Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག

ཁེ་ན་ཌའི་སྲིད་བློན་མཆོག་ནས་འཚམས་འདྲི་གནང་བའི་ཕྱག་བྲིས་རྫུན་བཟོ་བྱས་པ་ར་འཕྲོད།

ཉེ་ཆར་ Canadian Federation of Tibetan Association ཞེས་པའི་ཁེ་ན་ཌ་བོད་རིགས་ཚོགས་པ་ཡིན་ཚུལ་གྱིས་གོ་སྒྲིག་ཞུས་པའི་གསོལ་སྟོན་དེའི་ཐོག་སྲིད་བློན་ Justin Trudeau མཆོག་ནས་དགའ་བསུའི་འཚམས་འདྲི་གནང་ཡོད་ཚུལ་གྱི་ཕྱག་བྲིས་དེ་སྲིད་བློན་ལས་ཁུངས་ཀྱིས་བདེན་པ་མིན་སྐོར་གསུངས་འདུགཟླ་བ་འདིའི་ཚེས་ ༢༠ ཉིན་ཁེ་ན་ཌའི་གྲོང་ཁྱེར་ Toronto ནང་ཁུལ་དེའི་བོད་རིགས་པ་ཡིན་ཚུལ་གྱིས་ ཁུལ་དེའི་ཆབ་སྲིད་མི་སྣ་ཁག་གཅིག་མགྲོན་འབོད་ཞུས་ཏེ་གསལ་སྟོན་ཞིག་གོ་སྒྲིག་ཞུས་ཡོད་པ་དང་འབྲེལ། དེའི་སྐོར་རྒྱ་ཡིག་ནང་ཁ་ན་ཌའི་སྲིད་བློན་སྐུ་ཞབས་  Justin Trudeau མཆོག་དང་ཁེ་ན་ཌའི་ཕྱི་མི་གནས་སྤོ་ལྷན་ཁང་གི་བློན་ཆེན་ Ahmed Hussen རྣམ་གཉིས་ཀྱིས་དགའ་བསུའི་འཚམས་འདྲི་གནང་བའི་ཕྱག་བྲིས་ཤིག་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཁྱབ་གདལ་འགྲོ་བཞིན་ཡོད་པ་ལྟར། ཁ་སང་ཚེས་ ༢༣ ཉིན་ཁེ་ན་ཌའི་སྲིད་བློན་ལས་ཁུངས་ཀྱི་གསར་འགོད་དྲུང་ཆེ་ Amreet Kaur ལགས་ཀྱིས་སྲིད་བློན་མཆོག་ནས་གོང་ཞུས་ཚོགས་པ་དེའི་མིང་ཐོག་ཏུ་འཚམས་འཕྲིན་བསྩལ་ཡོད་སྐོར་བཤད་པ་དེ་དངོས་འབྲས་མིན་པར་གསལ་བཤད་གནང་བ་མ་ཟད། གནད་དོན་དེར་སྲིད་བློན་ལས་ཁུངས་ནས་རྟོག་ཞིབ་ནན་པོ་གནང་རྒྱུ་ཡིན་སྐོར་གསུངས་འདུགད་དུང་ཁ་སང་ཁེ་ན་ཌ་ནང་རྟེན་གཞི་བྱས་པའི་ Ontario དང་། Quebec དེ་བཞིན་ Alberta དང་ British Columbia སོགས་བོད་པའི་ཚོགས་ཁག་དྲུག་མཉམ་རུབ་ཐོག་ནས་གནད་དོན་དེའི་ཐད་བསྒྲགས་གཏམ་ཞིག་སྤེལ་བར་ཉེ་ཆར་ཁུལ་དེའི་ནང་ཁེ་ན་ཌ་བོད་རིགས་ཚོགས་པ་ཡིན་ཚུལ་གྱིས་ཚོགས་པ་གསར་འཛུགས་བྱས་པར་བོད་མི་ཚོས་ངོས་ལེན་རྩ་བ་ནས་མེད་པ་དང་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་སྐྱོན་བརྗོད་ཤུགས་ཆེ་གནང་འདུག ཚོགས་པ་དེས་སྲིད་བློན་མཆོག་ནས་རྒྱབ་སྐྱོར་ཡོད་ཚུལ་གྱི་ཕྱག་བྲིས་རྫུན་བཟོ་བརྒྱུད་ཁེ་ན་ཌའི་མང་ཚོགས་དང་ལྷག་དོན་གཞུང་གི་ལས་བྱེད་རྒན་གྲས་ཚོར་དབུ་སྐོར་གཏོང་ཐབས་བྱེད་བཞིན་ཡོད་པ་ཆེས་མངོན་གསལ་གནང་འདུགལྷག་པར་དུ་ཚེས་ ༢༠ ཉིན་གྱི་གསོལ་སྟོན་དེའི་བརྙན་པར་ཁག་སྤྱི་ཚོགས་དྲྭ་ལམ་དུ་ཁྱབ་སྤེལ་འགྲོ་བཞིན་པའི་ནང་ལ་ལས་རིམ་དེའི་ཐོག་ Toronto གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་སྐུ་ཞབས་ jimkarygiannis ལགས་ཀྱང་ལྷན་ཞུགས་གནང་ཡོད་པ་མངོན་རྒྱུ་འདུག་སྟབས། གསར་འགོད་པས་ཁེ་ན་ཌ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངེས་སྟོན་པ་ཟུར་པ་དབུ་རྒྱན་ལགས་སུ་དེ་འབྲེལ་བཀའ་འདྲི་ཞུས་པར་ཁོང་གིས་བོད་རིག་ཚོགས་པ་ཡིན་ཁུལ་བྱེད་མཁན་གྱི་གསོལ་སྟོན་གྱི་ལས་རིམ་དེ་དངོས་སུ་བྱུང་ཡོད་པ་དང། སྲིད་བློན་གྱི་ཕྱག་བྲིས་དེ་རྫུན་བཟོ་བྱས་པ་ཞིག་ཡིན་པར་ར་སྤྲོད་ཟིན་ཡོད་ཀྱང་། ཊོ་རོན་ཊོ་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་ Jim Karygiannis ལགས་ཕལ་ཆེར་དངོས་སུ་མཉམ་ཞུགས་གནང་ཡོད་སྐོར་གསུངས་པ་དང་སྦྲགས། ཁོང་ནི་རྣམ་ཀུན་ནས་རྒྱ་ནག་དང་ལྷན་དུ་འབྲེལ་བ་ཤུགས་ཆེན་པོ་ཡོད་མཁན་ཞིག་སྐོར་སོགས་གསུངས་སོང་།གནད་དོན་དེའི་ཐད་ Twitter དང་ངོ་དེབ་སོགས་ཀྱི་བརྒྱུད་ལམ་ཁག་ཏུ་ Canada Tibet Committee ཞེས་ཡུལ་དེའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང།  Tibetan Canadian Coalition ཞེས་བོད་དང་ཁེ་ན་ཌ་མཉམ་འབྲེལ་ཚོགས་པ་བཅས་བོད་དོན་རྒྱབ་སྐྱོར་དང་བོད་མིའི་ཚོགས་པ་དང་གང་ཟག་སྒེར་པ་ཁག་གཅིག་ནས་རྒྱ་གཞུང་ནས་རྒྱབ་སྐྱོར་ཐོག་གསར་འཛུགས་བྱས་པའི་ཚོགས་པ་དེས་ཁེ་ན་ཌ་སྲིད་བློན་མཆོག་གི་ཕྱག་བྲིས་རྫུན་བཟོ་བྱས་པར་སྐྱོན་བརྗོད་ཤུགས་ཆེ་གནང་བ་དང་འབྲེལ། དེ་དག་གི་དམིགས་ཡུལ་གང་ཡིན་སོགས་རྩད་ཞིབ་ནན་པོ་གནང་དགོས་གལ་ཡིན་པ་གསུངས་འདུག་པ་མ་ཟད། བོད་ཀྱི་ལོ་རྒྱུས་སྨྲ་བ་ཚེ་རིང་ཤཱཀྱ་ལགས་ཀྱིས་ཁེ་ན་ཌའི་ནང་དུ་དེང་སྐབས་བུ་འཁྲིད་དཀར་པོ་ཆེ་ལགས་དང་འཆི་མེད་ལྷོ་མོ་ལགས་སོགས་ཤུགས་རྐྱེན་དང་ནུས་སྟོབས་ལྡན་པའི་བོད་རིག་ཁག་གཅིག་འབུར་དུ་འཐོན་བཞིན་པར་རྒྱ་ནག་གཞུང་དངངས་སྐྲག་སྐྱེས་ནས་བྱ་སྤྱོད་དེ་ལྟར་སྤེལ་བཞིན་ཡོད་སྐོར་གསུངས་འདུགབོད་དོན་ལས་འགུལ་བསྟི་གནས་ཁང་གི་ངེས་སྟོན་པ་ལྷག་སྒྲོན་བཀྲས་མཐོང་ལགས་ཀྱིས་སྲིད་བློན་གྱི་ཕྱག་བྲིས་རྫུན་མ་སྤྱོད་མཁན་གྱི་ཚོགས་པ་ཞིག་གིས་ལས་རིམ་ཐོག་ Toronto གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་ Jim Karygiannis  ལགས་མཉམ་ཞུགས་གནང་བ་གསལ་བཤད་གནང་འཇུག་དགོས་པ་གསུངས་འདུག

བོད་ཉིང་ཁྲི་ས་ཁུལ་དུ་ཤུགས་ཚད་ ༦.༣ ཅན་གྱི་ས་འགུལ་བརྒྱབས་འདུག

རྒྱ་ནག་གི་ཞིན་ཧཱ་གསར་ཁང་གིས་གསར་འགྱུར་སྤེལ་བར་གཞིགས་ན་དེ་རིང་ཞོགས་པ་ཆུ་ཚོད་ ༤༌༡༥ སྟེང་དུ་བོད་ནང་གི་ཉིང་ཁྲི་ས་ཁུལ་དུ་ཤུགས་ཚད་ ༦.༣ ཅན་གྱི་ས་འགུལ་ཞིག་བརྒྱབས་འདུགས་འགུལ་ཀྱི་ཤུགས་ཚད་ཆུང་ངུ་ཞིག་རྒྱ་ནག་གིས་ཆ་བགོས་བྱས་ཡོད་པའི་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་དུ་ཡང་བསླེབས་ཡོད་པར་ཡོངས་བསྒྲགས་བྱས་ཡོད་པ་རེད། དེ་བཞིན་རྒྱ་གར་གྱི་ས་དཔྱད་རིག་པས་བོད་ནང་དུ་ས་འགུལ་བརྒྱབས་པར་བརྟེན་རྒྱ་གར་གྱི་བྱང་ཤར་མངའ་སྡེ་ཨཱ་སམ་དང་བལ་ཡུལ་བཅས་སུ་ཡང་ཤུགས་ཚད་ ༤.༨ ཅན་གྱི་ས་འགུལ་ཆུང་ངུ་ཞིག་བརྒྱབས་ཡོད་པ་བཀོད་འདུག་མོད། ད་ལྟའི་ཆར་ས་འགུལ་དེའི་ཁྲོད་དུ་མི་རྒྱུ་སོགས་ལ་གོད་ཆག་ཅི་བྱུང་གི་གནས་ཚུལ་གང་ཡང་འཁོད་མི་འདུག

རྒྱ་གཞུང་གིས་རེབ་གོང་ཧོར་རྒྱ་སྡེ་བའི་བོད་མི་དགུ་ལ་མི་ལོ་ ༣ ནས་ ༧ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ།

རྒྱ་ནག་གཞུང་གིས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལས་འགུལ་ཞེས་པའི་མིང་བྱང་འོག་རེབ་གོང་ཧོར་རྒྱ་སྡེ་བའི་དགེ་འདུན་བཟོད་པ་དང། ཆོས་བཟང་། བན་དེ་རྡོ་རྗེ། བཀྲིས་ཚེ་རིང། བསོད་ནམས་རྒྱལ། དར་རྒྱས། ཤ་བོ་ཚེ་རིང་། མཁའ་བྱམས་རྒྱལ། དེ་བཞིན་འབྲུག་འབུམ་ཚེ་རིང་བཅས་བོད་མི་ ༩ ལ་བཙན་སྐུལ་གྱིས་ཚོང་བརྗེ་བྱེད་དུ་བཅུག་པ་དང། ཧམ་འཕྲོག་གཡོ་ལེན་བྱས་པ། དེ་བཞིན་མི་མང་དཔུང་བསྡེབས་ཀྱིས་སྤྱི་ཚོགས་སྒྲིག་ལམ་ལ་གཏོར་བརླག་གནང་ཡོད་ཚུལ་སོགས་ཀྱི་ཉེས་འོག་མི་ལོ་ ༣ ནས་ ༧ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག ཁ་སང་ཕྱི་ཚེས་ ༡༩ ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བར་ཧོར་རྒྱ་སྡེ་བའི་ཁ་འགོ་བའི་ཚོགས་ཆུང་གི་བོད་མི་ ༩ པོ་དེ་དག་སྔར་ལོའི་ཕྱི་ཟླ་ ༧ པའི་ནང་བཀག་ཉར་གྱིས་ཕྱི་ཟླ་ ༨ ནང་དངོས་སུ་འཛིན་བཟུང་གིས་གྱོད་དོན་ཐོ་འགོད་བྱས་ནས་ཟླ་བ་བརྒྱད་ཙམ་གྱི་རྗེས་སུ་གཟའ་འཁོར་འདིའི་འགོ་ལྟོད་ཙམ་ལ་མདོ་སྨད་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་མི་དམངས་ཁྲིམས་ཁང་ནས་བོད་མི་དེ་དག་ལ་ལོ་ ༧ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ལ་ས་གནས་མང་ཚོགས་ནས་སྲིད་གཞུང་ལ་སྤྲད་པའི་ཡིག་ཆ་དང་བཅས་པའི་གནས་ཚུལ་ཁ་གསལ་ལག་སོན་བྱུང་བའི་ནང་དེ་སྔ་རེབ་གོང་ཧོར་རྒྱ་སྡེ་བའི་ས་གནས་སུ་སྲིད་གཞུང་གིས་མང་ཚོགས་ཀྱི་ས་ཆ་བཙན་འཕྲོག་བྱས་ནས་སོ་ཕག་བཟོ་གྲྭ་གསུམ་བཙུགས་ཡོད་པ་དང། ཕྱི་ལོ་ ༢༠༡༡ ལོར་ཁོར་ཡུག་སྲུང་སྐྱོབ་ཀྱི་མིང་ཐོག་ནས་བཟོ་གྲྭ་དེ་དག་སྒོ་བརྒྱབ་པ་དང་འབྲེལ། སྲིད་གཞུང་གིས་བཟོ་གྲྭའི་བདག་པོ་རྣམས་ལ་གུན་གསབ་འབོར་ཆེན་སྤྲད་ཡོད་ཀྱང། འདས་པའི་མི་ལོ་ ༧ རིང་ལ་ས་བདག་ས་གནས་མང་ཚོགས་རྣམས་ལ་ས་ཆ་ཕྱིར་སློག་མ་བྱེད་པའི་ཁར་ས་རིན་ཡང་སྤྲད་མེད་པ་རེད་འདུགདེའི་ཁྲོད་ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༢༡ ཉིན་ཧོར་རྒྱ་སྡེ་བའི་མི་མང་ ༥༠༠ ཙམ་གྱི་རྒྱབ་སྐྱོར་ཡོད་པའི་ཐོག་ཁ་འགོ་བ་ཞེས་པའི་ཚོགས་ཆུང་ཞིག་གསར་འཛུགས་ཀྱིས་ས་གནས་ཀྱི་ཤེས་འཇོན་གཉིས་ལྡན་གྱི་མི་སྣ་ ༢༤ བསྐོ་གཞག་དང་འབྲེལ་ཏེ་ཁ་འགོ་བའི་ཚོགས་མི་ ༢༤ ཡི་ས་ཡིག་འཁོད་པའི་ཞུ་ཡིག་ཞིག་ས་གནས་སྲིད་གཞུང་ལ་ཕུལ་འདུག ཞུ་ཡིག་དེའི་ནང་དེ་སྔོན་སྲིད་གཞུང་གིས་མང་ཚོགས་ཀྱི་ས་ཆ་བཙན་འཕྲོག་བྱེད་དེ་སོ་ཕག་བཟོ་གྲྭ་བཙུགས་ཡོད་ཀྱང་བཟོ་གྲྭ་སྒོ་བརྒྱབ་རྗེས་ས་ཆ་དེ་དག་ཕྱིར་མང་ཚོགས་ལ་སྤྲོད་དགོས་པའི་ཞུ་སྐུལ་གནང་དོན་ལྟར། སྐབས་དེར་ཧོར་རྒྱ་སྡེ་གཞུང་གིས་རྒྱབ་སྐྱོར་དང་ཁག་ཐེག་བྱས་ཡོད་པ་རེད་འདུག འོན་ཀྱང་སྲིད་གཞུང་གི་ངོས་ནས་བོད་མིའི་སྐུ་ཚབ་ཚོགས་ཆུང་གི་ཞུ་ཡིག་ལ་དང་ལེན་བྱེད་རྒྱུ་ལས་ལྡོག་སྟེ་ཞུ་གཏུག་གི་ལས་འགུལ་སྤེལ་བར་དྲག་གནོན་བྱས་པ་མ་ཟད། ཧོར་རྒྱ་སྡེ་བའི་འགོ་ཁྲིད་ཀྱི་སྟོབས་ཤུགས་མེད་པ་བཟོ་ཐབས་ཀྱི་ཉེས་འཛུགས་བྱས་འདུག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས་རྒྱ་གཞུང་གི་བརྒྱུད་ལམ་ཐོག་ཧོར་རྒྱ་སྡེ་བའི་བོད་མི་ ༩ པོ་དེ་དག་སྐོར་གནས་ཚུལ་སྤེལ་བ་དང་འབྲེལ། ཁ་འགོ་བ་ཞེས་པའི་ཚོགས་པ་དེ་ནག་ཚོགས་ཡིན་པ་དང། བོད་མི་དེ་དག་གིས་མི་མང་དཔུང་བསྡེབས་ཀྱི་སྤྱི་ཚོགས་སྒྲིག་ལམ་ལ་གཏོར་བརླག་གནང་རབས་སོགས་བཤད་ཡོད་ཀྱང་། རྒྱ་གཞུང་གིས་འཁྱོག་བཤད་བྱས་པ་ཁོ་ན་ཡིན་སྐོར་གསུངས་སོང་། ལྷག་པར་དུ་ཁོང་གིས་རྒྱ་གཞུང་གིས་ཕྱི་ལོ་ ༢༠༡༨ ཟླ་ ༡ པོ་ནས་མགོ་འཛུགས་ཀྱིས་ལོ་གསུམ་གྱི་རིང་ལ་སྤེལ་རྒྱུ་ཡིན་པའི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལས་འགུལ་ཞེས་པ་དེ་གཙོ་བོ་གནད་དོན་གསུམ་གྱི་ཐོག་ནས་བོད་མིར་དྲག་གནོན་དང་བོད་མིའི་ངོ་བོ་རྩ་བརླག་གཏོང་ཐབས་ཀྱི་ལག་ཆ་གཙོ་ཆེར་སྤྱོད་བཞིན་ཡོད་པ་དང་། རྒྱ་གཞུང་གིས་ཆེད་བཙུགས་བྱས་པའི་བདེ་མི་དབུ་ཡོན་ལྷན་ཁང་ཟེར་བ་དེའང་མིང་གི་ཐོག་ནས་མང་ཚོགས་ཀྱི་བདེ་དོན་སེལ་མཁན་ཡིན་ཟེར་བ་ཙམ་ལས་དོན་དངོས་ཐོག་གཞི་རིམ་མང་ཚོགས་ཁྲོད་དམར་ཤོག་ཚོགས་པའི་དབང་ཆ་ཤུགས་ཆེ་སྤེལ་བར་སྤྱོད་ཀྱི་ཡོད་པ་གསུངས་ཡོད། རྩ་བའི་རེབ་གོང་ཧོར་རྒྱ་སྡེ་བའི་ས་གནས་བོད་མིའི་རྒྱབ་སྐྱོར་ཐོག་ནས་ཕྱི་ལོ་ ༢༠༡༧ ལོར་གསར་འཛུགས་གནང་བའི་ཁ་འགོ་བ་ཚོགས་པ་དེས་ནམ་རྒྱུན་སྡེ་བའི་སྤྱི་དོན་གལ་ཆེན་རིགས་ལ་གྲོས་བསྡུར་ཐག་གཅོད་གནང་གི་ཡོད་པ་མ་ཟད། སྤྱི་ཚོགས་ཀྱི་འགན་ཁུར་བླངས་ནས་མང་ཚོགས་ལ་གྲོས་བསྡུར་དང་ཁ་ཏ་སྐུལ་ལྕག་གནང་སྲོལ་ཡོད་པ་རེད།

Leica ཞེས་པའི་པར་ཆས་བཟོ་ལས་ཁང་གི་དྭངས་ཤེལ་ཁྱབ་བརྡ་རྒྱ་ནག་ཏུ་བཀག་སྡོམ།

ཁ་སང་ BBC གཙོ་གྱུར་རྒྱལ་སྤྱིའི་གསར་ཁང་ཁག་གི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་ཉེ་ཆར་ཡོ་རོབ་ Germany པར་ཆས་བཟོ་ལས་ཁང་ Leica ཞེས་པས་བཟོ་སྐྲུན་ཞུས་པའི་པར་ཆས་ཀྱི་དྭངས་ཤེལ་གསར་པ་ཞིག་གི་ཁྱབ་བསྒྲགས་ནང་ལ་ཚོར་བ་རྣོ་བའི་རྒྱ་ནག་གི་པར་རིས་སྤྱོད་པ་དང་འབྲེལ་རྒྱ་རིགས་མང་ཚོགས་ནས་བརྡ་ཁྱབ་དེར་སྐྱོན་བརྗོད་དང་རྒྱ་ནག་ནང་དུ་བཀག་སྡོམ་བྱེད་བཞིན་ཡོད་པ་བཀོད་འདུགLeica པར་ཆས་བཟོ་ལས་ཁང་གི་དྭངས་ཤེལ་གསར་པའི་ཁྱབ་བསྒྲགས་ནང་དེ་སྔ་ཕྱི་ལོ་ ༡༩༨༩ ལོར་གནམ་སྡེ་སྒོར་མོ་ཆེའི་དོན་རྐྱེན་སྐབས་སུ་རྒྱ་ནག་གི་དྲག་པོའི་མེ་སྒྱོགས་མདུན་དུ་ངོ་རྒོལ་གནང་མཁན་ Tank Man ཞེས་པའི་པར་དང་། སྐབས་དེར་རྒྱ་ནག་གིས་ཕྱིའི་གསར་འགོད་པར་དམ་དྲག་བྱས་པའི་གནས་སྟངས་སོགས་ཆེད་བཏོན་གནང་ཡོད་སྟབས། ད་ལྟའི་ཆར་དྭགས་ཤེལ་གྱི་ཁྱབ་བསྒྲགས་དེ་རྒྱ་ནག་གི་སྤྱི་ཚོགས་དྲྭ་རྒྱ་ Weibo གཙོས་པའི་དྲྭ་ཐོག་གི་བརྒྱུད་ལམ་ཁག་ཏུ་བཀག་སྡོམ་བྱས་པ་དང་འབྲེལ་ཏེ་ Leica པར་ཆས་བཟོ་ལས་ཁང་གི་བརྡ་ཁྱབ་དེ་ནི་དྲྭ་རྒྱའི་སྒྲིག་སྲོལ་དང་མི་མཐུན་པའི་ཁྲིམས་འགལ་ཞིག་ཡིན་པར་བརྗོད་འདུགརྒྱ་རིགས་ཚོས་ Weibo དྲྭ་གནས་ཐོག་རྒྱ་ནག་མི་སེར་ཚོས་ Leica པར་ཆས་བཟོ་ལས་ཁང་གིས་པར་ཆས་དེ་སྤྱོད་རྒྱུ་མཚམས་འཇོག་བྱེད་དགོས་པ་དང་། Leica པར་ཆས་བཟོ་ལས་ཁང་དང་རྒྱ་ནག་གི་ལག་ཐོགས་ཁ་པར་བཟོ་ལས་ཁང་ Huawei དབར་གྱི་ཚོང་འབྲེལ་མཚམས་གཞོག་དགོས་ཞེས་མི་འདོད་པའི་རྣམ་པ་མཚོན་པའི་མཆན་འགྲེལ་ ༤༠༠༠ ལྷག་ཆེད་བཀོད་བྱས་འདུགརྒྱ་ནག་གིས་མི་འདོད་པའི་རྣམ་འགྱུར་བསྟན་པ་དེ་དག་དང་འབྲེལ་ Leica པར་ཆས་བཟོ་ལས་ཁང་གི་མགྲིན་ཚབ་པས་ཁྱབ་བསྒྲགས་གསར་པ་དེར་ Leica པར་ཆས་བཟོ་ལས་ཁང་གི་ཚོང་རྟགས་འཁོད་མེད་པར་འགྲེལ་བརྗོད་དང་འབྲེལ་ཁྱབ་བསྒྲགས་དེ་དང་ཚོང་ལས་ཁང་དབར་འབྲེལ་བ་མེད་སྐོར་གསུངས་འདུག འོན་ཏང་ད་རེས་ཀྱི་ཁྱབ་བསྒྲགས་གསར་པ་འདི་བཟོ་མཁན་ F/Nazca Saatchi & Saatchi ལགས་ཀྱིས་དེ་སྔ་ཡང་ Leica པར་ཆས་བཟོ་ལས་ཁང་གི་ངོས་ནས་བརྙན་ཐུང་ཁྱབ་བསྒྲགས་མང་པོ་བཟོ་མྱོང་ཡོད་པ་མ་ཟད། ཁོང་ནས་བཟོས་པའི་ཁྱབ་བསྒྲགས་མང་པོ་ཞིག་ལ་རྒྱལ་སྤྱིའི་ཁྲོད་ནས་ཆེ་བསྟོད་ཀྱི་གཟེངས་རྟགས་ཐོབ་མྱོང་ཡོད་པ་རེད།ད་རེས་ཁོང་གི་གནམ་སྡེ་སྒོར་མོ་ཆེའི་དོན་རྐྱེན་གཞི་རྩར་བཞག་པའི་ཐོག་ནས་སྐར་མ་ལྔ་ཅན་གྱི་ཁྱབ་བསྒྲགས་བརྙན་ཐུང་དེར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཐོག་ལ་ཕྱག་ལས་གནང་མཁན་དང་། ལྷག་པར་དུ་དེ་སྔ་རྒྱ་ནག་གི་གནམ་སྡེ་སྒོར་མོ་ཆེའི་ལས་འགུལ་སྣེ་ཁྲིད་གནང་མཁན་ཁོངས་སུ་ཡོད་པ་སྐུ་ཞབས་ Zhou Fengsuo ལགས་ཀྱིས་དྭངས་སེལ་གྱི་བརྡ་ཁྱབ་གསར་པ་འདིས་ལོ་ངོ་ ༣༠ གོང་གི་རྒྱ་རིགས་ལས་འགུལ་བའི་སྙིང་སྟོབས་མཚོན་པར་བྱས་ཡོད་ཅེས་དགའ་བསུ་ཞུས་པ་དང་ཆབས་ཅིག ཁྱབ་བརྡ་དེའི་རྐྱེན་པས་རྒྱ་ནག་གི་ Leica པར་ཆས་བཟོ་ལས་ཁང་ལ་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་གནོན་ཤུགས་རིགས་སྤྲད་རྒྱུ་ཡིན་སྟབས། རྒྱལ་སྤྱིའི་ཚོང་ལས་ཁང་རྣམས་ནས་ Leica པར་ཆས་བཟོ་ལས་ཁང་ལ་རྒྱབ་སྐྱོར་གནང་དགོས་གལ་ཡིན་པ་གསུངས་འདུག

བོད་མི་སྤྱི་ཚོགས་དཔྱད་བརྗོད་པ་བསོད་ནམས་ལྷུན་འགྲུབ་ལགས་འཛིན་བཟུང་བྱས་འདུག

ཉེ་སྔོན་ནས་ཕ་ཡུལ་ཆབ་མདོ་ནས་ཡིན་པའི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་པོའི་སློབ་མ་བསོད་ནམས་ལྷུན་འགྲུབ་ལགས་ཀྱིས་བོད་རིགས་སློབ་མ་དག་སློབ་མཐར་སོན་ཡང་བོད་ཁུལ་ནས་ལས་ཀ་རག་གི་མེད་པའི་རྩོམ་ཡིག་ཅིག་སྤེལ་རྐྱེན་རྒྱ་ནག་སྲིད་གཞུང་གིས་ཁོང་འཕྲལ་དུ་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཞིག་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཁྱབ་བརྡལ་བྱུང་ཡོད་པ་ལྟར། རླུང་འཕྲིན་ཁང་གིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་པདྨ་རྒྱལ་ལགས་སུ་དེ་འབྲེལ་བཅར་འདྲི་ཞུས་པར་ཁོང་གིས་བསོད་ནམས་ལྷུན་འགྲུབ་ལགས་ནི་ནུབ་བྱང་མི་རིགས་སློབ་ཆེན་གྱི་སེམས་ཁམས་རིག་པའི་ཐོག་ལ་སློབ་སྦྱོང་གནང་བཞིན་པའི་སློབ་མ་ཞིག་ཡིན་པ་དང་། ཁོང་གི་དངོས་ཡོད་གནས་ཚུལ་གྱི་བོད་རིགས་སློབ་མའི་བྱ་བའི་ལས་བགོས་དང་འབྲེལ་ནས་རྩོམ་ཡིག་ཅིག་བྲིས་པར་བརྟེན་སྲིད་གཞུང་གིས་འཛིན་བཟུང་བྱས་ཡོད་པར་ངོ་སྤྲོད་གནང་སོང་།ཁོང་གིས་བོད་རིགས་སློབ་མ་རྣམས་ལ་སྲིད་གཞུང་གིས་བྱ་བ་བགོ་ཡི་མེད་པའི་རྒྱབ་ལྗོངས་ནི་ཕྱི་ལོ་ ༢༠༡༡ ནས་བཟུང་གཏན་འབེབབ་དང་ལག་བསྟར་བྱེད་བཞིན་པའི་ནུབ་རྒྱུད་འཆར་གཞིའི་རྣམ་གྲགས་ཟེར་བར་ཐུག་ཡོད་པ་དང་། སྲིད་བྱུས་དེ་བརྒྱུད་ནས་རྒྱ་རིགས་སློབ་མ་མང་པོ་བོད་ཁུལ་དུ་ཉམས་གསོག་ལ་བཏང་ནས་བོད་ཁུལ་དུ་སོ་ཉུལ་གྱི་ལས་ཀ་བྱེད་བཞིན་པ་དང་མཉམ་དུ་བོད་རིགས་གཞོན་སྐྱེས་མང་པོ་དམར་ཤོག་གཞུང་གི་ནང་དུ་འཛུལ་ཞུགས་བྱེད་རྒྱུའི་དྲིལ་བསྒྲགས་བྱེད་རྒྱུ་དེ་ཡིན་སྟབས་བོད་རིགས་སློབ་མ་ཚོ་རང་གི་ས་གནས་སུ་ལས་བགོ་བྱེད་ཀྱི་མེད་པར་འགྲེལ་བརྗོད་གནང་ཡོད། རྒྱ་ནག་གི་བོད་ཁུལ་ལ་འཚོ་བ་དང་འཛུགས་སྐྲུན་ཡར་རྒྱས་བཏང་ཡོད་པའི་དྲིལ་བསྒྲགས་མང་པོ་བྱེད་བཞིན་ཡོད་ཀྱང་དོན་དངོས་ཐོག་ལ་བོད་ཀྱི་སྐད་ཡིག་བཀོད་སྤྱོད་ཀྱི་ཁྲོམ་ར་གཅིག་ཀྱང་མེད་སྟབས་སྤྱི་ཡོངས་ཀྱི་བོད་རིགས་སློབ་མ་རྣམས་ལ་རང་གི་ས་གནས་སུ་ལས་ཀ་རག་ཐབས་མེད་པའི་གནས་སྟངས་ཆགས་ཡོད་པ་རེད།

ཆབ་མདོ་ནང་རྒྱ་གཞུང་གིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་ཤུགས་ཆེ་སྤེལ་བ།

བོད་ཆབ་མདོ་ནང་རྒྱ་ནག་གཞུང་གིས་མེས་རྒྱལ་ལ་དགའ་ཞེན་དགོས་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་ཞིག་སྤེལ་བཞིན་འདུག དབྱིན་ཡུལ་རྒྱལ་ས་ལོན་ཊོན་དུ་རྟེན་གཞི་བྱས་པའི་ Free Tibet འམ་བོད་རང་དབང་ཞེས་པའི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གྱིས་ཟླ་བ་སྔོན་མའི་ནང་རྒྱ་གཞུང་གིས་ཆབ་མདོ་ཁུལ་དུ་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་དགའ་ཞེན་དགོས་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ཟེར་བའི་ལས་འགུལ་ཤུགས་ཆེ་སྤེལ་བཞིན་ཡོད་པ་དང་། ལས་འགུལ་དེ་ལས་ཁུངས་དང་སློབ་གྲྭ དེ་བཞིན་ཚོགས་པ་ཁག་དང་ཁྱིམ་ཚང་བཅས་ཀྱི་ནང་སྤེལ་རྒྱུའི་དམིགས་ཚད་འཛིན་བཞིན་པ་རེད་འདུགརྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གྱིས་རྒྱ་གཞུང་གིས་འདས་ལོའི་ནང་ཆབ་མདོ་ཁུལ་གྱི་བོད་པའི་ཤེས་ཡོན་བསྟི་གནས་ཁག་ཁྱོན་ ༢༦༠༠༠ ལྷག་ནང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་སྤེལ་འདུག་པ་དང་དེའི་ཁོངས་ནས་དམར་ཤོག་ཚོགས་པའི་རུ་ཁག་གི་སློབ་གསོའི་ལས་རིམ་ཁྱོན་ ༢༥༠༠༠ ཙམ་ཚོགས་འདུག་པ་མ་ཟད། སློབ་གསོའི་ལས་འགུལ་དང་འབྲེལ་བའི་གཟའ་མཇུག་གཏམ་བཤད་ཁྱོན་ ༦༧༠༠ ལྷག་བྱས་ཡོད་པ་རེད།ལྷག་དོན་རྒྱ་གཞུང་གིས་ད་བར་རྒྱ་ནག་གི་རྨི་ལམ་ཞེས་ཞི་ཅིན་ཕིང་སྲིད་འཛིན་གྱི་ལས་འཁུར་དུས་ཡུན་དང་འབྲེལ་བའི་ལས་འཆར་དྲིལ་བསྒྲགས་ཀྱིས་སློབ་ཐུན་ཁྱོན་ ༣༡༠༠ ཙམ་ཚོགས་ཡོད་པ་མ་ཟད། བོད་ནང་སྔར་ལས་ལྷག་པའི་དམ་དྲག་དང་བོད་མིའི་ཐོག་རྒྱལ་གཅེས་རིང་ལུགས་ཀྱི་ཆབ་སྲིད་སློབ་གསོའི་ཚོགས་འདུ་ཡང་ཡང་ཚོགས་ཐོག་མང་ཚོགས་ལ་སུན་གཙེར་ཚད་མེད་བཟོ་བཞིན་ཡོད་པ་དང་། ཕྱི་ལོ་ཕྱི་ལོ་ ༢༠༡༧ དང་ ༡༨ ནང་ལྷ་སའི་སྟོད་ལུང་བདེན་ཆེན་རྫོང་དང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་སྣང་ཆེན་བཞི་དང་དགའ་ཞེན་བཞི་ཟེར་བ་སོགས་ཀྱི་དོན་ཚན་ཁག་གཅིག་གི་ཐོག་མང་ཚོགས་ཁྲོད་རྒྱ་ནག་དམར་ཤོག་ཚོགས་པར་དགའ་ཞེན་བྱེད་དགོས་པ་དང་། དམར་ཤོག་ཚོགས་པའི་གཞུང་འཛིན་ལ་རྒྱབ་སྐྱོར་བྱེད་དགོས་པའི་སློབ་གསོའི་བྱེད་སྒོ་སྤེལ་ཡོད་པ་རེད། རྩ་བའི་རྒྱ་ནག་གཞུང་གིས་ད་བར་ཆབ་མདོ་གཙོ་བོར་གྱུར་པའི་བོད་ས་ཡོངས་སུ་ཆབ་སྲིད་དང་ཁྲིམས་ལུགས་བཅས་ཀྱི་སློབ་གསོའི་ལས་འགུལ་སྣ་མང་བཙན་དབང་གིས་སྤེལ་བཞིན་པ་དེ་ནི་གཙོ་བོ་རྒྱ་ནག་གུང་ཁྲན་ཏང་གིས་བོད་བརྒྱུད་ནང་བསྟན་དང་སློབ་གྲྭ་ཁག་ཏུ་སྔར་ལྷག་དབང་སྒྱུར་བྱེད་ཐབས་ཤིག་ཡིན་པ་མ་ཟད། བོད་མི་མང་ཚོགས་ཁྲོད་རྒྱ་གཞུང་ལ་ཡོད་པའི་འཁོན་འཛིན་གྱི་བློ་དེ་ཇེ་ཆུང་དུ་གཏོང་རྒྱུར་དམིགས་པ་ཞིག་ཡིན་པ་རེད།  

ཡོ་རོབ་གྲོས་ཚོགས་སུ་རྒྱ་ནག་གི་ཁྲིམས་ལུགས་དེ་དག་གཙོ་བོ་བོད་པ་དང་ནང་པ་ཚོར་སྡུག་སྦྱོང་གཏོང་ཕྱིར་བཟོས་པ་རེད་ཅེས་གྲོས་ཆོད་བཞག་པ།  

ཡོ་རོབ་རྒྱལ་ཁབ་ཕ་རན་སིའི་གྲོང་ཁྱེར་ Strasbourg ནང་རྟེན་གཞི་བྱས་པའི་ཡོ་རོབ་གྲོས་ཚོགས་སུ་གྲོས་ཚོགས་ཀྱི་ལས་དོན་ཁག་གཅིག་འགྲོ་བཞིན་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༡༨ ཉིན་གྲོས་ཚོགས་འཐུས་མི་རྣམས་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྤྱི་དང་། ལྷག་པར་རྒྱ་ནག་གཞུང་གིས་བོད་གཙོ་བོར་གྱུར་པའི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ཏུ་དྲག་པོའི་སྲིད་བྱུས་ལག་བསྟར་བརྒྱུད་མང་ཚོགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་བརྩི་མེད་རྡོག་རོལ་གཏོང་བཞིན་པར་གྲོས་བསྡུར་ལྷུག་པོ་གནང་སྟེ་རྒྱ་ནག་གྱི་བྱ་སྤྱོད་དེ་དག་ལ་གདོང་ལེན་གནང་ཕྱོག་སོགས་དང་འབྲེལ་གྲོས་ཆོས་དོན་ཚན་ ༢༢ བཞག་འདུག གྲོས་ཆོད་དེ་དག་ཀྱང་སྐབས་དེར་བཅར་བའི་ངོ་ཡོད་འཐུས་མི་ ༥༧༠ ནས་ ༥༠༥ ཡིས་རྒྱབ་སྐྱོར་གནང་ཐོག་གཏན་འབེབས་གནང་བ་ཞིག་ཡིན་པ་དང་། དེའི་ནང་ཡོ་རོབ་མཐུན་ཚོགས་ནས་རྒྱ་ནག་གཞུང་གིས་བོད་དང་ཡིུ་གུར། Kazakhs དེ་བཞིན་ཡི་ཤུའི་ཆོས་དད་པ་སོགས་གྲངས་ཉུང་མི་རིགས་ཐོག་དམ་དྲག་ཚོད་འཛིན་བྱེད་བཞིན་པར་སེམས་འཚབ་དང་སྦྲགས། རྒྱ་ནག་གཞུང་ནས་རང་ཉིད་ཀྱི་རྩ་ཁྲིམས་དོན་ཚན་ ༣༦ ནང་མི་སེར་ཚོར་ཆོས་དད་དང་རང་ཉིད་ཀྱི་ངོ་བོ་སྲུང་སྐྱོབ་གནང་རྒྱུའི་ཐོབ་ཐང་དང་རང་དབང་ཡོད་ཅེས་འཁོད་པ་དེར་བརྩི་སྲུང་བྱས་ནས་གྲངས་ཉུང་མི་རིགས་ཚོར་རང་གི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་། སྐད་ཡིག་རྒྱུན་སྤྱོད་གནང་རྒྱུ་གཙོས་པའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་སྤྲོད་དགོས་པ་གསུངས་འདུག ལྷག་པར་དུ་ཡོ་རོབ་གྲོས་ཚོགས་ཀྱི་གྲོས་ཆོས་དེའི་ནང་ཕྱི་ལོ་ ༢༠༠༨ རྗེས་སུ་རྒྱ་ནག་གིས་བོད་ནང་དམ་དྲག་ཤུགས་ཆེ་རུ་བཏང་བ་མ་ཟད། འདས་པའི་ལོ་དུས་ནང་རྒྱ་གཞུང་ནས་རང་ཉིད་ཀྱི་འདོད་མོས་ལྟར་བཟོས་པའི་ཁྲིམས་ལུགས་གསར་པ་དེ་དག་བེད་སྤྱོད་བརྒྱུད་བོད་པའི་གཞི་རིམ་མང་ཚོགས་དང་། གྲྭ་བཙུན་རྣམས་ལ་ནང་ཆོས་གཙོས་པའི་རིག་གནས་ཐོག་སློབ་གཉེར་གནང་སྐབས་ཁ་བྲལ་བར་ངོས་འཛིན་གྱིས་ནག་ཉེས་འོག་འཛིན་བཟུང་བྱེད་མུས་ཡིན་པར་འགྲེལ་བརྗོད་གནང་པ་མ་ཟད། རྒྱ་ནག་གི་ཁྲིམས་ལུགས་དེ་དག་གཙོ་བོ་བོད་པ་དང་ནང་པ་ཚོར་སྡུག་སྦྱོང་གཏོང་ཕྱིར་བཟོས་པ་ཞིག་རེད་འདུག་ཅེས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ནན་པོ་གནང་ཡོད། ཡོ་རོབ་གྲོས་ཚོགས་ནས་རྒྱ་གཞུང་གིས་བོད་དང་ཤིན་ཅང་ཁུལ་དུ་ཆབ་སྲིད་སློབ་གསོ་སྤེལ་བ་དང་། མང་ཚོགས་ཀྱི་ཆོས་ཕྱོགས་ལས་དོན་ལ་ཐེས་བྱུས་བྱས་པ། བོད་ནང་གི་འབྲོག་པ་རྣམས་འདོད་པ་མེད་བཞིན་དུ་གཞིས་སྤོས་བྱས་པ་སོགས་ཀྱི་ལས་དོན་རྣམས་འཕྲལ་མར་མཚམས་འཇོག་དགོས་པ་མ་ཟད། ད་ལྟ་རྒྱ་གཞུང་གི་བཙོན་འཇུག་འོག་ཡོད་པའི་བོད་མིའི་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་དང་། ཞི་རྒོལ་བ་གྲྭ་བློ་བཟང་དར་རྒྱས་ལགས་ཀྱིས་གཙོས་པའི་བོད་མིའི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པ་གསུངས་འདུག ཐེངས་འདིའི་གྲོས་ཆོས་གཏན་འབེབས་ཁྲོད་ཡོ་རོབ་གྲོས་ཚོགས་ཀྱི་ངོས་ནས་རྒྱ་ནག་གཞུང་གིས་ཡོ་རོབ་གྲོས་ཚོགས་ཀྱི་སྐུ་ཚབ་དང་རྒྱལ་སྤྱིའི་གསར་འགོད་པ། རྒྱལ་སྤྱིའི་མི་སེར་རྣམས་རང་དབང་གི་ཐོག་ནས་བོད་ནང་འགྲོ་སྐྱོད་བྱ་རྒྱུའི་ཐོབ་ཐང་སྤྲོད་དགོས་པར་ནན་སྐུལ་གནང་འདུག ཡོ་རོབ་གྲོས་ཚོགས་འཐུས་མི་དང་ཡོ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Thomas Mann ལགས་ཀྱིས་གྲོས་ཚོགས་རྗེས་མའི་སྐབས་སུ་ཡང་ཡོ་རོབ་གྲོས་ཚོགས་ནང་བོད་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་ཡོང་བར་རེ་བ་ཡོད་ཅེས་གསུངས་འདུག་པ་དང་ཆབས་ཅིག་ཏུ་ཡོ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་ལྕམ་ Nathalie Griesbeck  ལགས་ནས་ཀྱང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་གླེང་སློང་གནང་དང་མི་གནང་གི་གདམ་ཀ་གནང་རྒྱུ་ཞིག་མིན་པར་ཡོ་རོབ་རྒྱལ་ཁབ་ཀྱི་འཐུས་མི་ཚོའི་དོར་ཐབས་མེད་པའི་འོས་འགན་ཞིག་རེད་ཅེས་གསུངས་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡོ་རོབ་མཐུན་ཚོགས་ཀྱི་ངེས་སྟོན་པ་སྐུ་ཞབས་ Vincent Metten ལགས་ནས་ཡོ་རོབ་གྲོས་ཚོགས་ཀྱི་གྲོས་ཆོད་འདིས་རྒྱ་ནག་གཞུང་གིས་བོད་གཙོས་པའི་གྲངས་ཉུང་མི་རིགས་ཀྱི་ས་གནས་ཁག་ཏུ་ལག་བསྟར་བྱེད་བཞིན་པའི་བྱ་སྤྱོད་དེ་དག་ཁྲིམས་མཐུན་མིན་པར་མངོན་གསལ་གནང་ཡོད་པ་མ་ཟད། ཡོ་རོབ་མང་ཚོགས་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་གལ་འགངས་ཆེན་པོར་བརྩི་བཞིན་པའི་རྣམ་པ་ཤུགས་ཆེར་བསྟན་ཐུབ་ཡོད་ཅེས་གྲོས་ཆོད་དེར་དགའ་བསུ་གནང་འདུག

རྒྱ་ནག་ནང་ཚད་མཐོའི་འཕྲུལ་ཆས་སྤྱོད་ཐོག་གསར་འགོད་པར་དམ་དྲག་སྔར་ལྷག་བྱེད་བཞིན་པ་ཐེར་འདོན།

རྒྱལ་མཚམས་མེད་པའི་གསར་འགོད་པའི་ཚོགས་པས་འཛམ་གླིང་ཁྲོད་གསར་འགོད་རང་དབང་གི་གནས་སྟངས་དང་འབྲེལ་བའི་འདི་ལོའི་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་དེང་སྐབས་རྒྱ་ནག་ཏུ་སྲིད་འཛིན་ཞི་ཅིན་ཕིང་གིས་སྣེ་ཁྲིད་འོག དེང་དུས་ཀྱི་ཚད་མཐོའི་འཕྲུལ་ཆས་སྤྱོད་པའི་ཐོག་ནས་གསར་འགྱུར་དང་གསར་འགོད་པར་དམ་དྲག་ནན་པོ་བྱས་པ་མ་ཟད། མང་ཚོགས་ཐོག་ལྟ་སྲུང་སོགས་སྔར་ལྷག་བྱས་ནས་རྒྱལ་སྤྱིའི་ཁྱོན་ལ་རྒྱ་ནག་གི་ཤུགས་རྐྱེན་ཡོད་པའི་བརྒྱུད་ལམ་གྱི་འགྲོ་ལུགས་སྤེལ་ཐབས་བྱེད་བཞིན་ཡོད་པ་མངོན་གསལ་གནང་འདུག ཉེ་ཆར་ Reporters Without Borders ཞེས་རྒྱལ་མཚམས་མེད་པའི་གསར་འགོད་པའི་ཚོགས་པས་འཛམ་གླིང་ཁྲོད་གསར་འགོད་རང་དབང་གི་གནས་སྟངས་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་བའི་ནང་འཛམ་གླིང་རྒྱལ་ཁབ་ ༡༨༠ ནང་གི་གསར་འགོད་རང་དབང་གི་གནས་སྟངས་ལ་རྟོག་ཞིབ་གནང་བ་ལས་སྤྱིར་འཛམ་གླིང་སྤྱི་ཡོངས་ནང་གསར་འགོད་པར་དོགས་ཟོན་གྱི་གནས་སྟངས་ཁྲོད་གསར་འགོད་པའི་ཐོག་ལ་འཚེ་བ་བྱེད་བཞིན་པའི་གནད་དོན་འབྱུང་བཞིན་པའི་འཇིགས་སྣང་གི་གནས་སྟངས་ཆགས་ཡོད་པ་དང། གསར་འགོད་པ་རྣམས་འཇིགས་སྣང་མེད་པའི་ཐོག་ནས་རང་དབང་ངང་ཕྱག་ལས་གནང་ཐུབ་ཡུལ་རྒྱལ་ཁབ་ཀྱི་གྲངས་ཐོ་ལོ་ལོ་རེ་བཞིན་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་མ་ཟད། དེ་བཞིན་དབང་ཆ་གཅིག་སྡུད་རིང་ལུགས་ཀྱི་གཞུང་འཛིན་རྣམས་ནས་གསར་འགོད་ལས་རིགས་ཐོག་དམ་དྲག་དང་ལྟ་སྲུང་སྔར་བཞིན་མུ་མཐུད་བྱེད་བཞིན་ཡོད་པ་མངོན་གསལ་གནང་འདུག སྙན་ཐོ་དེར་གཞིགས་ན་སྤྱིར་འཛམ་གླིང་རྒྱལ་ཁབ་ ༡༨༠ ཁོངས་ནས་ Norway དང་ Finland དེ་བཞིན་ Sweden དང་ Netherlands སོགས་ལ་གསར་འགོད་རང་དབང་གི་གནས་སྟངས་ཡག་པོ་ཡོད་པའི་རྒྱལ་ཁབ་བརྒྱ་ཆ་ ༨ ལས་མེད་པ་དང་རྒྱལ་ཁབ་བརྒྱ་ཆ་ ༡༦ ནང་དུ་གནས་སྟངས་འདོད་བློ་ཚིམ་ཙམ་ཡོད་པ། རྒྱལ་ཁབ་བརྒྱ་ཆ་ ༣༧ ནང་དུ་གནས་སྟངས་ཕྲན་བུ་དཀའ་ངལ་ཡོད་པ། དེ་བཞིན་རྒྱལ་ཁབ་བརྒྱ་ཆ་ ༢༩ ནང་དུ་གནས་སྟངས་དཀའ་ངལ་ཡོད་པ་མ་ཟད་ལྷག་དོན་རྒྱ་ནག་དང་བྱང་ཀོ་རི་ཡ། དེ་བཞིན་ Turkmenistan དང་ Etirea སོགས་རྒྱལ་ཁབ་བརྒྱ་ ༡༡ ནང་དུ་གསར་འགོད་རང་དབང་གི་གནས་སྟངས་ཆེས་ཞན་པོ་ཡོད་པ་ཐེར་འདོན་གནང་འདུག དེའི་ཁྲོད་རྒྱ་ནག་ནང་དེང་དུས་འཕྲུལ་ཆས་བེད་སྤྱོད་ཤུགས་ཆེ་བཏང་ནས་སྲིད་འཛིན་ཞི་ཅིན་ཕིང་གིས་གནས་ཚུལ་དང་གསར་འགོད་པར་དམ་དྲག་དང་མི་སེར་རྣམས་ལ་ལྟ་སྲུང་ནན་པོ་ཡོད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཞིག་བསྐྲུན་ཡོད་པ་མ་ཟད། ཁོ་པས་ New World Media Order ཞེས་འཛམ་གླིང་ཁྲོད་རྒྱ་ནག་གི་ཤུགས་རྐྱེན་ལྡན་པའི་དམ་དྲག་གི་ལམ་ལུགས་དེ་དར་སྤེལ་བྱེད་བཞིན་ཡོད་པ་ཆེས་མངོན་གསལ་གནང་ཡོད། རྒྱ་ནག་ནང་གི་གཞུང་སྒེར་བརྒྱུད་ལམ་ཆ་ཚང་རྒྱ་ནག་དམར་ཤོག་ཚོགས་པས་བཏང་འཛིན་ནན་པོ་བྱས་ནས་བཞག་ཡོད་པ་དང། རྒྱ་ནག་ནང་ཕྱག་ལས་གནང་བཞིན་པའི་ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་ལ་འགོག་རྐྱེན་སྔར་ལྷག་བཟོ་བཞིན་པའི་ཁྲོད་ད་ལྟའི་ཆར་གསར་འགོད་པ་ ༦༠ ལྷག་བཀག་ཉར་འོག་ཏུ་སྲོག་ཉེན་འཕྲད་མུས་ཡིན་པ་རེད། ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ Liu Xiaobo ལགས་དང་དེ་བཞིན་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་རྩོམ་པ་པོ་ Yang Tongyan ལགས་གཉིས་ཕྱི་ལོ་ ༢༠༡༧ ལོར་བཙོན་ཁང་དུ་སྨན་བཅོས་ལྟ་སྐྱོང་མེད་སྟབས་འབྲས་ནད་ཀྱི་རྐྱེན་པས་འདས་གྲོངས་སུ་གྱུར་ཡོད་པ་སོགས་ཆེས་ཛ་དྲག་གི་གནས་སྟངས་ཡོད་པ་ཐེར་འདོན་གནང་ཡོད། རྒྱལ་མཚམས་མེད་པའི་གསར་འགོད་པའི་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ Christophe Deloire ལགས་ཀྱིས་ཆབ་སྲིད་ཀྱི་རྩོད་རྙོག་ཁྲོད་གསར་འགོད་པ་རྣམས་ཁག་དཀྲི་བྱ་ཡུལ་དུ་སྤྱོད་ཀྱི་ཡོད་ན་མང་ཚོགས་རྣམས་ཉེན་ཁར་ལྷུང་ཡོད་སྐོར་གསུངས་པ་དང་འབྲེལ། རང་དབང་གི་རིན་ཐང་ཤེས་མཁན་གྱི་མི་སྣ་རྣམས་ནས་དངངས་སྐྲག་དང་འཇིགས་སྐུལ་གྱི་འགྲོ་ལུགས་དེ་མཚམས་འཇོག་བྱེད་དགོས་པའི་གནད་དོན་ཞིག་ལ་ངོས་འཛིན་གནང་དགོས་གནད་ཡིན་པ་གསུངས་འདུག

༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དགུང་གྲངས་ ༣༠ ལ་ཕེབས་པ་དང་བསྟུན་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་རྒྱུ།

དེ་རིང་སྔ་ཐོག་ཚོུད་ ༡༠༌༣༠ ཐོག་དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ལས་ཁུངས་མདུན་དུ་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་དང་ཚོགས་གཞོན་སྐལ་བཟང་གཡུ་སྒྲོན་ལགས་རྣམགཉིས་གཙོ་བཞུགས་ཐོག་ནས་གསར་འགོད་ལྷན་ཚོགས་ཤིག་གནང་སོང་། དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱིས་རིང་མིན་ཟླ་ ༤ ཚེས་ ༢༥ ཉིན་༸ཀུན་གཟིགས་པཎ་ཆེན་༸སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༠ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ཉིན་མོ་དང་སྟབས་བསྟུན། རྒྱ་གར་གཞུང་དང་བོད་དོན་རྒྱབ་སྐྱོར་ཚོགས་ཁག་ནས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གང་དུ་བཞུགས་ཡོད་མེད་སོགས་ཀྱི་གནས་ཚུལ་གསལ་སྟོན་གནང་རྒྱུ་དང་འདི་བཞིན་རྒྱ་གར་གཞུང་ནས་རིན་པོ་ཆེ་མཆོག་མགྱོགས་མྱུར་གློད་བཀྲོལ་ཡོང་ཕྱིར་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་གནང་ཡོང་བའི་དགོས་འདུན་གཉིས་ཆེད་བཏོན་གནང་བའི་ཐོག་ནས་རྒྱ་གར་གྱི་ས་གནས་ལྔའི་ནང་གཞི་རྒྱ་ཆེ་བའི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་དབུ་འཛུགས་གནང་རྒྱུའི་ཡོངས་བསྒྲགས་གནང་ཡོད།སྐབས་དེར་དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱིས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཐོག་མཉམ་ཞུགས་གནང་མཁན་ཡོངས་ལ་རིན་པོ་ཆེ་མཆོག་ལྟ་བུར་མཚོན་ན་ད་བར་རྒྱའི་འཛིན་བཟུང་བཀར་ཉར་འོག་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ ༢༤ ཧྲིལ་པོ་ཕྱིན་ཡོད་པ་མ་ཟད། ད་ལྟའི་ཆ་ལའང་རྒྱ་གཞུང་གིས་ཆེས་དྲག་དམ་བཀག་ཉར་འོག་མི་སྤྱོད་ལས་འདས་པའི་དཀའ་སྡུག་ཚད་མེད་མྱངས་དང་མྱོང་མུས་ཡིན་སྟབས། ཚང་མས་རིན་པོ་ཆེ་མཆོག་གི་དཀའ་སྡུག་ཡིད་ལ་དྲན་པའི་ཐོག་ནས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ནང་མཉམ་ཞུགས་གང་མང་གནང་བའི་སེམས་ཤུགས་འཕར་མ་ཞིག་བསྐྱེད་དགོས་པའི་ཞུ་སྐུལ་གནང་ཡོད།

Latest news