Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

སྐུ་ཞབས་ནི་ཏིཤ་ཀུ་མཱར་མཆོག་ནས་བྷི་ཧར་ནང་ཆང་རག་བཀག་སྡོམ་གནང་པར་བསྔགས་བརྗོད་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏིཤ་ཀུ་མཱར་མཆོག་རྣམ་གཉིས་ཁ་སང་ཉིན་དགུང་རྒྱལ་ས་པ་ཊ་ནཱར་མཇལ་འཕྲད་གྲུབ་བསྟུན། ༸གོང་ས་མཆོག་གིས་ཕྱི་ནང་གི་གསར་འགོད་པ་རྣམས་ལ་ད་རེས་༸གང་ཉིད་མཆོག་གི་ཐུགས་ཉེ་བའི་མཛའ་གྲོགས་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏིཤ་ཀུ་མཱར་མཆོག་དང་མཇལ་མོལ་བྱུང་བར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཡོད་པ་བཀའ་གནང་པ་དང་སྦྲགས་ཏེ་ཁོང་གིས་མངའ་སྡེ་འདིའི་ནང་ཆང་རག་བཀག་སྡོམ་གནང་པར་བསྔགས་བརྗོད་མཛད་ཡོད་པ་རེད། རྒྱ་གར་གྱི་ News 18 གསར་ཁང་ཐོག་གནས་ཚུལ་སྤེལ་བར་སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སང་གི་མི་ཚོར་ཁོང་ཁྲོ་དང་སེམས་ཁྲལ་མང་དག་ཞིག་འཕྲད་བཞིན་པའི་གནས་སྟངས་ལས་མཐར་ཐབས་སུ་སྨྱོ་རྫས་ Drugs དང་ཆང་རག་ལ་བསྟེན་གྱི་ཡོད་པ་དེ་ནི་ནོར་བ་ཡིན་ཞིང་། ཁོང་ཁྲོ་དང་སེམས་ཁྲལ་རིགས་ལ་བློ་སྦྱོང་བྱེད་པའི་ཐོག་ནས་བཅོས་ཐབས་གནང་དགོས་ཀྱི་རེད་ཅེས་ལམ་སྟོན་བསྩལ་འདུག དེ་བཞིན་༸གོང་ས་མཆོག་གིས་རྒྱ་གར་དང་བོད་པའི་དབར་ཆོས་ཕྱོགས་ནས་བླ་སློབ་ཀྱི་འབྲེལ་བ་ཡོད་སྐོར་བཀའ་གནང་པ་དང་འབྲེལ། དེང་གི་ཆར་ནུབ་ཕྱོགས་པའི་ཚན་རིག་པ་ཚོས་ཀྱང་རྒྱ་གར་གྱི་གནའ་བོའི་ལྟ་གྲུབ་དང་ཤེས་ཡོན་ལ་སློབ་སྦྱོང་གནང་གི་ཡོད་སྐོར་ཡང་བཀའ་བསྩལ་མཛད་ཡོད་པ་རེད། རྩ་བའི་ཁ་སང་ཚེས་ ༢༨ ཉིན་༸གོང་ས་མཆོག་བྷི་ཧར་གྱི་རྒྱལ་ས་པ་ཊ་ནཱར་༸ཞབས་སོར་བཀྲིན་བསྐྱངས་སྐབས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏིཤ་ཀུ་མཱར་མཆོག་ནས་གནམ་ཐང་དུ་༸གང་ཉིད་མཆོག་གི་ཕེབས་བསུར་ཆེད་བཅར་ཞུས་ཡོད་པ་མ་ཟད། རྗེས་སུ་སྤྱི་ཁྱབ་བློན་མཆོག་ནི་ཏིཤ་ཀུ་མཱར་མཆོག་གིས་མགོན་པོ་མཆོག་ཁོང་གི་བཞུགས་གནས་སུ་གདན་ཞུས་ཀྱིས་ཉིན་དགུང་ལྗགས་སྨིན་འདེགས་འབུལ་གྱིས་ ལྷན་རྒྱས་གནང་ཡོད། ༸གང་ཉིད་མཆོག་ཉིན་རྒྱབ་ཚོུད་ ༣།༠༠ ཙམ་ལ་གྷ་ཡཱ་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་ས་གནས་རྫོང་དཔོན་དང་ཉེན་རྟོག་འགོ་དཔོན། རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་ཅིག དེ་བཞིན་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དང་ཚོགས་གཞོན་བཅས་ཀྱིས་ཕེབས་བསུའི་སྣེ་ལེན་ཞུས་པ་མ་ཟད། རྡོ་རྗེ་གདན་གྱི་ཕེབས་ལམ་གཡས་གཡོན་དུ་ཕྱི་ནང་གི་དད་ལྡན་མང་ཚོགས་ཁྲི་ལ་ཉེ་བས་ཕྱག་ཏུ་དཀར་གཙང་གི་མཇལ་དར་དང་བདུག་སྤོས་སོགས་བསྣམས་ཏེ་དགའ་དད་སྤྲོ་གསུམ་འཁོད་པའི་ཐོག་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད། དེ་རིང་ཟླ་ ༡༢ ཚེས་ ༢༩ ཉིན་སྔ་དྲོ་ཚོུ་ ༨།༥༠ ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་དུ་ཆིབས་བསྒྱུར་གྱིས་རྟེན་གཙོ་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་དྲུང་དུ་ཐུགས་སྨོན་མཛད་འདུག གཞན་ཡང་དེ་མཚུངས་ཨ་རིའི་ gallup.com ཞེས་པའི་ཚོགས་པ་གཅིག་གིས་ཨ་རིའི་མང་ཚོགས་ཁྲོད་ ༢༠༡༦ ལོའི་འཛམ་གླིང་ནང་གི་སྐྱེས་པ་དགའ་མོས་ཆེ་ཤོས་བྱ་ཡུལ་འོས་གྲངས་བསྡུས་རུབ་གནང་པའི་ཁྲོད། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨང་དྲུག་པར་བདམས་ཐོན་བྱུང་འདུག འོས་གྲངས་ཁྲོད་ཨང་དང་པོ་ད་ལྟའི་སྲིད་འཛིན་ལས་ཐོག་སྐུ་ཞབས་ཨོ་བྷ་མ་མཆོག་དང་གཉིས་པར་བདམས་ཐོན་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཊམ་མཆོག་སོགས་རེད་འདུག  

བྷི་ཧར་གྱི་སྤྱི་ཁྱབ་བློན་ཆེན་མཆོག་ནས་༸གོང་ས་མཆོག་ལ་འཚམས་འདྲིའི་ཕེབས་བསུ་ཞུས་པ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉིན་ཤས་རྗེས་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བཀྲིན་བསྩལ་གཏན་འཁེལ་ཡོད་པ་དང་འབྲེལ། དེ་རིང་ཟླ་ ༡༢ ཚེས་ ༢༨ ཉིན་སྔ་ཐོག་ཚོུད་ ༡༡ སྟེང་༸གང་ཉིད་མཆོག་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་རྒྱ་གར་བྱང་ཕྱོགས་མངའ་སྡེ་བྷི་ཧར་གྱི་རྒྱལ་ས་པ་ཊ་ནཱར་༸ཞབས་སོར་བདེ་བར་འཁོད་འདུག་པ་དང་། སྐབས་དེར་གནམ་ཐང་དུ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏིཤ་ཀུ་མཱར་མཆོག་ནས་འཚམས་འདྲིའི་ཕེབས་བསུ་ཞུས་འདུག སྤྱི་ཁྱབ་བློན་མཆོག་ནི་ཏིཤ་ཀུ་མཱར་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ཁོང་གི་བཞུགས་གནས་སུ་གདན་ཞུས་ཀྱིས་ཉིན་དགུང་ལྗགས་སྨིན་འདེགས་འབུལ་དང་ཚོུད་ཕྱེད་ཀ་ལྷག་ཙམ་རིང་ལྷན་རྒྱས་བཀའ་མོལ་གནང་སྟེ་ལྷན་བཞུགས་གནང་འདུག ༸གོང་ས་མཆོག་པ་ཊ་ནཱར་༸ཞབས་སོར་བདེ་བར་འཁོད་བསྟུན་སྟོན་པ་རྗེས་དྲན་གྱི་སྐྱེད་མོས་ཚལ་དུ་ཆིབས་སྒྱུར་གྱིས་སྨོན་ལམ་གསུང་འདོན་མཛད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་ས་པ་ཊ་ནཱར་སྤྱི་ཁྱབ་བློན་མཆོག་དང་མཇལ་འཕྲད་གནང་གྲུབ་རྗེས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་ཡུལ་གྷ་ཡཱའམ་གནས་མཆོག་རྡོ་རྗེ་གདན་དུ་ཉིན་རྒྱབ་ཚོུད་ ༣།༠༠ ཙམ་ལ་༸ཞབས་སོར་བདེ་བར་འཁོད་ཡོད་པ་དང་། སྐབས་དེར་རྡོ་རྗེ་གདན་གྱི་ཕེབས་ལམ་གཡས་གཡོན་དུ་ཕྱི་ནང་གི་དད་ལྡན་མང་ཚོགས་ཁྲི་ལ་ཉེ་བས་ཕྱག་ཏུ་དཀར་གཙང་གི་མཇལ་དར་དང་བདུག་སྤོས་སོགས་བསྣམས་ཏེ་དགའ་དད་སྤྲོ་གསུམ་འཁོད་པའི་ཐོག་ནས་ཕེབས་བསུའི་སེར་བང་སྒྲིག་འདུག ཤེས་རྟོགས་བྱུང་བར་སང་ཉིན་ནས་མགོན་པོ་༸གང་ཉིད་མཆོག་༸སྐུ་ངལ་གསོ་བཞུགས་ཀྱིས་ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༢ ཉིན་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ བཀྲིན་བསྩལ་གནང་གི་ཡོད་པ་རེད།  

༸གོང་ས་མཆོག་གིས་ལྡི་ལིར་ཉིན་གསུམ་གྱི་ཆོས་འབྲེལ་ལེགས་གྲུབ་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་ས་ལྡི་ལིའི་ལི་ལཱ་གསོལ་མགྲོན་ཁང་དུ་ཨུ་རུ་སུ་དང་སོག་ཡུལ་གྱི་ནང་པའི་དད་ལྡན་པ་ཁག་ཅིག་དང་བོད་ནས་གསར་དུ་འབྱོར་བའི་བོད་མི་རྣམས་ལ་ཉིན་གསུམ་གྱི་བཀའ་ཆོས་རེ་ཞིག་ལེགས་གྲུབ་ཀྱིས་མཇུག་སྒྲིལ་མཛད་ཡོད་པ་རེད། དེ་རིང་ཟླ་ ༡༢ ཚེས་ ༢༧ ཉིན་མགོན་པོ་༸གང་ཉིད་མཆོག་གིས་ཨུ་རུ་སུ་དང་སོག་ཡུལ་གྱི་ནང་པའི་ཡུལ་གྲུ་ཁག་ནས་གསོལ་འདེབས་ཞུས་པའི་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བཀའ་ཆོས་རེ་ཞིག་ལེགས་གྲུབ་མཛད་ཡོད་པ་རེད། སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་འབྲེལ་ཉིན་མཐའ་མིའི་ཐོག་ལ་དད་ལྡན་ཆོས་ཞུ་བ་ཆིག་སྟོང་སུམ་བརྒྱ་དེ་དག་ལ་སྤྱོད་འཇུག་ཆེན་མོའི་ལེའུ་དགུ་པ་ཤེས་རབ་ཀྱི་ལེའུ་ཆ་ཚང་བསྩལ་གྲུབ་བསྟུན། ཐུགས་བརྩེ་བ་ཆེན་པོས་སངས་རྒྱས་ཆོས་ཚོགས་མའི་ཆོས་འབྲེལ་བཀྲིན་བསྐྱངས་པ་དང་སྦྲགས་ཏེ་མ་ཎི་དང་ཐུབ་པའི་མཚན་སྔགས། དེ་བཞིན་འཇམ་པའི་དབྱངས་དང་སྒྲོལ་མའི་མཚན་སྔགས་སོགས་ཀྱི་བཟླས་ལུང་ཡང་བཀྲིན་སྩལ་ཡོད། དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་རྒྱལ་ས་ལྡི་ལིར་ཉིན་གསུམ་རིང་གི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བཀའ་ཆོས་ཞུ་བར་ཆེད་བཅར་ཞུས་པའི་ཨུ་རུ་སུ་དང་དེའི་ཁྱབ་ཁོངས་ཀྱི་ཁེལ་མིག་དང་། ཐུ་བ། བུར་ཡ་ཏི། ལ་ཊ་ཝི་ཡ། སོག་ཡུལ་བཅས་ཀྱི་དད་ལྡན་རྣམས་ལ་སང་ཕོད་སླར་མཇལ་རྒྱུ་ཡོང་བར་ཐུགས་སྨོན་མཛད་པ་དང་སྦྲགས། རྣམ་ཀུན་ནས་དཔེ་ཆར་དོ་སྣང་གནང་དགོས་པ་དང་དེའི་བརྒྱུད་ནས་བྱམས་སྙིང་རྗེ་དང་སྟོང་པ་ཉིད་ཀྱི་ལྟ་བར་བསམ་བློ་གཏང་ཐུབ་ཚེ་རང་ཉིད་ཀྱི་སེམས་ལ་ཞི་བདེ་ཐོབ་རྒྱུ་དང་འདི་བཞིན་སོ་སོའི་མི་ཚེ་རིང་དུ་འགྲོ་ངེས་ཡིན་པས་ཚེ་སྒྲུབ་དངོས་ནི་འདི་རེད་ཅེས་ལམ་སྟོན་བཀའ་སློབ་བསྩལ་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ༸གོང་ས་མཆོག་དེ་རིང་རྒྱལ་ས་ལྡི་ལིར་བཞུགས་ཞག་མཛད་རྒྱུ་དང་སང་ཚེས་ ༢༨ ཉིན་བྷི་ཧར་གྱི་མངའ་སྡེའི་རྒྱལ་ས་པཊ་ནཱར་ཁུལ་དུ་ཆིབས་བསྒྱུར་གྱིས་བྷི་ཧར་མངའ་སྡེ་སྤྱི་ཁྱབ་བློན་ཆེན་ Nitish Kumar མཆོག་དང་མཇའ་འཕྲད་མཛད་རྗེས་གནས་མཆོག་རྡོ་རྗེ་གདན་དུ་༸ཞབས་སོར་བདེ་བར་འཁོད་གནང་མཛད་ཀྱི་འདུག

དུས་འཁོར་དབང་ཆེན་ཞུ་བར་བཅར་མ་ཐུབ་ཀྱང་བློ་ཕམ་བྱེད་དགོས་ཀྱི་མ་རེད་ཅེས་བཀའ་བསྩལ་བ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་ས་ལྡི་ལིའི་ལི་ལཱ་གསོལ་མགྲོན་ཁང་དུ་ཨུ་རུ་སུ་དང་སོག་ཡུལ་གྱི་ནང་པ་ཚོར་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བཀའ་ཆོས་དབུ་འཛུགས་བཀྲིན་སྐྱོང་བཞིན་པའི་ཁྲོད། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞུ་བར་བཅར་མི་ཐུབ་མཁན་བོད་ནས་གསར་དུ་འབྱོར་བའི་བོད་མི་སུམ་བརྒྱ་སྐོར་ཞིག་ལ་ཟུར་དུ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད་པ་རེད། སྐབས་དེར་༸གང་ཉིད་མཆོག་གིས་བོད་ནས་གསར་དུ་འབྱོར་བ་རྣམས་ལ་ཁྱེད་རང་ཚོ་དུས་འཁོར་དབང་ཆེན་ཞུ་བར་བཅར་མི་ཐུབ་ཀྱང་། སེམས་འཁྲལ་གཏན་ནས་མ་བྱེད། བོད་ཟླ་ ༡༡ ཚེས་ ༡༣ ནས་ ༡༥ བར་དུས་འཁོར་དབང་ཆེན་དངོས་གཞི་འཁེལ་གྱི་ཡོད་སྟབས། ཁྱེད་རང་ཚོས་བོད་ནས་ཚུར་སྨོན་ལམ་ཡག་པོ་བརྒྱབ། ཁྱེད་རང་ཚོ་དད་པ་གཡོ་བ་མེད་པ་ཞིག་ཡོད་པ་རེད། ངོས་ཀྱིས་ཁྱེད་རང་ཚོ་བོད་ནང་ལ་ཡོད་པའི་རྒྱ་ཆེ་མི་མང་གི་དད་པ་དང་དམ་ཚིག་གཡོ་བ་མེད་པ་ཡོད་པ་དེ་དག་དབང་འོག་ཏུ་བཅུག་ནས་སྨོན་ལམ་རྒྱག་གི་ཡིན་ཅེས་བཀའ་བསྩལ་བ་མ་ཟད། རྒྱ་ནག་ནང་ལ་རྒྱ་རིགས་ནང་པ་ཕོན་ཆེན་པོ་ཞེ་དྲག་ཡོད་པ་རེད། དེ་དག་གི་ནང་ནས་དབང་ཞུ་འདོད་ཡོད་མཁན་ཏན་ཏན་ཡོད་ངེས་རེད་ངོས་ཀྱིས་དེ་མཚུངས་སུ་དབང་གི་དམིགས་འོག་ཏུ་བཅུག་ནས་སྨོན་ལམ་རྒྱག་གི་ཡིན་ཅེས་བཀའ་སློབ་མཛད་འདུག ༸གོང་ས་མཆོག་གིས་སྤྱིར་བླ་མ་ཡི་དམ་གི་བྱིན་རླབས་ཞེས་པ་དེ་ཐག་ཉེ་རྒྱང་གི་ཁྱད་གང་ཡང་ཡོད་མ་རེད། བཅོམ་ལྡན་འདས་ཀྱི་མངོན་ཆོག་ནང་ལ་འཕྲིན་གྱི་སྒོ་ནས་བསྙེན་པ་རྫོགས་པ་ཞེས་བསྙེན་པ་རྫོགས་མཁན་གྱི་དགེ་འདུན་པ་རྣམས་དེར་བཞུགས་བསྒྲུབ་བྱ་དེ་དགག་བྱ་བྱས་ནས་ཕན་ཚུན་དབར་འཕྲིན་བསྐུར་བ་བྱུང་ཡོད་པ་རེད། དེས་ནས་ཁྱེད་རང་ཚོ་ལ་དབང་ཐོབ་ཀྱི་རེད། བློ་ཕམ་ཞེ་དྲག་བྱེད་ནས་སེམས་མ་སྐྱིད་པ་བྱེད་དགོས་ཀྱི་མ་རེད་ཅེས་བཀའ་བསྩལ་འདུག དེ་བཞིན་༸གོང་ས་མཆོག་གིས་ང་ཚོ་དང་བོད་རྒྱ་ཆེ་མི་མང་དབར་ཁ་བྲེལ་ནས་ལོ་ངོ་ ༦༧ ཙམ་ཕྱིན་པའི་ནང་བོད་རྒྱ་ཆེ་མི་མང་གི་སེམས་ཤུགས་འགྱུར་བ་མེད་པའི་ངང་བསྡད་ཡོད་པ་དང་། མི་རབས་བརྗེས་ཀྱི་ཡོད་ནའང་རང་མི་རིགས་ཀྱི་ལ་གཞེན་ཤུགས་ཆེ་ཡོད་པར་བརྟེན་འཛམ་བུ་གླིང་འདིའི་ཐོག་བོད་ཀྱི་བདེན་དོན་དེ་ལོ་རེ་ནས་ལོ་རེ་བཞིན་ཇི་གསལ་དུ་འགྲོ་བཞིན་ཡོད་པ་རེད། བོད་གཞིས་ལུས་རྒྱ་མི་མང་ཚོགས་རྣམས་ཀྱི་སེམས་ཤུགས་འགྱུར་བ་མེད་པར་གནས་པར་ཐུགས་རྗེ་ཆེ་ཞེས་དང་མུ་མཐུད་ཧུར་ཐག་གནང་དགོས་གལ་ཡིན་པའི་ལམ་སྟོན་བཀའ་སློབ་བསྩལ་འདུག མགོན་པོ་༸གང་ཉིད་མཆོག་གིས་བོད་ནང་ཡོད་པའི་བོད་རིགས་ན་གཞོན་རྣམས་ལ་བོད་རང་གི་རིག་གནས་བཅུ་པོ་དེ་དག་གཙོས་པའི་རྒྱ་ཡིག་དང་འདི་བཞིན་དེང་དུས་ཀྱི་ཤེས་ཡོན་སོགས་སྤྲོད་དགོས་གལ་ཡིན་པར་བཀའ་ནན་ལམ་སྟོན་མཛད་ཡོད་པ་མ་ཟད། ཁྱད་པར་དུ་བོད་ནང་གི་བོད་མི་ཚོས་ད་ལྟའི་རྒྱ་ནག་གི་དཔལ་འབྱོར་ལྷུག་པོའི་སྲིད་བྱུས་ཀྱི་གོ་སྐབས་བཟུང་ནས་དཔལ་འབྱོར་འདུ་འགོད་བྱེད་དགོས་པ་དང་། དཔལ་འབྱོར་འདུ་འགོད་བྱས་པ་དེ་ཚོ་རང་ཉིད་སྒེར་གྱི་མོ་ཊ་ཆེན་པོ་དང་ཆང་རག ཐ་མག རྒྱན་ཆ་དགོས་མེད་ཉོ་རྒྱུ་གཙོས་སྤགས་རིགས་གྱོན་པ་སོགས་མིན་པར། དངུལ་བྱུང་བ་རྣམས་ས་གནས་མང་ཚོགས་སྤྱིའི་དཔལ་འབྱོར་ཡར་རྒྱས་གཏོང་ཐབས་དང་། ཤེས་ཡོན་རང་གི་ཐོག་ལ་དམིགས་ཏེ་བསྡུ་འགོད་གནང་དགོས་གལ་ཡིན་པ་བཀའ་སྩལ་འདུག རྩ་བའི་རྒྱ་ནག་གཞུང་གིས་འདི་ལོ་ནང་བོད་ནས་རྒྱ་གར་དུ་༸གོང་ས་མཆོག་གི་དྲུང་ནས་དུས་འཁོར་དབང་ཆེན་ཞུ་བར་བཅར་མཁན་བོད་མི་རྣམས་ལ་དམ་དྲག་ཆེད་ཕྱིར་བསྐྱོད་ལག་འཁྱེར་ཕྱིར་བསྡུ་དང་། དེ་བཞིན་རྒྱ་གར་དུ་བསླེབས་ཟིན་པ་མང་པོ་ཞིག་ལ་མཐོང་མཆན་དུས་བཀག་བཟོས་པ་མ་ཟད། བོད་དུ་ཕྱིར་ལོག་བྱེད་དགོས་པའི་ཉན་བརྡ་ཡང་བཏང་བ་བཅས་ལ་བརྟེན་ནས་བོད་མི་མང་པོ་ཞིག་དུས་དབང་ཞུ་བར་བཅར་མ་ཐུབ་ནས་ཕྱིར་ལོག་དགོས་བྱུང་ཡོད་སྟབས། ༸གོང་ས་མཆོག་གིས་ཟླ་བ་སྔོན་མའི་ཟླ་མཇུག་དང་ཟླ་བ་འདིའི་ཚེས་ཤར་ལ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དམིགས་བསལ་ཟུར་མཇལ་གནང་པ་དང་སེམས་བསྐྱེད་ཀྱི་ཆོས་འབྲེལ། དུས་དབང་སྐབས་བཀའ་ཆོས་བསྩལ་གཏན་འཁེལ་བའི་ཕྱག་དཔེ་སྤྱོད་འཇུག་ཆེན་མོ་དང་སྒོམ་རིམ་བར་པའི་གཞུང་གཉིས་པོ་ངོ་སྤྲོད་སྤྱི་བཤད་ཀྱི་བཀའ་ཆོས་བཀྲིན་ཆེ་བ་བསྩལ་ཡོད་པ་མ་ཟད། ཚེས་ ༢༥ ཉིན་རྒྱལ་ས་ལྡི་ལིར་བོད་ནས་གསར་དུ་འབྱོར་ལ་རྣམས་ལ་དུས་དབང་ཞུ་བར་བཅར་མི་ཐུབ་ཀྱང་། བླཔ་ཕམ་གཏན་ནས་གནང་མི་དགོས་པར། བོད་ཟླ་ ༡༡ ཚེས་ ༡༣ ནས་ ༡༥ བར་དུས་འཁོར་དབང་ཆེན་དངོས་གཞི་སྐབས་ཁོང་རྣམས་ནས་སྨོན་ལམ་བསྐྱོན་དགོས་པ་དང་། མགོན་པོ་༸གང་ཉིད་མཆོག་གིས་རྡོ་རྗེ་གདན་ནས་བོད་ནང་བཞུགས་པའི་གཞིས་ལུས་རྒྱ་ཆེ་མང་ཚོགས་རྣམས་ལ་དབང་འོག་ཏུ་བཅུག་ནས་སྨོན་ལམ་གནང་རྒྱུ་ཡིན་པའི་བཀའ་བསྩལ་ཡོད་པ་རེད།

རྒྱུད་སྟོད་མཁན་ཟུར་ཚུལ་ཁང་བློ་བཟང་རྡོ་རྗེ་མཆོག་ཤར་པ་ཆོས་རྗེར་བསྐོ་གཞག་མཛད་པ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཤར་པ་ཆོས་རྗེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དགའ་ལྡན་ཁྲི་ཐོག་ ༡༠༣ པར་བསྐོ་གཞག་མཛད་པའི་ཚབ་ཏུ་བྱེས་ཀྱི་གདན་ས་དཔལ་འབྲས་སྤུངས་བློ་གསལ་གླིང་ཚུལ་ཁང་ཁང་ཚན་གྱི་རྒྱུད་སྟོད་མཁན་ཟུར་བློ་བཟང་རྡོ་རྗེ་མཆོག་ཟླ་བ་འདིའི་ཚེས་ ༡༧ ཉིན་ཤར་པ་ཆོས་རྗེར་བསྐོ་གཞག་མཛད་པའི་བཀའ་ཡིག་བསྩལ་འདུག དེའང་ཟླ་ ༡༢ ཚེས་ ༢༣ སྟེ་དགའ་ལྡན་ལྔ་མཆོད་ཀྱི་དུས་ཁྱད་ཉིན་མོར་ཤར་པ་ཆོས་རྗེ་མཆོག་གདན་ས་དགའ་ལྡན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཤར་པ་ཆོས་རྗེའི་མཛད་འགན་བཞེས་པའི་གསར་མཇལ་ཞུས་གནང་ཡོད་པ་དང་། ༸གོང་ས་མཆོག་གིས་སྐབས་དེར་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་ཞིག་ཕྱག་རྟགས་གནང་པ་དང་ཆབས་ཅིག དགའ་ལྡན་ལྔ་མཆོད་ཉིན་ཤར་པ་ཆོས་རྗེའི་གསར་མཇལ་ཞུས་པ་དེ་ཧ་ཅང་སྐལ་བ་བཟང་པོ་ཞིག་བྱུང་སོང་ཞེས་བཀའ་བསྩལ་བ་མ་ཟད། ཆོས་ཕྱོགས་ཀྱི་ལས་དོན་ཁག་ཡར་རྒྱས་གཏོང་དགོས་སྐོར་ལམ་སྟོན་བཀའ་སློབ་ཡང་བསྩལ་ཡོད་པ་རེད་འདུག འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པར་ཤར་པ་ཆོས་རྗེ་མཆོག་གིས་ཁོང་རང་ཉིད་༸གོང་ས་མཆོག་གིས་ཤར་པ་ཆོས་རྗེར་བསྐོ་གཞག་མཛད་པ་དེས་ཐུགས་དགྱེས་ཚོར་ཆེན་པོ་བྱུང་སྐོར་བཀའ་ལན་བསྩལ་སོང་བ་དང་། དེ་བཞིན་ཤར་པ་ཆོས་རྗེའི་འཛད་འགན་གཙོ་བོ་ནི་རི་བོ་དགེ་ལུགས་པའི་བསྟན་པ་སྤྱི་དང་དེར་བསླབ་པ་སློབ་གཉེར་ཡར་རྒྱས་ཡོང་ཐབས་སུ་དགའ་ལྡན་ཁྲི་པ་མཆོག་དང་བྱང་རྩེ་ཆོས་རྗེ་མཆོག དེ་བཞིན་གདན་ས་ཁག་གི་མཁན་པོ་རྣམ་པར་ཕྱག་རོགས་ཞུ་རྒྱུ་སོགས་ཐུགས་འགན་གཙོ་བཞེས་གནང་དགོས་སྐོར་བཀའ་ལན་བསྩལ་ཡོད། གཞི་རྩའི་འབྲས་སྤུངས་བློ་གསལ་གླིང་ཚུལ་ཁང་རྒྱུད་སྟོད་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་ནི་ད་ལྟ་དགུང་གྲངས་ ༨༠ ལ་ཕེབས་ཡོད་པ་དང་། མདོ་སྨད་ཁམས་ཚ་ལྷོ་རྫོང་དུ་ཡབ་ཚེ་འཕེལ་དང་ཡུམ་ཚེ་ལྷ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཡོད་པ་རེད། དགུང་ལོ་ལྔ་དྲུག་ཙམ་བར་སྐྱེས་མས་གཅེས་སྐྱོང་གནང་པ་དང་ཆུང་དུས་ཁྱིམ་ཚང་གིི་ཕྲུ་གུའི་ནང་ནས་ཡི་གེ་སྦྱོར་ཀློག་ཐོག་བཟང་ཤོས་དེ་ཡིན་པ་རེད་འདུག ཡབ་ཡུམ་གཉིས་ཀྱིས་ཐོག་མར་ཁྱིམ་ཐབས་སུ་སྦྱར་འདོད་གནང་ཡང་ཤར་པ་ཆོས་རྗེ་མཆོག་ནས་རབ་ཏུ་བྱུང་འདོད་ཁོ་ན་གནང་པར་བརྟེན་དགུང་ལོ་  ༡༦ ཐོག་ཁྱིམ་ནས་བྲོས་ཏེ་ཟླ་བ་གཉིས་ཙམ་རིང་བོད་ཀྱི་རྒྱལ་ས་ལྷ་ས་བར་སློང་མོ་རྒྱག་བཞིན་དུ་ཞབས་ཐང་ལ་ཕེབས་པ་དང་། དེ་རྗེས་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་སྒྲིག་ཞུགས་གནང་ནས་དགེ་བའི་བཤེས་གཉེན་དུ་མའི་དྲུང་ནས་གཞུང་ཆེན་བཀའ་པོད་ལྔའི་ཐོག་བསླབ་པ་སློབ་གཉེར་མཐིལ་ཕྱིན་མཛད་འདུག སྤྱི་ལོ་ ༡༩༨༥ ལོར་དགེ་བཤེས་ལྷ་རམས་པ་ཨང་དང་པོའི་མཚན་རྟགས་བཞེས་གནང་འདུག དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་དགོངས་ལྟར་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་སྒྲིག་ཞུགས་དང་འབྲེལ་སྔགས་ཀྱི་དམ་བཅའ་འཇོག་གནང་པ་མ་ཟད། སྔ་རྗེས་རྒྱུད་སྟོད་གྲྭ་ཚང་གི་དགེ་བསྐོས་དང་བླ་མ་དབུ་མཛད།  མཁན་པོ་བཅས་གནང་ཡོད་པ་རེད། ༸གོང་ས་མཆོག་གི་བཀའ་དགོངས་བཞིན་འཇིགས་བྱེད་ཀྱི་བསྙེན་ཆེན་དང་ཡི་དམ་མང་པོའི་བསྙེན་པ་བཏང་གནང་པ་དང་། གདན་སའི་དགེ་བཤེས་རྣམས་ལ་སྔགསགཞུང་གི་བཤད་ཁྲིད་གནང་མྱོང་འདུག འབྲས་སྤུངས་ལ་ཕེབས་ནས་སློབ་མ་བརྒྱ་ཕྲག་མང་པོར་གཞུང་ཆེན་བཀའ་པོད་ལྔའི་རྩ་བ་ཁག་གི་བཤད་ལུང་དང་། བཤད་ཁྲིད།  དེ་བཞིན་གསང་སྔགས་གཞུང་གི་ཟབ་ཁྲིད་སོགས་གནང་ནས་སྐུ་ཚེ་གང་པོར་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཐད་ཞབས་འདེགས་ཞུས་དང་ཞུ་མུས་ཡིན་པ་རེད། ཟླ་བ་འདིའི་ཚེས་ ༡༧ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཤར་པ་ཆོས་རྗེར་བསྐོ་གཞག་མཛད་པའི་བཀའ་ཡིག་བསྩལ་དོན་ལྟར། ཤར་པ་ཆོས་རྗེའི་མཛད་འགན་བཞེས་གནང་བཞིན་ཡོད་པ་དང་། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་གནང་གྲུབ་རྗེས་དངོས་སུ་ཤར་པ་ཆོས་རྗེའི་ཁྲི་སྟོན་མངའ་གསོལ་གྱི་མཛད་སྒོ་ཚོགས་རྒྱུ་རེད་འདུག

ཨུ་རུ་སུ་དང་སོག་པོའི་དད་ལྡན་ཆོས་ཞུ་བ་རྣམས་ལ་བཀའ་ཆོས་དབུ་འཛུགས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་བོད་མིའི་གཞིས་ཆགས་ཁུལ་གྱི་མཛད་འཆར་ཁག་ལེགས་པར་གྲུབ་ཏེ་ཁ་སང་ཕྱི་དྲོ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་༸ཞབས་སོར་བདེ་བར་འཁོད་ཡོད་པ་རེད། དེ་རིང་ཟླ་ ༡༢ ཚེས་ ༢༥ ཉིན་སྔ་དྲོ་མགོན་པོ་༸གང་ཉིད་མཆོག་གིས་ཨུ་རུ་སུ་དང་སོག་ཡུལ་གྱི་ནང་པ་ཡུལ་གྲུ་ཁག་ནས་ཚོས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། རྒྱལ་ས་ལྡི་ལིའི་ལི་ལཱ་གསོལ་མགྲོན་ཁང་དུ་ རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བཀའ་ཆོས་དབུ་འཛུགས་བཀྲིན་བསྐྱངས་གནང་ཡོད་པ་རེད། ༸གང་ཉིད་མཆོག་གིས་ཆེས་ཐོག་མར་ཆོས་ཞུ་བ་ཚོར་སྔོན་འགྲོའི་ཆོས་བཤད་བསྩལ་སྐབས་ཨུ་རུ་སུའི་ཁྱབ་ཁོངས་སུ་ཡོད་པའི་ཡུལ་གྲུ་ཁག་དང་བོད་མིའི་དབར་ལོ་རྒྱུས་ཐོག་འབྲེལ་བ་ཇི་ཡོད་དང་། བོད་དུ་དུས་ལོག་བྱུང་རྗེས་འབྲེལ་ལམ་དེ་རེ་ཞིག་ཆད་ཡོད་ཀྱང་། བཙན་བྱོལ་ནང་གི་དགོན་སྡེ་ཁག་ཏུ་གྲྭ་ ༥༠༠ ལྷག་ནས་ཆོས་ཞུགས་གནང་མུས་ཡིན་པ་མ་ཟད། ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ཏུ་བཅའ་བཞུགས་ཨུ་རུ་སུའི་མང་ཚོགས་རྣམས་ཀྱིས་ནང་པ་སངས་རྒྱས་པའི་ཆོས་དང་ལྟ་གྲུབ་དང་ཚན་རིག་བཅས་ཀྱི་ཐོག་ལ་དོ་སྣང་གནང་གི་ཡོད་སྐོར་ངོ་སྤྲོད་གནང་པ་དང་སྦྲགས་ཏེ་དད་ལྡན་ཆོས་ཞུ་རྣམས་ལ་འཚམས་འདྲི་བསྩལ་ཡོད་པ་རེད། ༸གོང་ས་མཆོག་གིས་༸གང་ཉིད་མཆོག་གི་༸སྐུ་ཚེའི་དགོངས་གཞི་གཙོ་བོ་གསུམ་པོ་ངོ་སྤྲོད་མཛད་ཡོད་པ་དང་། འགྲོ་བ་མི་གཅིག་མཚུངས་ཡིན་པའི་ཆ་ནས་མིའི་ལྷན་སྐྱེས་སུ་ཡོད་པའི་བྱམས་བརྩེའི་ནུས་པ་དེའི་ཐོག་ནས་དོན་དངོས་དང་འཚམ་པའི་སྤྱི་ཚོགས་ནང་བྱམས་བརྩེ་གོང་འཕེལ་གནང་བཞིན་ཡོད་སྐོར་བཀའ་བསྩལ་བ་དང་ཆབས་ཅིག ལྷག་དོན་ང་ཚོ་སངས་རྒྱས་པའི་ཆོས་ཉམས་སུ་བླངས་མཁན་ཞིག་གི་ངོས་ནས་རྣམ་ཀུན་ང་ཚོས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་མཐའ་ཡས་པ་དེ་དག་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག ། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག ། ཅེས་སྨོན་ལམ་འདེབས་བཞིན་ཡོད་པ་དེ་དངོས་འབྲེལ་ཡིན་ཚེ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་བསྒྲུབ་དགོས་གལ་ཡིན་པའི་ལམ་སྟོན་བཀའ་སྩལ་འདུག འཛམ་གླིང་དེའི་སྟེང་ཡོད་པའི་འགྲོ་བ་མི་ཐེར་འབུམ་ ༧ ཡོད་པ་དེ་དག་ཞི་བདེ་བག་ཕེབས་ཡོང་ཐབས་ལ་འབད་པ་གནང་ཚེ་ཏན་ཏན་འཛམ་བུ་གླིང་འདི་ཞི་བདེ་ལྡན་པ་ཞིག་ཆགས་ཐུབ་ངེས་ཡིན་པ་བཀའ་སྩལ་མཛད་འདུག ད་དུང་མགོན་པོ་མཆོག་གིས་བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་ཡོང་བར་འགྲོ་བ་མིའི་རྒྱུད་ཀྱི་ལྷན་སྐྱེས་སུ་ཡོད་པའི་བྱམས་བརྩེ་དེའི་རང་བཞིན་གོང་འཕེལ་གཏོང་དགོས་གལ་ཡིན་པ་དང་། དེ་ཡང་གཙོ་བོ་ཤེས་ཡོན་རང་གི་ཐོག་ནས་ཆོས་དང་མ་འབྲེལ་བའི་ཡ་རབས་བཟང་སྤྱོད་ཀྱི་དགེ་མཚན་ཇི་ཡོད་སྐོར་ལམ་སྟོན་གནང་མུས་ཡིན་པ་བཀའ་སྩལ་འདུག དེ་བཞིན་༸གོང་ས་མཆོག་གིས་འཛམ་གླིང་འདིའི་སྟེང་ཆོས་ལུགས་ཕན་ཚུན་དབར་གུས་ཞབས་དང་མཐུན་སྒྲིལ་གནང་དགོས་པ་དང་། དེ་ལྟར་གནང་ཐུབ་ངེས་ཡིན་ཏེ་མིའི་ཁམས་དང་མོས་པ་བག་ཉལ་མི་འདྲ་བ་ཡོད་སྐོར་བཀའ་ནན་བསྩལ་ཡོད་པ་རེད། གཞན་ཡང་༸གང་ས་མཆོག་གིས་དགོངས་བཞེས་གསུམ་པ་བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་གནང་ཕྱོགས་དང་འབྲེལ་བའི་ངོ་སྤྲོད་ཀྱང་མཛད་འདུག གཞི་རྩའི་བཀའ་ཆོས་དེ་ཟླ་ ༡༢ ཚེས་ ༢༥ ནས་དབུ་འཛུགས་ཀྱིས་ཚེས་ ༢༧ བར་བཅས་ཉིན་གྲངས་གསུམ་རིང་བཀའ་ཆོས་བསྩལ་རྒྱུ་ཐུགས་གཏན་འཁེལ་ཡོད་པ་དང་། ཨུ་རུ་སུ་དང་དེའི་ཁྱབ་ཁོངས་ཀྱི་ཁེལ་མིག་དང་། ཐུ་བ། བུར་ཡ་ཏི། ལ་ཊ་ཝི་ཡ། སོག་ཡུལ་བཅས་ནས་ཆོས་ཞུ་བ་ཆིག་སྟོང་ཙམ་ཆེད་བཅར་ཞུས་ཡོད་པ་དང་འདི་བཞིན་བོད་ནས་གསར་དུ་འབྱོར་བའི་བོད་མི་སུམ་བརྒྱ་སྐོར་ཞིག་ཀྱང་ཆེད་བཅར་ཞུས་འདུག ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་གྲངས་གསུམ་རིང་གི་བཀའ་ཆོས་དེའི་ཐོག་ལ་ཐུ་བ་དང་ཁེལ་མིག་གཉིས་ཀྱི་སྲིད་འཛིན་ཟུར་པ་མཆོག་གིས་གཙོས་པའི་ས་གནས་ཀྱི་གྲོས་ཚོགས་འཐུས་མི་ཟུར་པ་དང་གཞུང་ཞབས་གནད་ཡོད་མི་སྣ་ཁག་ཅིག་ཀྱང་ཕེབས་གནང་གི་ཡོད་པ་རེད་འདུག

༸གོང་ས་མཆོག་གིས་མོན་གྷོ་གཏན་སློབ་དབུ་བརྙེས་ཏེ་ལོ་ངོ་ ༥༠ འཁོར་བའི་དུས་དྲན་མཛད་སྒོར་བཀའ་སློབ་བསྩལ་བ།

ཁ་སང་ཚེས་ ༢༢ ཉིན་མོན་གྷོ་འདོད་རྒུ་གླིང་གཏན་ཉིན་སློབ་གྲྭ་དབུ་བརྙེས་ཏེ་ལོ་ངོ་ ༥༠ ཐམ་པ་འཁོར་བའི་དུས་དྲན་མཛད་སྒོའི་མགྲོན་གྱི་གཙོ་བོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་གཙོས། ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་དང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག བཀའ་ཟུར་བཀྲས་མཐོང་ཚེ་དབང་ཆོས་རྒྱལ་མཆོག བཀའ་ཤག་སྐབས་ ༡༥ སློབ་སྟོན་པ་བཀའ་ཟུར་པདྨ་ཆོས་འབྱོར་མཆོག ཕྱོགས་བཞུགས་སྤྱི་འཐུས་ཁག་ཅིག ལྷོ་སྤྱིས་གཙོས་ལྷོ་གཞིས་ཆགས་ཁག་ལྔའི་ས་གནས་འགོ་འཛིན་རྣམ་པ། ཕྱི་ནང་གི་གནད་ཡོད་སྐུ་མགྲོན་རྣམ་པ། དགེ་སློབ་ཟུར་པ། མོན་གྷོ་གཏན་སློབ་ཀྱི་དགེ་ལས་སློབ་ཕྲུག་བཅས་ལྷན་འཛོམས་ཐོག་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་རེད། མཛད་སྒོའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་ངོ་ ༥༠ ནང་སློབ་གྲྭ་དེར་ཞབས་འདེགས་སྒྲུབ་མཁན་རྣམས་ལ་དྲན་གསོ་དང་ལེགས་གསོའི་བསྔགས་བརྗོད་གནང་པ་དང་སྦྲགས། འདས་པའི་ལོ་ངོ་ ༥༠ རིང་ཐོག་མར་བཙན་བྱོལ་དུ་གྱར་བའི་འཚོ་བ་རྗེས་དྲན་མཛད་པ་དང་ཆབས་ཅིག ང་ཚོ་བཙན་བྱོལ་དུ་གྱར་ཏེ་ལོ་ངོ་ ༥༧ ཙམ་འགྲོ་བཞིན་ཡོད་ཀྱང་ང་ཚོ་བཙན་བྱོལ་དུ་གནས་དགོས་པ་དེ་ནི་གཟི་བརྗིད་ལྡན་པའི་རླབས་ཆེན་གྱི་མི་རིགས་ཤིག་གི་ཆེད་དུ་ཡིན་སྐོར་བཀའ་བསྩལ་ཡོད་པ་རེད། དེ་བཞིན་༸གོང་ས་མཆོག་གིས་བོད་མི་རིགས་ནི་ཆོས་དང་རིག་གཞུང་། སྐད་ཡིག ལྟ་གྲུབ་བཅས་གང་གི་ཆ་ནས་འཛམ་གླིང་འདིའི་ཐོག་ངོམས་སུ་ཆོག་པའི་རླབས་ཆེན་ཞིག་ཡིན་པ་དང་། དུས་ད་བར་འཛམ་གླིང་འདིའི་ཐོག་བོད་ཀྱི་སྐད་ཡིག་དང་རིག་གཞུང་གནས་ཐུབ་པ་དེ་ནི་གཙོ་བོ་གཞིས་ལུགས་རྒྱ་ཆེའི་མི་མང་གི་ཞུམ་པ་མེད་པའི་སྙིང་སྟོབས་ལ་བརྟེན་ནས་བྱུང་བ་རེད་ཅེས་བཀའ་སྩལ་ཡོད་པ་རེད། ལྷག་དོན་རྒྱ་ནག་རང་གི་ནང་ལ་འགྱུར་བ་མ་ཕྱིན་པར་གནས་ཐབས་མེད་པས་བོད་དོན་བདེན་མཐའ་གསལ་ངེས་ཡིན་པ་བཀའ་སྩལ་མཛད་ཡོད་པ་མ་ཟད། ད་ལྟའི་གཞོན་སྐྱེས་སློབ་ཕྲུག་རྣམས་ནི་ང་ཚོའི་མི་རབས་གོང་མའི་ཆོས་རྒྱལ་ཚོའི་བུ་བརྒྱུད་ཆགས་ཡོད་སྟབས་ཚང་མས་རིག་པ་སྒྲིམ་སྟེ་ཧུར་ཐག་གནང་དགོས་གལ་ཡིན་པར་ལམ་སྟོན་ཡང་བསྩལ་ཡོད། གཞན་ཡང་དེ་རིང་བོད་ཟླ་ ༡༠ ཚེས་ ༢༥ ཉིན་ཤར་རྒྱལ་བ་ཙོང་ཁ་པ་བློ་བཟང་གྲགས་པ་མཆོག་གི་དགོངས་རྫོགས་དུས་ཆེན་འཁེལ་གྱི་ཡོད་སྟབས། བྱེས་ཀྱིས་གདན་ས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཚོགས་ཆེན་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་གཙོས། དགའ་ལྡན་ཁྲི་པ་གསར་རྙིང་གཉིས་དང་། ཤར་བྱང་གི་ཆོས་རྗེ། གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག མཁན་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག གདན་ས་དགའ་ལྡན་དང་འབྲས་སྤུངས་གཉིས་ཀྱི་དགེ་འདུན་པ་ཞལ་གྲངས་ ༦༠༠༠ ལྷག་འདུ་འཛོམས་ཀྱིས་༸རྗེ་བདག་ཉིད་ཆེན་པོས་ལྗགས་རྩོམ་མཛད་པའི་ལེགས་བཤད་གསེར་ཕྲེང་གསུང་འདོན་གནང་སྟེ་དགོངས་རྫོགས་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་རེད། ༸གོང་ས་མཆོག་གིས་སྐབས་དེར་ངོས་རང་དགའ་ལྡན་ལྔ་མཆོད་ཉིན་འདི་གར་བཅར་ཐུབ་པར་དགའ་ཚོར་ཆེན་པོ་བྱུང་ཞེས་བཀའ་སྩལ་བ་མ་ཟད། དོལ་རྒྱལ་གྱི་གནད་དོན་དང་འབྲེལ་བའི་ཐོག་ནས་དགའ་ལྡན་དུ་དཀའ་ངལ་རབས་དང་རིམ་པ་འཕྲད་ཡོད་ཀྱང་ལམ་སྟོན་འོག་ཤར་སྐྱོད་དང་གདོང་ལེན་གནང་པར་ལེགས་གསོའི་བསྔགས་བརྗོད་མཛད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་གདན་ས་དགའ་ལྡན་དང་འབྲས་སྤུངས་དགོན་གཉིས་མཉམ་དུ་༸རྗེ་བདག་ཉིད་ཆེན་པོའི་དགོངས་རྫོགས་ཉིན་དགའ་ལྡན་ལྔ་མཆོད་སྲུང་བརྩི་ཞུས་པ་དེ་ནི་ལོ་རྒྱུས་ཁྲོད་ཆེས་ཐོག་མ་ལྟ་བུ་ཆགས་ཀྱི་འདུག་པ་དང་། དགེ་འདུན་པ་ཚོས་ཀྱང་དེ་ལྟར་གནང་རྒྱུ་བྱུང་བ་དེ་ནི་ཆེས་རྙེད་པར་དཀའ་བའི་སྐལ་བཟང་ཞིག་ཏུ་ངོས་འཛིན་གནང་བཞིན་ཡོད་འདུག དེ་རིང་ཕྱི་དྲོ་དགེ་འདུན་པ་བརྒྱ་ཐམ་པས་༸རྗེའི་དྲང་ངེས་ལེགས་བཤད་སྙིང་པོ་འཕྲོ་སྐྱོང་གསུང་འདོན་གནང་རྒྱུ་རེད་འདུག མཛད་འཆར་ལྟར་ན། སང་ཞོགས་ཚོུད་ ༦།༠༠ ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་མཛད་འཆར་ཁག་རེ་ཞིག་ལེགས་གྲུབ་ཀྱིས་རྒྱ་གརགྱི་རྒྱལ་ས་ལྡི་ལིར་ཆིབས་ཞལ་བསྒྱུར་གནང་མཛད་ཀྱི་འདུག

༸གོང་ས་མཆོག་གིས་དགེ་བཤེས་མའི་ཕྱག་འཁྱེར་གསོལ་བསྩལ་གྱི་མཛད་སྒོར་བཀའ་སློབ་བསྩལ་བ།

དེ་རིང་ཟླ་ ༡༢ ཚེས་ ༢༢ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཁུལ་དུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་ཆེན་པོ་འབྲས་སྤུངས་ཚོགས་ཆེན་མདུན་ཐང་དུ་བཙུན་དགོན་དགེ་ལྡན་ཆོས་གླིང་དང་སྒྲོལ་མ་གླིང་སོགས་བཙུན་དགོན་དྲུག་གི་ཆེས་ཐོག་མའི་དགེ་བཤེས་མ་ཐོན་མཁན་རྣམས་ལ་དགེ་བཤེས་མའི་ཕྱག་འཁྱེར་གསོལ་བསྩལ་གྱི་མཛད་སྒོ་ཚོགས་ཡོད་པ་རེད། མཛད་སྒོའི་མགྲོན་གྱི་གཙོ་བོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་གཙོས། དགའ་ལྡན་ཁྲི་པ་གསར་རྙིང་གཉིས་དང་། ཤར་བྱང་གི་ཆོས་རྗེ། འབྲས་སྤུངས་ཁྲི་པ་རིན་པོ་ཆེ། མཁན་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། ཕྱི་ནང་གི་གནད་ཡོད་སྐུ་མགྲོན་རྣམ་པ་དང་ས་གནས་ཀྱི་སེར་སྐྱ་མང་ཚོགས་བཅས་ཁྱོན་མི་གྲངས་ཉིས་སྟོང་ལྷག་འདུ་འཛོམས་ཐོག་མཛད་སྒོ་ཚོགས་ཡོད་པ་རེད། མཛད་སྒོའི་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། ང་ཚོ་བོད་ཀྱི་སངས་རྒྱས་པའི་ཆོས་དེ་དཔལ་ན་ལེནྡྲའི་ཆོས་བརྒྱུད་ཞིག་ཡིན་ཅེས་བསྟན་པ་སྤྱི་མཚན་ཐོག་ལ་ཤུགས་སྣོན་བརྒྱབ་ཀྱི་ཡོད་སྟབས། བསྟན་པ་སྤྱི་མཚན་ཐོག་བསྐྱོད་རྒྱུ་དེ་གནད་འགག་ཆེན་པོ་ཆགས་ཀྱི་འདུག་པ་དང་། དེའང་གཙོ་བོ་རབ་བྱུང་ཕོ་མོ་ཚོས་གཞུང་ཆེན་བཀའ་པོད་ལྔའི་ཐོག་ལ་རིགས་གཅིག་རྐང་འཛིན་གྱི་སློབ་གཉེར་མཐིལ་ཕྱིན་པ་ཞིག་གནང་དགོས་གལ་ཡིན་པ་ལམ་སྟོན་གནང་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐྱེ་དངོས་ཚན་རིག་པའི་ཐོག་ནས་བེུད་ཀྱི་ལུས་རྟེན་དེ་བྱམས་བརྩེའི་ནུས་པ་ཆེ་བ་ཡོད་པ་བཤད་དོན་ལྟར། ཕྱི་དངོས་པོའི་ཡར་རྒྱས་ཁོ་ནར་དམིགས་པའི་ཤེས་ཡོན་སྤྲོད་ཀྱི་ཡོད་སྟབས། འཛམ་གླིང་འདི་བྱམས་བརྩེའི་ཕོངས་པ་ཞིག་ཆགས་ཡོད་པའི་ཁྲོད་འདིར་ང་ཚོས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཐོག་ཤུགས་བསྐྱོན་དགོ་པ་མ་ཟད། བེུད་ཚོས་ཤུགས་སྣོན་ཆེ་བ་བསྐྱོན་དགོས་པ་དང་བེུད་ཚོས་ཀྱང་གཞུང་ཆེན་དག་ལ་སློབ་གཉེར་བྱེད་དགོས་པའི་ལམ་སྟོན་བཀའ་སློབ་བསྩལ་ཡོད་པ་རེད། དེ་བཞིན་༸གོང་ས་མཆོག་གི་ངོས་ནས་རབ་བྱུང་མའི་ནང་ནས་གཞུང་ཆེན་བཀའ་པོད་ལྔའི་ཐོག་ལ་བསླབ་པ་སློབ་གཉེར་གནང་སྟེ་དགེ་བཤེས་མ་ཐོན་ཐུབ་པ་དགོས་ཀྱི་འདུག་ཅེས་ཐག་བཅད་པ་རེད། དེའང་ངོས་ནས་བཙུན་མ་ཚོ་ལ་སྤྲེལ་ལད་བྱེད་པ་མ་ཡིན་པར་བེུད་ཚོ་གནད་འགག་ཆེན་པོ་ཞིག་དང་བེུད་ཚོ་ཆོས་དང་རིག་གཞུང་སོགས་ལ་ཞབས་འདེབས་བསྒྲུབ་པར་སློབ་སྦྱོང་ཡོད་པ་བྱུང་ན། དེའི་ཚོད་ཀྱིས་བེུད་ཚོར་ནུས་པ་ཞིག་ཡོང་ངེས་ཡིན་པར་བརྟེན་བཀའ་གནང་པ་ཞིག་ཡིན་སྐོར་བཀའ་བསྩལ་ཡོད། དེ་བཞིན་༸གོང་ས་མཆོག་གིས་སྔར་བོད་ནང་བླ་མའི་ཡང་སྲིད་སྔ་ཤོས་ངོས་འཛིན་པའི་ཁོངས་ལས་བསམ་སྡིངས་རྡོ་རྗེ་ཕག་མོ་ལྟ་བུ་ནི་བེུད་ཀྱི་རྟེན་ཅན་དུ་ངོས་འཛིན་གནང་པ་བྱུང་ཡོད། བེུད་ཀྱི་རྟེན་ཅན་དུ་རང་བཞིན་གྱི་རྣལ་འབྱོར་མ་ཕེབས་པ་བྱུང་ཡོད་པ་རེད། དེས་ན་མ་འོངས་པར་༸གང་ཉིད་མཆོག་གི་༸སྐུའི་ཡང་སྲིད་དེ་བེུད་ཀྱི་རྟེན་ཅན་དུ་ཕེབས་ཚེ་འགྲོ་དོན་ཆེ་བ་ཡོང་ན་དེ་ལྟར་ཕེབས་ངེས་ཡིན་ཅེས་བཀའ་བསྩལ་མཛད་ཡོད་པ་རེད། དེ་བཞིན་ཞྭ་སེར་བསྟན་པའི་གསལ་བྱེད་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་༸རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་ནས་འཚམས་འདྲིི་གནང་པ་དང་སྦྲགས། ཐེངས་འདིར་དགེ་བཤེས་མའི་མཛད་སྒོ་ཚོགས་རྒྱུ་བྱུང་བ་འདི་ནི་གཙོ་ཆེ་སྤྱི་ནོར་༸གོང་ས་༸སྐྱབས་་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཁོ་ནར་བརྟེན་ནས་བྱུང་བ་ཞིག་ཡིན་པ་དུས་ནམ་ཡང་བརྗེད་མི་རུང་བ་ཡིན་སྐོར་བཀའ་སློབ་གནང་པ་མ་ཟད། དགེ་བཤེས་མ་དེ་དག་ནས་རང་ཉིད་ལ་དཔེ་ཁྲིད་གནང་མཁན་གྱི་དགེ་བའི་བཤེས་གཉེན་རྣམས་ཀྱི་བཀའ་དྲིན་ཡིད་ལ་དྲན་པའིི་སྒོ་ནས་བཙུན་མ་གཞན་རྣམས་ལ་དཔེ་ཁྲིད་ཀྱི་དགེ་རྒན་གནང་རྒྱུ་མཚོན་པའི་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་ཞིག་ཡོང་བའི་དགོངས་པ་ཆེ་བཞེས་གནང་དགོས་སྐོར་སོགས་ཀྱི་ལམ་སྟོན་བཀའ་སློབ་བསྩལ་ཡོད་པ་རེད། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་བཀའ་ཤག་གི་དགའ་བསུའི་འཚམས་འདྲི་དང་གསུང་བཤད་གནང་པར་ད་ལྟའི་དགེ་བཤེས་མའི་མཚན་རྟགས་བཞེས་མཁན་རྣམས་ནི་ལོ་རྒྱུས་ཐོག་ཐེངས་དང་པོ་ཆགས་ཡོད་སྟབས་སྤྱི་ཚོགས་ཀྱི་ཁྲོད་ནས་དམིགས་བསལ་གྱི་དོ་སྣང་དང་རེ་བ་གནང་ཡུལ་ཞིག་ཆགས་ཡོད་པ་རེད། དེས་ན་དགེ་བཤེས་མ་དེ་དག་ནས་ཀྱང་དམིགས་བསལ་གྱི་འགན་ཞིག་ཡོད་པ་མཁྱེན་པ་གནང་དགོས་སྐོར་སོགས་གསུངས་སོང་། ཆོས་རིག་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་མཛད་སྒོ་དེར་ངོ་སྤྲོད་གསུང་བཤད་གནང་སྐབས་དགེ་བཤེས་མ་དེ་དག་ནས་དགེ་བཤེས་མའི་བརྒྱུད་རིམ་ཐད་ནང་པའི་གཞུང་ཆེན་བཀའ་པོད་ལྔ་སྔོན་འགྲོ་དང་བཅས་པ་དུས་ཡུན་ལོ་གྲངས་ ༡༧ རིང་སློབ་གཉེར་གནང་དགོས་པ་དང་ལོ་རེ་ནང་རྒྱུགས་སྤྲོད་སྐབས་བརྒྱ་ཆ་ ༧༥ ལས་མི་ཉུང་བ་ལེན་དགོས་པ་སོགས་ཀྱི་ཆ་རྐྱེན་ཁག་སྒྲོག་སྦྱངས་གནང་ཡོད་པ་རེད། གཞི་རྩའི་ཐེངས་འདིའི་ཆེས་ཐོག་མའི་དགེ་བཤེས་མའི་ཕྱག་འཁྱེར་བཞེས་མཁན་བཙུན་མ་ ༢༠ ཡོད་པ་དེ་དག་ནི། རྡ་ས་འཇམ་དབྱངས་ཆོས་གླིང་ནས་བཙུན་མ་ ༦ དང་རྡ་ས་སྒྲོལ་མ་གླིང་ནས་བཙུན་མ་ ༦ མོན་གྷོ་བཙུན་དགོན་བྱང་ཆུབ་ཆོས་གླིང་ནས་བཙུན་མ་ ༥ དང་བལ་ཡུལ་མཁའ་སྤྱོད་དགའ་འཁྱིལ་གླིང་ནས་བཙུན་མ་ ༢ དེ་བཞིན་རྡ་ས་དགེ་ལྡན་ཆོས་གླིང་ནས་བཙུན་མ་ ༡ བཅས་ཁྱོན་དགེ་བཤེས་མ་ ༢༠ ཐོན་ཐུབ་པ་བྱུང་ཡོད་པ་དང་། དེ་དག་ལས་ཨང་དང་པོ་དེ་བལ་ཡུལ་མཁའ་སྤྱོད་དགའ་འཁྱིལ་གླིང་བཙུན་དགོན་གྱི་བཙུན་མ་འཕན་པོ་བ་རྣམ་སྒྲོལ་ཕུན་ཚོགས་ལགས་དང་། ཨང་གཉིས་པ་དེ་རྡ་ས་བཙུན་དགོན་སྒྲོལ་མ་གླིང་གི་བཙུན་མ་བསྟན་འཛིན་སྣང་གསལ་ལགས། ཨང་གསུམ་པ་རྡ་ས་འཇམ་དབྱངས་ཆོས་གླིང་དགོན་པའི་བཙུན་མ་བློ་བཟང་ཆོས་སྒྲོན་ལགས་བཅས་ཡིན་པ་རེད། མཛད་འཆར་ལྟར་ན། སང་ཕྱི་ཚེས་ ༢༣ ཉིན་༸གོང་ས་མཆོག་༸རྗེ་ཙོང་ཁ་པ་ཆེན་པོ་དགོངས་རྫོགས་ཉིན་དང་བསྟུན་དགའ་ལྡན་དགོན་པར་༸ཞབས་སོར་བདེ་བར་འཁོད་གནང་སྟེ་མཛད་འཕྲིན་ཁག་ཅིག་བསྐྱང་རྒྱུ་ཡིིན་འདུག དེ་རྗེས་ཚེས་ ༢༤ ཉིན་༸གོང་ས་མཆོག་མོན་གྷོ་འདོད་རྒུ་གླིང་ཁུལ་གྱི་མཛད་འཆར་ཁག་རེ་ཞིག་ལེགས་གྲུབ་གནང་ཐོག་མོན་གྷོ་འདོད་རྒུ་གླིང་ནས་ཆིབས་ཞལ་བསྒྱུར་གནང་མཛད་ཀྱི་འདུག

ལ་དྭགས་རང་སྐྱོང་རི་ལྗོངས་ལྷན་ཚོགས་ནས་༸གོང་ས་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་ཕུལ་དགོས་པའི་གྲོས་ཆོད་གཏན་འབེབས་གནང་པ།

རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་ཇ་མུ་དང་ཀཤ་མཱིར་དུ་རྟེན་གཞི་བྱས་པའི་ལ་དྭགས་རང་སྐྱོང་རི་ལྗོངས་ལྷན་ཚོགས་ཀྱིས་རྒྱ་གར་དབུས་གཞུང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་སྤྱི་དམངས་ཀྱི་གཟེངས་རྟགས་ཆེ་ཤོས་ Bharat Ratna ཞེས་པ་དེ་ངེས་པར་དུ་ཕུལ་དགོས་པའི་གྲོས་ཆོད་ཞིག་གཏན་འབེབས་གནང་ཐུབ་པ་བྱུང་འདུག དེ་རིང་ཟླ་ ༡༢ ཚེས་ ༢༢ ཉིན་མངའ་སྡེ་དེའི་ State Times ཞེས་པའི་དྲ་གནས་ཐོག་གནས་སྤེལ་བར་གཞིགས་ན། ཁ་སང་ཚེས་ ༢༡ ཉིན་དབུ་འཛུགས་ཀྱིས་ལ་དྭགས་ཀྱི་གྲོང་འཁྱེར་སླེར་ལ་དྭགས་རང་སྐྱོང་རི་ལྗོངས་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་བསོད་ནམས་ཟླ་བ་ལགས་དང་མངའ་སྡེ་གཞུང་གི་ལ་དྭགས་ས་ཁུལ་བློན་ཆེན་ཚེ་རིང་རྡོ་རྗེ་ལགས་རྣམ་གཉིས་གཙོས་པའི་ཚོགས་མི་རྣམས་ལྷན་འཛོམས་ཀྱིས་ཚོགས་འདུ་ཞིག་ཚོགས་འདུག སྐབས་དེར་ཚོགས་འདུ་ཐོག་ཚོགས་བཅར་བའི་ཚོགས་མི་ཡོངས་ནས་སྤྱི་མོས་ཀྱིས་རྒྱ་གར་གཞུང་དང་སྲིད་བློན་མོ་དི་མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་རྒྱ་གར་གཙོ་བོར་གྱུར་པའི་འཛམ་གླིང་ཞི་བདེ་བསྐྲུན་སླད་ཞབས་འདེགས་རླབས་ཆེན་བསྒྲུབས་དང་སྒྲུབ་མུས་ཁག་ལ་ངོས་འཛིན་ཞུས་ཏེ་༸གོང་ས་མཆོག་ལ་རྒྱ་གར་སྤྱི་དམངས་ཀྱི་གཟེངས་རྟགས་ཆེ་ཤོས་སུ་གྲགས་པ་ Bharat Ratna ཞེས་པ་དེ་ངེས་པར་དུ་འབུལ་ལམ་ཞུས་དགོས་པའི་གྲོས་ཆོད་ཞིག་གཏན་འབེབས་གནང་འདུག རྩ་བའི་ཟླ་བ་སྔོན་མའི་ཚེ་ཤར་ཙམ་ལ་བཞུགས་སྒར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་དང་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཤཱན་ཏ་ཀུ་མཱར་མཆོག་གིས་བརྩམས་ཆོས་ཧི་མཱ་ལ་ཡ་པར་ལཱལ་ཆཱཡཱ་འམ་ཧི་མཱ་ལ་ཡིའི་མཐོ་སྒང་སྟེང་གྲིབ་གཟུགས་དམར་པོ་ཞེས་པའི་ཧིན་དྷིའི་སྐད་ཡིག་སྟེང་ཡོད་པའི་ལོ་རྒྱུས་ཀྱི་ཕྱག་དེབ་གཅིག་དབུ་འབྱེད་བཀྲིན་བསྩལ་སྐབས། སྐུ་ཞབས་ཤཱན་ཏ་ཀུ་མཱར་མཆོག་གིས་རྒྱ་གར་གཞུང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་རྗེས་ཁག་ལ་ཆེ་བསྟོད་ཞུ་ཕྱིར་རྒྱ་གར་སྤྱི་དམངས་ཀྱི་གཟེངས་རྟགས་ཆེ་ཤོས་ Bharat Ratna ཞེས་པ་དེ་མགོན་པོ་༸གང་ཉིད་མཆོག་ལ་ངེས་པར་དུ་འབུལ་ལམ་ཞུས་དགོས་ཅེས་གསུང་བཤད་གནང་ཡོད་པ་རེད། ལ་དྭགས་སུ་བཅའ་བཞུགས་ BJB གཞུང་འཛིན་ཚོགས་པའི་ས་གནས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ཀྱིས་སྐུ་ཞབས་ཤཱན་ཏ་ཀུ་མཱར་མཆོག་གི་གསུང་བཤད་དེར་རྒྱབ་སྐྱོར་ཞུས་པ་དང་སྦྲགས། ཐེངས་འདིིའི་ལྷན་ཚོགས་ཐོག་༸གོང་ས་མཆོག་ལ་གཟེངས་རྟགས་དེ་ཕུལ་དགོས་པའི་གྲོས་འཆར་བསྣམས་ཕེབས་པ་ཞིག་ཆགས་ཀྱི་ཡོད་པ་རེད། གཞི་རྩའི་ལ་དྭགས་རང་སྐྱོང་རི་ལྗོངས་ལྷན་ཚོགས་གཙོས་པའི་ཉེ་དུས་སུ་རྒྱ་གར་བྱང་ཤར་མངའ་སྡེ་ཨ་རུ་ནཱ་ཅལ་དུ་རྟེན་གཞི་བྱས་པའི་ཨ་རུ་ནཱ་ཅལ་བོད་དོན་རྒྱབ་སྐྱོར་ཚོགས་པ།  དེ་བཞིན་ཟླ་ ༡༢ ཚེས་ ༦ ཉིན་སྐུ་ཞབས་ཤཱན་ཏ་ཀུ་མཱར་མཆོག་གིས་དབུ་ཁྲིད་འོག་རྒྱལ་ས་ལྡི་ལིར་ཚོགས་པའི་སྐབས་ ༡༦ པའི་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་སྟེང་དེ་སྔའི་གྲོས་ཆོད་ཁག་ཅིག་བསྐྱར་ཞིབ་དང་མཇུག་སྐྱོང་གནང་ཕྱོགས་སོགས་ཀྱི་ཐོག་གྲོས་བསྡུར་གནང་པ་མ་ཟད། གྲོས་ཚོགས་འཐུས་མི་རྣམས་ནས་རིང་མིན་༸གོང་ས་མཆོག་ལ་རྒྱ་གར་གཞུང་ནས་རྒྱ་གར་སྤྱི་དམངས་ཀྱི་གཟེངས་རྟགས་ཆེ་ཤོས་ Bharat Ratna ཞེས་པ་དེ་འབུལ་ལམ་ཞུ་རྒྱུར་ཤུགས་སྣོན་བསྐྱོན་རྒྱུའི་གྲོས་ཆོད་ཞིག་ཀྱང་བཞག་གནང་ཡོད་པ་རེད།

Latest news