Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་༸ཞབས་སོར་བདེ་བར་འཁོད་པ།

དེ་རིང་ཟླ་ ༡༢ ཚེས་ ༡༦ ཉིན་སྔ་དྲོ་ཚོུད་ ༡༡།༠༠ ཡོལ་ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཀ་ན་ཊ་ཀ་མངའ་སྡེའི་གྲོང་ཁྱེར་སྦེང་ལོར་ནས་མཁའ་ལམ་བརྒྱུད་ཧུབ་ལི་གནམ་ཐང་དང་། དེ་ནས་ཆིབས་གྲུ་ནང་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིགས་སྒར་མོནགྷོ་འདོད་རྒུ་གླིང་དུ་རྟེན་གཞི་བྱས་པའི་གདན་ས་ཆེན་པོ་འབྲས་སྤུངས་ཚོགས་ཆེན་དུ་༸ཞབས་སོར་བདེ་བར་འཁོད་པར་གཞུང་འབྲེལ་དང་གཞུང་མིན་པའི་ཚོགས་ཁག་གི་གནད་ཡོད་མི་སྣ་སོགས་ཆེད་བཅར་གྱིས་ཕེབས་བསུ་ཞུས་པ་དང་། མོན་གྷོ་འདོད་རྒུ་གླིང་གི་ཕེབས་ལམ་གཡས་གཡོན་དུ་ས་གནས་བོད་མི་སེར་སྐྱ་མང་ཚོགས་ཚོས་ཕྱག་ཏུ་དཀར་གཙང་གི་མཇལ་དར་སོགས་བསྣམས་ཏེ་དགའ་གུས་ཆེན་པོས་༸གང་ཉིད་མཆོག་ལ་ཕེབས་བསུ་ཞུས་པ་མ་ཟད། འབྲས་སྤུངས་བླ་སྤྱིའི་ཚོགས་ཆེན་གྱི་སྒོ་འགྲམ་དུ་དགའ་ལྡན་ཁྲི་པ་གསར་རྙིང་དབུས་པའི་བྱང་རྩེ་ཆོས་རྗེ་རིན་པོ་ཆེ། འབྲས་སྤུངས་ཁྲི་པ་སོགས་མཁན་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་ནས་༸གང་ཉིད་མཆོག་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆེས་ཐོག་མར་འབྲས་སྤུངས་ཚོགས་ཆེན་གྱི་རྟེན་གཙོ་ཁག་ལ་གནས་གཟིགས་མཛད་གྲུབ་བསྟུན་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་དགའ་ལྡན་ཁྲི་པ་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཡོད་པ་དང་། དེ་རྗེས་༸གོང་ས་མཆོག་གིས་དཔལ་ན་ལེནྡྲ་གཉིས་པར་གྲགས་པའི་འབྲས་སྤུངས་དགོན་པ་ཕྱག་བཏབ་ཏེ་ལོ་ངོ་ ༦༠༠ ཐམ་པ་འཁོར་བ་དེའི་རིང་བསྟན་འཛིན་གྱི་སྐྱེས་ཆེན་དུ་མ་བྱོན་པ་མ་ཟད། ལྷག་དོན་བསྟན་པ་དང་འགྲོ་བའི་དོན་གྱི་སླད་དུ་རླབས་ཆེན་གྱི་མཛད་རྗེས་འཇོག་གནང་པར་བཀའ་དྲིན་རྗེས་དྲན་གྱི་བཀའ་སློབ་བསྩལ་ཡོད་པ་རེད། ༸གོང་ས་མཆོག་གིས་སྐབས་དེར་དཔལ་ན་ལེནྡྲ་ནས་བརྒྱུད་པའི་ཆོས་ཚུལ་དེ་དག་སོག་པོ་དང་བོད་གཉིས་ཀྱི་ནང་ལ་ལོ་སྟོང་ཕྲག་རིང་མི་ཉམས་རྒྱུན་འཛིན་བྱས་ཡོད་པ་དང་། མ་འོངས་པར་ཡང་མུ་མཐུད་མི་ཉམས་རྒྱུན་འཛིན་གནང་དགོས་གལ་ཡིན་པར་ལམ་སྟོན་བཀའ་སློབ་བསྩལ་སོང་། ༸གོང་ས་མཆོག་གིས་ཐེངས་འདིར་དགེ་བཤེས་མ་ཐོན་མཁན་བཙུན་མ་ ༢༠ རྣམས་ལ་དགེ་བཤེས་མའི་ཕྱག་འཁྱེར་གསོལ་བསྩལ་གནང་གཏན་འཁེལ་ཡོད་པ་ལྟར། དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་སྟབས། ༸གོང་ས་མཆོག་གི་ངོས་ནས་བསྟན་པའི་ཞབས་འདེགས་ཞིག་ཡིན་པ་དགོངས་ཀྱི་ཡོད་པ་དེ་བཞིན་སངས་རྒྱས་ཀྱི་བསྟན་པ་དེ་མ་འོངས་གཞི་རིམ་མང་ཚོགས་ཀྱི་ཁྲོད་ནས་འཛིན་སྐྱོང་སྤེལ་གསུམ་གནང་རྒྱུ་གནད་ཆེ་ཡིན་པ་ལྟར་མང་ཚོགས་ཚོའི་ངོས་ནས་ནང་ཆོས་ལ་སློབ་གཉེར་གནང་པར་ཤུགས་སྣོན་བསྐྱོན་དགོས་སྐོར་བཀའ་སློབ་བསྩལ་སོང་། མཛད་འཆར་ལྟར་ན། སང་ཉིན་ཟླ་ ༡༢ ཚེས་ ༡༧ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འབྲས་སྤུངས་བདེ་ཡངས་གྲྭ་ཚང་གི་ཞོགས་ཚོགས་ཀྱི་ཚོགས་མགོན་དུ་དབུ་བཞུགས་མཛད་རྒྱུ་དང་། དེ་རྗེས་རྭ་སྟོད་གྲྭ་ཚང་གི་ཆོས་ར་གསར་པ་དབུ་འབྱེད་རབ་གནས་བཀྲིན་ཆེ་བ་བསྐྱང་རྒྱུ་བཅས་ཀྱི་མཛད་རིམ་ཁག་ཅིག་ཡོད་པ་རེད། གཞན་ཡང་འབྲས་སྤུངས་དགོན་པ་ཕྱག་བཏབ་ནས་ལོ་ངོ་ ༦༠༠ འཁོར་བའི་རྗེས་དྲན་གྱི་གནང་སྒོའི་ཆ་ཤས་སུ་ཚེས་ ༡༨ ནས་ ༢༠ བར་ཉིན་གསུམ་རིང་ཚན་རིག་བགྲོ་གླེང་ཐོག་དབུ་བཞུགས་ཀྱིས་བཀའ་སློབ་བསྩལ་རྒྱུ་ཡིན་པ་རེད།

༸གོང་ས་མཆོག་གིས་སྦེང་ལོར་ནང་ཁྲིམས་ཀྱི་སློབ་གཉེར་ཁང་ཆེ་གྲས་ཤིག་ལ་ཆིབས་བསྒྱུར་མཛད་པ།

དེ་རིང་ཟླ་ ༡༢ ཚེས་ ༡༥ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྦེང་ལོར་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་ཡོངས་ནང་གི་ཁྲིམས་ཀྱི་སློབ་གཉེར་ཁང་སྙན་སྒྲགས་ཆེ་ཤོས་ National Law School of India University ཞེས་པ་དེར་ཆིབས་བསྒྱུར་བསྐྱངས་གནང་མཛད་ཡོད་པ་རེད། དེ་རིང་ཟླ་ ༡༢ ཚེས་ ༡༥ ཉིན་སྦེང་ལོར་ནང་གི་སྙན་སྒྲགས་ཆེ་བའི་ཁྲིམས་ཀྱི་སློབ་གཉེར་ཁང་དེའི་ངོས་ནས་ལོ་ཤས་གོང་༸གང་ཉིད་མཆོག་སློབ་གཉེར་ཁང་དུ་ཆིབས་བསྒྱུར་མཛད་རྒྱུར་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸གང་ཉིད་མཆོག་སྦེང་ལོར་དུ་ཆིབས་བསྒྱུར་གནང་པ་དང་བསྟུན་སློབ་གཉེར་ཁང་དུ་དངོས་སུ་ཆིབས་བསྒྱུར་བཀྲིན་ཆེ་བ་བསྐྱངས་ཏེ་དགེ་ལས་སློབ་གཉེར་བ་རྣམས་ལ་བླང་དོར་གྱི་བཀའ་སློབ་བསྩལ་ཡོད་པ་རེད། སྐབས་དེར་༸གོང་ས་མཆོག་གིས་དགེ་ལས་སློབ་གཉེར་བ་རྣམས་ལ་དུས་རབས་ ༢༡ པ་འདི་ཞི་བདེ་ལྡན་པའི་དུས་རབས་ཤིག་ཏུ་བསྐྲུན་རྒྱུའི་ཐད་གཞོན་སྐྱེས་ཚོར་འོས་འགན་ཆེན་པོ་ཡོད་སྐོར་བཀའ་སྩལ་གནང་པ་དང་འབྲེལ། འཕགས་བོད་གཉིས་ཟེར་ནས་ལོ་རྒྱུས་ཐོག་ནས་དམིགས་བསལ་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད་པ་དང་དེ་ནི་ཧ་ལམ་ཆོས་དང་ལྟ་གྲུབ་ཀྱི་ཆ་ནས་ང་ཚོ་དབར་དམིགས་བསལ་གྱི་འབྲེལ་བ་ཞིག་ཆགས་ཡོད་སྐོར་བཀའ་བསྩལ་མཛད་འདུག དེ་རིང་༸གང་ཉིད་མཆོ་གིས་སྦེང་ལོར་ནང་གི་མཛད་འཆར་མཐའ་མ་བསྐྱངས་གྲུབ་བསྟུན། སང་ཉིན་ཕྱི་ཚེས་ ༡༦ ཉིན་༸གོང་ས་མཆོག་མཁའ་ལམ་བརྒྱུད་མོན་གྷོ་ཕྱོགས་སུ་ཆིབས་བསྒྱུར་མཛད་རྒྱུ་རེད་འདུག རྩ་བའི་༸གོང་ས་མཆོག་གིས་མོན་གྷོ་བོད་མིའི་གཞིས་སྒར་དུ་བོད་ཀྱི་ལོ་རྒྱུས་ནང་ཆེས་ཐོག་མ་ཆགས་པའི་དགེ་བཤེས་མའི་བསླབ་པ་མཐར་སོན་གྱི་བཙུན་ ༢༠ དེ་དག་ལ་དགེ་བཤེས་མའི་ཕྱག་འཁྱེར་གསོལ་བསྩལ་མཛད་རྒྱུ་ཡིན་པ་དང་། སེམས་དང་སྲོག་གི་ཚན་རིག་བགྲོ་གླེང་ཐོག་དབུ་བཞུགས་མཛད་ཀྱི་ཡོད་པ་རེད། དེ་མཚུངས་སུ་དཔལ་ལྡན་འབྲས་སྤུངས་དགོན་པ་ཕྱག་བཏབ་ནས་ལོ་ ༦༠༠ འཁོར་བའི་རྗེས་དྲན་མཛད་སྒོར་དབུ་བཞུགས་མཛད་ནས་དགེ་བཤེས་ལྷ་རམས་དང་བཀའ་རམས་ཐོན་མཁན་རྣམས་ལ་ཕྱག་འཁྱེར་གསོལ་བསྩལ་མཛད་རྒྱུ་ཡིན་པ་མ་ཟད། ༸གང་ཉིད་མཆོག་མོན་གྷོ་འདོ་རྒུ་གླིང་བོད་མིའི་གཞིས་ཆགས་ཀྱི་གཏན་སློབ་གསར་འཛུགས་གནང་སྟེ་ལོ་ ༥༠ འཁོར་བའི་དུས་དྲན་མཛད་སྒོར་དབུ་བཞུགས་མཛད་རྒྱུ་སོགས་ཀྱི་མཛད་འཆར་ཁག་ཅིག་ཐུགས་གཏན་འཁེལ་ཡོད་པ་རེད།

༸གོང་ས་མཆོག་གིས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དབུ་འབྱེད་རབ་གནས་དང་བཀའ་སློབ་བསྩལ་གནང་མཛད་པ།

རྒྱ་གར་ལྷོ་ཕྱོགས་ཀ་ན་ཊ་ཀ་མངའ་སྡེའི་སྦེང་ལོར་གྲོང་ཁྱེར་ནང་གི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ནས་༸གང་ཉིད་མཆོག་ལ་ཇི་ལྟར་གདན་ཞུ་གསོལ་འདེབས་ཞུས་དོ ན་ལྟར།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཏཱ་ལའི་བླ་མ་མཐོ་སློབ་ཁང་དབུ་འབྱེད་རབ་གནས་བཀྲིན་ཆེ་བ་བསྐྱངས་པ་དང་དགེ་ལས་སློབ་གཉེར་བ་དང་སྐུ་མགྲོན་རྣམ་པར་བཀའ་སློབ་བསྩལ་ཡོད་པ་རེད། དེ་རིང་ཟླ་ ༡༢ ཚེས་ ༡༤ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྷེང་ལོར་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་༸ཞབས་སོར་བདེ་བར་འཁོད་ནས་སློབ་གཉེར་ཁང་དབུ་འབྱེད་རབ་གནས་བཀའ་དྲིན་བསྐྱངས་པ་དང་འབྲེལ། སྐུ་མགྲོན་གཙོ་བོ་ཀ་ན་ཊ་ཀའི་ནང་སྲིད་བློན་ཆེན་སྐུ་ཞབས་ Dr G Parameshwara མཆོག་གིས་དབུས་པའི་དམིགས་བསལ་སྐུ་མགྲོན་དུ་མེ་སོར་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་སྐུ་ཞབས་ K.S Rangappa མཆོག་དང་གནད་ཡོད་མི་སྣ་ཁག་ཅིག བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག ཕྱོགས་བཞུགས་སྤྱི་འཐུས་རྣམ་པ། ས་འགོ་རྣམ་པ་གཙོས་པའི་ས་གནས་མང་ཚོགས། ཕྱི་ནང་གི་སྐུ་མགྲོན་རྣམ་པ་དང་དེ་བཞིན་དགེ་ལས་སློབ་གཉེར་བ་བཅས་ཁྱོན་མི་གྲངས་ ༡༠༠༠ ལྷག་ལྷན་འཛོམས་གནང་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་བསྩལ་ཡོད་པ་རེད། མཛད་སྒོ་དེའི་ཆེས་ཐོག་མར་མཐོ་སློབ་དེའི་སློབ་སྤྱི་བོུ་ཚེ་རིང་ལགས་ཀྱིས་མཐོ་སློབ་ཁང་དེ་ ༢༠༠༦ ལོར་༸གོང་ས་མཆོག་གིས་འཛུགས་བསྐྲུན་རྨང་གཞིའི་ས་བོན་འོག་དབུ་འཛུགས་གནང་པ་ནས་བཟུང་ད་བར་ལོ་བཅུ་ཙམ་འགྲོ་བཞིན་ཡོད་པ་དང་། སློབ་གཉེར་ཁང་འདི་ནི་ཤེས་ཡོན་ཁོ་ན་ཙམ་མིན་པར་མིའི་བཟང་སྤྱོད་གོང་འཕེལ་གཏོང་ཐབས་བཅས་ལ་ཆེད་དམིགས་གནང་པ་ཞིག་ཡིན་པ་གསུངས་ཡོད་པ་རེད། ༸གོང་ས་མཆོ་གིས་མཛད་སྒོར་བཅར་བའི་སྐུ་མགྲོན་དང་དགེ་ལས་སློབ་གཉེར་བ་རྣམས་ལ་འཚམས་འདྲི་གནང་པ་དང་སྦྲགས། ད་བར་བོད་མིའི་ཐུན་མིན་ཆོས་རིག་གསོན་པོ་གནས་ཐུབ་པ་བྱུང་བ་འདི་ནི་གཞིགས་ལུས་རྒྱ་ཆེ་མང་ཚོགས་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་ཁོ་ནར་བརྟེན་ནས་བྱུང་བ་ཞིག་ཡིན་སྐོར་བཀའ་སྩལ་གནང་སོང་བ་དང་། དེ་མིན་ཕྱོགས་མང་པོ་ཞིག་ནས་གནོན་ཤུགས་ཧ་ཅང་སྤྲོད་བཞིན་ཡོད་པས་ད་ལྟའི་བོད་རིགས་གཞོན་སྐྱེས་ཚོར་བོད་ཀྱི་ཆོས་རིག་མི་ཉམས་རྒྱུན་གནས་ཐུབ་ཐབས་སུ་འགན་འཁྲི་ཆེན་པོ་ཡོད་པ་བཀའ་བསྩལ་ཡོད། དེ་བཞིན་༸གོང་ས་མཆོག་གིས་འཕགས་བོད་གཉིས་ཟེར་ནས་ལོ་རྒྱུས་ཐོག་ནས་དམིགས་བསལ་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། འཕགས་བོད་གཉིས་ཀྱི་འབྲེལ་བ་ནི་ཧ་ལམ་ཆོས་དང་ལྟ་གྲུབ་ཆ་ནས་ང་ཚོ་དགེ་རྒན་དང་དགེ་ཕྲུག་ནང་བཞིན་ཆགས་ཡོད། དེ་ལྟ་བུའི་དམིགས་བསལ་གྱི་འབྲེལ་བ་ཆགས་ཡོད་པར་བརྟེན་འཕགས་བོད་གཉིས་ཀྱི་མིའི་བསམ་བློ་ནང་བོད་ཅེས་བརྗོད་དུས་རང་བཞིན་གྱི་སེམས་ཐག་ཉེ་བོ་ཡོང་བཞིན་འདུག་ཅེས་སོགས་བཀའ་སློབ་བསྩལ་ཡོད་པ་རེད། དེ་བཞིན་སྐུ་མགྲོན་གཙོ་བོ་ཀ་ན་ཊ་ཀའི་ནང་སྲིད་བློན་ཆེན་སྐུ་ཞབས་ Dr G Parameshwara མཆོག་གིས་བོད་མི་རྣམས་རྒྱ་གར་ནང་དུ་མི་མཐུད་བཞུགས་དགོས་པ་མ་ཟད། བོད་མི་རྣམས་ལ་དཀའ་ངལ་རིགས་གང་འཕྲད་ཀྱང་མངའ་སྡེ་གཞུང་གིས་མུ་མཐུད་ནས་མཐུན་བསྒྱུར་རོགས་རམ་གནང་ངེས་ཡིན་པ་སོགས་ཀྱི་གསུང་བཤད་གནང་ཡོད། དམིགས་བསལ་སྐུ་མགྲོན་མེ་སོར་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་སྐུ་ཞབས་ K.S Rangappa མཆོག་གིས་ཤེས་ཡོན་གྱི་གལ་གནད་སྐོར་གསུང་བཤད་གནང་པ་དང་འབྲེལ་ཏེ་མེ་སོར་གཙུག་ལག་སློབ་གཉེར་ཁང་གིས་ཏཱ་ལའི་བླ་མ་མཐོ་སློབ་ཁང་ལ་ད་བར་རྒྱབ་སྐྱོར་གནང་མུས་ཡིན་པ་དང་མ་འོངས་པའང་མུ་མཐུད་རྒྱབ་སྐྱོར་གནང་ངེས་ཡིན་སྐོར་གསུངས་སོང་། གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་བོད་པའི་གཞོན་སྐྱེས་ཚོའི་ངོས་ནས་རང་རིགས་ཀྱི་སྐད་ཡིག་ལ་རྒྱུ་མཚན་ཤེས་པའི་ཐོག་ནས་དོ་སྣང་གནང་དགོས་གལ་ཡིན་པའི་གཞེན་སྐུལ་ཤུགས་ཆེ་གནང་ཡོད་པ་རེད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མེ་སོར་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བསླབ་པ་མཐར་སོན་གྱི་སློབ་མ་རྣམས་ལ་ཕྱག་འཁྱེར་བསྩལ་བ།

རྒྱ་གར་ལྷོ་ཕྱོགས་ཀ་ན་ཊ་ཀ་མངའ་སྡེའི་མེ་སོར་གྲོང་ཁྱེར་ནང་གི་མཐོ་སློབ་རྙིང་ཤོས་གྲས་ཡིན་པ་ཀ་ན་ཊ་ཀ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནས་ཇི་ལྟར་གདན་ཞུ་གསོལ་འདེབས་ཞུས་དོན་ལྟར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མེ་སོར་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བསླབ་པ་མཐར་སོན་གྱི་སློབ་མ་རྣམས་ལ་ཕྱག་འཁྱེར་བསྩལ་གནང་མཛད་ཡོད་པ་རེད། དེ་རིང་ཟླ་ ༡༢ ཚེས་ ༡༣ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ crawfort hall མཐོ་སློབ་དེའི་བསླབ་པ་མཐར་སོན་གྱི་མཛད་སྒོ་ཐེངས་ ༩༧ གྱི་སྐུ་མགྲོན་གཙོ་བོར་དབུ་བཞུགས་མཛད་པ་གཙོས། ཀ་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ His Execellency Sri Vajubhai Rudabhai vala མཆོག་དང་གནད་ཡོད་མི་སྣ་ཁག་ཅིག མཐོ་སློབ་དེའི་ཉེ་བའི་རིགས་བདག་མཆོག་གིས་དབུས་པའི་སློབ་མཐར་སོན་པའི་སློབ་གཉེར་བ་རྣམས་དང་དགེ་ལས་སློབ་གཉེར་བ་བཅས་ལྷན་འཛོམས་གནང་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསླབ་པ་མཐར་སོན་གྱི་སློབ་མ་རྣམས་ལ་ཕྱག་འཁྱེར་གསོལ་སྩལ་མཛད་ཡོད་པ་རེད། མཛད་སྒོ་དེའི་ཆེས་ཐོག་མར་མཐོ་སློབ་དེའི་ཉེ་བའི་རིགས་བདག་མཆོག་ནས་མཐོ་སློབ་ཁང་དེའི་ངོ་སྤྲོད་གསུང་བཤད་གནང་གྲུབ་བསྟུན། མཐོ་སློབ་དེའི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་ཀྱི་ཕྱག་འཁྱེར་ཞིག་དང་དྲན་རྟེན་གྱི་ཕྱག་ཚོད་གཅིག་བཅས་ཕུལ་ཡོད་པ་རེད། ༸གོང་ས་མཆོག་གིས་སྐབས་དེར་བསླབ་པ་མཐར་སོན་གྱི་སློབ་ཕྲུག་ཚོར་ཕྱག་འཁྱེར་གསོལ་སྩལ་གནང་པ་དང་འདི་བཞིན་སློབ་མཐར་སོན་པའི་སློབ་གཉེར་བ་རྣམས་ལ་དགའ་བསུའི་འཚམས་འདྲི་མཛད་ཡོད་པ་རེད། དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་ཀ་ན་ཊ་ཀའི་མངའ་སྡེ་སྲིད་སྐྱོང་མཆོག་ལ་ཞལ་ཕྱོགས་ཏེ་བོད་མི་རྣམས་བཙན་བྱོལ་དུ་འགྱར་རྗེས་རྒྱ་གར་གྱི་སྲིད་བློན་ནེཧརུ་མཆོག་དང་སྐབས་དེའི་མངའ་སྡེའི་བློན་ཆེན་འདས་པོ་སྐུ་ཞབས་ནི་ཇ་ལིང་ག་པ་མཆོག་གིས་ཐུགས་འཁུར་གཙོ་བཞེས་ཐོག་བོད་མི་སྐྱབས་བཅོལ་བ་ཁྲི་བཞི་ལྔ་ཙམ་ལ་མངའ་སྡེའི་དེའི་ནང་གཞིས་ཆགས་པ་ནས་བཟུང་མངའ་སྡེ་དེ་དང་དམིགས་བསལ་གྱི་འབྲེལ་བ་ཞིག་ཆགས་ཡོད་པར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་སྐོར་སོགས་ཀྱི་བཀའ་སློབ་བསྩལ་མཛད་ཡོད་པ་རེད། གཞན་ཡང་༸གང་ཉིད་མཆོག་གིས་ཤེས་ཡོན་གྱི་རིན་ཐང་ནི་མིའི་སྤྱི་ཚོགས་ལ་ཕན་བདེ་བསྐྲུན་རྒྱུ་དེ་ཡིན་པ་མ་ཟད། ལྷག་དོན་མཐོ་སློབ་དེ་ནས་ཐོན་པའི་སློབ་མ་ཚོས་ཀྱང་རྒྱལ་ཁབ་འདི་ཡར་རྒྱས་ཆེད་ཕན་བདེ་རྒྱ་ཆེན་པོ་བསྐྲུན་ཐུབ་རྒྱུ་ཡིན་སྐོར་སོགས་བཀའ་སློབ་ཟབ་མོ་བསྩལ་གནང་སོང་། ཐེངས་འདིའི་བསླབ་པ་མཐར་སོན་གྱི་ཕྱག་འཁྱེར་བཞེས་མཁན་སློབ་ཕྲུག་ཁོངས་སུ་མོན་གྷོ་བོད་མིའི་གཞིས་ཆགས་ནས་ཡིན་པའི་བོད་རིགས་བོུ་གཉིས་ཡོད་པ་རེད། མཛད་འཆར་ལྟར་ན། སང་ཉིན་ཟླ་ ༡༢ ཚེས་ ༡༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྦེང་ལོར་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་མཐོ་སློབ་ཁང་དབུ་འབྱེད་ཀྱི་མཛད་སྒོར་དབུ་བཞུགས་མཛད་ཀྱི་ཡོད་པ་རེད།

མོན་གྷོ་བཙུན་དགོན་བྱང་ཆུབ་གླིང་དུ་དགེ་བཤེས་མའི་གྲྭ་བསྐོར་དམ་བཅའ་འཇོག་འགོ་ཚུགས་འདུག

འདི་ལོའི་ཕྱི་ཟླ་ ༥ ནང་དགེ་བཤེས་མའི་རྒྱུགས་སྤྲོད་སྐབས་ ༤ པའི་གྲུབ་འབྲས་གསལ་བསྒྲགས་གནང་པ་དང་སྦྲགས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་མདུན་ནས་བཙུན་མ་ཉི་ཤུ་དེ་དག་གིས་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་རང་བཞིན་ལྡན་པའི་དགེ་བཤེས་མའི་མཚན་གནས་ཆེས་ཐོག་མ་དེ་བཞེས་རྒྱུ་གཏན་འཁེལ་བྱུང་དོན་ལྟར། ཁ་སང་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱིས་གཙོ་འགན་ཐོག་རྒྱ་གར་ལྷོ་ཕྱོག་མོན་གྷོ་བཙུན་དགོན་བྱང་ཆུབ་གླིང་དུ་ཉིན་བཞིའི་རིང་དགེ་བཤེས་མའི་གྲྭ་བསྐོར་དམ་བཅའ་འཇོག་འགོ་ཚུགས་ཡོད་པ་རེད། དེ་ཡང་ཆོས་རིག་ལས་ཁུངས་དང་དགེ་བཤེས་མའི་རྒྱུགས་སྤྲོད་དོ་དམ་ལྷན་ཚོགས། བཙུན་དགོན་བྱང་ཆུབ་ཆོས་གླིང་གསུམ་གྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཁ་སང་དགེ་བཤེས་མའི་གྲྭ་བསྐོར་དམ་བཅའ་འབུལ་བཞེས་ཀྱི་མཛད་སྒོའི་ཚོགས་མགོན་དུ་༸སྐྱབས་རྗེ་དགའ་ལྡན་ཁྲི་ཟུར་རི་རྫོང་སྲས་སྤྲུལ་རིན་པོ་ཆེ་མཆོག་གིས་དབུས། བཙུན་དགོན་ཁག་གི་དཔེ་འཁྲིད་དགེ་རྒན་རྣམ་པ། འཇང་དགུན་ཆོས་ཐོག་བཅར་བའི་བཙུན་དགོན་ཁག་བཅུའི་བཙུན་མ་ ༥༠༠ བཅས་ལྷན་འཛོམས་གནང་འདུག། དགེ་བཤེས་མའི་སློབ་མཐར་སོན་པའི་བཙུན་མ་ ༢༠ དེ་དག་ལ་བཙུན་དགོན་བྱང་ཆུབ་ཆོས་གླིང་དང་འཇམ་དབྱངས་ཆོས་གླིང་། སྒྲོལ་མ་གླིང་བཅས་ཀྱི་དགེ་བཤེས་མ་ལྔ་ནས་དབུ་པ། ཚད་མ། ཕར་ཕྱིན། འདུལ་བ། དེ་བཞིན་མཛོད་བཅས་གཞུང་ཆེན་བཀའ་པོད་ལྔའི་ཐོག་ལ་དམ་འཇོག་ཚིག་འདོན་གནང་པ་དང་འདི་བཞིན་དེ་རེ་རེའི་ཐོག་དམ་བཅའ་འཇོག་དགོས་པ་དང་དྲི་བ་འདྲི་ལན་གནང་གི་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་དྲུང་འཕར་ཐུབ་བསྟན་ལགས་སུ་བཀའ་འདྲི་ཞུས་པར། ཁོང་གིས་ཁ་སང་ནས་དབུ་འཛུགས་གནང་པའི་ཉིན་བཞིའི་དགེ་བཤེས་མའི་གྲྭ་བསྐོར་དམ་བཅའ་འཇོག་རྒྱུའི་མཛད་རིམ་དེར་དགེ་བཤེས་མ་ ༢༠ ནས་གཞུང་ཆེན་བཀའ་པོད་ལྔའི་དམ་བཅའི་ཚིག་རྣམས་རིམ་བཞིན་གསུང་འདོན་གྱིས་དམ་བཅའ་འཇོག་རྒྱུ་མ་ཟད། རིང་མིན་ཟླ་ ༡༢ ཚེས་ ༢༢ ཉིན་འབྲས་སྤུངས་བླ་སྤྱིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དགེ་བཤེས་མའི་མཚན་རྟགས་ཀྱི་ཕྱག་འཁྱེར་གསོལ་སྩལ་མཛད་རྒྱུ་ཡིན་པ་རེད་ཅེས་སོགས་གསུངས་སོང་། གཞི་རྩའི་དགེ་བཤེས་མ་གཏོང་རྒྱུའི་ལས་རིམ་དེ་ནི་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་སྔ་རྗེས་སུ་ཕེབས་པའི་དགོངས་དོན་ལྟར།  བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་གཙོ་འགན་བཞེས་ཏེ་ཕྱི་ལོ་ ༢༠༡༢ ལོར་བོད་ཀྱི་བཙུན་དགོན་དང་སློབ་གཉེར་ཁང་ནས་གཞུང་ཆེན་བཀའ་པོད་ལྔའི་ཐོག་ལ་བསླབ་མཐར་སོན་པའི་བཙུན་མ་རྣམས་ལ་དགེ་བཤེས་མའི་རྒྱུགས་སྤྲོད་དང་མཚན་རྟགས་འབུལ་ཕྱོགས་ཀྱི་སྒྲིག་གཞི་ཞེས་པ་གསར་དུ་གཏན་ལ་ཕབ་སྟེ། ༢༠༡༣ ནས་དབུ་འཛུགས་གནང་ཡོད་པ་དང། དེ་ཡང་གཙོ་བོ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་། བཙུན་དགོན་དགེ་ལྡན་ཆོས་གླིང་དང་སྒྲོལ་མ་གླིང་སོགས་བཙུན་དགོན་དྲུག་དང་། དེ་བཞིན་རྡ་ས་རིགས་ལམ་སློབ་གཉེར་ཁང་བཅས་ནས་ཐུགས་འགན་བཞེས་གནང་ཡོད་པ་རེད། དགེ་བཤེས་མའི་རྒྱུགས་སྤྲོད་དོ་དམ་ཚོགས་ཆུང་གིས་གྲུབ་འབྲས་ཕྱོགས་བསྡོམས་ཀྱི་གསལ་བསྒྲགས་སྤེལ་དོན་བཞིན་ཐེངས་འདིར་ལོ་རིམ་ཁག་བཞིའི་བཙུན་མ་ཞལ་གྲངས་ ༤༤ ནས་རྒྱུགས་སྤྲོད་ནང་མཉམ་ཞུགས་གནང་པའི་ཁྲོད།  ལོ་རིམ་དང་པོའི་རྒྱུགས་སྤྲོད་ནང་བཙུན་མ་ཞལ་གྲངས་ ༨ ཞུགས་ཡོད་པ་དང། ལོ་རིམ་གཉིས་པའི་ནང་དུ་ ༡༠ དང་། ལོ་རིམ་གསུམ་པའི་ནང་དུ་ ༦ དང་ལོ་རིམ་བཞི་པ་སྟེ་ལོ་རིམ་མཐའ་འམ་དགེ་བཤེས་མའི་རྒྱུགས་སྤྲོད་ནང་ཞུགས་མཁན་བཙུན་མ་ཞལ་གྲངས་ ༢༠ བྱུང་ཡོད་པ་བཅས་ལོ་རིམ་བཞི་ཀའི་ནང་བཙུན་པ་ཆ་ཚང་རྒྱུགས་ཕྲོད་ཐུབ་པ་བྱུང་ཡོད་པ་རེད།

༸གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་མཆོག་དང་མཇལ་མོལ་མཛད་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་གྱི་སྲིད་འཛིན་སྐུ་ཞབས་ Pranab Mukherjee མཆོག་དང་མཇལ་མོལ་གནང་པ་མ་ཟད། སྲིད་འཛིན་མཆོག་དང་ལྷན་རྒྱས་ཕྲུ་གུའི་བདེ་དོན་དང་འབྲེལ་བའི་ལྷན་ཚོགས་ཤིག་གི་དབུ་འབྱེད་དང་མཇུག་བསྡོམས་ཀྱི་མཛད་སྒོར་དབུ་བཞུགས་མཛད་འདུག སྲིད་འཛིན་གྱི་ཕོ་བྲང་ Rashtrapati Bhawan ནང་དུ་གོ་སྒྲིག་ཞུས་པའི་ལྷན་ཚོགས་དེ་ནི་ཕྱི་ལོ་ ༢༠༡༤ ལོར་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་སྐུ་ཞབས་ Kailash Satyarthi ལགས་ཀྱིས་ཆེད་བཙུགས་གནང་པའི་བྱིས་པའི་ལྟ་སྐྱོང་ཐེབས་རྩ་ཁང་གིས་གོ་སྒྲིག་གནང་པ་ཞིག་ཡིན་པ་དང་། ལྷན་ཚོགས་དེའི་ཐོག་སྲིད་འཛིན་ Pranab Mukherjee མཆོག་དང་སྐུ་ཞབས་ Kailash   Satyarthi མཆོག གཞན་ཡང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཤར་ཏི་མོར་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ Jose Ramos Horta དང་། ཨོ་སི་ཊོ་ལི་ཡའི་སྲིད་བློན་་ཟུར་པ་ལྕམ་སྐུ་ Julia Gillard  དེ་བཞིན་ Monaco  དང་  Netherlands གྱི་སྲས་མོ། Jordan གྱི་རྒྱལ་སྲས་བཅས་ཆེད་ཕེབས་གནང་ཡོད་པ་རེད། ཕྱི་ཚེས་ ༡༠ ཉིན་ཚོགས་པའི་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རབས་ ༢༡ པ་དེ་ཞི་བདེ་དང་ལྡན་པའི་དུས་རབས་ཤིག་བསྐྲུན་རྒྱུའི་འགན་གཙོ་བོ་དེ་རང་ལོ་ ༣༠ དང་ ༢༠ རྩ་གྲངས་སོན་པའི་མི་རབས་གཞོན་སྐྱེས་ཚོར་ཡོད་སྐོར་བཀའ་ནན་མཛད་པ་དང་ཆབ་ཅིག དུས་རབས་ ༢༡ པ་དེ་ཞི་བདེ་དང་ལྡན་པའི་དུས་རབས་ཤིག་བསྐྲུན་རྒྱུའི་ཆེད་ཕྲུ་གུར་ཤེས་ཡོན་སྤྲོད་རྒྱུ་ཧ་ཅང་གནད་ཆེ་ཡིན་པ་ལྟར། ཕྲུ་གུ་དེ་དག་ལ་ཤེས་ཡོན་གྱི་མཐུན་རྐྱེན་སྦྱོར་བ་ཁོ་ན་ཙམ་མིན་པར་ཤེས་ཡོན་སྤྲོད་སྟངས་ཐོག་དོ་སྣང་གནང་གལ་ཡིན་པ་རེད་ཅེས་བཀའ་བསྩལ་འདུག དེ་བཞིན་མགོན་པོ་མཆོག་གིས་ཕྲུ་གུའི་གཤིས་ཀའི་རང་བཞིན་དེ་ནི་ཆོས་དང་རིགས་རུས་རྒྱལ་ཁབ་སོགས་ཀྱི་དབྱེ་བ་གང་ཡང་མེད་པར་བྱམས་བརྩེའི་ཀུན་ནས་བླངས་པ་ཞིག་ཡིན་སྟབས། ཕྲུ་གུའི་བདེ་དོན་ཐད་ཕྱག་ལས་གནང་མཁན་རྣམས་ནས་ཕྲུ་གུའི་རང་བཞིན་ལྷན་རྒྱས་ཀྱི་གཤིས་སྤྱོད་དེ་གཞི་རྩར་བཟུང་ཐོག་ཁོ་ཚོར་དེང་དུས་ཀྱི་ཤེས་ཡོན་སྤྲོད་པའི་སྟེང་ནང་སེམས་ཀྱི་བསམ་བློའི་སློབ་གསོ་དང་འབྲེལ་བའི་སློབ་སྦྱོང་སྤྲོད་དགོས་པ་རེད་ཅེས་བཀའ་ནན་བསྩལ་ཡོད་པ་རེད། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ས་ཚེས་ ༡༡ ཉིན་རྒྱབ་སླར་སྲིད་འཛིན་གྱི་ཕོ་བྲང་དུ་ཆིབས་བསྒྱུར་མཛད་ནས་སྲིད་འཛིན་ Pranab Mukherjee མཆོག་དང་ལྷན་ཟུར་དུ་མཇལ་མོལ་མཛད་ཡོད་པ་དང་། སྐབས་དེར་༸གང་ཉིད་མཆོག་གིས་སྲིད་འཛིན་མཆོག་གི་འཁྲུངས་སྐར་ལ་ཕྱག་རྟགས་ལ་སྟོན་པའི་སྣང་བརྙན་ཞིག་བསྩལ་ཡོད་པ་རེད། དེ་རྗེས་མགོན་པོ་༸གང་ཉིད་ནས་སྲིད་འཛིན་མཆོག་གིས་སྣེ་འཁྲིད་པའི་འོག་ནོ་བེལ་ཞི་བདེའི་དེད་དཔོན་དང་དབུ་ཁྲིད་ཁག་ཅིག་དང་ལྷན་རྒྱས་སྲིད་འཛིན་ཕོ་བྲང་གྱི་མདུན་ཐང་དུ་རྒྱ་གར་གྱི་རྒྱལ་ཡོངས་ནས་ཕྲུ་གུ་ ༥༠༠༠ འདུ་འཛོམས་ཐོག་ས་ཡ་བརྒྱ་ལ་ས་ཡ་བརྒྱ་ཞེས་གནས་སྟངས་བཟང་པའི་ཕྲུ་གུ་ས་ཡ་བརྒྱ་ནས་ཤེས་ཡོན་གྱི་མཐུན་རྐྱེན་མེད་པར་དབུལ་ཕོངས་ཀྱི་གནས་སུ་གྱར་བའི་འཛམ་གླིང་དེའི་ནང་གི་ཕྲུ་གུ་ས་ཡ་བརྒྱ་ལ་བལྟ་རྟོག་ཡོང་བའི་ལས་གཞི་དབུ་འབྱེད་མཛད་འདུག ༸གོང་ས་མཆོག་གིས་ཏུ་ཤི་ཏའི་ཆོས་ཀྱི་དགའ་སྟོན་ཐེངས་ ༢༡ ཐོག་སྙིང་རྗེ་དང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སྐོར་ལམ་སྟོན་བཀའ་སློབ་བཀྲིན་ཆེ་བ་བསྩལ་གནང་མཛད་པ།

༸གོང་ས་མཆོག་གིས་ཨམ་བིད་ཀཱར་གཙུག་ལག་སློབ་གཉེར་ཁང་གི་བསླབ་པ་མཐར་སོན་གྱི་མཛད་སྒོར་བཀའ་སློབ་བསྩལ་བ།

དེ་རིང་ཟླ་ ༡༢ ཚེས་ ༩ ཉིན་ཨམ་བིད་ཀཱར་གཙུག་ལག་སློབ་གཉེར་ཁང་གིས་མགོན་པོ་༸གང་ཉིད་མཆོག་ལ་བསླབ་པ་མཐར་སོན་གྱི་མཛད་སྒོར་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Ambedkar གཙུག་ལག་སློབ་གཉེར་ཁང་གི་བསླབ་པ་མཐར་སོན་གྱི་མཛད་སྒོ་ཐེངས་ལྔ་པའི་མགྲོན་གྱི་གཙོ་བོར་དབུ་བཞུགས་མཛད་པ་གཙོས། རྒྱལ་ས་ལྡི་ལིའི་སྲིད་སྐྱོང་སྐུ་ཞབས་ Najeeb Jung མཆོག གནད་ཡོད་མི་སྣ་ཁག་ཅིག སློབ་གཉེར་ཁང་དེའི་ཉེ་བའི་རིགས་བདག་སྐུ་ཞབས་ Shyam B. Menon མཆོག དེ་བཞིན་སློབ་མཐར་སོན་པའི་སློབ་ཕྲུག་རྣམས་དང་དེ་དག་གི་ཚོའི་ཕ་མ་བཅས་ཁྱོན་མི་གྲངས་ ༡༠༠༠ ལྷག་འདུ་འཛོམས་གནང་ཐོག་མཛད་སྒོ་ཚོགས་ཡོད་པ་རེད། སྐབས་དེར་༸གོང་ས་མཆོག་གིས་སློབ་མཏར་སོན་པའི་སློབ་གཉེར་བ་སོ་སོའི་མི་ཚེའི་མདུན་ལམ་དང་ད་ལྟའི་ཤེས་ཡོན་གྱི་ལམ་ལུགས་ནང་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་སྐོར་སློབ་ཁྲིད་གནང་ཐུབ་ཚེ་རང་ཉིད་སྒེར་ཙམ་མ་ཟད་འཛམ་གླིང་སྤྱིའི་བདེ་སྐྱིད་ཐོག་ལའང་ཕན་ཐོགས་རླབས་ཆེན་ཡོང་རྒྱུ་ཡིན་སྐོར་ལམ་སྟོན་བཀའ་སློབ་བཀྲིན་ཆེ་བ་བསྩལ་གནང་འདུག ལྷག་དོན་མགོན་པོ་མཆོག་གིས་འཛམ་གླིང་འདིའི་ནང་རྒྱལ་ཁབ་ ༢༠༠ ལྷག་ཙམ་ཡོད་པ་ལས་གནའ་དེང་བཟུང་འབྲེལ་གྱི་ཤེས་ཡོན་ཐོག་ལ་བསྐྱོད་རྒྱུའི་ནུས་པ་ཡོད་མཁན་དེ་རྒྱ་གར་འཕགས་པའི་ཡུལ་གཅིག་པོ་རེད་དྲན་གྱི་ཡོད།  ཁྱེད་ཚོས་དེའི་ཐོག་དོ་སྣང་དང་འབད་བརྩོན་གནང་ཚེ་འཛམ་གླིང་འདིའི་ནང་གི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་ཡུལ་འདིས་འཛམ་གླིང་གི་མི་མང་འཐེར་འདུམ་བདུན་ཚང་མར་དོན་དམ་གྱི་ལེགས་སྐྱེས་ཕུལ་ཐུབ་ཀྱི་རེད་ཅེས་བཀའ་ནན་བསྩལ་འདུག དེ་བཞིན་མགོན་པོ་མཆོག་གིས་ཨ་རིའི་གྲོང་ཁྱེར་ཁག་ཅིག་མི་མིང་ལ་སྙིང་རྗེའི་གྲོང་ཁྱེར་ City of Kindness དང་དེ་བཞིན་བྱམས་བརྩེའི་གྲོང་ཁྱེར་ City of Compassion ཞེས་རང་ཉིད་སོ་སོས་དང་དུ་བླངས་ཏེ་བྱམས་བརྩེའི་ཐོག་ཕྱག་ལས་གནང་བཞིན་ཡོད་སྐོར་བཀའ་བསྩལ་དང་འབྲེལ། དེ་ལྟར་གནང་ཚེ་གྲོང་ཁྱེར་དེའི་སློབ་ཕྲུག་དེ་དག་ཞི་བདེ་བག་ཕེབས་ཆེ་བ་དང་འགྲོ་བ་གཞན་གྱི་དོན་དུ་ཕྱག་ལས་གནང་པར་འདུན་པ་ཆེ་བ་ཡོང་ངེས་ཡིན་པ་སོགས་བཀའ་བསྩལ་ཡོད་པ་རེད། དེ་ལྟར་ན་བྱམས་བརྩེའི་ཐོག་ལ་སློབ་གཉེར་བ་ཚོས་སློབ་སྦྱོང་རྒྱ་གང་ཆེ་གནང་དགོས་གལ་ཡིན་པ་བཀའ་བསྩལ་མཛད་པ་མ་ཟད། ང་ཚོར་དཀའ་ངལ་ཆེན་པོ་འཕྲད་སྐབས་སེམས་ཤུགས་མ་ཆག་པར་དེར་གདོང་ལེན་གནང་ཐུབ་པའི་ནུས་པ་ཡོད་པ་ལམ་སྟོན་མཛད་འདུག ང་ཚོའི་མི་ཚེ་དེ་དྲང་པོ་དང་བདེན་པའི་ཐོག་སྐྱེལ་ཚེ་རང་ཉིད་ཀྱི་མི་ཚེ་དེ་ཕྱི་གསལ་ནང་གསལ་ཞིག་ཆགས་ཡོད་པ་རེད། ཕྱི་གསལ་ནང་གསལ་ཆགས་པ་དེས་རང་སོ་སོར་མཛའ་གྲོགས་དང་རོགས་པ་མང་པོ་ཞིག་ཡོང་ངེས་རེད་ཅེས་བཀའ་བསྩལ་འདུག སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་སྐུ་ཞབས་ Shyam B. Menon མཆོག་གིས་༸གོང་ས་མཆོག་ལ་སློབ་གཉེར་ཁང་དེར་མགོན་པོ་ཆིབས་བསྒྱུར་གྱིས་བླང་དོར་བཀའ་སློབ་བསྩལ་བར་ཐུགས་རྗེ་ཆེ་ཞེས་ཞུས་པ་མ་ཟད། ༸གང་ཉིད་མཆོག་གིས་སྤྱིར་འཛམ་གླིང་ཞི་བདེ་དང་སྒོས་ཆོས་ལུགས་མཐུན་སྒྲིག འགྲོ་བ་མི་རྣམས་གཅིག་མཚུངས་ཡིན་པའི་འདུ་ཤེས་ཀྱི་བདེ་སྐྱིད་བསྐྲུན་ཐབས་མཛད་བཟང་ལ་ཆེ་བསྟོད་ཤུགས་ཆེ་ཞུས་ཡོད་པ་རེད། རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྡི་ལིར་རྟེན་གཞི་བྱས་པའི་ Ambedkar གཙུག་ལག་སློབ་གཉེར་ཁང་གི་བསླབ་པ་མཐར་སོན་གྱི་མཛད་སྒོ་ལེགས་གྲུབ་ཟིན་རྗེས་ལྡི་ལི་བོད་ཀྱི་ཁང་པ་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བ་དང་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ཏེ་ལོ་ངོ་ ༡༠༠ ཐམ་པ་འཁོར་གྱི་སྟབས། དེ་འབྲེལ་མཛད་རིམ་ཁག་ཅིག་གི་ཚོགས་མགོན་དུ་མགྲོན་གཙོབོར་གདན་ཞུ་གསོལ་འདེབས་ཕུལ་དོན་ལྟར་དབུ་བཞུགས་མཛད་ཀྱི་ཡོད་པ་དང་། ཚེས་ ༡༡ ཉིན་ལྡི་ལྟར་རྟན་གཞི་བྱས་པའི་ Ashoka གསོལ་མགྲོན་ཁང་དུ་ Tushita ཆོས་ཚོགས་ཀྱིས་གསོལ་འདེབས་ཞུས་དོན་ལྟར་ཆོས་འབྲེལ་གྱི་མཛད་རྒྱུའི་མཛད་འཆར་ཡང་ཐུགས་གཏན་འཁེལ་ཡོད་པ་རེད།

༸གོང་ས་མཆོག་བཞུགས་སྒར་ནས་རྒྱལ་ས་ལྡི་ལི་དང་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་མཛད་འཕྲིན་ཁག་ཅིག་བསྐྱང་ཕྱིར་ཆིབས་བསྒྱུར་མཛད་པ།

དེ་རིང་ཟླ་ ༡༢ ཕྱི་ཚེས་ ༨ ཉིན་ཚོུད་ ༡།༣༠ ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་ཆིབས་ཐོན་གྱིས་གྷ་གལ་གནམ་ཐང་ནས་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་རྒྱ་གར་ལྷོ་ཕྱོགས་ཀ་ན་ཊ་ཀ་མངའ་སྡེ་ཁུལ་དུ་མཛད་འཕྲིན་ཁག་ཅིག་བསྐྱང་ཕྱིར་ཆིབས་བསྒྱུར་མཛད་སོང་། མཛད་འཆར་ལྟར་ན། སང་ཟླ་ ༡༢ ཚེས་ ༩ ཉིན་ཕྱི་དྲོ་ཚོུད་ ༢།༠༠ སྟེང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་ས་ལྡི་ལི་ནང་རྟེན་གཞི་བྱས་པའི་ Thayagraj རྩེད་རར་ཚོགས་གཏན་འཁེལ་བའི་ལྡི་ལི་བོད་ཀྱི་ཁང་པ་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བ་དང་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ཏེ་ལོ་ངོ་ ༡༠༠ ཐམ་པ་འཁོར་བར་མཛད་སྒོའི་སྐུ་མགྲོན་གཙོ་བོར་དབུ་བཞུགས་མཛད་རྒྱུ་དང་འདི་བཞིན་༸གང་ཉིད་མཆོག་གིས་སྐབས་དེར་བཅར་བའི་མང་ཚོགས་རྣམས་ལ་མི་ཚེའི་གོ་དོན་དང་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་ལམ་སྟོན་བཀའ་སློབ་མཛད་ཀྱི་ཡོད་པ་རེད། གོང་ཚེས་ཉིན་སྔ་དྲོ་མགོན་པོ་མཆོག་གིས་ Dr. Ambedkar གཙུག་ལག་སློབ་གཉེར་ཁང་དུ་བཀའ་སློབ་སྩལ་རྒྱུ་དང་། དེ་རྗེས་ཚེས་ ༡༡ ཉིན་ལྡི་ལྟར་རྟན་གཞི་བྱས་པའི་ Ashoka གསོལ་མགྲོན་ཁང་དུ་ Tushita ཆོས་ཚོགས་ཀྱིས་གསོལ་འདེབས་ཞུས་དོན་ལྟར་ཆོས་འབྲེལ་གྱི་མཛད་འཆར་བསྐྱང་རྒྱུའི་ཐུགས་གཏན་འཁེལ་ཡོད་པ་རེད། རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་མཛད་རྒྱུའི་མཛད་སྒོ་ཐོག་ལྡི་ལིར་ཡོད་པའི་ཕྱི་རྒྱལ་གཞུང་ཚབ་གཙོས་པའི་རྒྱ་གར་ནང་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ Kiren Rijiju མཆོག་དང་རྒྱལ་ས་ལྡི་ལིའི་སྲིད་སྐྱོང་སྐུ་ཞབས་ Najeeb Jung མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་མཆོག་གིས་དབུས་པའི་གནད་ཡོད་མི་སྣ་ཁག་ཆེད་ཕེབས་གནང་གི་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་ས་ལྡི་ལི་ནང་གྱི་མཛད་འཆར་ཁག་ལེགས་པར་གྲུབ་རྗེས་ལྡི་ལི་ནས་མཁའ་ལམ་བརྒྱུད་རྒྱ་གར་ལྷོ་ཕྱོགས་མངའ་སྡེ་ཀ་ན་ཊ་ཀའི་ནང་ཆིབས་བསྒྱུར་གྱིས་གྲོང་ཁྱེར་སྦེང་ལོར་དང་མེ་སོར་ནང་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་མཐོ་སློབ་ཁང་དང་མེ་སོར་གཙུག་ལག་སློབ་གཉེར་ཁང་གཉིས་ཀྱི་དགེ་ལས་སློབ་གཉེར་བ་རྣམས་ལ་བཀའ་སློབ་བསྩལ་རྒྱུ་སོགས་ཀྱི་མཛད་འཕྲིན་ཁག་ཅིག་ཐུགས་གཏན་འཁེལ་ཡོད་པ་རེད། དེའང་ལྷོ་ཕྱོགས་ནང་གི་མཛད་འཆར་ཁག་ལ་གཞིགས་ན། ཟླ་བ་འདིའི་ཚེས་ ༡༤ ཉིན་སྦེང་ལོར་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་མཐོ་སློབ་ཁང་དབུ་འབྱེད་ཀྱི་མཛད་སྒོར་དབུ་བཞུགས་མཛད་ཀྱི་ཡོད་པ་དང་། ཕྱི་ཚེས་ ༡༣ ཉིན་ཀ་ན་ཊ་ཀ་མངའ་སྡེའི་མེ་སོར་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་མེ་སོར་གཙུག་ལག་སློབ་གཉེར་ཁང་གིས་ཇི་ལྟར་གདན་ཞུ་ཕུལ་དོན་ལྟར་ཆིབས་བསྒྱུར་གྱིས་བཀའ་སློབ་བསྩལ་རྒྱུ། དེ་རྗེས་ཕྱི་ཚེས་ ༡༥ ཉིན་སྦེང་ལོར་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཁྲིམས་ཀྱི་གཙུག་ལག་སློབ་གཉེར་ཁང་ཞིག་ཏུ་མཛད་འཆར་ཁག་ཅིག་བསྐྱང་རྒྱུ་དང་ཚེས་ ༡༦ ཉིན་སྔ་དྲོ་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་གདན་ས་ཆེན་པོ་འབྲས་སྤུངས་དགོན་པར་༸ཞབས་སོར་བདེ་བར་འཁོད་གནང་གི་འདུག་པ་དང་། ཕྱི་ཉིན་ཚེས་ ༡༧ ཉིན་སྔ་དྲོ་འབྲས་སྤུངས་བློ་གསལ་གླིང་དུ་སེམས་དང་སྲོག་གི་ཚན་རིག་བགྲོ་གླེང་མཛད་སྒོར་དབུ་བཞུགས་མཛད་རྒྱུ་ཡིན་པ་རེད། ཚེས་ ༡༨ ནས་ ༢༠ བར་ཉིན་གསུམ་རིང་ཚན་རིག་བགྲོ་གླེང་ཐོག་དབུ་བཞུགས་ཀྱིས་བཀའ་སློབ་བསྩལ་རྒྱུ་དང་ཚེས་ ༢༡ ཉིན་འཇམ་དབྱངས་ཆོས་རྗེ་བཀྲིས་དཔལ་ལྡན་མཆོག་གིས་འབྲས་སྤུངས་དགོན་པ་ཕྱག་བཏབ་ནས་ལོ་ ༦༠༠ འཁོར་བའི་རྗེས་དྲན་མཛད་སྒོར་དབུ་བཞུགས་མཛད་ནས་དགེ་བཤེས་ལྷ་རམས་དང་བཀའ་རམས་ཐོན་མཁན་རྣམས་ལ་ཕྱག་འཁྱེར་གསོལ་བསྩལ་གནང་རྒྱུ། ལྷག་དོན་༸གང་ཉིད་མཆོག་གིས་ཚེས་ ༢༢ ཉིན་སྔ་ཐོག་དགེ་བཤེས་མ་ཐོན་མཁན་རྣམས་ལ་དགེ་བཤེས་མའི་ཕྱག་འཁྱེར་གསོལ་བསྩལ་མཛད་རྒྱུ་དང་ཉིན་རྒྱབ་མོན་གྷོ་འདོ་རྒུ་གླིང་བོད་མིའི་གཞིས་ཆགས་ཀྱི་གཏན་སློབ་གསར་འཛུགས་གནང་སྟེ་ལོ་ ༥༠ འཁོར་བའི་དུས་དྲན་མཛད་སྒོར་དབུ་བཞུགས་མཛད་རྒྱུ་རེད་འདུག ཕྱི་ཚེས་ ༢༣ ཉིན་༸རྗེ་ཙོང་ཁ་པ་ཆེན་པོ་དགོངས་རྫོགས་ཉིན་དང་བསྟུན་དགའ་ལྡན་དགོན་པར་༸ཞབས་སོར་བདེ་བར་འཁོད་གནང་རྒྱུ་སོགས་ཀྱི་མཛད་འཆར་ཁག་ཅིག་དང་ཕྱི་ཚེས་ ༢༤ ཉིན་༸གོང་ས་མཆོག་མོན་གྷོ་འདོད་རྒུ་གླིང་ཁུལ་གྱི་མཛད་འཆར་ཁག་རེ་ཞིག་ལེགས་གྲུབ་ཟིན་རྗེས་མོན་གྷོ་འདོད་རྒུ་གླིང་ནས་ཆིབས་ཞལ་བསྒྱུར་གནང་མཛད་རྒྱུ་རེད་འདུག

༸གོང་ས་མཆོག་གིས་ང་ཚོར་དཀའ་ངལ་ཞེ་དྲག་མྱངས་ཡོད་ནའང་དེའི་རིང་ལ་གཞིས་ལུས་རྒྱ་ཆེ་མང་ཚོགས་ཀྱི་སྙིང་སྟོབས་ཆེ་རུ་སོང་ཡོད་པ་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་དྲོ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྡོ་རྗེ་གདན་ལ་དུས་འཁོར་དབང་ཆེན་ཞུ་བར་ཕེབས་མི་ཐུབ་མཁན་བོད་ནས་གསར་དུ་འབྱོར་བའི་བོད་མི་ཁག་ཅིག་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བཀྲིན་བའི་ཁྲོད། བོད་བརྒྱུད་ནང་བསྟན་གྱི་ཐོུང་མ་ཡིན་པའི་ཁྱད་ཆོས་དང་བོད་ཀྱི་སྐད་ཡིག་རིན་ཐང་། དེ་བཞིན་ཆོས་བྱེད་པའི་དགོས་དམིགས་གཙོ་བོ་ནང་སེམས་བརྒྱུད་འདུལ་དགོས་གལ་ཡིན་སྐོར་སོགས་ལམ་སྟོན་བཀྲིན་བསྩལ་སོང་། ལྷག་པར་དུ་སྐབས་དེར་༸གོང་ས་མཆོག་གིས་འདས་པའི་དུས་ཡུན་དེའི་ནང་ང་ཚོར་དཀའ་ངལ་ཞེ་དྲག་མྱངས་ཡོད་ནའང་། དེའི་རིང་ལ་གཞིས་ལུས་རྒྱ་ཆེ་མང་ཚོགས་ཀྱི་སྙིང་སྟོབས་མ་བརླག་པ་དང་སེམས་ཤུགས་མ་ཡེལ་བར་རྒྱ་གཞུང་ནས་ཇི་ཙམ་གྱིས་སྡུག་རྩུབ་བྱེད་པ་དེའི་ཚོད་ཀྱིས་མི་རིགས་ཀྱི་སྙིང་སྟོབས་ཆེ་རུ་འགྲོ་བ་དང་བརྟན་དུ་སོང་ཡོད་པ་བཀའ་གནང་པ་མ་ཟད། ད་དུང་ཡང་གཞིས་ལུས་བོད་མི་ཚོས་སེམས་ཤུགས་མ་ཆག་པར་རྒྱ་མི་རིགས་དང་མཆམ་མཐུན་གནང་གལ་ཡིན་པར་བཀའ་སློབ་བསྩལ་སོང་། ད་དུང་༸གོང་ས་མཆོག་གིས་བོད་ནས་ཕེབས་མཁན་རྣམས་ལ་བོད་བརྒྱུད་ནང་བསྟན་གྱི་ཐོུང་མ་ཡིན་པའི་ཁྱད་ཆོས་སྐོར་བཀའ་སྩལ་དང་འབྲེལ་ཏེ་ནང་པ་སངས་རྒྱས་པའི་ཆོས་ལུག་རྟོགས་གཉིས་ཀྱི་སྒོ་ནས་འཛིན་མཁན་དེ་བོད་གངས་ལྗོངས་གཅིག་པུ་ཡིན་པས་བོད་གངས་ཅན་ལྗོངས་ཀྱི་སངས་རྒྱས་པའི་ཆོས་འདི་ནི་བོད་མི་རིགས་ཀྱི་སྤོབས་པ་བྱ་འོས་པ་ཞིག་ཡིན་པ་བཀའ་ནན་བསྩལ་སོང་། དེ་བཞིན་མགོན་པོ་མཆོག་གིས་སྐབས་དེར་བོད་ཀྱི་སྐད་ཡིག་རིན་ཐང་སྐོར་ལ་བཀའ་སློབ་མུ་མཐུད་བསྩལ་གནང་ཡོད་པ་རེད། རྩ་བའི་དེ་རིང་སྔ་དྲོའི་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྐབས་ཆོས་འབྲེལ་དམིགས་བསལ་བསྩལ་མེད་ནའང། མགོན་པོ་མཆོག་གིས་རིན་མིན་དུས་འཁོར་ཆེན་སྐབས་བཀའ་ཆོས་བསྩལ་གཏན་འཁེལ་བའི་ཕྱག་དཔེ་སྤྱོད་འཇུག་ཆེན་མོ་དང་སྒོམ་རིམ་བར་པའི་གཞུང་གཉིས་པོ་ངོ་སྤྲོད་སྤྱི་བཤད་གནང་པ་དང་ཆབས་ཅིག ཁྱད་པར་དུ་ང་ཚོས་ཆོས་བྱེད་པའི་དགོས་དམིགས་གཙོ་བོ་ནང་སེམས་བརྒྱུད་འདུལ་དགོས་པ་དང་དེའང་སྟོང་པ་ཉིད་ཀྱི་ལྟ་བ་རྟོགས་པའི་ཤེས་རབ་དང་བྱང་ཆུབ་ཀྱི་སེམས་སྒོམ་པའི་ཐོག་ནས་ཡོང་དགོས་སྐོར་བཀའ་སྩལ་མཛད་ཡོད་པ་རེད། ཤེས་རྟོགས་བྱུང་བར་དེ་རིང་༸གང་ཉིད་མཆོག་གི་མཇལ་ཁ་ཞུ་བར་བཅར་མཁན་བོད་མི་མང་ཆེ་བ་ཉིན་ཤས་གོང་མགོན་པོ་མཆོག་གི་མཇལ་ཁར་བཅར་མཁན་ལྟར་ཟླ་བ་འདིའི་ཟླ་མཇུག་ཏུ་བོད་ལ་ཕར་ལོག་ཟིན་པ་དགོས་ཀྱི་འདུག རྒྱ་ནག་གཞུང་ནས་ཁོང་རྣམ་པའི་མཐོང་མཆན་གྱི་དུས་ཚོད་ཚོད་འཛིན་བྱས་པར་བརྟེན་དུས་དབང་ཞུ་བར་འགྲོ་རྒྱུ་དཀའ་བའི་གནས་སྟངས་ཤིག་བཟོས་ཡོད་པ་རེད། བོད་ནས་ཕེབས་མཁན་ཁག་ཅིག་ལས་གནས་ཚུལ་རྒྱུས་ལོན་བྱུང་བར་བོད་ནས་ཕེབས་མཁན་བོད་མི་ཁག་ཅིག་བཞུགས་སྒར་ནས་ཕ་ཡུལ་དུ་ཕྱིར་ལོག་གནང་སྐབས་སེམས་ཕྱེད་ཀ་དགའ་བ་དང་ཕྱེད་ཀ་སྐྱོ་གདུང་འོག་ཐོན་དང་ཐོན་བཞིན་པ་ཡོད་པ་རེད་འདུག

Latest news