Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་རྒྱལ་ས་ལྡི་ལིར་༸ཞབས་སོར་བདེ་བར་འཁོད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་གྱི་མཛད་ཆར་ཁག་ལེགས་པར་གྲུབ་སྟེ་དེ་རིང་སྔ་དྲོ་ལ་དྭགས་ཀྱི་རྒྱལ་ས་གླེའི་བ་ཀུ་ལ་རིན་པོ་ཆེའི་གནམ་ཐང་ནས་མཁའ་ལམ་བརྒྱུད་ཆིབས་སྒྱུར་གྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་༸ཞབས་སོར་བདེ་བར་འཁོད་ཡོད་པ་དང་། སྐབས་དེར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ལ་ཕེབས་བསུའི་སྣེ་ལེན་ཞུས་ཡོད་པ་རེད། གནས་ཚུལ་ཤེས་རྟོགས་བྱུང་བ་གཞིགས་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱལ་ས་ལྡི་ལིར་ཉིན་གྲངས་ལྔའི་རིང་བཞུགས་ཞག་མཛད་ཀྱི་ཡོད་པ་དང་བཞུགས་ཞག་མཛད་རིང་ལ་༸སྐུའི་འཕྲོད་བཞེས་བརྟག་དཔྱད་མཛད་རྒྱུ་ལས་དེ་མིན་མཛད་འཆར་གང་ཡང་མེད་པ་རེད།གཞི་རྩའི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་ ༧ ཚེས་ ༡༥ ཉིན་ལ་དྭགས་ཀྱི་ནང་ཚོགས་དང་དགོན་ཚོགས་གཉིས་ཀྱིས་གསོལ་འདེབས་ཞུས་པ་ལྟར་ཁུལ་དེར་༸ཞབས་སོར་བདེ་བར་འཁོད་ཡོད་པ་རེད།ལ་དྭགས་ཁུལ་དུ་དེ་རིང་བར་ཟླ་བ་གཅིག་དང་ཉི་མ་བཅུ་ལྷག་གི་བཞུགས་ཞག་མཛད་རིང་མགོན་པོ་༸གང་ཉིད་མཆོག་གིས་རྒྱལ་ས་གླེ་ནང་དད་ལྡན་མང་ཚོགས་ཁྲི་ཕྲག་ལྷག་ལ་བཀའ་ཆོས་བཀྲིན་སྩལ་ཡོད་པ་མ་ཟད། རྒྱལ་ས་གླེར་ཡོད་པའི་ཁ་ཆེ་དང་ཡི་ཤུའི་སོགས་ཀྱི་ཆོས་ལུགས་རིས་མེད་ཀྱི་ལྷ་ཁང་སོ་སོར་གནས་གཟིགས་མཛད་པ་དང་། ཆོས་ལུགས་མཐུན་འབྲེལ་དང་ས་གནས་ཡུལ་མི་ཕན་ཚུན་དབར་མཛའ་བརྩེ་ལྡན་པའི་ཐོག་ནས་མཉམ་གནས་གནང་གལ་ཡིན་པ་སོགས་ལམ་སྟོན་བཀྲིན་སྩལ་གནང་མཛད་ཡོད།ལ་དྭགས་གཞུང་མང་ཡོངས་ཀྱིས་མགོན་པོ་༸གང་ཉིད་མཆོག་ལ་བཀྲིན་རྗེས་དྲན་གྱི་དཔལ་རྔམ་གཟེངས་རྟགས་འབུལ་བཞེས་མཛད་པ་དང་། ཐེངས་འདིའི་བཞུགས་ཞག་མཛད་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཁུལ་དུ་ཡོད་པའི་བོད་མི་ཚོར་དམིགས་བསལ་མཇལ་འཕྲད་དང་ལམ་སྟོན་བཀའ་སློབ་བཀྲིན་སྩལ་ཡོད་པ་རེད། ལ་དྭགས་ཀྱི་རྒྱལ་ས་གླེ་ནས་ཐད་འཕུར་གནམ་གྲུ་བརྒྱུད་ལིང་དགོན་སྐུ་འབུམ་བཀྲ་ཤིས་འོད་འབར་དགོན་གྱི་དབྱར་ཆོས་ཆེན་མོའི་མཇུག་སྡོམ་མཛད་སྒོའི་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ་བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཆོས་སྩལ་བ་དང་དེ་བཞིན་ཟངས་དཀར་ཁུལ་གྱི་རྒྱལ་ས་དཔལ་ལྡུམ་ཁུལ་དུ་ཆགས་པའི་གྲུ་འཛིན་ཕོ་བྲང་ལ་ཆིབས་བསྒྱུར་བཀྲིན་བསྐྱངས་པ་བཅས་ཀྱི་མཛད་འཆར་ཁག་ལེགས་པར་གྲུབ་སྟེ་དེ་རིང་སྔ་དྲོ་རྒྱལ་ས་ལྡི་ལིར་ཆིབས་ཐོན་མཛད་ཡོད།

༸གོང་ས་མཆོག་ལ་འདི་ལོའི་ Spendlove ཞེས་པའི་ཆེས་མཐོའི་གཟེངས་རྟགས་འབུལ་ལམ་ཞུ་གཏན་ཁེལ་འདུག

ཕྱི་ལོ་ ༢༠༠༥ ནས་བཟུང་ཨ་རིའི་གྲོང་ཁྱེར་ Merced ནང་རྟེན་གཞི་བྱས་པའི་ Merced California གཙུག་ལག་སློབ་གཉེར་ཁང་གིས་རྒྱལ་སྤྱིའི་ཐོག་འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན། སྤྱི་ཚོགས་བདེ་དོན། མཐུན་སྒྲིལ་སོགས་ཀྱི་ཐོག་གཟེངས་སུ་ཐོན་པའི་ཕྱག་ལས་གནང་མཁན་ཚོར་ Alice and Clifford Spendlove ཞེས་པའི་ཆེས་མཐོའི་གཟེངས་རྟགས་ཤིག་འབུལ་ལམ་ཞུ་སྲོལ་ཡོད་པ་ལྟར་འདི་ལོའི་ཆེས་མཐོའི་གཟེངས་རྟགས་འདི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་ལམ་ཞུ་གཏན་ཁེལ་འདུགཁ་སང་ Merced གྲོང་ཁྱེར་གྱི་ཉིན་རེའི་དུས་བབ་གསར་ཁང་གི་དྲ་གནས་ཐོག་དེ་འབྲེལ་གནས་ཚུལ་སྤེལ་བར་ Spendlove ཞེས་པའི་ཆེས་མཐོའི་གཟེངས་རྟགས་ཀྱི་སྦྱིན་བདག་ཤེས་ཡོན་སློབ་གསོ་བ་དང་ལྟ་གྲུབ་རིག་པའི་མཁས་པ་ལྕམ་ Sherrie Spendlove ལགས་ཀྱིས་འདི་ལོའི་ཆེས་མཐོའི་གཟེངས་རྟགས་འདི་འཛམ་གླིང་ཐོག་མཚན་སྙན་གྱི་བ་དན་ཕྱོགས་ཀུན་ཏུ་གྲགས་པ་༸གོང་ས་༸སྐྱབས་མགོན་ཆེན་པོ་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་འབུལ་ལམ་ཞུ་གཏན་ཁེལ་ཡོད་པ་དང་། རིང་མིན་ཕྱི་ཟླ་ ༩ ཚེས་ ༡༨ ཉིན་དྲ་ཐོག་བརྒྱུད་ནས་མགོན་པོ་༸གང་ཉིད་མཆོག་དབུ་བཞུགས་ཐོག་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་རིམ་ཞིག་གནང་འཆར་ཡོད་པར་གསུངས་འདུག ཁོང་གིས་ད་དུང་༸གོང་ས་མཆོག་༸སྐུ་ན་ཕྲ་མོ་སྐབས་ནས་རྒྱ་ནག་གིས་དྲག་པོའི་བཙན་འཛུལ་འོག་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་བ་སོགས་༸སྐུ་ཚེའི་མཛད་རྣམ་ཁག་གཅིག་དྲན་གསོ་དང་སྦྲགས། ༸གོང་སམཆོག་གིས་འདས་པའི་ལོ་དུས་དེ་དག་ཁྲོད་དུ་འཛམ་གླིང་གི་ས་གནས་གང་སར་བྱམས་པ་དང་སྙིང་རྗེ། ཞི་བདེ། བཟོད་སེམས། མཐུན་སྒྲིལ། འཚེ་བ་མེད་པའི་ལྟ་གྲུབ་སོགས་ཀྱི་ཐོག་བླང་དོར་བཀའ་སློབ་ཇི་སྙེད་ཅིག་སྩལ་གནང་མཛད་པ་དེ་དག་རྒྱལ་སྤྱིའི་མང་ཚོགས་དུ་མར་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་མ་ཟད། ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་གི་བཀའ་སློབ་ལམ་སྟོན་དེ་དག་ནི་ད་ཆ་ཆབ་སྲིད་ཀྱི་ལྟ་བའི་ཐོག་ནས་སྤྱི་ཚོགས་ཁྲོད་དུ་དབྱེ་མཚམས་དང་བར་ཁྱད་ཀྱི་རྣམ་པ་ཆེ་ཆེར་མངོན་པའི་དུས་སྐབས་འདིར་ཉེ་བར་མཁོ་བ་ཞིག་ཆགས་ཡོད་ཅེས་གསུངས་ཡོད། གཞི་རྩའི་ Merced California གཙུག་ལག་སློབ་གཉེར་ཁང་གི་ངོས་ནས་གནང་སྲོལ་ཡོད་པའི་ Spendlove ཞེས་པའི་ཆེས་མཐོའི་གཟེངས་རྟགས་ནི་ཕྱི་ལོ་ ༢༠༠༥ ལོར་གཙུག་ལག་སློབ་གཉེར་ཁང་དེ་གསར་འཛུགས་གནང་སྐབས་ས་གནས་ཀྱི་ཡུལ་མི་ཤེས་ཡོན་སློབ་གསོ་བ་དང་ལྟ་གྲུབ་རིག་པའི་མཁས་པ་ལྕམ་ Sherrie Spendlove ལགས་ཀྱིས་ཁོང་གི་ཡབ་ཡུམ་རྣམ་གཉིས་ཀྱི་དྲན་རྟེན་དུ་ཕུལ་བའི་མ་དངུལ་བརྒྱུད་གསར་གཏོད་གནང་བ་ཞིག་ཡིན་པ་དང་། དེ་སྔ་གཟེངས་རྟགས་དེ་ནོ་སྦེལ་གཟེངས་རྟགས་བཞེས་མྱོང་མཁན་ Nadia Murad ལགས་དང་ Rigoberta Menchu ལགས། དེ་བཞིན་སྤྱི་དམངས་ཐོབ་ཐང་ལས་འགུལ་བ་ Viola Gregg Liuzzo ལགས། ཨ་རིའི་སྲིད་འཛིན་ཟུར་པ་ Jimmy Carter ལགས་སོགས་ཆབ་སྲིད་དང་ཤེས་ཡོན། སྤྱི་ཚོགས་བདེ་དོན་སོགས་སྡེ་ཚན་སྣ་ཚོགས་ནང་ཕྱག་ལས་གནང་མྱོང་མཁན་གྱི་མི་སྣ་བཅུ་བཞིར་ཕུལ་ཡོད།

ལ་དྭགས་ནང་ཚོགས་དང་དགོན་ཚོགས་ཀྱིས་ཐུགས་རྗེ་ཆེ་ཞུའི་དགྱེས་སྟོན་ལྗགས་སྨིན་འདེགས་འབུལ། 

དེ་རིང་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ལྕོག་ལམ་སར་རྟེན་གཞི་བྱས་པའི་ལ་དྭགས་དགོན་ཚོགས་ཀྱི་དགོན་པ་གསར་པར་ཆིབས་སྒྱུར་བཀྲིན་བསྐྱངས་པ་དང་། ཉིན་གུང་དཔེ་ཐུབ་སྤང་ལྗོངས་སུ་མགོན་པོ་༸གང་ཉིད་མཆོག་ལ་ཐུགས་རྗེ་ཆེ་ཞུ་ཕྱིར་དགྱེས་སྟོན་ལྗགས་སྨིན་འདེགས་འབུལ་ཞུས་འདུག དེ་རིང་ཕྱི་ཟླ་ ༨ ཚེས་ ༢༥ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྕོག་ལམ་སར་རྟེན་གཞི་བྱས་པའི་ Dharma Centre ལ་ཆིབས་སྒྱུར་བཀྲིན་བསྐྱངས་ནས་དགེ་འདུན་པ་ཚོས་༸དཔལ་ནཱ་ལེནྡཱ་ནས་མཆེད་པའི་བོད་ཀྱི་རིས་མེད་ཆོས་བརྒྱུད་རྣམས་ལ་རིགས་པས་དཔྱད་དེ་སློབ་གཉེར་གནང་གལ་ཡིན་པ་དང་། དེ་བཞིན་མང་ཚོགས་རྣམས་ལ་འདི་ཕྱི་གཉིས་ཀྱི་བདེ་སྐྱིད་ཀྱི་རྩ་བ་དེ་བྱང་ཆུབ་ཀྱི་སེམས་ཆགས་ཡོད་སྟབས་དུས་དང་རྣམ་པ་ཀུན་ཏུ་སེམས་པ་བཟང་པོ་གྱིས་ཤིག་ཞེས་བཀའ་སློབ་བཀྲིན་སྩལ་ཡོད་སྐོར་ལ་དྭགས་དགོན་ཚོགས་ཀྱི་ཚོགས་གཙོ་ཨཱཙཱརྱ་བསྟན་འཛིན་དབང་གྲགས་ལགས་ཀྱིས་ངོ་སྤྲོད་གནང་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྔ་དྲོའི་མཛད་འཆར་ཁག་ལེགས་པར་གྲུབ་རྗེས་མགོན་པོ་༸གང་ཉིད་མཆོག་ལ་དྭགས་ཁུལ་དུ་ཆིབས་སྒྱུར་གསོལ་འདེབས་ཞུ་མཁན་ལ་དྭགས་ནང་ཚོགས་དང་དགོན་ཚོགས་གཉིས་ནས་དཔེ་ཐུབ་ཀྱི་སྤང་ལྗོངས་ཆེན་མོ་ཞིག་ཏུ་མགོན་པོ་༸གང་ཉིད་མཆོག་ལ་ཐུགས་རྗེ་ལེགས་འབུལ་མཚོན་ཕྱིར་དགྱེས་སྟོན་ལྗགས་སྨིན་འདེགས་འབུལ་གྱི་མཛད་ཚོགས་ཡོད།སྐབས་དེར་ལ་དྭགས་ཁུལ་དུ་གནས་སྡོད་ལོ་ན་བརྒྱད་ཅུ་ཡན་གྱི་བགྲེས་སོང་ ༡༥༠༠ ལྷག་ལ་མགྲོན་བརྡ་ཕུལ་འབྱོར་བཞིན་ཆེད་བཅར་ཞུ་པ་ཡོངས་ལ་མགོན་པོ་མཆོག་གིས་མཇལ་ཁ་དང་བཀའ་སློབ་བཀྲིན་སྩལ་བ་མ་ཟད། ལ་དྭགས་ཡུལ་མི་དང་ལ་དྭགས་གླེ་དང་བྱང་ཐང་ཁུལ་དུ་གནས་སྡོད་བསོད་ནམས་གླིང་བོད་མི་བཅུ་ཕྲག་ལྷག་གིས་སྲོལ་རྒྱུན་གྱི་རྐང་བྲོ་གླུ་གཞས་ཁག་གཟིགས་འབུལ་ཞུས་འདུགམཛད་སྒོ་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་བརྒྱུད་ནང་བསྟན་གྱི་བསྟན་པ་འདི་ཉིད་ལ་དྭགས་ཁུལ་དུ་ཧ་ཅང་བདག་གཉེར་ལེགས་པོ་གནང་བཞིན་པར་ཡི་རང་བསྔགས་བརྗོད་མཛད་པ་དང་སྦྲགས། ནང་པའི་གཞུང་ལུགས་ཁག་ལ་རིགས་པས་དཔྱད་དེ་སློབ་གཉེར་གནང་དགོས་པར་བཀའ་སྩལ་ཡོད།གཞི་རྩའི་ཁ་ཉིན་ཕྱི་ཚེས་ ༢༣ ཉིན་༸གོང་ས་མཆོག་གིས་གླེ་ཁུལ་དུ་རྟེན་གཞི་བྱས་པའི་ཐུབ་བསྟན་གླིང་དགོན་པའི་རྟེན་དང་བརྟེན་པ་བཅས་པར་རབ་གནས་དབུ་འབྱེད་མཛད་ཟིན་རྗེས་ལྕོག་ལམ་སར་ཉེ་འདབས་སུ་རྟེན་གཞི་བྱས་པའི་ Sindhu Ghat ལ་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱིས་ཉིན་གུང་ལྗགས་སྨིན་རྒྱས་པ་ཞིག་འདེགས་འབུལ་ཞུས་ཡོད་པ་དང་༸གོང་ས་མཆོག་གིས་སྐབས་དེར་འཛམ་གླིང་གི་མི་ཐེར་འབུམ་བདུན་ཡོད་པའི་ཁྲོད་དུ་སྙིང་རྗེ་དང་ཆོལ་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྤེལ་བའི་སྒོ་ནས་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་བསྐྲུན་དགོས་པ་མ་ཟད། ཤེས་ཡོན་སློབ་གསོའི་ཁྲོད་དུའང་བྱམས་པ་དང་སྙིང་རྗེ། བདེ་སྐྱིད་སོགས་སློབ་ཁྲིད་གནང་དགོས་པར་ལམ་སྟོན་བཀྲིན་སྩལ་འདུགཤེས་རྟོགས་བྱུང་བར་གཞིགས་ན། སང་ཕྱི་ཚེས་ ༢༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཁུལ་གྱི་མཛད་འཆར་ཁག་ལེགས་པར་གྲུབ་ནས་རྒྱལ་ས་གླེ་ནས་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་སྒྱུར་མཛད་ཀྱི་ཡོད་པ་རེད། ༸སྐུ་པར་ཁག་གི་བདག་དབང་༸སྐུ་སྒེར་ཡིག་ལ་ཡོད།

ཐུབ་བསྟན་གླིང་དགོན་པའི་རྟེན་དང་བརྟེན་པ་བཅས་པ་རབ་གནས་དབུ་འབྱེད་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་སྔོན་མའི་ཕྱི་ཚེས་ ༣ ནས་རྒྱ་གར་བྱང་ཕྱོགས་ལ་དྭགས་སུ་ཆགས་པའི་ཞི་བའི་ཚལ་ཕོ་བྲང་དུ་༸སྐུ་ཞུགས་མཛད་པ་དང་སྦྲགས་ཉེ་འཁོར་གྱི་ས་གནས་ཁག་ཏུ་མཛད་འཕྲིན་ཁག་གཅིག་བསྐྱངས་དང་སྐྱོང་གནང་མཛད་པ་ལྟར། དེ་རིང་སྔ་དྲོ་མགོན་པོ་༸གང་ཉིད་མཆོག་གིས་ལ་དྭགས་རྒྱལ་ས་གླེ་ཁུལ་དུ་ཆགས་པའི་བདེ་སྐྱིད་ཚལ་དུ་གསར་བཞེངས་ལེགས་གྲུབ་ཟིན་པའི་ཐུབ་བསྟན་གླིང་དགོན་པའི་རྟེན་དང་བརྟེན་པ་བཅས་པ་རབ་གནས་དབུ་འབྱེད་མཛད་པ་དང་ཆབས་ཅིགཆོས་ལ་སློབ་གཉེར་གནང་གལ་ཡིན་པ་སོགས་ཀྱི་ལམ་སྟོན་བཀའ་དྲིན་སྩལ་འདུགམགོན་པོ་༸གང་ཉིད་མཆོག་གིས་ལ་དྭགས་ནང་བཞུགས་ཞག་མཛད་པའི་རིང་རྒྱལ་ས་གླེ་གཙོ་གྱུར་ཟངས་དཀར་དང་ལིང་ཤེད་བཅས་སུ་བཀའ་ཆོས་ཀྱི་མཛད་འཕྲིན་བསྐྱངས་ཐུབ་ཡོད་པ་མ་ཟད། ས་གནས་ཀྱི་མང་ཚོགས་ཚོས་ཀྱང་དད་དམ་གཡོ་བ་མེད་པའི་དགའ་སྤྲོའི་རྣམ་པ་ཆེས་བསྟན་པར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་སྩལ་དང་སྦྲགས། གཙོ་བོ་ས་གནས་དད་ལྡན་མང་ཚོགས་རྣམས་ནས་རྒྱུན་དུ་ཆོས་ལ་སློབ་སྦྱོང་བྱས་ནས་གཞན་དོན་བསྒྲུབ་རྒྱུ་དང་། སེམས་པ་བཟང་པོ་བྱེད་དགོས་གལ་ཡིན་པའི་ལམ་སྟོན་མཛད་འདུག    མགོན་པོ་༸གང་ཉིད་མཆོག་གིས་ནང་པ་སངས་རྒྱས་པའི་ཆོས་འདི་ཉིད་ཐོག་མར་བོད་ནང་ཇི་ལྟར་དར་ཚུལ་དང་འབྲེལ། ཆོས་རྒྱལ་རྣམ་པའི་སྐུ་དུས་སུ་ནང་ཆོས་རྣམས་བོད་ཡིག་ཐོག་སྒྱུར་བ་མ་ཚད་པར་སློབ་གཉེར་སྡེ་ཁག་ཆེད་འཛུགས་གནང་སྟེ་ད་ཆ་བོད་མི་རྣམས་ཀྱིས་མི་རབས་ནས་མི་རབས་བར་དུ་ནང་པ་སངས་རྒྱས་པའི་བསྟན་པ་འདི་ཉིད་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་གནང་བཞིན་ཡོད་པ་སོགས་བཀའ་སྩལ་བ་དང་ཆབས་ཅིག བོད་ཀྱི་ཆོས་རིག་དང་འབྲེལ་བའི་གོམས་གཤིས་ཡོད་པའི་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་མི་མང་རྣམས་ཀྱིས་ཀྱང་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་ཆོས་ལ་ཉམས་ལེན་གནང་ཐུབ་ཚེ་བསྟན་པ་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཐུབ་པར་དགེ་མཚན་ཆེན་པོ་ལྡན་ཡོད་པར་བཀའ་སྩལ་མཛད་ཡོད།དེ་བཞིན་ས་གནས་ཀྱི་མི་མང་ཚོས་བོད་ཡིག་ལ་ཐུགས་སྣང་ཏོག་ཙམ་གནང་ཐུབ་ན་དགེ་མཚན་དམིགས་བསལ་ཡོད་སྐོར་དང་ས་གནས་ཀྱི་ཁོར་ཡུག་གནས་སྟངས་ལ་གཞིགས་ཏེ་ཤིང་སྣ་གང་མང་འདེབས་འཛུགས་གནང་གལ་ ཡིན་པ་སོགས་ཀྱི་ལམ་སྟོན་མཛད་འདུག་ལ། བོད་ཀྱི་ཆབ་སྲིད་གནས་སྟངས་དང་འབྲེལ་ཏེ་མགོན་པོ་༸གང་ཉིད་མཆོག་གིས་དབུ་མའི་ལམ་གྱི་ཐོག་ནས་རྒྱ་ནག་དང་ཁ་བྲལ་མིན་པར་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཞིག་ཐོབ་པར་ཐུགས་བརྩོན་མཛད་བཞིན་ཡོད་པ་དང་། གཙོ་བོ་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་བཅས་བདག་གཉེས་ལེགས་པོ་ཞིག་ཐུབ་རྒྱུ་དེ་གནད་ཆེ་ཆགས་ཡོད་པ་སོགས་བཀའ་སྩལ་ཡོད།  དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བདེ་སྐྱིད་ཚལ་དུ་གསར་བཞེངས་ལེགས་གྲུབ་ཟིན་པའི་ཐུབ་བསྟན་གླིང་དགོན་པའི་རྟེན་དང་བརྟེན་པ་བཅས་པ་རབ་གནས་དབུ་འབྱེད་ཀྱི་མཛད་འཕྲིན་ཁག་གྲུབ་མཚམས་སུ་ལ་དྭགས་རང་སྐྱོང་དང་ལ་དྭགས་རང་སྐྱོང་རི་ལྔོངས་ཡར་རྒྱས་ལྷན་ཚོགས་ནས་གོ་སྒྲིག་ཞུས་པའི་མཛད་རིམ་ཞིག་གི་ཐོག་ལ་དབུས་བཞུགས་མཛད་དེ་ཆོས་ལུགས་མཐུན་སྒྲིལ་དང་བྱམས་སྙིང་རྗེ། ཤེས་སློབ་སྦྱོང་གི་གལ་གནད་སོགས་ཀྱི་ཐོག་བཀའ་སློབ་བཀའ་དྲིན་སྩལ་ཡོད་པ་རེད། གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ཟླ་བ་གཉིས་མན་ཙམ་གྱི་རིང་ལ་དྭགས་དུ་༸སྐུ་བཞུགས་མཛད་པའི་ཁྲོད་དུ་རྒྱལ་ས་གླེ་དང་ཟངས་དཀར་དུ་ཆགས་པའི་ནང་པའི་ཆོས་སྡེ་ཁག་དང་ཁ་ཆེ། ཡེ་ཤུ་བཅས་ཀྱི་ལྷ་ཁང་སོ་སོར་གནས་གཟིགས་ཆིབས་སྒྱུར་བཀྲིན་བསྐྱངས་ཏེ་ སྤྱི་ཚོགས་མཐུན་སྒྲིལ་དང་། གོ་ལ་གཅིག་གྱུར་གྱི་འདུ་ཤེས་བསྐྲུན་ཐབས་སོགས་ཀྱི་ཐོག་དགོངས་པ་བཞེས་གལ་ཡིན་པའི་ལམ་སྟོན་བཀའ་སློབ་དང་། ས་གནས་ཀྱི་དད་ལྡན་མང་ཚོགས་རྣམས་ལ་བཀའ་ཆོས་དང་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀའ་དྲིན་སྩལ་བ་མ་ཟད། ས་གནས་ཀྱི་བོད་མི་རྣམས་ལ་ལོགས་སུ་བཀའ་སློབ་ལམ་སྟོན་སོགས་སྩལ་ཡོད། ཁ་སང་མགོན་པོ་༸གང་ཉིད་མཆོག་གིས་ས་གནས་ཀྱི་མི་མང་དང་ཚོགས་པ་ཁག་གཅིག་གི་འཐུས་མིར་དམིགས་བསལ་མཇལ་ཁ་སྩལ་སྐབས་ལ་དྭགས་ལམ་སྒྲོན་སློབ་གྲྭའི་འབྲེལ་ཡོད་ཁག་གཅིག་ནས་མགོན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ལོ་རྗེས་མར་ལམ་སྒྲོལ་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་ལྔ་བཅུའི་དུས་སྟོན་དང་བསྟུན་ས་གནས་སུ་ཚན་རིག་དང་བྱམས་བརྩེ། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་བཅས་ཀྱི་བརྗོད་གཞི་གཙོ་བཟུང་ཐོག་འཚོགས་གཏན་ཁེལ་བའི་ལམ་སྒྲོལ་དབྱར་ཆོས་ཆེན་མོའི་ཚོགས་མགོན་དུ་དབུ་བཞུགས་མཛད་རྒྱུའི་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་ཡོད་པ་རེད།

ཧི་མཱ་ཅལ་ནང་ཆར་ཞོད་རྐྱེན་གྱིས་མི་རྒྱུ་གཉིས་ཀར་གནོད་སྐྱོན་ཕོག་པར་ཐུགས་གསོ་སྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་བྱང་ཕྱོགས་སུ་ཆགས་པའི་ཧི་མཱ་ཅལ་མངའ་སྡེ་ནང་ཆར་ཞོད་ཀྱི་གོད་ཆག་འོག་མི་རྒྱུ་གཉིས་ཀར་གནོད་སྐྱོན་ཕོག་པར་ཐུགས་གསོའི་གསུང་འཕྲིན་སྩལ་འདུགམགོན་པོ་༸གང་ཉིད་མཆོག་གིས་དེ་རིང་ཕྱི་ཚེས་ ༢༢ ཉིན་ལ་དྭགས་ཞི་བའི་ཚལ་ཕོ་བྲང་ནས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Jai Ram Thakur མཆོག་གི་མཚན་ཐོག་ཏུ་སྩལ་བའི་གསུང་འཕྲིན་ནང་ཉེ་ལམ་མངའ་སྡེ་ནང་ཆར་ཞོད་ཆེན་པོ་བབས་པར་བརྟེན་ས་རུད་དང་ཆུ་ལོག་སོགས་བྱུང་སྟེ་གཞུང་ལམ་ལུག་པ་སོགས་རྨང་གཞི་འཛུགས་སྐྲུན་ལ་གནོད་སྐྱོན་ཕོན་ཆེ་ཕོག་ནས་མང་ཚོགས་ལ་ངལ་བ་ཆེས་ཆེར་འཕྲད་པ་དང་། ལྷག་དོན་གོད་ཆག་དེའི་ཁྲོད་ཁག་གཅིག་ཚེ་སྲོག་ཤོར་ཏེ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་སྟབས། ཁོང་རྣམ་པའི་ཤུལ་ལུས་ནང་མི་སྐུ་འཁོར་ཡོངས་ལ་ཐུགས་གསོ་དང་། རང་བྱུང་གོད་ཆག་འོག་འདས་གྲོངས་སུ་གྱུར་བ་རྣམས་ལ་ཐུགས་སྨོན་མཛད་འདུགལྷག་པར་མགོན་པོ་༸གང་ཉིད་མཆོག་གིས་ཧི་མཱ་ཅལ་ལྟ་བུ་མཚོན་ན་འདས་པའི་ལོ་ངོ་ ༦༠ ལྷག་རིང་མགོན་པོ་མཆོག་གི་བཞུགས་གནས་ཆགས་ཡོད་པར་བཀའ་སྩལ་བ་དང་འབྲེལ། ཀུན་གྱིས་མཁྱེན་གསལ་ལྟར་ཧི་མཱ་ཅལ་མངའ་སྡེའི་མང་ཚོགས་རྣམས་ནི་ངོས་དང་རང་བཞིན་གྱིས་དམིགས་བསལ་མཛའ་བརྩེ་ཟབ་མོ་ཡོད་པའི་ཚོར་སྣང་ཡོད་ཅེས་བཀའ་སྩལ་བ་དང་ཆབས་ཅིག གོད་ཆག་ཁྲོད་འདིར་ཧི་མཱ་ཅལ་མངའ་གཞུང་སོགས་ནས་ཛ་དྲག་ཉེན་སྐྱོབ་དང་ངལ་སེལ་གྱི་ལས་གཞི་སྤེལ་བཞིན་པར་ཡི་རང་བསྔགས་བརྗོད་མཛད་པ་མ་ཟད་ཧི་མཱ་ཅལ་མང་ཚོགས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ཏཱ་ལའི་བླ་མའི་དགེ་རྩ་ནས་ངལ་སེལ་ཞལ་འདེབས་གསོལ་སྩལ་མཛད་རྒྱུ་ཡིན་ཞེས་འཁོད་འདུགགཞི་རྩའི་འདས་པའི་ཉིན་ཤས་ཁྲོད་ཧི་མཱ་ཅལ་ནང་ཆར་ཞོད་བསྟུད་མར་བབས་རྐྱེན་ས་ཁུལ་ཁག་གཅིག་ཏུ་ས་རུད་དང་ཆུ་ལོག་བྱུང་སྟེ་ད་བར་མི་གྲངས་ཉི་ཤུ་ལྷག་འདས་གྲོངས་དང་ཁག་གཅིག་རྨས་སྐྱོན་ཕོག་པ་དང་ཁག་གཅིག་གར་སོང་ཆ་མེད་དུ་གྱུར་ཡོད་པ་མ་ཟད། ད་ཆ་གཞུང་ལམ་མང་དག་ཅིག་ལ་འགྲོ་སྐྱོད་མི་ཆོག་པར་བཀག་སྡོམ་གནང་ཡོད་པ་རེད།ཧི་མཱ་ཅལ་མངའ་སྡེ་ནང་གི་མན་ཌི་དང་ཀང་གྷ་ར། ཅམ་བྷ་རྫོང་བཅས་ནི་ཆར་ཞོད་ཀྱི་གོད་ཆག་ཕོག་ཡུལ་སྡུག་ཤོས་ཀྱི་ས་ཚིགས་ཆགས་འདུག བཞུགས་སྒར་དྷརྨ་སཱ་ལཱར་མཚོན་ན་ཉེ་ལམ་དྷ་ཤོད་ནས་གངས་སྐྱིད་བར་གྱི་གཞུང་ལམ་ལུག་པའི་གནད་འཚེ་ཕོག་པ་མ་ཚད་པར་གངས་སྐྱིད་ནས་མེག་གྷན་བར་གྱི་གཞུང་ལམ་ལའང་ས་རུད་ཀྱི་གནད་དོན་བྱུང་ཡོད། ཆུ་ལོག་དང་འབྲེལ་བའི་པར་གྱི་བདག་དབང་། PTI

རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱ་གར་གཞུང་ལ་༸གོང་ས་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་ཆེ་བསྟོད་གཟེངས་རྟགས་ཕུལ་དགོས་པའི་ཞུ་སྙན་ཕུལ་འདུག

རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ཀྱི་ལྷན་ཚོགས་གཉིས་པ་བསྐྱངས་ཏེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་ Bharat Ratna འབུལ་ལམ་ཞུ་དགོས་པའི་དགོན་འདུན་གྱི་ཞུ་སྙན་ཞིག་ཕུལ་འདུགརྒྱ་གར་གྱི་ The Economic Times གསར་ཤོག་གིས་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བ་འདིའི་ཟླ་འགོར་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ཀྱི་ལྷན་ཚོགས་གཉིས་པ་བསྐྱངས་ཏེ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་ Bharat Ratna འབུལ་ལམ་ཞུ་དགོས་པ་དང་ལྷག་དོན་རྒྱ་གར་གྱི་གྲོས་ཚོགས་གོང་འོག་གཉིས་ཀྱི་ཚོགས་གཙོ་སོ་སོའི་མཚན་ཐོག་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་གྱི་གྲོས་ཚོགས་གོང་འོག་གཉིས་ཀྱི་ནང་ལ་ཞི་བདེ་དང་བྱམས་བརྩེའི་ཐོག་བཀའ་སློབ་སྩལ་གནང་ཡོང་བའི་གསོལ་འདེབས་ཞུ་དགོས་པའི་དགོན་འདུན་གྱི་ཕྱག་ཡིག་ཞུ་སྙན་ཞིག་ཕུལ་འདུག རྒྱ་གར་གྲོས་ཚོགས་འོག་མིའི་འཐུས་མི་སྐུ་ཞབས་ Tapir Gao ལགས་ཀྱིས་རྒྱ་གར་རྒྱལ་ཡོངས་སུ་བོད་ཀྱི་གནད་དོན་དང་འབྲེལ་བའི་གོ་རྟོགས་ཀྱི་ལས་འགུལ་རྒྱ་ཆེར་སྤེལ་དགོས་པ་མ་ཚད་པར་ཁྱད་པར་དུ་རྒྱ་གར་གྱི་གྲོས་ཚོགས་གོང་འོག་གཉིས་ཀྱི་ནང་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཞི་བདེ་དང་བྱམས་བརྩེའི་ཐོག་བཀའ་སློབ་སྩལ་གནང་ཡོང་བའི་གསོལ་འདེབས་ཞུ་དགོས་པའི་དགོན་འདུན་གྱི་གསུང་བཤད་གནང་འདུག དེ་མཚུངས་སུ་གྲོས་ཚོགས་ཀྱི་འཐུས་མི་གཞན་ཁག་གཅིག་གིས་རྒྱ་གར་གྱི་གྲོས་ཚོགས་ནང་ཙམ་མིན་པར་ཕྱི་རོལ་དུའང་བོད་གནད་གོ་རྟོགས་རྒྱ་གང་ཆེ་སྤེལ་དགོས་གལ་ཡིན་པ་སོགས་ཀྱི་སྐོར་ལ་གསུང་བཤད་དང་དགོངས་འཆར་གནང་འདུགཐེངས་འདིའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་འབུལ་ལམ་ཞུ་དགོས་པའི་ཞུ་སྙན་ཕུལ་བའི་ལས་འགུལ་ནང་། རྒྱ་གར་ཆབ་སྲིད་ཚོགས་པ་ Bharatiya Janata Party (BJP) དང་།  Biju Janata Dal (BJD)  དེ་བཞིན་  Janata Dal (United) བཅས་གསུམ་གྱིས་གཙོས་པའི་ཚོགས་ཁག་གཞན་ཁག་གཅིག་ཟུང་འབྲེལ་མཉམ་ཞུགས་གནང་ཡོད་པར་མ་ཟད། ཆབ་སྲིད་ཚོགས་པ་ཆེ་ཁག་དེ་དག་གི་ཚོགས་མི་གཙོ་གྲས་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Sushil Modi ལགས་དང་ Ashok Bajpai ལགས།  Lahar Singh Siroya ལགས། Vinay Dinu Tendulkar ལགས། དེ་བཞིན་གྲོས་ཚོགས་འོག་མིའི་འཐུས་མི་སྐུ་ཞབས་ Tapir Gao ལགས་དང་Rajendra Agrawal ལགས་ལྷན་ཞུགས་གནང་ཡོད་པ་རེད། དེ་བཞིན་གྲོས་ཚོགས་འཐུས་མི་རྣམ་པས་ཨ་རིའི་གྲོས་ཚོགས་ཀྱི་ངོས་ནས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་གནང་དོན་བཞིན་རྒྱ་གར་གྱི་གྲོས་ཚོགས་སུའང་དེ་མཚུངས་ངོ་སྤྲོད་གནང་དགོས་པར་གསུངས་འདུག་པ་དང་ཆབས་ཅིག ཁོང་རྣམས་ཀྱིས་རྒྱ་གར་གཞུང་ནས་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་གནང་ཕྱོགས་ཀྱི་ ༢༠༡༤ ལོའི་སྲིད་བྱུས་(Rehab policy 2014) ཞེས་པའི་སྐོར་དང་། ས་ཆ་བོགས་གཏོང་གནང་ཕྱོགས་ཀྱི་རྩ་འཛིན་ཡིག་ཆ་དུས་འགྱངས་གཏོང་དགོས་པའི་ཐད་ལ་བཀའ་བསྡུར་གནང་འདུག གཞན་ཡང་རྒྱ་གར་ནང་སྲིད་བློན་ཆེན་མཆོག་བཙན་བྱོལ་བོད་མིའི་གཞིས་སྒར་ཁག་ཏུ་ངེས་ཕེབས་དགོས་པའི་སྐུལ་འདེབས་ནན་པོ་གནང་འདུག་པ་དང་འབྲེལ་ཏེ། གྲོས་ཚོགས་འཐུས་མི་རྣམ་པས་རྒྱ་གར་གྱི་རྫོང་ཁག་དང་མངའ་སྡེའི་གཞུང་བཅས་ཀྱིས་བཙན་བྱོལ་བོད་མིར་ས་ཆ་དང་གཞུང་ལམ། གློག འཐུང་ཆུ་བཅས་དགོས་ངེས་ཀྱི་མཐུན་འགྱུར་ལེགས་པོ་བསྐྲུན་དགོས་པ་གསུངས་འདུག གཞི་རྩའི་འདི་ལོར་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གྲོས་ཚོགས་འོག་མིའི་འཐུས་མི་སྐུ་ཞབས་ BJD Sujeeth Kumar ལགས་ཀྱིས་གཙོ་འགན་བཞེས་ཏེ་གྲོས་ཚོགས་འཐུས་མི་རྣམ་པའི་དྲུང་ནས་མཚན་རྟགས་བསྡུ་རུབ་བརྒྱུད་དེ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་ Bharat Ratna འབུལ་ལམ་ཞུ་དགོས་པའི་དགོས་འདུན་བཏོན་པར་མ་ཟད། རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་མང་དག་ཅིག་གིས་བརྙན་པར་བརྒྱུད་ནས་རྒྱ་གར་གྱི་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་ Bharat Ratna འབུལ་ལམ་ཞུ་དགོས་པའི་ཞུ་སྐུལ་གནང་མྱོང་ཡོད་པ་རེད། དེ་སྔ་ཕྱི་ལོ་ ༢༠༢༠ ལོར་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པས་མགྲིན་དབྱངས་གཅིག་གྱུར་ཐོག་ནས་དེ་འབྲེལ་དགོས་འདུན་ཆེད་བཏོན་གནང་ཡོད་པར་མ་ཟད། རྒྱ་གར་གྱི་ BJP ཆབ་སྲིད་ཚོགས་པའི་དབུ་ཁྲིད་རྒན་གྲས་དང་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་གཙོས། ལ་དྭགས་ནང་པ་ཚོགས་པ། དེ་བཞིན་ལ་དྭགས་ཁྲིག་སེ་དགོན་པ་དང་བདེ་སྐྱིད་དགོན་པའི་དབུ་བླ་དང་རྒྱ་གར་གྱི་གྲོས་ཚོགས་གོང་མའི་འཐུས་མི་གནང་མྱོང་མཁན་ཁྲིག་སེ་རིན་པོ་ཆེ་མཆོག་བཅས་ཀྱིས་རྒྱ་གར་གྱི་སྲིད་བློན་མོ་ཌི་མཆོག་ལ་ཞུ་སྙན་ཞིག་ཀྱང་ཕུལ་ཡོད་པ་རེད།

འཛམ་གླིང་ཞི་བདེ་ནི་ང་ཚོའི་འབད་བརྩོན་ལ་བརྟེན་ནས་ཡོང་དགོས་ཀྱི་རེད།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་ལྟའི་ཆར་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ་༸སྐུ་ཞུགས་མཛད་དེ་ཁུལ་དེའི་ཉེ་འཁོར་གྱི་ས་གནས་ཁག་ཏུ་མཛད་འཕྲིན་ཁག་གཅིག་བསྐྱངས་དང་སྐྱོང་བཞིན་ཡོད་པ་ལྟར། ཁ་སང་མགོན་པོ་༸གང་ཉིད་མཆོག་གིས་ལ་དྭགས་ཁ་ཆེའི་འབྲེལ་མཐུད་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་རྒྱལ་ས་གླེའི་ཤལ་ཁུལ་དུ་རྟེན་གཞི་བྱས་པའི་སཱུ་ནིའི་ཁ་ཆེའི་ལྷ་ཁང་དུ་གནས་གཟིགས་དང་སྦྲགས་ཏེ་ཁ་ཆེའི་ཆོས་གྲོགས་རྣམས་ལ་བཀའ་སློབ་ལམ་སྟོན་སྩལ་བ་དང་དེ་བཞིན་ཆོས་གྲོས་ཚོས་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ལ་བཀའ་ལན་སྩལ་ཡོད་པ་རེད།སྐབས་དེར་ས་གནས་ཀྱི་སློབ་གྲྭ་ཞིག་ཏུ་དགེ་རྒན་གྱི་ཕྱག་ལས་གནང་བཞིན་པ་ཁ་ཆེའི་བེུད་མེད་ཅིག་ནས་ཁྱིམ་དང་སྤྱི་ཚོགས་ཀྱི་ཟང་ཟིང་སྤངས་ཏེ་གྲྭ་བཙུན་སོགས་གནང་ཚེ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་རྒྱུ་ལས་སླ་པོ་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་ནང་ཆོས་ལ་མཚོན་ན་སྟོན་པ་བཅོམ་ལྡན་འདས་གཙོ་བོར་གྱུར་པའི་ནང་པའི་མཁས་པ་བསམ་གྱིས་མི་ཁྱབ་པ་མང་པོ་ཞིག་གྲྭ་སར་ཞུགས་ཏེ་དགེ་སློང་སོགས་ཀྱི་སྡོམ་པ་ཞུས་ཡོད་པ་དང་། ནང་ཆོས་ཉམས་ལེན་གནང་བར་ངེས་པར་དུ་གྲྭ་བཙུན་སོགས་གནང་དགོས་པའི་ཁྱབ་པ་གང་ཡང་མེད་པ་དང་། དེ་ཡང་ང་ཚོ་འཇིག་རྟེན་འདིར་ཐོག་མ་སྐྱེས་པའི་སྐབས་སུ་གྲྭ་བཙུན་གྱི་ཀླད་པ་དང་མི་སྐྱའི་ཀླད་པ་ཞེས་དབྱེ་བ་གང་ཡང་མེད་སྟབས། གཙོ་བོ་རང་ཉིད་ལ་ཡོད་པའི་ཀླད་པ་འདི་བེད་སྤྱོད་ཚད་ལྡན་ཞིག་བཏང་སྟེ་ཆོས་ལ་དད་པ་ཙམ་མིན་པར་རིག་པས་དཔྱད་ནས་སློབ་གཉེར་གནང་རྒྱུ་དེ་གལ་ཆེན་པོ་རེད་ཅེས་བཀའ་ལན་སྩལ་ཡོད།    ལྷག་པར་དུ་སྐབས་དེར་བཅར་བའི་ས་གནས་ཀྱི་མཐོ་སློབ་སློབ་དཔོན་ཞིག་གིས་མང་ཚོའི་རྒྱལ་ཁབ་ནང་ལ་སྤྱི་ཚོགས་འཆམ་མཐུན་ཡོང་ཐབས་སུ་གསར་འགོད་པས་འགན་གང་བཞེས་དགོས་སམ་ཞེས་བཀའ་འདྲི་ཞུས་སྐབས་ང་ཚོ་ལ་གནས་ཚུལ་སྣ་ཚོགས་དང་ཕྱོགས་ཡོངས་ཀྱི་གནས་ཚུལ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང་། ལྷག་དོན་སྤྱི་ཚོགས་འཆམ་མཐུན་སྐོར་ཟེར་སྐབས་སུ་ཆོས་ལ་དད་པ་དང་ཡིད་ཆེས་ཡོད་མེད་ཅེས་པ་དེ་ནི་གང་ཟག་སྒེར་གྱི་གནད་དོན་ཞིག་ཡིན་པ་དང་། ང་ཚོས་རྒྱ་ཆེ་ས་ནས་དགོངས་པ་བཞེས་དགོས་པ་ནི་འཛམ་གླིང་ཐོག་ཡོད་པའི་འགྲོ་བ་མི་ཐེར་འབུམ་བདུན་རྣམས་ལ་ཐུན་མོང་གི་ཆ་ཞིག་ཡོད་པ་དེ་ནི་ང་ཚོ་ཚང་མ་གོ་ལ་འདིའི་ཐོག་གཅིག་གིས་གཅིག་བརྟེན་ནས་འཚོ་གནས་བྱེད་དགོས་སྟབས་འགྲོ་བ་མི་ཕན་ཚུན་དབར་ལ་གཅེན་པོ་དང་གཅེན་མོ། དེ་བཞིན་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་གོང་འཕེལ་ཐོག་ནས་མཉམ་གནས་གནང་སྟེ་སྤྱི་ཚོགས་འཆམ་མཐུན་དང་འཛམ་གླིང་ཞི་བདེ་ལྡན་པ་ཞིག་བསྐྲུན་རྒྱུར་འབད་བརྩོན་གནང་དགོས་ཞེས་བཀའ་སྩལ་བ་དང་ཆབས་ཅིག འཛམ་གླིང་ཞི་བདེ་ནི་གློ་བུར་དུ་ཡོང་རྒྱུ་ཡོད་པ་ཞིག་མིན་པར་ང་ཚོའི་འབད་བརྩོན་ལ་རྟེན་ནས་ཡོང་དགོས་ཀྱི་རེད་ཅེས་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་གནང་མཛད་ཡོད།སྐབས་དེར་༸གོང་ས་མཆོག་གིས་སྟོང་ཉིད་དང་མི་རྟག་པ་སོགས་སྒོམ་པའི་ཕན་ཡོན་སྐོར་ལ་བཀའ་ལན་སྩོལ་སྐབས་ཆོས་ཉམས་ལེན་བྱེད་སྐབས་གཙོ་བོ་རང་རྒྱུད་ལ་ཡོད་པའི་ཉོན་མོངས་པའི་སེམས་ཚོར་དྲག་པོའི་ཆ་དེ་དག་ལ་གཉེན་པོ་རྟེན་ཐབས་གནང་དགོས་པ་དང་། ལྷག་པར་དུ་ང་ཚོའི་རྒྱུད་ལ་ཡོད་པའི་སེམས་ཚོར་དྲག་པོའི་ཆ་དེ་དག་དང་རྒྱུན་དུ་སེམས་མི་སྐྱིད་པའི་གནས་སྟངས་བྱུང་སྐབས་ཀྱི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་རང་གཅེས་འཛིན་གྱི་བསམ་བློ་ཤུགས་ཆེ་དྲག་པའི་དབང་གིས་ཡོང་ཡོད་པ་སོགས་བཀའ་ལན་མཛད་འདུགགཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ཆེའི་ཆོས་གྲོགས་ཁག་གཅིག་གིས་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ལ་བཀའ་ལན་མ་མཛད་གོང་དུ་དེ་སྔ་མགོན་པོ་༸གང་ཉིད་མཆོག་ལྷ་སར་བཞུགས་སྐབས་ཁ་ཆེའི་ངོ་ཤེས་པ་ཚོ་དང་འབྲེལ་འདྲིས་ཆེན་པོ་ཡོད་པ་སོགས་བཀའ་སྩལ་བ་དང་སྦྲགས། དེང་དུས་ཤེས་ཡོན་ལམ་ལུགས་ནང་ལ་བྱམས་བརྩེ་དང་འབྲེལ་བའི་བསླབ་གཞི་གསར་འཇུག་གནང་རྒྱུའི་གནད་འགག་དང་ཆོས་ལུགས་མཐུན་སྒྲིལ་གྱི་གལ་གནད་སོགས་ཀྱི་ཐོག་ལམ་སྟོན་བཀའ་སློབ་བཀའ་དྲིན་སྩལ་ཡོད་པ་རེད།

༸གོང་ས་མཆོག་ལ་ལ་དྭགས་ཁ་ཆེའི་འབྲེལ་མཐུད་ཚོགས་པས་དགུང་ཚིགས་འདེགས་འབུལ།

དེ་རིང་ཞོགས་པ་ཕྱག་ཚོད་ ༡༠ ཐོག་ Ladakh Muslim Coordination Committee ཞེས་ལ་དྭགས་ཁ་ཆེའི་འབྲེལ་མཐུད་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཀྱི་རྒྱལ་ས་གླེའི་ཤལ་ཁུལ་དུ་རྟེན་གཞི་བྱས་པའི་སུ་ནིའི་ཁ་ཆེའི་ལྷ་ཁང་དུ་ཆིབས་བསྒྱུར་དང་བཀའ་སློབ་བཀྲིན་སྩལ་གནང་མཛད་འདུགདེ་ཡང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ལ་དྭགས་ཟངས་དཀར་ཁུལ་གྱི་མཛད་འཆར་ཁག་ལེགས་པར་གྲུབ་ནས་སླར་རྒྱལ་ས་གླེའི་ཁུལ་གྱི་མཛད་འཆར་མུ་མཐུད་མཛད་བཞིན་པའི་ཁྲོད་དེ་རིང་མགོན་པོ་༸གང་ཉིད་མཆོག་ Masjid Sharif ཞེས་ཕྱི་ལོ་ ༡༣༨༢ ལོར་ཕྱག་བཏབ་པའི་ཁ་ཆེའི་ལྷ་ཁང་དུ་ཆིབས་བསྒྱུར་བཀྲིན་བསྐྱངས་ཏེ་ཐུགས་སྨོན་མཛད་པ་དང་། ཁ་ཆེའི་མང་ཚོགས་ལ་བླང་དོར་བཀའ་སློབ་སྩལ་བ་མ་ཟད། ལ་དྭགས་ཁ་ཆེའི་འབྲེལ་མཐུད་ཚོགས་པ་ནས་མགོན་པོ་༸གང་ཉིད་ལ་ཁ་ཆེའི་མཐུན་མོང་མ་ཡིན་པའི་དགུང་ཚིགས་འདེགས་འབུལ་ཞུས་འདུག༸གོང་ས་མཆོག་གིས་ཁ་ཆེའི་མང་ཚོགས་ལ་སྐབས་དེར་དབྱིན་སྐད་ནང་བཀའ་སློབ་སྩལ་བའི་ཁྲོད། མགོན་པོ་༸གང་ཉིད་༸སྐུ་ན་ཆུང་དུས་མདོ་སྨད་སྟག་འཚེར་ཁུལ་དུ་སྐུ་བཞུགས་མཛད་སྐབས་དང་། དེ་རྗེས་ལྷ་སར་ཆིབས་བསྒྱུར་མཛད་པའི་རིང་ལ་ཁ་ཆེའི་ངོ་ཤེས་མང་པོ་ཡོད་ལ་དེ་དག་ནི་གཞི་རྩའི་ཆ་ནས་ཧ་ཅང་ཞི་བདེ་དང་ལྡན་པ་ཞིག་ཡིན་པའི་ལོ་རྒྱུས་ཁག་གཅིག་ཐུགས་དྲན་གསོ་དང་འབྲེལ། སྤྱིར་ལྷ་སའི་ནང་ཡོད་པའི་ཁ་ཆེའི་མི་རིགས་མང་ཆེ་བ་ཚོང་པ་ཡིན་པ་དང་། ཁོང་རྣམ་པས་ཚོང་ལས་ཁྲོད་རྒྱ་གར་གཙོས་པའི་ཕྱིའི་རྒྱལ་ཁབ་ཀྱི་གནས་ཚུལ་ཁྱེར་ནས་ཡོང་སྟབས། བོད་མི་རྣམས་ཀྱིས་ཁོ་ཚོར་ངང་སྒུག་ཆེན་པོ་བྱས་ཀྱི་ཡོད་པ་དྲན་གསོ་མཛད་དེ་ཁ་ཆེ་མི་སྣ་དེ་དག་ནི་སྐབས་དེའི་དུས་ཀྱི་གནས་ཚུལ་ཡོང་ཁུངས་གཙོ་བོ་ཞིག་ཆགས་ཡོད་པར་བཀའ་གནང་འདུག༸གོང་ས་མཆོག་གིས་སྐབས་དེར་ད་དུང་ཁ་ཆེའི་མང་ཚོགས་རྣམས་ལ་དེང་གི་ཤེས་ཡོན་ཐོག་ནས་ Karuna འམ་བྱམས་བརྩེ་སྤེལ་རྒྱུ་ནི་ཧ་ཅང་གནད་ཆེ་ཡིན་པ་དང་དེའང་ཚན་རིག་པ་རྣམས་ཀྱིས་མིའི་རང་བཞིན་དེ་བྱམས་བརྩེ་ཡིན་པའི་གྲུབ་དོན་རྙེད་པ་ལྟར་གནང་གནད་ཡིན་པའང་བཀའ་བསྩལ་འདུགམ་ཟད་༸གོང་ས་མཆོག་གིས་ལ་དྭགས་གཙོས་ཧཱི་མ་ལ་ཡའི་རི་བརྒྱུད་ཀྱི་མི་རིགས་རྣམས་དང་བོད་དབར་འདས་པའི་ལོ་ངོ་སྟོང་ཕྲག་རིང་ནས་འབྲེལ་ལམ་ཧ་ཅང་ཟབ་མོ་ཡོད་པ་བཞིན་མགོན་པོ་༸གང་ཉིད་རྒྱ་གར་གྱི་བྱང་ཕྱོགས་ས་ཁུལ་དེ་དག་ནང་ག་དུས་ཆིབས་བསྒྱུར་མཛད་ཀྱང་ས་གནས་མང་ཚོགས་ནས་༸གང་ཉིད་ལ་ཧ་ཅང་དད་གུས་ཆེ་བའི་སྒོ་ནས་ཕེབས་བསུ་ཞུ་གི་ཡོད་པར་བསྔགས་བརྗོད་མཛད་པ་དང་འབྲེལ། བོད་དེ་བཞིན་འདས་པའི་ལོ་ངོ་བཅུ་ཕྲག་མང་པོའི་རིང་རྒྱ་ནག་གི་དབང་སྒྱུར་འོག་གནས་ཡོད་ཀྱང་། བོད་མི་རྣམས་ཀྱིས་ལོ་ངོ་སྟོང་ཕྲག་ལྡན་པའི་བྱམས་བརྩེའི་རིག་གཞུང་དེ་གསོ་གནས་ཐུབ་ཡོད་པ་དང་། ཡང་སྒོས་ལ་དྭགས་གཙོས་པའི་ཧཱི་མ་ལ་ཡའི་མི་རིགས་ནས་ཀྱང་བྱམས་བརྩེའི་རིག་གཞུང་འདི་བཞིན་རྒྱུན་འཛིན་ཐུབ་ཡོད་པར་དམིགས་བསལ་གྱི་བསྔགས་བརྗོད་མཛད་ཡོད།མ་ཟད་ཆོས་ལུགས་མཐུན་སྒྲིལ་གྱི་གལ་གནད་སྐོར་ལའང་བཀའ་སློབ་ནན་པོ་སྩལ་བ་དང་འབྲེལ། ཆོས་ལུགས་ཇི་འདྲ་ཞིག་ཡིན་རུང་ལྟ་གྲུབ་འདྲ་མིན་ཡོད་ཀྱང་། དོན་དག་ཡང་སྙིང་བྱམས་བརྩའི་བསླབ་བྱ་གཅིག་གྱུར་ཡིན་སྟབས། ལ་དྭགས་ནང་ཁ་ཆེ་དང་ནང་པའི་སྤྱི་ཚོགས་གཉིས་འཆམ་མཐུན་ངང་གནས་ཡོད་པ་དེ་ནི་ཧ་ཅང་གུས་པར་འོས་པ་ཞིག་ཡིན་པར་བཀའ་སྩལ་འདུག

རྒྱ་གར་གྱི་མང་གཙོའི་ལམ་ལུགས་ཀྱི་སྒྲོམ་གཞི་ཆེས་བརྟན་པོ་ཡོད་སྐོར་བཀའ་སྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ཕྱི་ཚེས་ ༡༥ ཉིན་རྒྱ་གར་རང་བཙན་ཐོབ་ནས་མི་ལོ་ ༧༥ འཁོར་བའི་ཉིན་མོ་དང་བསྟུན་དཔྱད་རྩོམ་སྤེལ་བའི་ནང་རྒྱ་གར་གྱི་རྒྱལ་ཁབ་འདི་ཉིད་ལོ་ངོ་བཅུ་ཕྲག་མང་པོའི་རིང་མང་གཙོའི་ལམ་བུར་བསྐྱོད་པར་བརྟེན་མང་གཙོའི་ལམ་ལུགས་ཀྱི་སྒྲོམ་གཞི་ཆེས་བརྟན་པོ་ཡོད་སྐོར་བཀའ་སྩལ་འདུགདེ་ཡང་ཁ་སང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀེ་ར་ལའི་གསར་ཁང་ ONMANORAMA ཐོག་དཔྱད་རྩོམ་ཞིག་སྤེལ་བའི་ནང་མགོན་པོ་༸གང་ཉིད་མཆོག་གིས་ལོ་ཤས་སྔོན་༸གང་ཉིད་མཆོག་ཝ་ཤིང་ཊོན་གྱི་མཛད་རིམ་ཞིག་གི་ནང་འབྱུང་འགྱུར་འཛམ་གླིང་ནང་རྒྱ་ནག་དམར་ཤོག་ཚོགས་པ་དང་མང་གཙོའི་རྒྱལ་ཁབ་རྒྱ་གར་གཉིས་ནས་དོ་སྣང་བྱ་ཡུལ་གཙོ་བོ་དང་གལ་འགངས་ཆེ་བ་དེ་སུ་ཆགས་མིན་བཀའ་འདྲི་ཞུས་པར་༸གང་ཉིད་མཆོག་གིས་སྐབས་དེར་ཐེ་ཚོམ་མེད་པར་དེ་རྒྱ་གར་རྒྱལ་ཁབ་ཡིན་པ་བཀའ་ལན་སྩལ་བ་དང་། ལྷག་པར་༸གང་ཉིད་མཆོག་གིས་བཀའ་ལན་དེ་ཡང་རྒྱ་གར་གྱི་ཡིད་མགུ་རུ་འཇུག་ཆེད་མིན་པར་ཡང་སྒོས་རྒྱ་གར་དེ་རྒྱལ་སྤྱིའི་སྤྱི་ཚོགས་ལ་ག་རེ་མཚོན་ཐུབ་མིན་དེ་མངོན་གསལ་གནང་རྒྱུ་ཆེད་ཡིན་པ་བཀའ་སྩལ་འདུག ༸གང་ཉིད་མཆོག་གིས་ངོས་རང་ལོ་མང་རིང་ནས་རྒྱ་གར་སྤྱི་ཚོགས་ཀྱི་ཆ་ཤས་ཞིག་ལ་ངོས་འཛིན་མཁན་ཞིག་ཡིན་པའི་ཆ་ནས་དེ་རིང་རྒྱ་གར་རང་བཙན་ཐོབ་ནས་མི་ལོ་ ༧༥ འཁོར་བའི་དུས་ཆེན་ཐོག་དགོངས་ཚུལ་ཞིག་འདིར་བཀོད་ཐུབ་པར་དགའ་ཚོར་དཔག་མེད་བྱུང་བ་དང་།  སྤྱིར་རྒྱ་གར་རྒྱལ་ཁབ་འདི་བཞིན་ཕྱི་ལོ་ ༡༩༤༧ ནས་ངལ་བ་གང་འཕྲད་པར་གདོང་ལེན་གྱིས་ཡར་རྒྱས་ཀྱི་ལམ་བུར་བསྐྱོད་པ་ནི་སེམས་འགུལ་ཐེབས་གཞི་ཞིག་དང་། ཆབས་ཅིག་རྒྱ་གར་གྱི་མང་གཙོའི་སྒྲོམ་གཞི་ལ་བསྔགས་བརྗོད་མཛད་དེ།   རྒྱ་གར་གྱི་རྒྱལ་ཁབ་འདི་ཉིད་ལོ་ངོ་བཅུ་ཕྲག་མང་པོའི་རིང་མང་གཙོའི་ལམ་བུར་བསྐྱོད་པར་བརྟེན་མང་གཙོའི་ལམ་ལུགས་ཀྱི་སྒྲོམ་གཞི་ཆེས་བརྟན་པོ་ཡོད་སྐོར་བཀའ་སྩལ་འདུག དེ་བཞིན་༸གང་ཉིད་མཆོག་གིས་རྒྱ་གར་ནང་ལོ་ངོ་སྟོང་ཕྲག་ལྷག་གི་རིང་ཆོས་ལུགས་འདྲ་མིན་ཡོད་པ་རྣམས་ཞི་བདེ་ངང་མཉམ་གནས་གནང་གི་ཡོད་པ་དང་འབྲེལ།  ད་རེས་ཀྱི་དཔྱད་རྩོམ་དེ་ཡང་ད་ཆ་ལ་དྭགས་སུ་ཡོད་པའི་སྐབས་བཀོད་པ་ཞིག་ཡིན་པ་དང་ཕྱོགས་མཚུངས་ས་ཁུལ་འདི་ལྟ་བུར་མཚོན་ན་ནང་པ་དང་ཁ་ཆེ། ཡེ་ཤུ། དེ་བཞིན་ཧིན་རྡུ་བ་རྣམས་ཞི་བདེ་ངང་མཉམ་གནས་གནང་བ་དངོས་སུ་གཟིགས་པ་བྱུང་བས་རྒྱ་གར་དེ་བཞིན་ཡར་རྒྱས་ཀྱི་ཁ་ཕྱོགས་ལ་མུ་མཐུད་བསྐྱོད་བཞིན་པ་མ་ཟད།   ལྷག་པར་རྒྱ་གར་འདི་བཞིན་འཛམ་གླིང་ནང་མང་གཙོའི་རྒྱལ་ཁབ་ཆེ་ཤོས་ཞིག་ཡིན་པའི་ཆ་ནས་འཛམ་གླིང་མང་གཙོའི་ལམ་དུ་སྣེ་ཁྲིད་ཐུབ་པའི་གནས་བབས་ཡོངས་སུ་ལྡན་ཡོད་ཅེས་ལམ་སྟོན་བཀྲིན་ཆེ་བ་སྩལ་འདུག གཞན་ཡང་མགོན་པོ་༸གང་ཉིད་མཆོག་གིས་རྒྱ་གར་གྱི་གནའ་བོའི་རིག་གནས་དང་འབྲེལ།  ༸གང་ཉིད་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་ལས་གཅིག་རྒྱ་གར་གྱི་གནའ་བོའི་རིག་གནས་གོང་མཐོར་གཏོང་རྒྱུ་ཡིན་པ་འགྲེལ་བརྗོད་དང་།  ཆབས་ཅིག་རྒྱ་གར་གྱི་ལྟ་གྲུབ་ནང་གི་སེམས་ཁམས་རིག་པ་དང་། བློ་སྦྱོང་གི་ཐབས་ལམ་སོགས་ཀྱིས་འཛམ་གླིང་སྤྱི་ཡོངས་ལ་ལེགས་སྐྱེས་འབུལ་ཐུབ་སྐོར་བཀའ་སྩལ་བ་མ་ཟད།  ལྷག་པར་རྒྱ་གར་གྱི་གནའ་བོའི་ལེགས་བྱང་དང་དེང་རབས་ཀྱི་ཤེས་ཡོན་གཉིས་ཟུང་དུ་འབྲེལ་བའི་ཐོག་ནས་སློབ་ཁྲིད་གནང་བར་འབད་བརྩོན་གནང་གལ་ཡིན་པ་དང་ཆབས་ཅིག རྒྱ་གར་གྱི་མངའ་སྡེ་ཁག་གཅིག་ནས་དེའི་ཐད་ཐུགས་འཁུར་བཞེས་མུས་ལྟར་སླད་མར་རྒྱ་གར་རྒྱལ་ཡོངས་ཀྱི་ལས་འགུལ་ཞིག་ཏུ་ཆགས་ཐུབ་པའི་ཐུགས་རེ་ཡོད་ཅེས་བཀའ་སྩལ་མཛད་འདུག གཞི་རྩའི་མགོན་པོ་༸གང་ཉིད་མཆོག་ཕྱི་ཟླ་ ༧ པའི་ཚེས་ ༡༤ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ལ་དྭགས་སུ་ཆིབས་ཐོན་མཛད་ཡོད་པ་དང་ད་ལྟར་ལ་དྭགས་སུ་༸སྐུ་ལྷོད་བཞུགས་མཛད་མུས་ཡིན་པ་རེད།

Latest news