག་ཡོངས་གྲགས་བྱས་ཡོད་པ་དང་། ལས་འཆར་དེ་དག་ལས་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༣༥ བར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་ད་ཡོད་མེ་འཁོར་ལྕགས་ལམ་སྤྱི་ལེ་ ༡༤༠༠ ཙམ་ཡོད་པ་དེ་ལྡབ་གཅིག་མང་དུ་བཏང་ནས་སྤྱི་ལེ་ ༤༠༠༠ བར་འཛུགས་བསྐྲུན་གྱིས་ཤིན་ཅང་གི་ཧོ་ཏན་ས་ཁུལ་དང་མཐུད་རྒྱུ་རེད་འདུག རྒྱ་དཀར་ནག་གཉིས་དབར་རྩོད་རྙོག་ཡོད་པའི་ Aksai Chin ས་ཁུལ་བརྒྱུད་འཕགས་བོད་ས་མཚམས་ཉེ་འགྲམ་བར་མེ་འཁོར་ལྕགས་ལམ་འཛུགས་འཆར་ཡོད་པ་མ་ཟད། ལྕགས་ལམ་དེ་ཉིད་རྒྱ་གར་དང་བལ་ཡུལ། དེ་བཞིན་བོད་བཅས་ཀྱི་ས་མཚམས་ས་ཁུལ་དུ་མཐུད་རྒྱུ་ཡིན་པར་བཤད་འདུག རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག་བོད་ནང་གི་མེ་འཁོར་ལྕགས་ལམ་གྱི་ལས་གཞི་དེའི་སྐོར་གནས་ཚུལ་སྤེལ་བའི་ནང་། རིང་མིན་ཕྱི་ལོ་ ༢༠༢༥ བར་ཟི་ཁྲོན་ཞིང་ཆེན་དང་བོད་དབར་གྱི་མེ་འཁོར་ལྕགས་ལམ་ལས་གཞིའི་ཁྲོད་ Ya’an ནས་ཉིང་ཁྲི་བར་གྱི་ལྕགས་ལམ་དང་། ད་ལྟའི་བོད་དང་ཤིན་ཅང་བར་གྱི་ལས་གཞིའི་ཁྲོད། གཞིས་རྩེ་ནས་ Pakhuktso དབར་གྱི་ལྕགས་ལམ། དེ་བཞིན་ཡུ་ནན་ཞིང་ཆེན་དང་བོད་དབར་གྱི་ལྕགས་ལམ་འཛུགས་བསྐྲུན་ལས་གཞི་ཁྲོད་ Bomi Ra uk ལྕགས་ལམ་ལས་གཞི་བཅས་བོད་རང་སྐྱོང་ལྗོངས་དང་ཞིང་ཆེན་གཞན་གསུམ་དབར་གྱི་མེ་འཁོར་ལྕགས་ལམ་འཛུགས་བསྐྲུན་གྱི་ལས་གཞི་གང་ལ་གང་ཙམ་གྱི་ལེགས་གྲུབ་བྱ་འཆར་ཡོད་སྐོར་དང་འབྲེལ། ལས་གཞི་དེ་དག་ས་ཁུལ་གྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་སླད་གནད་འགག་ཆེན་པོ་ཆགས་ཀྱི་ཡོད་པར་བཤད་ཡོད། རྩ་བའི་ད་ལྟའི་ཆར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཕྱི་ལོ་ ༢༠༠༦ ལོར་ལེགས་གྲུབ་ཟིན་པའི་ལྷ་ས་དང་མཚོ་སྔོན་ཞིང་ཆེན་དབར་གྱི་ལྕགས་ལམ་དང་། ཕྱི་ལོ་ ༢༠༡༤ ལོར་ལྷ་ས་ནས་གཞིས་རྩེ་དབར་གྱི་ལྕགས་ལམ། དེ་བཞིན་ཕྱི་ལོ་ ༢༠༢༡ ལོར་ལྷ་ས་དང་ཉིང་ཁྲི་དབར་གྱི་ལྕགས་ལམ་བཅས་གསུམ་སྤྱོད་མུས་ཡིན་པའི་ཁྲོད་རྒྱ་ནག་གཞུང་གིས་ད་བར་ཨ་རུ་ནཱ་ཅལ་ཁུལ་གྱི་འཕགས་བོད་ས་མཚམས་ས་ཁུལ་ནས་བལ་ཡུལ་དང་འབྲས་ལྗོངས། དེ་བཞིན་འབྲུག་བཅས་ཀྱི་ས་མཚམས་བར་མེ་འཁོར་ལྕགས་ལམ་གསར་རྒྱག་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།

ལས་སྨོན་རྟེན་འབྲེལ་འཛོམས་པའི་སྐབས་རྒྱ་གར་དུ་ཞལ་འཛོམས་བྱུང་རྒྱུའི་ཐུགས་རེ་ཡོད་པ་བཀའ་གནང་བ།

དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་སྐུ་ཉིད་རྒྱ་གར་དུ་ཕྱིར་ཕེབས་རྒྱུའི་ཐུགས་རེ་ཡོད་ཀྱང་འདས་པའི་ལོ་ངོ་བཅོ་བརྒྱད་ཙམ་རྒྱ་གར་དུ་སྐུ་བཞུགས་གནང་སྐབས་གནས་ཚུལ་འདྲ་མིན་དང་སྐུ་ངལ་རིམ་པར་འཕྲད་པའི་ཐུགས་ཀྱི་མྱོང་བ་ལ་གཞིགས་ནས་ཐུགས་བསམ་ནན་པོ་དང་ཐུགས་ཐག་ནན་པོ་སྒོ་ནས་ལས་སྨོན་རྟེན་འབྲེལ་འཛོམས་པའི་སྐབས་རྒྱ་གར་དུ་ཞལ་འཛོམས་བྱུང་རྒྱུའི་ཐུགས་རེ་ཡོད་པ་བཀའ་གནང་འདུགའབོ་དཀར་བཤད་གྲྭར་འདི་ལོའི་བཀའ་བརྒྱུད་དགུན་ཆོས་ཐེངས་ཉེར་གསུམ་པ་དང་བཀའ་བརྒྱུད་སྨོན་ལམ་འཕར་མ། དེ་བཞིན་སྒྲོལ་མ་ལྷ་ལྔའི་ཆོ་ག་བཅས་ཀྱི་ཚོགས་མགོན་དུ་དྲྭ་ཐོག་བརྒྱུད་སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དབུ་བཞུགས་ཐོག་གསུང་ཆོས་བཀའ་དྲིན་སྩལ་བའི་སྐབས་འདི་ལོའི་བཀའ་བརྒྱུད་སྨོན་ལམ་ཆེན་མོ་དེ་བཞིན་མི་མང་འདུ་འཛོམས་བྱུང་སྟབས་བདེ་མིན་ལ་བརྟེན་ནས་ཕྱིར་འཐེན་བྱ་རྒྱུ་རིན་པོ་ཆེའི་དགོངས་གཞི་ལྟར་སྨོན་ལམ་ཆེན་མོ་དངོས་སུ་བསྐོང་ཚོགས་གནང་ཐུབ་མེད་རུང་ལོ་རྗེས་མར་གནས་མཆོག་རྡོ་རྗེ་གདན་དུ་སྨོན་ལམ་ཆེན་མོ་བསྐོང་ཚོགས་ཐུབ་རྒྱུའི་ཐུགས་རེ་ཡོད་ཅེས་བཀའ་གནང་བ་དང་སྦྲགས། རིན་པོ་ཆེ་མཆོག་སྐུ་སྒེར་ལྟ་བུ་མཚོན་ན་རྒྱ་གར་དུ་ཕྱིར་ཕེབས་རྒྱུའི་ཐུགས་རེ་ཡོད་ཀྱང་ཐུགས་བསམ་དང་ཐུགས་ཐག་ནན་པོའི་སྒོ་ནས་རྒྱ་གར་ལ་ཕྱིར་ཕེབས་རྒྱུའི་དགོངས་བཞེས་མཛད་ཀྱི་ཡོད་པ་དང་། ལྷག་པར་དུ་རྒྱ་གར་གཞུང་དང་གྲོས་མོལ་སྒོ་ནས་དགོངས་བཞེས་མཛད་ཀྱི་ཡོད་པ་བཀའ་གནང་འདུགདཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་ད་དུང་ནམ་ཞིག་རྒྱ་གར་ལ་ཕེབས་གཏན་ཁེལ་སྐབས་བལ་ཡུལ་དང་འབྲུག་ལའང་ཕེབས་རྒྱུའི་དགོངས་བཞེས་མཛད་ཀྱི་ཡོད་སྐོར་བཀའ་གནང་བ་དང་འབྲེལ། དེ་སྔ་རིན་པོ་ཆེ་མཆོག་བལ་ཡུལ་བརྒྱུད་དེ་བཙན་བྱོལ་ལ་ཕེབས་སྐབས་བལ་ཡུལ་ནང་ཚོུད་འགའ་ཤས་ལས་སྐུ་བཞུགས་མཛད་རྒྱུ་བྱུང་མེད་སྟབས། མ་འོངས་པར་བལ་ཡུལ་ནང་ཕེབས་ཐུབ་པའི་ཐུགས་རེ་ཆེན་པོ་ཡོད་པ་མ་ཟད། འབྲུག་ཡུལ་ལྟ་བུ་མཚོན་ན་འབྲུག་རྒྱལ་གོང་མ་རྣམས་དང་༸རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅོ་ལྔ་པ་དང་བཅུ་དྲུག་པ་བཅས་ཀརྨ་པ་རིམ་བྱོན་དང་འབྲེལ་བ་ཆེན་པོ་ཡོད་པ་ཞིག་ཡིན་སྟབས། འབྲུག་ཡུལ་དུའང་ཕེབས་ཐུབ་པའི་ཐུགས་རེ་མཛད་ཀྱི་ཡོད་པ་བཀའ་གནང་བ་དང་སྦྲགས།  ལས་སྨོན་རྟེན་འབྲེལ་འཛོམས་པའི་སྐབས་ཞལ་འཛོམས་ཐུབ་པའི་རེ་བ་ཆེན་པོ་ཡོད་པ་བཀའ་གནང་འདུགགཞི་རྩའི་འབོ་དཀར་བཤད་གྲྭར་སྔ་ལོ་ཕྱི་ཟླ་ ༡༢ ཚེས་ ༢༦ ནས་ཕྱི་ཟླ་ ༡ ཚེས་ ༢༥ བར་བཀའ་བརྒྱུད་དགུན་ཆོས་ཐེངས་ཉེར་གསུམ་པ་བསྐོང་ཚོགས་གནང་ཡོད་པ་དང་ཚོགས་མགོན་དུ་དྲྭ་ཐོག་བརྒྱུད་དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དབུས་བཞུགས་ཀྱིས་སེམས་ཙམ་པའི་གཞུང་སུམ་ཅུ་པའི་གསུང་ཆོས་བཀྲིན་སྩལ་ཡོད་པ་མ་ཟད། ཕྱི་ཟླ་ ༡ ཚེས་ ༣༠ ནས་ཕྱི་ཟླ་ ༢ ཚེས་ ༡ བར་བཀའ་བརྒྱུད་སྨོན་ལམ་འཕར་མ་བསྐོང་ཚོགས་གནང་སྟེ་སྐབས་དེར་རིན་པོ་ཆེ་མཆོག་གིས་ཇོ་བོ་རྗེའི་རྣམ་ཐར་དང་འབྲེལ་ནས་གསུང་ཆོས་བཀའ་དྲིན་སྩལ་ཡོད་པ་རེད། དེ་བཞིན་ཟླ་བ་འདིའི་ཚེས་ ༥ ཉིན་སྒྲོལ་མ་ལྷ་ལྔའི་གསུང་ཆོས་བཅས་བཀྲིན་སྩལ་ཡོད་པ་རེད།

རྒྱ་གར་གྱིས་སླར་རྒྱ་ནག་གི་མཉེན་ཆས་ཉིས་བརྒྱ་སུམ་ཅུ་ལྷག་བཀག་སྡོམ།

རྒྱ་གར་གཞུང་གིས་སླར་རྒྱ་ནག་དང་འབྲེལ་བའི་མཉེན་ཆས་ ༢༣༢ བཀག་སྡོམ་གནང་འདུག ཁ་སང Wion གསར་ཁང་གིས་འདོན་སྤེལ་གནང་བའི་གནས་ཚུལ་ནང་གསལ་རྒྱ་གར་དབུས་གཞུང་གིས་སླར་ཡང་རྒྱ་ནག་དང་འབྲེལ་བའི་མཉེན་ཆས་ ༢༣༢ བཀག་སྡོམ་གནང་ཡོད་པ་དང་། གནད་དོན་འདི་དང་འབྲེལ་ཡོད་ལས་བྱེད་ཀྱིས་ Press Trust of India ལ་མཉེན་ཆས་ ༢༣༢ ཡོད་ཁོངས་ནས་རྒྱན་འཛུགས་དང་ཁྲིམས་འགལ་ཐོག་དངུལ་བཟོ་རྒྱུའི་ལས་དོན་གཉེར་མཁན་མཉེན་ཆས་ ༡༣༨ ཡོད་པ་དང་དེ་མཚུངས་སུ་བུན་གཡར་དང་འབྲེལ་བའི་མཉེན་ཆས་ ༩༤ ཡོད་པ་དེ་དག་གིས་རྒྱ་གར་གྱི་དཔལ་འབྱོར་སྲ་བརྟན་ལ་ཉེན་ཁ་ཆགས་ཡོད་པར་འགྲེལ་བརྗོད་གནང་འདུག སྤྱིར་ད་ཆ་བཀའ་སྡོམ་གནང་བའི་མཉེན་ཆས་ ༢༣༠ ལྷག་ཡོད་པ་དེ་དག་གང་ཡིན་མིན་གྱི་ཁ་གསལ་གནང་མེད་ཀྱང་། རྒྱ་གར་གྱི་འཕྲུལ་ལས་དང་བརྡ་འཕྲིན་ལས་ཁུངས་ཀྱིས་མཉེན་ཆས་དེ་དག་བརྡ་འཕྲིན་འཕྲུལ་ལས་ཀྱི་དོན་ཚན་ ༦༩ དང་འབྲེལ་བ་ཡོད་པ་དང་མཉེན་ཆས་དེ་དག་ནང་གི་དངོས་རྫས་རྣམས་རྒྱལ་ཁབ་ཀྱི་ས་ཁོངས་བདག་དབང་ལ་གནོད་གཞི་གྱུར་བར་བརྟེན་བཀག་སྡོམ་གནང་བ་ཞིག་ཆགས་ཀྱི་ཡོད་པ་ ANI གསར་ཁང་གིས་གནས་ཚུལ་བཀོད་པ་ལུང་འདྲེན་གནང་འདུག རྒྱ་ནག་དང་འབྲེལ་བའི་མཉེན་ཆས་དེ་དག་ནས་རྐང་ལས་མི་རྣམས་རྒྱ་གར་བ་གླ་ནས་འགན་འཛིན་དུའང་རྒྱ་གར་བ་བསྐོ་གཞག་བྱས་ཡོད་པ་དང་། མཉེན་ཆས་དེས་ལས་མི་རྣམ་པས་དངུལ་གྱི་དཀའ་ངལ་འཕྲད་པ་རྣམས་ལ་བུ་གཡར་གྱི་བསླུ་ཁྲིད་བྱས་ཏེ་ལོ་རེར་སྐྱེད་ཀ་ཧ་ཅང་ཚད་མཐོ་བོ་ལེན་གྱི་ཡོད་པ་མ་ཟད། བུ་ལོན་ལེན་མཁན་ཚོས་སྐྱེད་ཀ་དུས་ཐོག་ལ་སྤྲད་མ་ཐུབ་ཚེ་ཁོང་ཚོར་སུན་པོ་བཟོས་ནས་ཉེན་བརྡ་སོགས་གཏོང་བཞིན་ཡོད་པ་རེད་འདུག ལྷག་པར་གནད་དོན་དེའི་རྐྱེན་གྱིས་རྒྱ་གར་གྱི་ཨ་རུ་ནཱ་ཅལ་མངའ་སྡེ་དང་ཏི་ལན་ག་ན་མངའ་སྡེ་སོགས་ཀྱི་ནང་རང་སྲོག་གཅོད་མཁན་རེ་ཟུང་བྱུང་བར་བརྟེན་ཡོངས་གྲགས་སུ་གནས་ཚུལ་ཕྱིར་མངོན་པ་ཞིག་ཆགས་འདུག ཏི་ལན་ག་ན་དང་ཨོ་ཌི་ཤ་དེ་བཞིན་ཨུཏྟར་མངའ་སྡེ་གཞུང་དང་གསང་བའི་ལས་ཁུངས་ཀྱིས་རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུངས་ནས་གནད་དོན་དེའི་ཐོག་ཐུགས་སྣང་དགོས་པའི་ཞུ་གཏུག་གནང་ཡོད་པ་དང་སྦྲགས། ནང་སྲིད་ལས་ཁུངས་ཀྱིས་ཟླ་བ་དྲུག་གོང་དུ་རྒྱ་ནག་དང་འབྲེལ་བུན་གཡར་གྱི་མཉེན་ཆས་ ༢༨ ཙམ་ལ་དཔྱད་ཞིབ་གནང་ཡོད་པ་དང་།   དཔྱད་ཞིབ་ཁྲོད་མཉེན་ཆས་ ༩༤ ཞིག་ e-stores ཞེས་དྲ་ལམ་ཐོག་ནས་ཚོང་ལས་གཉེར་ཡོད་པ་ཤེས་རྟོགས་ཐུབ་ཡོད་པ་མ་ཟད། མཉེན་ཆས་མང་དག་ཅིག་ཁ་པར་ཐོག་ནས་ཕབ་ལེན་ཐུབ་ཀྱི་མེད་པ་དང་རྒྱན་འཛུགས་དང་འབྲེལ་མཉེན་ཆས་རྣམས་དྲ་ཚིགས་ནས་ཕབ་ལེན་བྱེད་དགོས་པ་ཤེས་རྟོགས་ཐུབ་ཡོད།གཞི་རྩའི་འདས་ལོའི་ཕྱི་ཟླ་ ༢ པའི་ནང་རྒྱ་གར་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་ནས་རྒྱ་ནག་གི་མཉེན་ཆས་ ༥༤ ལྷག་བཀག་སྡོམ་གནང་ཡོད་པ་དང་། དེ་སྔོན་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་དུ་རྒྱ་ནག་གིས་དྲ་ལམ་བརྒྱུད་ནས་ཕྱིའི་རྒྱལ་ཁབ་ཀྱི་གསང་བའི་གནས་ཚུལ་རྐུ་ཁྱེར་དང་སོ་ཉུལ་བྱེད་བཞིན་པའི་གནད་དོན་གླེང་སློང་གནང་བཞིན་པ་དང་འབྲེལ་ཏེ་ ཕྱི་ལོ་ ༢༠༢༠ ལོར་རྒྱ་གར་དབུས་གཞུང་གིས་རྒྱ་ནག་གིས་བཟོས་བའི་མཉེན་ཆས་ཉིས་བརྒྱ་ལྷག་བཀག་སྡོམ་གནང་ཡོད། འབྲེལ་ཡོད་བདག་དབང་། inc42

རྒྱ་གཞུང་གིས་བོད་མིའི་རིགས་རྫས་བསྡུ་ལེན་བྱེད་བཞིན་པའི་བྱ་སྤྱོད་ལ་ངོ་རྒོལ།

ཕྱི་ཟླ་ ༡ ཚེས་ ༣༠ ནས་ཕྱི་ཟླ་ ༢ ཚེས་ ༥ བར་གཟའ་འཁོར་གཅིག་རིང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་སྣེ་ཁྲིད་འོག་རྒྱ་གཞུང་གིས་བོད་ནང་བོད་མིའི་རིགས་རྫས་བསྡུ་ལེན་ལས་གཞིར་ཡོ་ཆས་ཚོང་འགྲེམས་བྱེད་མཁན་ཨ་རིའི་ Thermo Fisher རྒྱལ་སྤྱིའི་ཚོང་ལས་སྡེ་ཚན་གྱི་བྱ་སྤྱོད་ལ་ངོ་རྒོལ་ཆེད་ #Hands off Tibetan DNA ཞེས་མིང་བྱང་འོག་གོ་ལ་ཀུན་ཁྱབ་ཀྱི་དྲ་ཐོག་ངོ་རྒོལ་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་ལྟར། ཁ་སང་ཡོ་རོབ་སྦེལ་འཇམ་ནང་གི་རླུང་རྟ་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྣེ་ཁྲིད་འོག་ས་གནས་བོད་མི་དང་ཡུལ་མི། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ལག་མཐིལ་དང་དཀར་ཤོག་སྟེང་བོད་མིའི་རིག་རྫས་ལ་ལག་པ་འཆང་མི་ཆོག Thermo Fisher ཚོང་ལས་སྡེ་ཚན་ནས་རྒྱ་གཞུང་ལ་བོད་མིའི་རིག་རྫས་བསྡུ་ལེན་ཆེད་ཡོ་བྱད་ཚོང་འགྲེམས་མཚམས་འཇོག་དགོས་ཞེས་པའི་འབོད་ཚིག་ཆེད་བཀོད་ཀྱིས་དྲ་ཐོག་ངོ་རྒོལ་ལས་འགུལ་ཞིག་སྤེལ་འདུག ཐེངས་འདིའི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་སྦེལ་འཇམ་གནས་སྡོད་བློ་བཟང་དབང་པོ་ལགས་ཀྱིས་རྒྱ་གཞུང་གིས་བོད་ནང་བོད་ཕྲུག་བྱིས་པ་ཚོའི་རིགས་རྫས་རྐུ་ཁྱེར་བྱེད་མུས་ཡིན་པའི་ཉེན་ཚབས་ཀྱི་རང་བཞིན་ཆེ་བའི་ལས་གཞིར་རྒྱལ་སྤྱིའི་གཞུང་དང་ཚོང་སྡེ་ཁག་གིས་ཐུགས་སྣང་དང་འཕྲལ་མར་འཚམས་འཇོག་ཆེད་རྒྱ་གཞུང་དང་འབྲེལ་ཡོད་ Thermo Fisher ཚོང་ལས་སྡེ་ཚན་ལ་གནོན་ཤུགས་ཆེས་ཆེར་སྤྲོད་རྒྱུ་ནི་འགྲོ་བ་མིའི་ཐོབ་ཐང་དང་བཟང་སྤྱོད་ཐོག་འགན་འཁྲི་ཡོད་སྐོར་འགྲེལ་བརྗོད་གནང་ཡོད། སྤྱིར་རྒྱ་གཞུང་གིས་བོད་རང་ལྗོངས་ས་ཁུལ་ཟེར་བ་ནས་བོད་མིའི་རིགས་རྫས་བསྡུ་ལེན་གྱི་ལས་གཞི་དེ་ཕྱི་ལོ་ ༢༠༡༦ ལོར་འགོ་བརྩམས་ཡོད་པ་དང། ཨ་རིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་དང་ཉམས་ཞིབ་ཚན་ཁག་གི་སྙན་ཐོར་གཞིགས་ཚེ་ད་བར་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ས་ཁུལ་ནས་བོད་པའི་སྔོན་འགྲོ་སློབ་གྲྭའི་བྱིས་པ་ལོ་ལྔ་ཡན་བོད་རིགས་ས་ཡ་གཅིག་ལྷག་གི་རིག་རྫས་བསྡུ་ལེན་བྱས་ཡོད་པར་མངོན་གསལ་གནང་ཡོད། #Hands off Tibetan DNA ཞེས་མིང་བྱང་འོག་གོ་ལ་ཀུན་ཁྱབ་ཀྱི་དྲ་ཐོག་ངོ་རྒོལ་ལས་འགུལ་སྣེ་ཁྲིད་གནང་མཁན་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གིས་ Thermo Fisher ནི་རྒྱལ་སྤྱིའི་ཚོང་ལས་སྡེ་ཚན་ཞིག་ཡིན་པའི་ཆ་ནས་རྒྱ་གཞུང་གིས་བོད་ནང་བོད་མིའི་རིགས་རྫས་བསྡུ་ལེན་ལས་གཞིར་ཡོ་ཆས་ཚོང་འགྲེམས་བྱེད་བཞིན་པ་ནི་རང་ཉིད་ཀྱི་འགན་མ་ཁུར་བར་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་བྱ་སྤྱོད་རེད་ཅེས་སྐྱོན་བརྗོད་གནང་སྟེ་དེ་ལྟར་གནང་རྒྱུ་མེད་པར་ནན་སྐུལ་གནང་འདུག འདས་ལོའི་ཕྱི་ཟླ་ ༡༢ ནང་ IPAC ཞེས་རྒྱ་ནག་ལ་གདོང་ལེན་གནང་མཁན་གྱི་རྒྱལ་སྤྱིིའི་གྲོས་ཚོགས་འཐུས་མི་ ༣༠ ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་གཙོས་དབྱིན་ཡུལ་དང་། སྦེལ་འཇམ། སུད་སི་སོགས་རྒྱལ་ཁབ་བཅིུག་གི་ཕྱི་སྲིད་བློན་ཆེན་གྱི་མཚན་ཐོག་ཏུ་རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་ནང་རིགས་རྫས་བསྡུ་ལེན་ལ་རམ་འདེམས་བྱེད་མཁན་ Thermo Fisher གཙོས་ཚོང་ལས་སྡེ་ཁག་ལ་ཞིབ་འཇུག་ནན་པོ་གནང་སྟེ་ཆད་པ་དྲག་པོ་གཅོད་དགོས་པའི་གཞེན་སྐུལ་ཡང་གནང་ཡོད་པ་མ་ཟད། ཨ་རིའི་ CECC ཞེས་པའི་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གིས་ཀྱང་ Thermo Fisher བཟོ་ལས་སྡེ་ཚན་གྱིས་རྒྱ་གཞུང་ལ་རིགས་རྫས་བསྡུ་ལེན་གྱི་ཡོ་ཆས་རམ་འདེགས་བྱས་པ་དེ་དག་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་སྤྱོད་ཕྱོགས་ལ་བསྐྱར་ཞིབ་དགོས་ཞེས་གསུངས་ཡོད་པ་རེད། རྩ་བའི་ཕྱི་ཟླ་ ༡ ཕྱི་ཚེས་ ༣༠ ནས་ཕྱི་ཟླ་ ༢ ཚེས་ ༥ བར་གཟའ་འཁོར་གཅིག་རིང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་གཙོས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་བོད་རང་དབང་ཚོགས་པ་སོགས་ཚོགས་སྡེ་ཁག་གཅིག་མཉམ་རུབ་ཀྱིས་ Global Week of Action ཞེས་རྒྱ་གར་གཙོས་རྒྱལ་སྤྱིའི་ཡུལ་གྲུ་ཁག་ཏུ་ཨ་རིའི་ Thermo Fisher བཟོ་ཚོང་ཁང་གི་བྱ་སྤྱོད་ལ་ངོ་རྒོལ་གྱིས་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་ཞིག་སྤེལ་བཞིན་ཡོད་པ་ལྟར། བཞུགས་སྒར་དྷརྨ་སཱ་ལཱར་མཚོན་ན། དེ་རིང་སྔ་དྲོ་ཕྱག་ཚོད་ ༡༡ སྟེང་མེག་གྷན་ཁྲོམ་གཞུང་གི་བཞི་མདོར་དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱིས་རྒྱ་གཞུང་ནས་བོད་ནང་གི་བྱིས་པ་ལོ་ན་ལྔ་ཡན་ཆད་རྣམས་ལ་བཙན་གྱིས་རིགས་རྫས་བསྡུ་ལེན་བྱེད་ཀྱི་ཡོད་པའི་དཔང་རྟགས་ར་འཕྲོད་བྱུང་བའི་པར་རིས་འགྲེམས་སྟོན་དང་མཚན་རྟགས་བསྡུ་རུབ་བཅས་གནང་སྟེ་བོད་ནང་གི་ཛ་དྲག་གནས་སྟངས་ཐེར་འདོན་གནང་བ་དང་ཆབས་ཅིག Thermo Fisher བཟོ་ཚོང་ཁང་ནས་རྒྱ་གཞུང་ལ་རིགས་རྫས་བསྡུ་རུབ་ཀྱི་ཡོ་ཆས་ཚོང་གཉེར་འཕྲལ་མར་མཚམས་དགོས་པའི་དགོས་འདུན་བཏོན་ཡོད།དེ་རིང་བཞུགས་སྒར་ཙམ་མ་ཡིན་པར་ཨ་རིའི་ནིའུ་ཇར་སི་དང་ཁེལ་ཕོ་ནི་ཡ། དབྱིན་ཡུལ། དེ་བཞིན་བྷར་ཛལ་དང་ཡོ་རོབ་སྦེལ་འཇམ་སོགས་བོད་མི་གནས་ཡུལ་ས་ཁུལ་གང་སར་བོད་མི་དང་ཡུལ་མི། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ Thermo Fisher བཟོ་ཚོང་ཁང་ནས་རྒྱ་ནག་དང་ལྷན་བོད་མིར་མནར་གཅོད་ཀྱི་བྱ་སྤྱོད་སྤེལ་བར་རོགས་རམ་གནང་བཞིན་པའི་བྱ་སྤྱོད་ལ་ངོ་རྒོལ་ཆེད་ #Hands off Tibetan DNA ཞེས་མིང་བྱང་འོག་རང་ཉིད་ཀྱི་ལག་མཐིལ་དང་དཀར་ཤོག་སྟེང་བོད་མིའི་རིགས་རྫས་ལ་ལག་པ་འཆང་མི་ཆོག་ཞེས་པའི་འབོད་ཚིག་ཆེད་བཀོད་ཀྱིས་གོ་ལ་ཀུན་ཁྱབ་ཀྱི་དྲ་ཐོག་ངོ་རྒོལ་ལས་འགུལ་ཞིག་སྤེལ་དང་སྤེལ་མུས་ཡིན་པ་རེད། དེ་རིང་དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་སྟེ་བཞུགས་སྒར་མེག་གྷན་ཁྲོམ་གཞུང་གི་བཞི་མདོར་པར་རིས་འགྲེམས་སྟོན་བརྒྱུད་ Thermo Fisher ནས་རྒྱ་གཞུང་ལ་རིགས་རྫས་བསྡུ་རུབ་ཀྱི་ཡོ་ཆས་བཙོང་རྒྱུ་མཚམས་དགོས་པའི་ནན་སྐུལ་གྱི་ལས་འགུལ་སྤེལ་སྐབས་ཀྱི་གསར་གནས་སྒྲ་སྣེ།

འཕགས་བོད་གཉིས་ཀྱི་ས་མཚམས་ཀྱི་གནས་སྟངས་ཞི་འཇམ་ལྟ་བུ་ཡོད་ཀྱང་སང་ཉིན་གང་ཆགས་མིན་ཚོད་དཔག་དཀའ་བ་རེད།

རྒྱ་གར་གྱི་དམག་སྤྱི་སྐུ་ཞབས་ Manoj Pande ལགས་ཀྱིས་འཕགས་བོད་གཉིས་ཀྱི་ས་མཚམས་ཀྱི་ད་ལྟའི་གནས་སྟངས་ཞི་འཇམ་ལྟ་བུ་ཡོད་ཀྱང་སང་ཉིན་གང་ཆགས་མིན་ཚོད་དཔག་དཀའ་བ་ཡིན་སྟབས་རྒྱ་གར་གྱི་ངོས་ནས་དམག་དཔུང་གཙོས་འཛུགས་སྐྲུན་རྒྱ་སྐྱེད་དང་གོ་མཚོན་གསར་ཉོ་སོགས་ཕྱོགས་ཡོངས་ནས་གྲ་སྒྲིག་ཡོད་ཅེས་གསར་འགོད་ལྷན་ཚོགས་ཐོག་གསུངས་འདུག ཁ་སང་ཕྱི་ཚེས་ ༡༢ སྟེ་རྒྱ་གར་གྱི་དམག་དཔུང་ཉིན་མོ་སླེབས་པར་ཉིན་གྲངས་གསུམ་སྔོན་ལ་རྒྱ་གར་གྱི་དམག་སྤྱི་སྐུ་ཞབས་ Manoj Pande ལགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་འདས་པའི་ལོ་ངོ་གཉིས་དང་ཕྱེད་ཀའི་ནང་རྒྱ་གར་བྱང་ཕྱོགས་ལ་དྭགས་དང་ཨ་རུ་ནཱ་ཅལ་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་དམག་དཔུང་སྟོང་ཕྲག་མང་པོའི་དབར་འཕགས་བོད་གཉིས་ཀྱི་ས་མཚམས་སུ་གདོང་ཐུག་རིམ་པར་བྱུང་ཡོད་པ་དང་། ད་ལྟའི་ཆར་འཕགས་བོད་གཉིས་ཀྱི་ས་མཚམས་དང་འབྲེལ་བའི་གནས་སྟངས་ལྷིང་འཇགས་ལྟ་བུ་ཡོད་ཀྱང་སང་ཉིན་གནད་དོན་ཅི་ཞིག་ཆགས་མིན་ནི་ཆེས་ཚོད་དཔག་དཀའ་བའི་གནད་དོན་ཞིག་ཡིན་པ་དེ་ལྟར་ནའང་། ཕྱོགས་གཉིས་དབར་ཞི་འགྲིག་ཡོང་སླད་དམག་དཔོན་དང་སྐུ་ཚབ་མི་སྣའི་བར་གྲོས་མོལ་གནང་བཞིན་ཡོད་ཅེས་གསུངས་ཡོད། རྒྱ་གར་གྱིས་དམག་དོན་དང་འབྲེལ་བའི་ཚད་མཐོ་བའི་གྲ་སྒྲིག་གནང་རྒྱུ་དང་ཉེ་ཆར་འཕགས་བོད་གཉིས་ཀྱི་ས་མཚམས་སུ་རྒྱ་ནག་གི་དམག་དཔུང་མང་དུ་གཏོང་བཞིན་ཡོད་ཀྱང་རྒྱ་གར་གྱི་ངོས་ནས་དེར་རྟོག་ཞིབ་གནང་སྟེ་དམག་དཔུང་གི་གྲངས་ཚད་ཀྱང་འདང་ངེས་ཡོད་པ་དང་། མེ་སྐྱོགས་དང་གོ་མཚོན། དམག་དཔུང་འོར་འདྲེན་བྱ་སླད་འདས་པའི་ལོ་ལྔའི་ནང་རྒྱ་གར་ BRO འམ་རྒྱ་ལམ་འཛུགས་སྐྲུན་གནང་མཁན་གྱི་སྤྱེ་ལེ་ ༡༢༠༠ ཙམ་གྱི་རྒྱ་ལམ་དང་ཟམ་ཆེན་གསར་རྒྱག་གནང་ཡོད་པ་མ་ཚད་པར་ཞིག་བཟོ་གནང་ཡོད་པ་དང་། ལྷག་པར་དུ་ལ་དྭགས་དང་ཨ་རུ་ནཱ་ཅལ་ཁུལ་དུ་དབྱར་དགུན་གཉིས་སུ་འགྲུལ་བཞུད་གནང་རྒྱུ་ཡོད་པའི་གནས་སྟངས་ཤིག་བསྐྲུན་ཐབས་སུ་ Zojila དང་ Z-Morh ཕུག་ལམ་འདི་ལོའི་ལོ་མཇུག་བར་གསར་རྒྱག་ཐུབ་པ་གནང་རྒྱུ་དང་། ཨ་རུ་ནཱ་ཅལ་ཁུལ་གྱི་ Sela ཕུག་ལམ་ཡང་འདི་ལོའི་ལོ་དཀྱིལ་བར་དུ་འཛུགས་སྐྲུན་ཐུབ་པ་གནང་རྒྱུ་རེད་འདུག ཅི་སྟེ་ལམ་ཆེན་དེ་དག་དགག་པའི་གནས་སྟངས་འབྱུང་ཚེ་ Atal ཕུག་ལམ་བརྒྱུད་ནས་ Shinku la ཕུག་ལམ་དང་ཟངས་དཀར་པ་སྡུམ་གྱི་ལམ་ཆེན་ བརྒྱུད་དེ་དབྱར་དགུན་གཉིས་ལ་འགྲུལ་བཞུད་བདེ་པོ་གནང་རྒྱུ་ཡོད་པའི་འཛུགས་གནང་དང་གནང་མུས་ཡིན་པ་སོགས་གསུངས་འདུགདེ་བཞིན་དམག་དོན་གྲ་སྒྲིག་སླད་འདས་པའི་ལོ་ངོ་གསུམ་གྱི་ནང་ལ་དྭགས་ཁོ་ནའི་ནང་ཧིན་སྒོར་བྱེ་བ་ ༡༣༠༠ ལྷག་འགྲོ་གྲོན་གཏང་ཡོད་པ་དང་འདས་པའི་དུས་ཡུན་ནང་དམག་དཔུང་དང་འབྲེལ་བའི་མེ་སྐྱོགས་དང་མེ་ཤུགས་འཕུར་མདའ་སོགས་ཕྱིའི་རྒྱལ་ཁབ་ཨུ་རུ་སུ་དང་ཡུཀ་རེན་ནས་ནང་འདྲེན་གནང་ཡོད་པ་དེ་ལྟར་ཡང་། ད་ཆ་གོ་མཚོན་བྱུང་སའི་གནས་གཞན་ཞིག་འཚོལ་བཞིན་ཡོད་སྟབས། རྒྱ་གར་གྱི་བཟོ་གྲྭ་རྣམས་ཀྱིས་རྒྱ་གར་དཔུང་དམག་གི་དགོས་མཁོར་གཞིགས་ཏེ་ཆེད་བཟོ་གནང་ཐུབ་ཚེ་དེ་ནི་གོ་སྐབས་ཆེན་པོ་ཞིག་རེད་ཅེས་གསུངས་ཡོད་པར་མ་ཟད་རྒྱ་གར་གྱི་དམག་དཔུང་ལ་ད་བར་ཕྱིའི་རྒྱལ་ཁབ་བཞི་བཅུ་ནས་རིའི་སྒང་གི་དམག་འཐབ་དང་འཁྱགས་རུམ་ནང་གི་དམག་བྱུས། དྲག་སྤྱོད་རིང་ལུགས་དང་རྒོལ་ལན་སློག་སྟངས་སོགས་དམག་སྦྱོང་རིམ་པ་གནང་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༣ ནང་ཨ་ཕི་རི་ཀ་དང་རྒྱ་གར་གཉིས་མཉམ་སྦྲེལ་ཐོག་ནས་རྒྱ་གར་གྱི་པུ་ནི་ཁུལ་དུ་དམག་སྦྱོང་གནང་རྒྱུ་ཡིན་སྐོར་གསུངས་འདུགརེས་གཟའ་མིག་དམར་ཉིན་རྒྱ་གར་གྱི་བདེ་སྲུང་བློན་ཆེན་སྐུ་ཞབས་ Rajnath Singh ལགས་ཀྱིས་འཕགས་བོད་གཉིས་ཀྱི་ས་མཚམས་སུ་རྒྱ་ནག་དང་གདོང་ཐུག་རིམ་པ་བྱུང་བའི་ཉེར་ལེན་ལ་བརྟེན་ནས་རྒྱ་གར་གྱི་དམག་དཔུང་ཚོས་བཀོལ་སྤྱོད་བདེ་བ་དང་འོར་འདྲེན་སླ་བའི་ནུས་ཤུགས་དང་ལྡན་པའི་མེ་ཤུགས་འཕུར་མདའ་དགོས་མཁོར་གཟིགས་ནས་རྒྱ་གར་གྱི་ Indian research organization གྱིས་བཟོ་པའི་ཨ་རིའི་ FIM-92 ཞེས་པའི་མེ་ཤུགས་འཕུར་མདའ་དང་གཅིག་མཚུངས་ཡོད་པ་ཞིག་ཉོ་འཆར་ཡོད་པར་འགྲེལ་བརྗོད་གནང་ཡོད་པ་དང་ཆབས་ཅིག རྒྱ་གར་རང་གིས་བཟོས་པའི་ཐད་འཕུར་གནམ་གྲུའི་མེ་སྐྱོགས་དང་གོ་ཚོན་སྣ་ཚོགས་གསར་ཉོ་གནང་རྒྱུ་ཡིན་པའི་གསལ་བསྒྲགས་ཀྱང་གནང་ཡོད་པ་རེད། པར་ཁག་སྤྱི་ཚོགས་དྲ་རྒྱ་ལས་བཏུས།

རྒྱ་གར་བདེ་སྲུང་བློན་ཆེན་མཆོག་གིས་ས་མཚམས་དང་འབྲེལ་བའི་ལས་གཞི་ཁག་ ༢༨ དབུ་འབྱེད།

ཁ་སང་ཕྱི་ཚེས་ ༣ ཉིན་རྒྱ་གར་གྱི་བདེ་སྲུང་བློན་ཆེན་སྐུ་ཞབས་ Rajnath Singh མཆོག་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ Siang སི་ཡང་རྗོང་ནང་ཆེད་ཕེབས་ཀྱིས་རྒྱ་གར་ས་མཚམས་ཀྱི་འཐབ་བྱུས་ལ་གལ་འགངས་ཧ་ཅང་ཆེ་བའི་ Siyom སི་ཡོམ་ཟམ་ཆེན་དབུ་འབྱེད་དང་དེ་བཞིན་རྒྱ་གར་རྒྱལ་ཡོངས་ཀྱི་ས་མཚམས་ཁུལ་དུ་འཛུགས་སྐྲུན་གྱི་ལས་གཞི་ཁག་གཞན་ ༢༧ དྲ་ཐོག་བརྒྱུད་དབུ་འབྱེད་གནང་འདུགའཕགས་བོད་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་དམག་མི་དབར་གདོང་ཐུག་མི་ཉུང་བ་ཞིག་བྱུང་ཡོད་པར་བརྟེན། ཕྱོགས་གཉིས་ཀ་ནས་མཐའ་མཚམས་ཁུལ་དུ་དམག་དོན་སོགས་ཀྱི་འཛུགས་སྐྲུན་རྒྱ་སྐྱེད་ཧ་ཅང་བྱེད་བཞིན་ཡོད་པའི་ཁྲོད། ཁ་སང་རྒྱ་གར་བདེ་སྲུང་བློན་ཆེན་སྐུ་ཞབས་ Rajnath Singh མཆོག་གིས་ Siyom སི་ཡོམ་ཟམ་ཆེན་དབུ་འབྱེད་དང་། དེ་འབྲེལ་མཛད་སྒོའི་ཐོག་ཁོང་གིས་དེང་གི་དུས་སུ་རྒྱལ་ཁབ་སུ་འདྲ་ཞིག་ཡིན་རུང་རང་ཉིད་ཀྱི་ནུས་སྟོབས་གོང་སྤེལ་བྱ་རྒྱུ་དེ་དགོས་ངེས་ཅན་ཡིན་པ་འགྲེལ་བརྗོད་དང་འབྲེལ། རྒྱ་གར་གྱི་ངོས་ནས་རང་ཉིད་ཀྱི་མངོན་འདོད་དེ་དགོས་གལ་དང་པོར་བཟུང་བའི་ཐོག་ནས་རྒྱལ་ཁབ་ཀྱི་ནུས་སྟོབས་གོང་སྤེལ་གཏང་རྒྱུ་ཡིན་པ་མ་ཟད། རྒྱ་གར་ལ་རང་ཉིད་ཀྱི་ས་ཁྱོན་བདག་དབང་སྲུང་སྐྱོབ་ཆེད་གདོང་ལེན་བྱ་རྒྱུར་ནུས་པ་ཆ་ཚང་ལྡན་ཡོད་ཅེས་གསུངས་འདུགཁོང་གིས་རྒྱ་གར་གྱི་ངོས་ནས་ད་བར་རྒྱལ་ཁབ་གཞན་ལ་དམག་དོན་བརྒྱུད་སྐུལ་བྱེད་མྱོང་མེད་པ་མ་ཟད། རྒྱལ་ཁབ་གཞན་གྱི་ས་ཁྱོན་བདག་དབང་ལ་བཙན་འཕྲོག་ཀྱང་བྱེད་མྱོང་མེད་སྐོར་གསུངས་བ་དང་འབྲེལ། རྒྱལ་ཁབ་གཞན་གྱི་མིང་མ་སྨྲོས་པའི་ཐོག་རྒྱ་གར་གྱི་ཞི་བདེ་དང་འཚེ་བ་མེད་པའི་རིག་གཞུང་ལ་སྣང་ཆུང་གཏང་རྒྱུ་མེད་པ་དང་། གལ་ཏེ་དམག་མ་རྒྱག་ཐབས་མེད་བྱུང་ཚེ་ཕྱིར་ཤིག་མེད་པར་གདོང་ལེན་བྱ་རྒྱུ་ཡིན་སྐོར་གསུངས་འདུག འོན་ཀྱང་དཔྱད་ཞིབ་པ་འགའ་ཞིག་གིས་དེ་འབྲེལ་ཉེན་བརྡ་དེ་ནི་ཉེ་ཆར་ཨ་རུ་ནཱ་ཅལ་མངའ་སྡེའི་ཁུལ་དུ་རྒྱ་དཀར་ནག་གཉིས་དབར་གདོང་ཐུག་བྱུང་ཡོད་པར་རྒྱ་ནག་ལ་ཉེན་བརྡ་བཏང་བ་འགྲེལ་བརྗོད་གནང་གི་འདུགའཛུགས་སྐྲུན་གྱི་ལས་གཞི་དེ་དག་ Border Roads Organisation ཞེས་རྒྱ་གར་མཐའ་མཚམས་གཞུང་ལམ་ལྷན་ཚོགས་ཀྱིས་བཟོས་པ་ཞིག་ཡིན་པ་དང་། དེའི་ཁྲོད་ཟམ་ཆེན་ ༢༢ དང་གཞུང་ལམ་ ༣ དེ་བཞིན་ཡུལ་ལུང་ཡར་རྒྱས་ཀྱི་འཛུགས་སྐྲུན་གཞན་ཁག་ ༣ བཅས་དུས་ཡུན་ཐུང་ཐུང་ཞིག་གི་ནང་གནམ་གཤིས་དང་ས་ཆའི་གནས་བབ་སོགས་ཀྱི་དཀའ་ངལ་དེ་དག་ལ་གདོང་ལེན་གྱིས་མྱུར་ཚད་མཐོ་བའི་ཐོག་ནས་ལེགས་གྲུབ་ཟིན་པ་ཞིག་ཡིན་པ་མ་ཟད། རྒྱལ་ཁབ་བདེ་སྲུང་གི་འཐབ་བྱུས་ལ་ཧ་ཅང་གལ་འགངས་ཆེ་བའི་ཟམ་ཆེན་དེ་དག་བརྒྱུད་ས་མཚམས་ཁུལ་དུ་མྱུར་ཚད་མཐོ་བོའི་ཐོག་ནས་དམག་མི་འོར་འདྲེན་དང་གོ་མཚོན་སོགས་ཀྱི་མཐུན་རྐྱེན་སྦྱོར་སྤྲོད་མཚོན་པའི་ལུང་ཁུག་དེ་དག་གི་དཔལ་འབྱོར་ཡར་རྒྱས་འགྲོ་རྒྱུ་ཡིན་པ་སོགས་གསུངས་ཡོད་པ་དང་། ལས་གཞི་དེ་དག་ལ་འགྲོ་གྲོན་ཁྱོན་བྱེ་བ་ ༧༢༤ སོང་ཡོད་པ་རེད་འདུགགཞི་རྩའི་དེ་སྔོན་ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༩ ཉིན་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་གྱི་ཡང་རྩེ་ཞེས་པའི་འཕགས་བོད་གཉིས་ཀྱི་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་དམག་མི་དབར་གདོང་ཐུག་བྱུང་འཕྲལ་རྒྱ་གར་བདེ་སྲུང་བློན་ཆེན་སྐུ་ཞབས་ Rajnath Singh མཆོག་གིས་ཟླ་བ་དེའི་ཕྱི་ཚེས་ ༡༣ ཉིན་དེ་འབྲེལ་གནད་དོན་རྒྱ་གར་གྲོས་ཚོགས་འོག་མར་གླེང་སློང་གིས་སྐབས་དེར་རྒྱ་གར་གྱི་དམག་མིས་རྒྱ་དམག་ལ་ཕར་གདོང་ལེན་ནན་པོ་གནང་ཡོད་པ་སོགས་གསལ་བཤད་གནང་ཡོད་པ་དང་འབྲེལ། ཁ་སང་ཁོང་གིས་སླར་ཡང་རྒྱ་གར་གི་དམག་མི་རྣམས་ས་མཚམས་ཁུལ་དུ་གནས་སྟངས་གང་འདྲ་ཞིག་འཕྲད་ཀྱང་དེར་གདོང་ལེན་བྱ་རྒྱུའི་ནུས་པ་ཆ་ཚང་ལྡན་ཡོད་པ་གསུངས་འདུག

Latest news