Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

སོ་ལོ་ཝཀ་ཡའི་སྲིད་འཛིན་མཆོག་ནས་༸གོང་ས་མཆོག་ལ་ཉིན་གུང་གསོལ་ཚིགས་འདེགས་འབུལ་ཞུས་འདུག

ཡོ་རོབ་དབུས་ Slovakia རྒྱལ་ཁབ་ཀྱི་སྲིད་འཛིན་སྐུ་ཞབས་ Andrej Kiska མཆོག་ནས་ཁ་སང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེར་ཆིབས་སྒྱུར་བཀྲིན་བསྐྱངས་པར་འཚམས་འདྲི་ཞུས་པ་དང་འདི་བཞིན་རྒྱལ་ས་ Bratislava ཉིན་དགུང་གསོལ་ཚིགས་འདེགས་འབུལ་ཞུས་འདུག་པ་མ་ཟད་སྲིད་འཛིན་མཆོག་གི་ངོ་དེབ་སྟེང་མགོན་པོ་མཆོག་ལ་ཆེ་བསྟོད་དང་སྦྲགས། ཁོང་སྲིད་འཛིན་དུ་འཁོད་ནས་ད་རེས་༸གོང་ས་མཆོག་དང་མཇལ་ཐེངས་ཐོག་མ་འདི་བརྒྱུད་ནང་ཆོས་ཀྱི་ལྟ་གྲུབ་སྐོར་ལ་བློ་བསྐྱེད་བྱུང་ཡོད་པ་གསུངས་འདུག དེ་ཡང་མགོན་པོ་མཆོག་ཁ་ཉིན་ Swiss ནང་གི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་ཁ་སང་ཚེས་ ༡༦ ཉིན་སྔ་ཐོག་ Slovakia རྒྱལ་ས་ Bratislava ནང་གི་གཙུག་ལག་སློབ་གྲྭ་ཞིག་གི་དགེ་སློབ་ཁག་ཅིག་དང་མཇལ་འཕྲད་མཛད་འདུག སྐབས་དེར་སྐུ་ཚབས་ཁོངས་སུ་ Slovakia གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལྕམ་ Lucia Nicholson མཆོག་དང་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐ་ཞབས་ Frantisek མཆོག Slovakia སྲོད་བློན་གཞོན་པ་ཟུར་པ་སྐུ་ཞབས་ Pal མཆོག་སོགས་ཡོད་པ་རེད། སྲིད་འཛིན་སྐུ་ཞབས་ Andrej Kiska མཆོག་ནས་མགོན་པོ་མཆོག་ལ་གསོལ་ཚིགས་འདེགས་འབུལ་ཞུས་འདུག་པ་དང་དེ་རྗེས་༸གོང་ས་མཆོག་ལ་ཕེབས་སྐྱེལ་ཞུས་མཚམས། ༸གོང་ས་མཆོག་གིས་གསར་འགོད་པ་རྣམས་ལ་ད་རེས་སྲིད་འཛིན་མཆོག་ནས་༸གང་ཉིད་མཆོག་ལ་མགྲོན་འབོད་གནང་པར་ཐུགས་རྗེ་ཞུ་གསུངས་པ་དང་ཆབས་ཅིག སྲིད་འཛིན་མཆོག་དང་མཇལ་འཕྲད་སྐབས་གནད་དོན་མང་དག་ཅིག་གི་ཐོག་ལ་བཀའ་མོལ་བྱུང་སྐབས། བསམ་ཚུལ་དང་དགོངས་པ་བཞེས་ཕྱོགས་མང་ཆེ་བ་གཅིག་ལྟར་ཆགས་ཡོད་པ་ཐུགས་ཚོར་བྱུང་ཡོད་པ་བཀའ་གནང་འདུག ཁྱད་པར་དུ་མགོན་པོ་མཆོག་གིས་སྲིད་འཛིན་ Andrej Kiska མཆོག་ནི་མང་ཚོགས་ལ་ཕན་པ་བསྒྲུབ་བློ་ཆེ་ཞིང་། བཟང་སྤྱོད་ཀྱི་ལྟ་གྲུབ་ཡོད་མཁན་མི་ཧ་ཅང་ཡག་པོ་ཞིག་རེད་འདུག་ཅེས་བསྔགས་བརྗོད་ཆེན་པོ་གནང་འདུག རྩ་བའི་ཁ་སང་༸གོང་ས་མཆོག་རྒྱལ་ས་ Bratislava ནང་གི་མཛད་འཆར་ལས་གཙོ་བོ་གཅིག་ནི། ཉིན་རྒྱབ་ཁུལ་དེའི་མང་ཚོགས་སྟོང་ཕྲག་ཁ་ཤས་ལ་དེ་རིང་སང་ཉིན་འཛམ་གླིང་འདིའི་ནང་ཉེན་ཕྱོགས་ཀྱི་འགྱུར་བ་ཆེན་པོ་འགྲོ་བཞིན་པའི་དུས་ཚོད་ནང་བདེ་སྐྱིད་དང་རེ་བ་ཞེས་པའི་བརྗོད་གཞིའི་ཐོག་བླང་དོར་བཀའ་སློབ་བཀྲིན་བསྩལ་འདུག སྐབས་དེར་༸གང་ཉིད་མཆོག་གིས་རྐང་བྱམས་བརྩེ་ནི་ང་ཚོ་ཚང་མའི་ནང་སེམས་ཀྱི་ཞི་བདེའི་འབྱུང་རྩ་དང་འཛམ་གླིང་ཞི་བདེའི་སྲོག་ཤིག་ལྟ་བུ་ཡིན་སྐོར་དང་། བྱམས་བརྩེའི་ཡོན་ཏན་གཞི་རྩར་བཟུང་བའི་ཐོག་འཛམ་གླིང་འདིའི་ནང་གི་མི་དུང་ཕྱུར་བདུན་ཅུ་ཡོད་པ་རྣམས་ལ་མི་ཡིན་པ་གཅིག་གྱུར་གྱི་འདུ་ཤེས་སྤེལ་དགོས་གལ་ཡིན་པ་དང་། ལྷག་པར་དུ་བཟོད་བསྲན་དང་བྱམས་པ། སྙིང་རྗེའི་བསླབ་བྱ་གཅིག་མཚུངས་བསྟན་པའི་འཛམ་གླིང་ཐོག་ཡོད་པའི་ཆོས་ལུགས་ནང་ཕན་ཚུན་མཐུན་སྒྲིལ་དགོས་རྒྱུ་ནི་ཤིན་ཏུ་ནས་གལ་གནད་ཆགས་ཡོད་སྟབས། དེའི་སླད་མི་རེ་ངོ་རེས་འགན་ཁུར་ལེན་རྒྱུ་གལ་ཆེ་ཡིན་པར་ལམ་སྟོན་བཀའ་ནན་མཛད་འདུག གཞི་རྩའི་༸གོང་ས་མཆོག་ཁ་སང་ Slovakia ནང་ཉིན་གཅིག་རིང་ཆིབས་སྒྱུར་བསྐྱངས་ཡོད་པ་དེ་ནི་ད་བར་ཁུལ་དེར་ཆིབས་སྒྱུར་བསྐྱངས་ཐེངས་གསུམ་པ་ཆགས་ཀྱི་འདུག དེ་རིང་སྔ་ཐོག་མགོན་པོ་མཆོག་ Czech སྤྱི་མཐུན་རྒྱལ་ཁབ་ཏུ་༸ཞབས་སོར་བདེ་བར་འཁོད་འདུག

༸གོང་ས་མཆོག་གིས་ཆོས་ལུགས་འདྲ་མིན་གྱི་ལྷན་ཚོགས་ཐོག་ཆིབས་སྒྱུར་བཀྲིན་བསྐྱངས་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་དྲོ་སུད་སི་གྲོང་ ཁྱེར་ཛུ་རིག་ནང་ཡོད་པའི་ Grossmunster ཡི་ཤུའི་ལྷ་ཁང་དུ་ཆིབས་སྒྱུར་བཀྲིན་མཛད་ནས་ཆོས་ལུགས་འདྲ་མིན་གྱི་ལྷན་ཚོགས་ཤིག་གི་ཐོག་འཚེ་མེད་ཞི་བ་དང་ཀུན་ཁྱབ་འགན་འཁུར་སྐོར་བཀའ་སློབ་བསྩལ་འདུག ལྷན་ཚོགས་དེའི་ཐོག་ཁ་ཆེ་དང་ཡི་ཤུ། དེ་བཞིན་ཇིའུ་དང་ཧིན་དུ་སོགས་ཀྱི་ཆོས་དཔོན་སྐུ་ཚབ་ཁག་ཅིག་ཕེབས་གནང་ཡོད་པ་དང་། ལྷག་པར་དུ་ Grossmunster ལྷ་ཁང་གི་ཕྱི་ནང་དུ་ཆོས་ལུགས་འདྲ་མིན་གྱི་དད་ལྡན་མང་ཚོགས་ཆིག་སྟོང་ལྷག་ཆེད་བཅར་ཞུས་འདུག སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཆོས་ལུགས་མཐུན་སྒྲིལ་གྱི་གལ་གནད་སྐོར་དང་། ལྷག་དོན་འཚེ་མེད་ཞི་བ་དང་འཇིག་རྟེན་ཀུན་ཁྱབ་འགན་འཁུར་ནི་སྤྱི་ཚོགས་ཞི་བདེ་ལྡན་པའི་འགྱུར་བ་བཟང་པོ་ཞིག་ཡོང་བར་རྨང་གཞི་ལྟ་བུ་ཆགས་ཡོད་པ་ལམ་སྟོན་མཛད་འདུག གཞི་རྩའི་༸གང་ཉིད་མཆོག་གིས་ཁ་སང་སུད་སི་ནང་གི་བོད་རིགས་གཙོས་པའི་ས་གནས་དད་ལྡན་མང་ཚོགས་རྣམས་ལ་དབུ་མ་རིན་ཆེན་ཕྲེང་བ་དང་སྒོམ་རིམ་བར་པ། དེ་བཞིན་ལག་ལེན་སོ་བདུན་མ་བཅས་ཀྱི་བཀའ་ཆོས་བཀའ་དྲིན་སྩལ་ཡོད་པ་དང་། ཉིན་དགུང་ལྗགས་སྨིན་སྐབས་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་སྐོར་ཞིག་ནས་༸གོང་ས་མཆོག་དང་མཇལ་བཅར་ཡང་ཞུས་འདུག རྩ་བའི་༸གོང་ས་མཆོག་གིས་ཁ་སང་ཉིན་གཅིག་གི་ཆོས་འབྲེལ་ལེགས་པར་གྲུབ་བསྟུན་མང་ཚོགས་རྣམས་ལ་ཆོས་ཞུས་ནས་གཙོ་བོ་མི་ཚེ་འགྱུར་བ་གཏོང་དགོས་ཀྱི་ཡོད་སྟབས། ཆོས་ཞུ་སྐབས་ཙམ་མ་ཡིན་པར་རྣམ་ཀུན་རྟག་ཏུ་ནས་དཔེ་ཆ་ལ་སློབ་དེབ་ཀྱི་འདུ་ཤེས་བཞག་ནས་སློབ་སྦྱོང་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་ཡིན་པའི་ལམ་སྟོོན་མཛད་ཡོད་པ་རེད།

གཞོན་ནུའི་ལས་འགུལ་བ་ ༦༩ ཙམ་རྒྱ་གར་ཉེན་རྟོག་པས་འཛིན་བཟུང་བྱས་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་གཙོས་པའི་ལས་འགུལ་བ་ ༦༩  ཙམ་གྷོ་བ་ས་གནས་རྒྱ་གར་ཉེན་རྟོག་པས་འཛིན ་བཟུང་བྱས་འདུག  དེ་རིང་ཟླ་ ༡༠ ཚེས་ ༡༥ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་རྒྱ་གར་ནུབ་ཕྱོགས་གྲོང་ཁྱེར་གྷོ་བར་ BRICS summit ཞེས་པ་བྷར་ཛིལ་དང་ཨུ་རུ་སུ། རྒྱ་གར། རྒྱ་ནག དེ་བཞིན་ལྷོ་ཨ་ཧྥི་རི་ཀ་བཅས་རྒྱལ་ཁབ་ལྔའི་མགོ་ཁྲིད་ལྷན་ཞུགས་ཀྱིས་བཞུགས་མོལ་ཚོགས་འདུ་ཐོག་བསླེབ་ཀྱི་ཡོད་པ་དང་བསྟུན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་སྲིད་འཛིན་ཞི་ཅིང་ཕིང་ལ་རྒྱ་གཞུང་གིས་གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་གི་གྲྭ་བཙུན་ཉུང་དུ་གཏོང་རྒྱུ་ཡིན་ལུགས་ཀྱིས་གྲྭ་ཤག་གཏོར་བཤིག་གི་ལས་གཞི་སྤེལ་བཞིན་པ་མཚམས་འཇོག་དགོས་པ་དང་། བོད་ནང་ལ་རྒྱ་གཞུང་གིས་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་པ་མཚམས་འཇོག་དགོས་པ་མ་ཟད། བོད་ནང་གི་ཛ་དྲག་གནས་སྟངས་དེ་དག་འཕྲལ་མར་མཚམས་བྱེད་དགོས་པ་སོགས་ཀྱི་དགོས་འདུན་སྦྱར་ཡིག་རྣམས་འཕྱར་བཞིན་ངོ་རྒོལ་སྐད་འབོད་གནང་སྐབས་རྒྱ་གར་ཉེན་རྟོག་པས་ལས་འགུལ་བ་ ༦༩ ཙམ་འཛིན་བཟུང་བྱས་འདུག དེ་བཞིན་དེ་རིང་ཉིན་རྒྱབ་ཚོུད་ ༣།༠༠ ཡས་མས་ཙམ་ཞིག་ལ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་སྡེ་ཚན་གྱི་འགན་འཛིན་བསྟན་འཛིན་ཚེ་ལྷ་ལགས་ཀྱིས་གཙོས་པའི་ཚོགས་མི་ ༥ ལྡི་ལི་ནས་ཡོང་སྟེ་གྷོོ་བ་གནམ་ཐང་ལ་འབྱོར་སྐབས་རྒྱ་གར་ཉེན་རྟོག་པས་གནམ་ཐང་ནས་འཛིན་བཟུང་བྱས་ཡོད་པ་དང་འདི་བཞིན་གྷོ་བ་ལྦ་ས་ཀོ་གྲོང་ཁྱེར་ཁུལ་དུ་ཚོང་གཉེར་གནང་བཞིན་པའི་བོད་མི་ཚོང་པ་ཁྱིམ་ཚང་ ༩ ལྦ་ས་ཀོ་མེ་འཁོར་འབབ་ཚུགས་སུ་འབོད་ཚིག་སྣ་ཚོགས་འཁོད་པའི་འཕྲེད་དར་དང་ཡིག་བྱང་སོགས་བསྣམས་ཏེ་ངོ་རྒོལ་གནང་འདུག གཞི་རྩའི་རྒྱ་གར་ཉེན་རྟོག་པས་གྲོང་ཁྱེར་ Goa གཙོས་པའི་ཉེ་འཁོར་ས་གནས་ཁག་ནས་འགྲོ་འོང་བྱེད་མཁན་བོད་མི་དང་ལས་འགུལ་བའི་ཐོག་དམིགས་བསལ་དམ་དྲག་གིས་འཛིན་བཟུང་འོག་ས་གནས་སུ་ཕྱིར་སློག་བྱས་འདུག་པ་མ་ཟད། ལྷག་པར་དུ་ཁ་ཉིན་ཚེས་ ༡༣ ཉིན་བོད་མི་ ༡༡ དང་ཁ་སང་ཚེས་ ༡༤ ཉིན་བོད་མི་༡༡ བཅས་ཁྱོན་མི་གྲངས་ ༢༢ འཛིན་བཟུང་བྱས་འདུག་ཀྱང་ཁོང་རྣམས་ཀྱིས་གྷོ་བ་ཁུལ་དུ་སྤྲོ་འཆམ་ལ་ཡོང་བ་ཡིན་ཚུལ་བརྗོད་སྟབས་ཚང་མ་གྲོད་གྲོལ་བཏང་འདུག

༸གོང་ས་མཆོག་གིས་བོད་པ་མང་ཚོགས་ནས་སངས་རྒྱས་པའི་ལྟ་གྲུབ་ལ་དོ་སྣང་མ་བྱེད་པར་ལྷག་ཚེ་དེ་སེམས་སྐྱོ་བོ་ཞེ་དྲག་རེད་འདུག་ཅེས་བཀའ་སྩལ་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སུད་སི་གྲོང་ཁྱེར་ཛུ་རིག་ནང་དུ་ཕྱི་ནང་གི་དད་ལྡན་མང་ཚོགས་སྟོང་ཕྲག་ཁ་ཤས་ལ་དབུ་མ་རིན་ཆེན་ཕྲེང་བ་དང་སྒོམ་རིམ་ཐོག་མཐའ་བར་གསུམ་ལས་སྒོམ་རིམ་བར་པ། དེ་བཞིན་ལག་ལེན་སོ་བདུན་མ་བཅས་གཞུང་གསུམ་གྱི་ཆོས་འབྲེལ་དབུ་འཛུགས་བཀྲིན་བསྐྱངས་པའི་ཁྲོད་༸གང་ཉིད་མཆོག་གིས་ང་ཚོ་བོད་པ་མང་ཚོགས་ནས་རང་ལ་ཡོད་པའི་སངས་རྒྱས་པའི་ལྟ་གྲུབ་ཕྱུག་པོ་དེར་དོ་སྣང་མ་བྱེད་པར་ལྷག་ཚེ་དེ་སེམས་སྐྱོ་བོ་ཞེ་དྲག་རེད་འདུག་ཅེས་བཀའ་བསྩལ་སོང་། དེ་རིང་ཟླ་ ༡༠ ཚེས་ ༡༤ ཉིན་དྲྭ་ཐོག་ནས་ཆོས་འབྲེལ་ཐད་སྲིང་ནང་གསལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སུད་སིའི་གྲོང་ཁྱེར་ཛུ་རིག་ནང་སྔ་དྲོའི་ཆོས་ཐུན་སྐབས་ཆེས་ཐོག་མར་མང་ཚོགས་རྣམས་ལ་འཆད་པར་བྱ་བའི་གཞུང་གསུམ་པོའི་མཛད་པ་པོ་དང་བསྟན་བྱ་དངོས་གང་ཡིན། དེ་བཞིན་ནང་ཆོས་ཀྱི་སྤྱི་བཤད་ངོ་སྤྲོད་མཛད་པ་དང་ཆབས་ཅིག ༸གང་ཉིད་མཆོག་གིས་གཙོ་བོ་སངས་རྒྱས་པའི་ཆོས་དེ་ནི་ཆོས་ལུགས་གཞན་དང་མི་འདྲ་བ་དད་པ་ལས་རིག་པ་དང་ཤེས་རབ་གཙོ་འདོན་གནང་གི་ཡོད་སྟབས་ཆོས་ལུགས་གཞན་ལས་ནང་ཆོས་ཁྱད་དུ་འཕགས་ཚུལ་སྐོར་དང་། སངས་རྒྱས་པའི་རྗེས་འབྲངས་པ་ཞིག་གིས་ནང་ཆོས་ཀྱི་གཞུང་དེ་དག་ལ་སློབ་དེབ་ཀྱི་འདུ་ཤེས་བཞག་ནས་སློབ་གཉེར་གནང་རྒྱུ་གནད་ཆེ་ཡིན་པ་དང་འདི་བཞིན་བོད་སྐད་ཡིག་གི་གལ་འགངས་སྐོར་བཀའ་སྩལ་མཛད་སོང་། ལྷག་དོན་མགོན་པོ་མཆོག་གིས་དད་ལྡན་ཆོས་ཞུ་བ་རྣམས་ལ་དེ་རེས་གཞུང་གསུམ་པོའི་བཀའ་ཆོས་ཐོབ་ནས་བསྐལ་བ་བཟང་པོ་བྱུང་སོང་བསམ་པ་ཙམ་མ་ཡིན་པར་རྒྱུན་དུ་ནས་ནང་ཆོས་ཀྱི་གཞུང་ལ་སློབ་དེབ་ཀྱི་འདུ་ཤེས་བཞག་ནས་སློབ་གཉེར་བྱ་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་ཡིན་པ་གསུངས་པ་དང་འབྲེལ། དེང་གི་ཚན་རིག་དང་མཉམ་འགྲོ་ཐུབ་མཁན་སངས་རྒྱས་པའི་ལྟ་གྲུབ་ལ་ནུབ་ཕྱོགས་པའི་མཁས་པ་དང་ཚན་རིག་པ་གྲགས་ཅན་མང་པོས་དོ་སྣང་སྣང་གནང་པ་དང་། མང་ཚོགས་ཤེས་ཡོན་ཅན་དུ་མས་ཀྱང་དོ་སྣང་དང་དགའ་མོས་གནང་གི་ཡོད་པ་བཀའ་སྩལ་གནང་པ་མ་ཟད། ཁྱད་པར་དུ་ང་ཚོ་བོད་རང་ལ་སངས་རྒྱས་པའི་ལྟ་གྲུབ་གཟབ་ཅིང་བརླིང་པ་བོད་སྐད་རང་གི་ཐོག་ལ་ཡོད་པ་དེ་ལ་དོན་གཉེར་མ་བྱེད་པར་ལྷག་ཚེ་དེ་སེམས་སྐྱོ་བོ་ཞེ་དྲག་རེད་འདུག་ཅེས་བཀའ་གནང་ཡོད་པ་རེད། ད་དུང་མགོན་པོ་མཆོག་གིས་དབང་བརྟུལ་དད་པའི་རྗེས་འབྲངས་ལྟར་མཇུག་ཚེ་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་གནས་ཐུབ་ཀྱི་མ་རེད་ཅེས་བཀའ་སྩལ་གནང་པ་དང་ཆབས་ཅིག སངས་རྒྱས་པའི་ཆོས་ནས་ཤེས་རབ་གཙོ་འདོན་གནང་པ་ལྟར་ང་ཚོ་དབང་རྣོན་ཆོས་ཀྱི་རྗེས་འབྲངས་པའི་གྲས་སུ་ཨུ་ཚུགས་ཀྱིས་ཚུད་ཐབས་གནང་དགོས་པ་རེད་ཅེས་ལམ་སྟོན་རྒྱ་ཆེ་བསྩལ་སོང་། གཞི་རྩའི་དེི་རིང་སྔ་དྲོའི་ཆོས་ཐུན་ཐོག་༸གོང་ས་མཆོག་གིས་དབུ་མ་རིན་ཆེན་ཕྲེང་བའི་ཆོས་འབྲེལ་དབུ་འཛུགས་མ་མཛད་གོང་ Swiss དང་ Liechtenstein བོད་རིགས་མང་ཚོགས་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་བ་དང་། སྐབས་དེར་མགོན་པོ་མཆོག་གིས་ད་བར་གཙོ་ཆེ་གཞིས་ལུས་རྒྱ་ཆེ་མང་ཚོགས་ཀྱི་ལྷག་བསམ་གཡོ་བ་མེད་པ་དང་འདི་བཞིན་བྱེས་ཀྱི་མང་ཚོགས་ནས་བོད་བསྟན་སྲིད་སྤྱི་དང་སྒོས་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་སླད་སྐུ་ལས་ཆེས་སྐྱོན་པར་བསྔགས་བརྗོད་དང་འབྲེལ། བརྟན་བཞུགས་འདི་ནས་བདེན་པའི་ནུས་པ་ཞིག་ཡོང་རྒྱུ་ཡིན་པ་བཀའ་བསྩལ་མཛད་ཡོད་པ་རེད།

༸གོང་ས་མཆོག་གིས་ཐེ་ལེན་ཌིའི་རྒྱལ་པོ་མཆོག་དགོངས་པ་རྫོགས་པར་ཐུགས་གསོའི་གསུང་འཕྲིན་བསྩལ་བ།

ཁ་སང་ཟླ་ ༡༠ ཚེས་ ༡༣ ཉིན་ཐེ་ལེན་ཌིའི་རྒྱལ་པོ་སྐུ་ཞབས་ Bhumibo Adulyadej མཆོག་དགུང་ལོ་ ༨༨ ཐོག་མཁལ་མའི་ནད་གཞི་རྐྱེན་པས་དགོངས་པ་རྫོགས་པའི་གནས་ཚུལ་ཐོན་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དམ་པ་དེ་ཉིད་ཀྱི་ནང་མིར་ཐུགས་གསོ་བསྩལ་འདུག མགོན་པོ་༸གང་ཉིད་མཆོག་གི་ཐུགས་གསོའི་གསུང་འཕྲིན་དེ་ནི་སྐུ་ཞབས་ Bhumibo Adulyadej མཆོག་དམ་པ་དེ་ཉིད་ཀྱི་བཙུན་མོ་ལྕམ་སྐུ་ Sirikit མཆོག་གི་མཚན་ཐོག་ཏུ་བསྩལ་ཏེ། ཐེ་ལེན་ཌིའི་མི་མང་གི་ངོས་ནས་དམ་པ་དེ་ཉིད་ལ་ལོ་ངོ་ ༧༠ ལྷག་གི་རིང་རེ་བ་དང་སེམས་སྐུལ་ཐེབས་གཞི་གང་ཟག་གཅིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་པ་རེད། ད་ལྟ་ཆེས་དཀའ་བའི་དུས་སྐབས་འདིར་མགོན་པོ་༸གང་ཉིད་མཆོག་གིས་སྐུ་ཞབས་ Bhumibo Adulyadej དམ་པ་དེ་ཉིད་སྐུ་ཚེ་མ་ཟིན་པར་བསྔོ་སྨོན་ཞུ་རྒྱུ་དང་། བཙུན་མོ་ Sirikit མཆོག་གིས་གཙོས་རྒྱལ་པོའི་ཤུལ་ལུས་ནང་མི་སྤུན་མཆེད་རྣམ་པ། དེ་བཞིན་ཐེ་ལེན་ཌིའི་འབངས་མི་སེར་བཅས་ལ་གདུང་སེམས་མཉམ་བསྐྱེད་དང་ཐུགས་གསོ་ཡོད་ཅེས་བཀའ་བསྩལ་འདུག ༸གོང་ས་མཆོག་གིས་གསུང་འཕྲིན་དེའི་ནང་སླར་༸གང་ཉིད་མཆོག་དེ་སྔ་ཕྱི་ལོ་ ༡༩༦༧ ལོར་ཐེ་ལེན་ཌི་ནང་ཆེས་ཐོག་མ་ཆིབས་བསྒྱུར་བསྐྱངས་སྐབས་ཞིང་གཤེགས་ཁོང་དང་མཇལ་འཕྲད་གནང་མྱོང་ཡོད་པའི་དུས་ཚོད་དྲན་གསོ་མཛད་འདུག

༸གོང་ས་མཆོག་གིས་གཞན་གྱི་དཀའ་སྡུག་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ནི་དོན་ཕན་ལྡན་པའི་གྲོས་མོལ་གྱི་གཞི་རྟེན་ཡིན་པ་ལམ་སྟོན་བསྩལ་འདུག

དེ་རིང་ཟླ་ ༡༠ ཚེས་ ༡༣ ཉིན་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་རྒྱལ་ཁབ་སུད་སིའི་རྒྱལ་ས་སྦེན་ནང་དུ་ཁུལ་དེའི་མང་ཚོགས་ཆིག་སྟོང་ཙམ་ལ་འཛམ་གླིང་ནང་ཛ་དྲག་གི་དཀའ་ངལ་ཁྲོད་གྲོས་མོལ་དང་གདུང་སེམས་མཉམ་བསྐྱེད་ཞུ་དགོས་གལ་ཞེས་པའི་བརྗོད་གཞི་ཐོག་བཀའ་སློབ་བཀྲིན་བསྩལ་འདུག སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་གྲོས་མོལ་དང་གཞན་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུའི་གལ་གནད་སྐོར་དང་འབྲེལ། ལོ་རྒྱུས་ཐོག་དུས་རབས་ཉི་ཤུ་པའི་ནང་མི་ཕན་ཚུན་དང་རྒྱལ་ཁབ་ནང་ཁུལ་དབར་ལ་མི་མཐུན་པ་བྱུང་མཚམས་དེར་ལམ་སེང་དྲག་པོའི་སྟོབས་ཤུགས་བེད་སྤྱོད་བྱས་ནས་རང་རྒྱལ་གཞན་ཕམ་གྱི་ཀུན་སློང་བཅངས་ཡོད་པ་དེས། དཀའ་ངལ་སེལ་ཐབས་དང་འཛམ་གླིང་འདི་བདེ་སྐྱིད་ལྡན་པ་ཞིག་ཡོང་ཐུབ་པ་མངོན་གསལ་ཆགས་ཡོད་སྟབས། འདས་པའི་ཉམས་མྱོང་ལས་དྲག་པོའི་སྟོབས་ཤུགས་བེད་སྤྱོད་པ་བྱ་རྒྱུ་ནི་དུས་ཚོད་ལས་འདས་ཤིང་མི་དགོས་པ་ཞིག་དང་ལྷག་པར་དུ་ཕུགས་རྒྱང་རིང་པོའི་བསམ་བློ་མེད་པའི་སྐྱོན་ཆ་ཆེན་པོ་ཞིག་ཡིན་པ་བཀའ་གནང་འདུག ཁྱད་པར་དུ་༸གོང་ས་མཆོག་གིས་དེ་རིང་སང་ཉིན་འཛམ་གླིང་ནང་འཕྲད་བཞིན་པའི་དཀའ་ངལ་ཕལ་མོ་ཆེ་ནི་མིས་བཟོས་པ་ཤག་སྟགས་ཤིག་ཆགས་ཡོད་སྟབས། དཀའ་ངལ་དེ་དག་མི་རང་གིས་སེལ་དགོས་པ་དང་། ལྷག་པར་དུ་དེང་སྐབས་འཛམ་གླིང་ཤར་ལྷོ་ནུབ་བྱང་ཀུན་གཅིག་ལ་གཅིག་རྟེན་དང་འདི་བཞིན་འགྲོ་བ་མི་དུང་ཕྱུང་ ༧༠ ཡོད་པ་ཚང་མ་མི་གཅིག་མཚུངས་ཡིན་པར་བརྟེན། རང་རྒྱལ་གཞན་ཕམ་གྱི་བསམ་བློ་དེ་ཡེ་ནས་དོར་ཏེ་གཉིས་སྨན་གཅིག་གྱུར་གྱི་འདུ་ཤེས་ཐོག་གཞན་གྱི་དཀའ་སྡུག་ལ་བསམ་ཤེས་ཀྱིས་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ནི་མིང་དོན་མཚུངས་པའི་གྲོས་མོལ་གྱི་གཞི་རྟེན་ཡིན་ཞིང་། དེ་ལྟར་གནང་ཐུབ་ཚེ་ད་ལྟའི་དུས་རབས་ ༢༡ པ་དེ་གྲོལ་མོལ་གྱི་དུས་རབས་གཅིག་ཏུ་གྱུར་ཐུབ་ངེས་ཡིན་པ་བཀའ་བསྩལ་འདུག ༸གོང་ས་མཆོག་གི་བཀའ་སློབ་གྲུབ་རྗེས་ཉིན་དགུང་རྒྱལ་ས་སྦེན་མངའ་སྡེའི་སྤྱི་ཁྱབ་ལས་ཁུངས་ཀྱིས་མགོན་པོ་མཆོག་ལ་གཞུང་འབྲེལ་ལྗགས་སྨིན་གསོལ་སྟོན་འདེགས་འབུལ་ཞུས་ཡོད་པ་རེད། མཛད་འཆར་གཞིགས་ན། སང་ཟླ་ ༡༠ ཚེས་ ༡༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སུད་སིའི་གྲོང་ཁྱེར་ཛུ་རིག་ནང་ས་གནས་དད་ལྡན་མང་ཚོགས་རྣམས་ལ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ་དང་སློན་དཔོན་ཀ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་ཐོག་མཐའ་བར་གསུམ་ལས་སྒོམ་རིམ་བར་པ། དེ་བཞིན་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་བཅས་ཀྱི་བཀའ་ཆོས་བཀའ་དྲིན་བསྐྱང་རྒྱུ་དང་། སུད་སི་བོད་རིགས་མི་རྣམས་ནས་༸གང་ཉིད་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག

༸གོང་ས་མཆོག་ཆོས་ལུགས་མཐུན་འབྲེལ་གྱི་ལྷན་ཚོགས་ཐོག་དབུ་བཞུགས་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་ཀྱི་རྒྱལ་ཁབ་ལ་ཏི་ཝི་ཡའི་ནང་ཆོས་འབྲེལ་གྱི་མཛད་འཆར་ཁག་ལེགས་གྲུབ་ཀྱིས་ཁ་སང་སྔ་དྲོ་སུད་སིའི་རྒྱལ་ས་ Bern ནང་༸ཞབས་སོར་བདེ་བར་འཁོད་བསྟུན་ཆོས་ལུགས་རིས་མེད་ཀྱི་ལྷན་ཚོགས་ཐོག་ཚོགས་མགོན་དུ་དབུ་བཞུགས་མཛད་འདུག ཁ་སང་ཟླ་ ༡༠ ཚེས་ ༡༢ ཉིན་སྔ་དྲོ་ཚོུད་ ༡༡།༠༠ ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སུད་སིའི་རྒྱལ་ས་ Bern གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་པར་ Bern གྲོང་སྡེ་ལས་ཁུངས་ཀྱི་སྤྱི་ཁྱབ་ Alexander Tschappat མཆོག་གིས་གཙོས། ཁུལ་དེར་རྟེན་གཞི་བྱས་པའི་ཆོས་ལུགས་རིས་མེད་ཀྱི་ལྟེ་གནས་ཁང་གི་ཚོགས་གཙོ། སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་མཆོག རི་ཀོན་ཆོས་འཁོར་དགོན་པའི་མཁན་པོ། ཕྱོགས་བཞུགས་སྤྱི་འཐུས། བོད་རིགས་ཚོགས་པའི་ཚོགས་གཙོ་སྦྲེལ་གཞོན། དེ་བཞིན་གཞོན་ནུ་དང་བུ་མེད་བཅས་གཞུང་མིན་པའི་ཚོགས་ཁག་གི་སྐུ་ཚབ་སོགས་ཆེད་བཅར་གྱིས་༸གང་ཉིད་མཆོག་Bern གནམ་ཐང་ནས་ཆོས་ལུགས་རིས་མེད་ཀྱི་ལྟར་གནས་ཁང་དུ་ཆིབས་སྒྱུར་མཛད་སྐབས་ལམ་གྱི་གཡས་གཡོན་དུ་ས་གནས་བོད་མི་དང་དད་ལྡན་མང་ཚོགས་ཀྱིས་དཀར་གཙང་གི་མཇལ་དར་དང་དྲི་ཞིམ་གྱི་དུག་སྤོས་བཅས་བསྣམས་པ་མ་ཟད། དགའ་བསུའི་གླུ་དབྱངས་དང་བཅས་དགའ་གུས་ཆེན་པོས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག ༸གོང་ས་མཆོག་གིས་ཉིན་གུང་ལྗགས་སྨིན་བཞེས་གྲུབ་རྗེས་གྲོང་ཁྱེར་ Bern དུ་རྟེན་གཞི་བྱས་པའི་ House of Religion འམ་ཆོས་ལུགས་རིས་མེད་ཀྱི་ལྟེ་གནས་ཁང་ནང་ཡོད་པའི་ཧིན་དུ་དང་ཡི་ཤུ། ཁ་ཆེ། སིཀ་སོགས་རྒྱལ་སྤྱིའི་ཆོས་ལུགས་ཁག་གི་ལྷ་ཁང་ལ་གནས་གཟིགས་དང་འདི་བཞིན་ཆོས་ལུགས་དེ་དག་གི་དབུ་ཁྲིད་དང་སྐུ་ཚབ་རྣམ་པའི་ལྷན་དུ་ཆོས་ལུགས་མཐུན་འབྲེལ་གྱི་ལྷན་ཚོགས་ཐོག་དབུ་བཞུགས་མཛད་འདུག སྐབས་དེ་༸གང་ཉིད་མཆོག་གིས་ཆོས་ལུགས་ཁག་གི་བླ་ཆེན་དབུ་ཁྲིད་རྣམས་ཀྱིས་བཀའ་འདྲི་དགོངས་སྐོར་ཞུས་པར་བཀའ་ལན་སྩལ་བ་དང་འབྲེལ། འཛམ་བུ་གླིང་འདིའི་ཐོག་ཡོད་པའི་ཆོས་ལུགས་རྣམས་ལྟ་གྲུབ་ཀྱི་ཆ་ནས་མི་འདྲ་བ་ཡོད་ཀྱང་། ལྟ་གྲུབ་དེ་དག་གི་ཕུགས་ཀྱི་དམིགས་ཡུལ་གཙོ་བོ་དེ་ནི་འགྲོ་བ་མིའི་སེམས་རྒྱུད་ལ་བྱམས་སྙིང་རྗེ་དང་། བཟོད་སྒོམ་ལྡན་པའི་འགྲོ་བ་མི་གཅིག་མཚུངས་ཡིན་པ་བཀའ་སྩལ་གནང་པ་དང་ཆབས་ཅིག འཛམ་གླིང་འདིའི་ཐོག་དཀའ་རྙོག་མང་དག་ཞིག་འཕྲད་དང་འཕྲད་བཞིན་ཡོད་སྟབས། ཆོགས་ལུགས་ཀྱི་མཚན་ཡོད་པའི་བླ་ཆེན་རྣམ་པས་དཀའ་ངལ་དེ་དག་གྲོས་མོལ་གྱི་ལམ་ནས་སེལ་ཐབས་གནང་གལ་ཡིན་པ་བཀའ་ནན་སྩལ་སོང་བ་མ་ཟད། ལྷག་དོན་ཆོས་ལུགས་ཀྱི་དབུ་ཁྲིད་རྣམས་ཀྱིས་མིང་དོན་མཚུངས་པའི་དབུ་ཁྲིད་ཞིག་གནང་ཐོག་གང་ཟག་སྒེར་གྱི་བྱ་སྤྱོད་ལས་ཆོས་ལུགས་བྱེ་བྲག་པའི་མཚན་ཤས་མི་འོང་བར་འབད་སྤུངས་རྒྱ་གང་ཆེ་གནང་དགོས་གལ་ཡིན་པ་ལམ་སྟོན་མཛད་འདུག གཞི་རྩའི་ཁ་སང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ Latvia ནས་སུད་སིར་ཆིབས་སྒྱུར་མ་མཛད་པའི་གོང་དུ་ལ་ཏི་ཝིི་ཡའི་རྒྱལ་ས་རི་གར་ཨུ་རུ་སུ་ནས་ཆེད་བཅར་ཞུས་པའི་ཨུ་རུ་སུའི་ཤེས་ཡོན་ཅན་ཁག་ཅིག་དང་མཇལ་མོལ་གྱིས་འགྲོ་བ་མི་རྣམས་བདེ་བ་འདོད་པ་དང་སྡུག་བསྔལ་ཕྲ་མོ་ཙམ་ཡང་མི་འདོད་པ་གཅིག་མཚུངས་ཡིན་སྟབས། འགྲོ་བ་མི་རྣམས་གཅིག་གྱུར་ཡིན་པའི་འདུ་ཤེས་དང་། ཕན་ཚུན་དབར་ཡིད་ཆེས་བསྐྲུན་རྒྱུ་གལ་ཆེ་ཡིན་པར་ལམ་སྟོན་བཀའ་སློབ་སྩལ་འདུག

༸གོང་ས་མཆོག་གིས་ཡོ་རོབ་ Baltic States ཡི་གྲོས་ཚོགས་འཐུས་མི་བཅོ་ལྔ་དང་མཇལ་མོལ་མཛད་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ཡོ་རོབ་རྒྱལ་ཁབ་ Latvia ཡི་རྒྱལ་ས་ Riga ནང་དུ་ Baltic States ཡི་རྒྱལ་ཁབ་གསུམ་གྱི་བོད་དོན་རྒྱབ་སྐྱོར་བའི་གྲོས་ཚོགས་འཐུས་མི་བཅོ་ལྔ་དང་མཇལ་མོལ་མཛད་འདུག དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་སྔ་དྲོ་ནས་དབུ་འཛུགས་ཀྱིས་ Latvia འི་དད་ལྡན་ས་གནས་མང་ཚོགས་གཙོ་བོར་གྱུར་པའི་ནང་སྲོག་དང་ཨུ་རུ་སུའི་དད་ལྡན་ཆོས་ཞུ་བ་རྣམས་ལ་སློབ་དཔོན་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་བཀའ་ཆོས་བཀའ་དྲིན་སྐྱོང་བཞིན་པའི་ཁྲོད། ཡོ་རོབ་ Baltic States ཡི་རྒྱལ་ཁབ་ Estonia དང་ Latvia དེ་བཞིན་ Lithuania བཅས་རྒྱལ་ཁབ་གསུམ་ནས་ཆེད་བཅར་ཞུས་པའི་བོད་དོན་རྒྱབ་སྐྱོར་བའི་གྲོས་ཚོགས་འཐུས་མི་བཅོ་ལྔ་དང་མཇལ་མོལ་མཛད་པ་མ་ཟད། ཁོང་རྣམས་དང་ལྷན་དུ་ཉིན་གུང་གི་ལྗགས་སྨིན་ལྷན་བཞེས་གནང་ཡོད་པ་རེད། སྐབས་དེར་༸གོང་ས་མཆོག་གིས་གྲོས་ཚོགས་འཐུས་མི་རྣམས་ལ་མགོན་པོ་༸གང་ཉིད་མཆོག་གི་ཐུགས་བསྐྱེད་དམ་བཅའ་གསུམ་གྱི་སྐོར་ལ་ངོ་སྤྲོད་མཛད་པ་དང་འབྲེལ།  གྲོས་ཚོགས་འཐུས་མི་རྣམས་ནས་ད་བར་བོད་དོན་ལ་རྒྱབ་སྐྱོར་གནང་པར་ཐུགས་རྗེ་ཆེ་གསུངས་པ་མ་ཟད། བོད་ནང་གི་དཀའ་ངལ་སྤྱི་དང་སྒོས་སུ་བོད་ཀྱི་ཁོར་ཡུག་ཐོག་འཕྲད་བཞིན་པའི་དཀའ་ངལ་ཁག་སེལ་ཐབས་སུ་གྲོས་ཚོགས་འཐུས་མི་རྣམས་ནས་དགོངས་པ་ཆེ་བཞེས་ཀྱིས་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་གནང་མཛད་འདུག གཞན་ཡང་༸གང་ཉིད་མཆོག་གིས་དེ་རིང་སྔ་དྲོ་ཚད་མ་རྣམ་འགྲེལ་གྱི་ཉིན་གཉིས་པའི་བཀའ་ཆོས་འཕྲོ་སྐྱོང་མ་མཛད་པའི་གོང་དུ་ Baltic States ཡི་རྒྱལ་ཁབ་གསུམ་པོ་དེ་དག་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་འཐུས་མི་ ༨༠ ཙམ་ལ་མགོན་པོ་མཆོག་གི་བཞུགས་གནས་མགྲོན་ཁང་དུ་དམིགས་བསལ་གྱི་མཇལ་མོལ་མཛད་གནང་ཡོད་པ་རེད། དེའི་རྗེས་མགོན་པོ་༸གང་ཉིད་མཆོག་གིས་ཚད་མ་རྣམ་འགྲེལ་གྱི་ལེའུ་གཉིས་པའི་བཀའ་ཆོས་འཕྲོ་སྐྱོང་དང་འབྲེལ། ཆོས་ཞུ་བ་རྣམས་ལ་དགེ་བསྙེན་དང་བྱང་ཆུབ་སེམས་པའི་སྡོམ་པ་འབོག་ཆོག་མཛད་པ་དང་སྦྲགས། ཆོས་ཀྱི་ཉམས་ལེན་གཙོ་བོ་དེ་ནི་ཐབས་བྱང་ཆུབ་ཀྱི་སེམས་དང་ཤེས་རབ་སྟོང་ཉིད་རྟོགས་པའི་ལྟ་བ་གཉིས་ཆགས་ཀྱི་ཡོད་སྟབས། མང་ཚོགས་ཚོས་དེའི་ཐོག་ལ་ཉམས་ལེན་གནང་ཐུབ་ཚེ་རྟེན་དུ་སྐྱིད་པའི་སྐྱིད་གོ་ཆོད་པ་རེད་ཅེས་བཀའ་སྩལ་མཛད་འདུག རྩ་བའི་དེ་རིང་ཟླ་ ༡༠ ཚེས་ ༡༡ ཉིན་༸གོང་ས་མཆོག་གིས་ Latvia འི་ནང་གི་ཆོས་འབྲེལ་ཁག་ལེགས་གྲུབ་མཛད་ཡོད་པ་དང་། སང་ཚེས་ ༡༢ ཉིན་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ Latvia ནས་མཁའ་ལམ་བརྒྱུད་ཡོ་རོབ་རྒྱལ་ཁབ་ Swiss ནང་ལ་ཆིབས་བསྒྱུར་གྱིས་ས་གནས་དད་ལྡན་མང་ཚོགས་རྣམས་ལ་དབུ་མ་རིན་ཆེན་ཕྲེང་བ་དང་སྒོམ་རིམ་བར་པ། དེ་བཞིན་ལག་ལེན་སོ་བདུན་མ་བཅས་ཀྱི་བཀའ་ཆོས་བཀའ་དྲིན་སྩལ་རྒྱུ་དང་། སུད་སི་བོད་རིགས་མི་རྣམས་ནས་༸གང་ཉིད་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་གནང་གི་ཡོད་པ་རེད།

༸གོང་ས་མཆོག་གིས་ལ་ཏི་ཝི་ཡའི་རྒྱལ་ས་རི་གར་ཚད་མ་རྣམ་འགྲེལ་གྱི་བཀའ་ཆོས་དབུ་འཛུགས་བསྐྱངས་པ།

དེ་རིང་ཟླ་ ༡༠ ཚེས་ ༡༠ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་ཏི་ཝི་ཡའི་རྒྱལ་ས་རི་ག་ནང་དུ་སློབ་དཔོན་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་ཉིན་དང་པོའི་བཀའ་ཆོས་དབུ་འཛུགས་བསྐྱངས་འདུག རྩ་བའི་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡོ་རོབ་མངའ་ཁུལ་གྱི་མཛད་འཆར་སླད་ཟླ་འདིའི་ཚེས་ ༨ ཉིན་བཞུགས་སྒར་དྷ་ས་གྷ་གལ་གནམ་ཐང་ནས་མཁའ་ལམ་བརྒྱུད་ལྡི་ལི་དང་། ལྡི་ལི་ནས་མཁའ་ལམ་བརྒྱུད་ཡོ་རོབ་རྒྱལ་ཁབ་ལ་ཏི་ཝི་ཡར་ཆིབས་བསྒྱུར་མཛད་ཡོད་པ་རེད། ཁ་སང་ཚེས་ ༩ ཉིན་མགོན་པོ་མཆོག་ཡོ་རོབ་ལ་ཏི་ཝི་ཡའི་ Latvia རྒྱལ་ས་རི་ག་ Riga ནང་དུ་༸ཞབས་སོར་བདེ་བར་འཁོད་བསྟུན། ཁུལ་དེའི་དད་ལྡན་ས་གནས་མང་ཚོགས་གཙོས་པའི་ནང་སྲོག་དང་ཨུ་རུ་སུའི་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་དགའ་དད་སྤྲོ་གསུམ་ངང་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཞུས་ཡོད་པ་རེད། ༸གང་ཉིད་མཆོག་གི་ལ་ཏི་ཝི་ཡའི་ནང་གི་མཛད་འཆར་དེ་ཨུ་རུ་སུ་ནང་ལ་རྟེན་གཞི་བྱས་པའི་ Save Tibet Foundation འམ་བོད་སྐྱོབ་ཐེབས་རྩ་ཁང་དང་། རུ་སུ་བོད་ཀྱི་སྐུ་ཚབ་དོན་གཅོད་གཉིས་ཀྱིས་གོ་སྒྲིག་གནང་པ་ཞིག་ཡིན་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁུལ་དེར་དེ་རིང་སྔ་ཐོག་ཚོུད་ ༩།༣༠ ཡོལ་ཙམ་ལ་སློབ་དཔོན་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་ཉིན་དང་པའི་བཀའ་ཆོས་དབུ་འཛུགས་མ་མཛད་གོང་ཆོས་ཞུ་རྣམས་ལ་འཚམས་འདྲི་དང་སྦྲགས། ༸གང་ཉིད་མཆོག་གིས་འཛམ་བུ་གླིང་འདིའི་ཐོག་གནས་པའི་འགྲོ་བ་མི་དུང་ཕྱུར་ ༧༠ ལྷག་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་ཕྲ་མོ་ཙམ་ཡང་མི་འདོད་པ་གཅིག་མཚུངས་ཡིན་སྟབས། རིགས་རུས་དང་ལུང་ཚན། ཆོས་ལུགས་སོགས་ཀྱི་དབྱེ་བར་ལྟོས་མེད་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་བློ་གོང་འཕེལ་གཏོང་དགོས་པ་དང་འདི་བཞིན་ཆོས་ལུགས་མཐིན་སྒྲིལ་གོང་འཕེལ་གཏོང་དགོས་གལ་ཡིན་པའི་ལན་སྟོན་བཀའ་སྩལ་མཛད་པ་མ་ཟད། འཛམ་བུ་གླིང་འདིའི་ཐོག་ཡོད་པའི་ཆོས་ལུགས་ཁག་གི་ལྟ་གྲུབ་མི་འདྲ་བ་རྣམས་འགྲོ་བ་མིའི་ཁམས་དང་མོས་པ་ལ་གཞིགས་ཏེ་མི་འདྲ་བ་ཡོད་ཀྱང་། ལྟ་གྲུབ་དེ་དག་གི་ཕུགས་ཀྱི་དམིགས་ཡུལ་གཙོ་བོ་དེ་ནི་འགྲོ་བ་མིའི་སེམས་རྒྱུད་ལ་བྱམས་བརྩེ་གོང་འཕེལ་གཏོང་རྒྱུ་གཅིག་མཚུངས་ཡིན་པ་བཀའ་སྩལ་གནང་པ་དང་འབྲེལ་ཆོས་ཞུ་བ་རྣམས་ནས་༸གང་ཉིད་མཆོག་ལ་ཆོས་གྲོགས་ཀྱི་འདུ་ཤེས་ཤིག་ཡོད་ཚེ། བྱམས་བརྩེ་གོང་འཕེལ་གཏོང་ཐབས་དང་འགྲོ་བ་མི་རྣམས་ལ་བྱམས་བརྩེའི་ཐོག་ནས་སྐྱོང་ཐུབ་པར་འབད་དགོས་གལ་ཡིན་པ་ལམ་སྟོན་སྩལ་འདུག   ༸གོང་ས་མཆོག་གིས་དེ་སྔ་ ༢༠༡༤ ལོའི་ཟླ་ ༥ པའི་ནང་ལ་ཏི་ཝི་ཡ་ནང་ཆོས་འབྲེལ་མཐའ་མ་དེ་གནང་ཡོད་པ་དང་དེ་བཞིན་ད་རེས་ལ་ཏི་ཝི་ཡ་ནང་གི་ཆོས་འབྲེལ་དེའང་ཡུལ་དེའི་ཉེ་འཁོར་ས་གནས་ཁག་གི་དད་ལྡན་ཉམ་ཐག་རྣམས་གཙོས་དཔལ་འབྱོར་སོགས་ཀྱི་མཐུན་འགྱུར་ཞན་རྐྱེན་རྒྱ་གར་དུ་བསྐྱོད་རྒྱུར་དཀའ་བ་ཡོད་རིགས་དག་ལ་༸གང་ཉིད་མཆོག་ནས་ཐུགས་བརྩེ་ཆེན་པོས་སླར་ཡང་ཡུལ་དེར་ཆེད་ཕེབས་ཀྱིས་བཀའ་ཆོས་སྩལ་བ་ཞིག་ཆགས་ཀྱི་ཡོད་པ་རེད། གཞི་རྩའི་༸གོང་ས་མཆོག་གིས་ལ་ཏི་ཝི་ཡའི་རྒྱལ་ས་རི་གར་དེ་རིང་ཚེས་ ༡༠ ནས་ ༡༡ བར་བཅས་ཉིན་གྲངས་གཉིས་རིང་དད་ལྡན་མང་ཚོགས་རྣམས་ལ་ཚད་མ་རྣམ་འགྲེལ་གྱི་ཆོས་འབྲེལ་མཛད་ཀྱི་ཡོད་པ་དང་། ཆོས་འབྲེལ་གྱི་མཛད་འཆར་དེའི་ཁྲོད་མགོན་པོ་མཆོག་ནས་ Baltic States ཡི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་ཨུ་རུ་སུ་ནས་ཆེད་བཅར་ཞུས་པའི་ཤེས་ཡོན་ཅན་ཁག་ཅིག་དང་མཇལ་འཕྲད་ཀྱང་གནང་རྒྱུ་ཡིན་འདུག མཛད་འཆར་ལྟར་ན། སང་ཚེས་ ༡༡ ཉིན་ Latvia ནང་གི་ཆོས་འབྲེལ་ཁག་ལེགས་པར་གྲུབ་རྗེས་གནངས་ཉིན་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ Latvia ནས་མཁའ་ལམ་བརྒྱུད་ཡོ་རོབ་རྒྱལ་ཁབ་ Swiss ནང་ལ་ཆིབས་བསྒྱུར་གྱིས་ས་གནས་དད་ལྡན་མང་ཚོགས་རྣམས་ལ་དབུ་མ་རིན་ཆེན་ཕྲེང་བ་དང་སྒོམ་རིམ་བར་པ། དེ་བཞིན་ལག་ལེན་སོ་བདུན་མ་བཅས་ཀྱི་བཀའ་ཆོས་བཀའ་དྲིན་སྩལ་རྒྱུ་དང་། སུད་སི་བོད་རིགས་མི་རྣམས་ནས་༸གང་ཉིད་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་མཛད་འཆར་ཡོད་པ་མ་ཟད། དེ་རྗེས་ཚེས་ ༡༦ ནས་ ༢༢ བར་གཞན་ཡང་ཡོ་རོབ་ཀྱི་རྒྱལ་ཁབ་ Slovakia དང་། ཅེཀ་སྤྱི་མཐུན་རྒྱལ་ཁབ། དེ་བཞིན་ Italy བཅས་ཀྱི་ནང་ལ་ཆིབས་བསྒྱུར་བཀའ་དྲིན་མཛད་ནས་དད་ལྡན་མང་ཚོགས་རྣམས་ལ་ལམ་གཙོ་རྣམ་གསུམ་དང་རྟེན་འབྲེལ་བསྟོད་པའི་སྒོ་ནས་ཆོས་འབྲེལ་དང་། ཆོས་དང་མ་འདྲེས་པའི་བཟང་སྤྱོད་ཀྱི་ཐོག་མང་ཚོགས་ལ་བཀའ་སློབ་བཀའ་དྲིན་སྩལ་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་རེད་འདུག

Latest news