Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་གིས་དད་ལྡན་ཆོས་ཞུ་བ་འབུམ་བརྒལ་བར་ཐུགས་རྗེ་ཆེན་པོའི་བཀའ་དབང་བཀྲིན་སྩལ་གནང་མཛད་སོང་།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ལ་དྭགས་སུ་ཆོས་ཞུ་བ་འབུམ་བརྒལ་བར་འཕགས་པ་སྤྱན་རས་གཟིགས་ཐུགས་རྗེ་ཆེན་པོའི་བཀའ་དབང་བཀྲིན་སྩལ་གནང་མཛད་པ་མ་ཟད། ད་རེས་ཀྱི་ཆོས་འབྲེལ་གསོལ་འདེབས་ཞུ་མཁན་ལ་དྭགས་ནང་ཚོགས་དང་དགོན་ཚོགས་གཙོས་མང་ཚོགས་ནས་༸གང་ཉིད་ལ་བརྟན་བཞུགས་བསྟར་འབུལ་ཡང་ཞུས་སོང་།དེ་ཡང་དེ་རིང་སྔ་དྲོ་གླེ་གྲོང་ཁྱེར་གྱི་ཞི་བའི་ཚལ་ཕོ་བྲང་གི་གསུང་ཆོས་ར་བར་ཁ་སྔོན་ཉིན་གཉིས་ལས་ཆོས་ཞུ་བ་ལྡབ་འགྱུར་གྱི་མང་བ་ཕེབས་ཡོད་པ་མ་ཟད། ཆོས་ཞུ་བ་མང་པོ་ཞིག་ཆོས་རའི་ཕྱི་ཕྱོགས་དང་འགའ་རེ་གཞུང་ལམ་གྱི་ཐེམ་སྐས་བཅས་སུའང་བཞུགས་ཡོད་པར་ཁྱོན་ཆོས་ཞུ་བ་འབུམ་གཅིག་ལྷག་ཕེབས་ཡོད་སྐོར་ཚོད་དཔག་གནང་གི་འདུག བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེར་འཕགས་པ་སྤྱན་རས་གཟིགས་ཐུགས་རྗེ་ཆེན་པོ་ནི་རྒྱལ་བ་ཀུན་གྱི་སྙིང་རྗེའི་རང་གཟུགས་ཤིག་ཡིན་པ་དང་། བྱེ་བྲག་ཏུ་བོད་གངས་ཅན་ལྗོངས་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་འདུལ་ཞིང་ཐུན་མོང་མ་ཡིན་པ་ཞིག་ཡིན་པ་མ་ཟད། ཚེ་རབས་མང་པོའི་རིང་ལས་འབྲེལ་ཡོད་པས་རྒྱུན་དུ་གསོལ་འདེབས་པ་དང་མ་ནི་སོགས་བགྲངས་ཚེ་བྱིན་རླབས་མྱུར་བ་དང་ཕན་ཡོན་ཆེ་བ་སོགས་ཀྱི་ངོ་སྤྲོད་བཀྲིན་སྩལ་གནང་མཛད་ཡོད། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྤྱན་རས་གཟིགས་ཐུགས་རྗེ་ཆེན་པོའི་བཀའ་དབང་གི་སྟ་གོན་དང་དངོས་གཞི་བཅས་བཀྲིན་སྩལ་གནང་མཛད་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་ནས་དེ་རིང་དྲ་ཐོག་བརྒྱུད་བཀའ་དབང་ཞུ་མཁན་ཚོར་དེ་མཚུངས་ཀྱི་བྱིན་རླབས་ཐོབ་ཀྱི་ཡོད་པའང་བཀའ་སྩལ་མཛད་ཡོད། བཀའ་དབང་ལེགས་གྲུབ་བྱུང་མཚམས་སུ་༸གང་ཉིད་ནས་ཆོས་ཞུ་བ་རྣམས་ལ་ཉུང་མཐར་མ་ནི་ཁྲི་གཅིག་ཉིན་ལྟར་བགྲང་དགོས་པའི་ལམ་སྟོན་ཡང་བཀའ་སྩལ་མཛད་ཡོད། ༸སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེས་དབུས་པའི་ཆོས་འབྲེལ་གསོལ་འདབེས་ཞུ་མཁན་ལ་དྭགས་ནང་ཚོགས་དང་དགོན་ཚོགས། དེ་བཞིན་ས་གནས་ཀྱི་མང་ཚོགས་བཅས་ནས་མགོན་པོ་༸གང་ཉིད་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་སླད་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་འབྲེལ། བཀྲིན་གཏང་རག་གི་མཎྜལ་གླུའི་མཆོད་པ་ཕུལ་སྟེ་ཉིན་གྲངས་གསུམ་རིང་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་ལ་དྭགས་ཀྱི་ཆོས་འབྲེལ་འདི་བཞིན་རེ་ཞིག་མཇུག་སྒྲིལ་སོང་། གཞི་རྩའི་དེ་རིང་ལ་དྭགས་དད་ལྡན་མང་ཚོགས་ཙམ་མ་ཟད། ཉེ་འབྲེལ་ཁུ་ནུ་དང་ལྷོ་ཕྱོགས་ཀྱི་གདན་ས་ཁག དེ་བཞིན་འབྲུག་དང་མོན། བལ་ཡུལ། ལྷག་པར་དུ་བོད་རིགས་དང་ནུབ་ཕྱོགས་རྒྱལ་ཁབ་འདྲ་མིན་ནས་ཁྱོན་ཆོས་ཞུ་བ་འབུམ་གཅིག་ལྷག་ཆོས་འབྲེལ་སྐབས་དངོས་སུ་བཅར་ཡོད། འདི་ག་ལ་དྭགས་ཡུལ་མི་ཞིག་ནས་གསུངས་དོན་དུ་དེ་རིང་ལ་དྭགས་ཀྱི་ས་ཁུག་ཡོད་ཚད་ནས་རྒན་གཞོན་བྱིས་གསུམ་ཡོངས་རྫོགས་ཆོས་ཞུར་ཕེབས་ཡོད་པའི་འགྲེལ་བརྗོད་དང་། གཞན་ཡང་ཆོས་ཞུ་བ་ཁག་གཅིག་ལ་བཀའ་དྲི་ཞུས་ཡོད་པ་གཤམ་འོག་སྒྲ་གསན་ཡོང་བ་ཞུ། ༸སྐུ་པར་བདག་དབང་། དགའ་ལྡན་ཕོ་བྲང་།

ལ་དྭགས་སུ་ཆོས་ཞུ་བ་ཁྲི་ཕྲག་བརྒལ་བ་ནས་ཆར་སིམ་ཁྲོད་ཆོས་འབྲེལ་ཞུས་པ།

ལ་དྭགས་གླེ་གྲོང་ཁྱེར་གྱི་ཞི་བའི་ཚལ་གསུང་ཆོས་ར་བའི་ནང་དེ་རིང་གི་ཉིན་གཉིས་པའི་ཆོས་འབྲེལ་སྐབས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་སྤྱོད་འཇུག་ཆེན་མོའི་ལེའུ་གཉིས་པ་ནས་ལྗགས་ལུང་བཀྲིན་སྩལ་གནང་མཛད་ཡོད།རྩ་བའི་དེ་རིང་ཉིན་གཉིས་པའི་ཆོས་འབྲེལ་སྐབས་ཆར་སིམ་ཁྲོད་ཆོས་ཞུ་བ་ལྔ་ཁྲི་ལྷག་ཕེབས་ཡོད་པའི་ཚོད་དཔག་དང་། ཆར་སིམ་འབབ་བཞིན་པའི་ཁྲོད་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དེ་རིང་ཚེས་གཅིག་ལྷ་མོའི་ཚེས་གཏོར་དང་བསྟུན་༸གང་ཉིད་ནས་ལྷ་མོའི་འཕྲིན་བཅོལ་རྒྱས་པ་ཞིག་ཕུལ་ཡོད་པའི་ངོ་སྤྲོད་དང་སྦྲགས།     དལ་འབྱོར་མི་ལུས་བཟང་པོ་ཐོབ་པ་དེ་ནམ་འཆི་ངེས་མེད་ཡིན་སྟབས།  ཉིན་རེ་བཞིན་དལ་འབྱོར་ལུས་བརྟེན་དེའི་ཐོག་ནས་སྙིང་པོ་ལེན་རྒྱུ་གལ་འགངས་ཆེན་པོ་ཡིན་པ་དང་།    ལྷག་པར་བོད་གངས་ཅན་གྱི་ཞིང་དང་ཧཱི་མ་ལ་ཡའི་མི་རིགས་ཚོར་ལས་བཟང་པོའི་བག་ཆགས་ཡོད་པ་ཞིག་ཡིན་སྟབས།   མི་ལུས་བཟང་པོ་ཐོབ་པ་དེ་དོན་དང་ལྡན་པ་ཞིག་ཡོང་ཐབས་བྱ་དགོས་པ་སོགས་ཀྱི་ལམ་སྟོན་བཀའ་སྩལ་མཛད་སོང་།དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་དང་ཧཱི་མ་ལ་ཡའི་མི་རིགས་ཚོས་རྒྱུན་གཏན་བྱང་ཆུབ་སེམས་ལ་དོ་སྣང་དང་སྐྱབས་འགྲོའི་སྨོན་ལམ་བཅས་གསུང་འདོན་གནང་གི་ཡོད་པར་ཧ་ཅང་སྐལ་པ་བཟང་པོ་ཞིག་ཡིན་སྐོར་བཀའ་སྩལ་དང་བསྟུན།  དོན་དང་ལྡན་པའི་བདེ་བ་ཞིག་ཡོང་ཐབས་སུ་ཉིན་རེ་བཞིན་བྱང་ཆུབ་སེམས་བསྒོམ་རྒྱུ་དེ་ཡིན་པའི་ལམ་སྟོན་དང་སྦྲགས་སྤྱོད་འཇུག་ཆེན་མོའི་ལེའུ་གཉིས་པ་སྡིག་བཤགས་ནས་ལྗགས་ལུང་བཀྲིན་སྩལ་གནང་མཛད་སོང་།གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ད་རེས་ལ་དྭགས་ཆིབས་བསྒྱུར་འདི་བཞིན་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་རྗེས་མགོན་པོ་༸གང་ཉིད་ནས་རྡ་རམ་ས་ལའི་ཕྱི་ཕྱོགས་སུ་ཆོས་འབྲེལ་བཀྲིན་སྩལ་བ་ཐེངས་དང་པོ་དེ་ཡིན་པ་མ་ཟད།    ལྷག་པར་དུ་མགོན་པོ་༸གང་ཉིད་ལ་དྭགས་ཁུལ་དུ་ལོ་གསུམ་ལྷག་གི་རྗེས་ཐེངས་དང་པོར་ཆིབས་བསྒྱུར་བཀྲིན་མཛད་ཀྱི་སྐོར་དང་།   ལ་དྭགས་ཀྱི་ས་ཕྱོགས་གང་ས་ནས་ཆོས་ཞུ་བ་སྟོང་ཕྲག་མང་པོ་གྲོང་ཁྱེར་གླེ་ཁུལ་དུ་འདུ་འཛོམས་བྱུང་ཡོད་པ་མ་ཟད།   ལྷག་པར་དུ་བོད་མིའི་གཙོས་རྒྱ་བལ་འབྲུག་གསུམ་དང་། ནུབ་ཕྱོགས་རྒྱལ་ཁབ་ཁག་ནས་ཁྱོན་ཆོས་ཞུ་བ་སྟོང་ཕྲག་མང་པོ་འདུ་འཛོམས་བྱུང་འདུག་པ་ལྟར། ཆོས་ཞུ་བ་ཁག་ཅིག་གི་ཚོར་བ་དེ་ལྟར་འགྲེལ་བརྗོད་གནང་བྱུང་།སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལ་དྭགས་ནང་ཚོགས་དང་དགོན་ཚོགས་གཉིས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་སྤྱོད་འཇུག་ཆེན་མོའི་ཆོས་འབྲེལ་འདི་ཉིད་དེ་རིང་རེ་ཞིག་མཇུག་སྒྲིལ་དང་འབྲེལ།    སང་ཉིན་ཕྱི་ཚེས་ ༣༠ ཉིན་མགོན་པོ་༸གང་ཉིད་མཆོག་ནས་དད་ལྡན་ཆོས་ཞུ་བ་ཚོར་འཕགས་པ་སྤྱན་རས་གཟིགས་ཐུགས་རྗེ་ཆེན་པོའི་བཀའ་དབང་བཀྲིན་སྩལ་རྒྱུ་མ་ཟད། ལ་དྭགས་ནང་ཚོགས་དང་དགོན་གཉིས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་ཀྱི་མཛད་འཆར་ཡོད་པ་རེད་འདུག

༸གོང་ས་མཆོག་གིས་ལ་དྭགས་དང་ཧཱི་མ་ལ་ཡའི་མི་རིགས་ཚོས་སེམས་བཟང་པོ་བྱས་ཚེ་བོད་བསྟན་སྲིད་ལའང་ཕན་ཐོགས་ཡོད་སྐོར་བཀའ་སྩལ་སོང་།

ལ་དྭགས་ནང་ཚོགས་དང་དགོན་ཚོགས་ཐུན་མོང་ནས་གསོལ་འདེབས་ཞུས་པ་ལྟར།   བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྟེ་ཕྱི་ཚེས་ ༢༨ ནས་ ༣༠ བར་ཉིན་གྲངས་གསུམ་རིང་ཆོས་འབྲེལ་བཀའ་དྲིན་འདི་བཞིན་དངོས་སུ་དབུ་འཛུགས་མཛད་སོང་།དེ་ཡང་ལ་དྭགས་གྲོང་ཁྱེར་གླེའི་ཞི་བའི་ཚལ་ཕོ་བྲང་གི་གསུང་ཆོས་ར་བར་ཉིན་དང་པོའི་ཆོས་འབྲེལ་སྐབས་ཕྱི་ནང་དད་ལྡན་ཆོས་ཞུ་བ་མི་གྲངས་གསུམ་ཁྲི་བརྒལ་བ་ཞིག་འདུ་འཛོམས་བྱུང་ཡོད་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེར་བདེ་སྐྱིད་ཀྱི་རྩ་བ་ནི་སེམས་བཟང་པོ་བྱ་རྒྱུ་དེ་ཡིན་པའི་དྲན་སྐུལ་དང་། གཞི་རྩའི་ཆོས་ལུགས་ཚང་མས་དེ་ལྟར་གསུངས་ཀྱི་ཡོད་ཀྱང་། ནང་པ་སངས་རྒྱས་པའི་ཆོས་སྤྱི་དང་། ལྷག་པར་དུ་དཔལ་ན་ལན་ཌ་ནས་བརྒྱུད་པའི་ནང་པའི་ཆོས་དེ་རྒྱུ་མཚན་ཡང་དག་ཡོད་པའི་ཆོས་ལུགས་ཤིག་ཡིན་པ་བཅས་ནང་ཆོས་ཀྱི་སྙིང་པོ་གང་ཡིན་ལམ་སྟོན་བཀྲིན་སྩལ་གནང་མཛད་པ་མ་ཟད། བོད་ཀྱི་ཁྱིམ་མཚེས་ལ་དྭགས་དང་ཧཱི་མ་ལའི་མི་རིགས་ཚོས་སེམས་བཟང་པོ་བྱས་ཚེ།  བོད་ནང་ཤུགས་རྐྱེན་ཆེན་པོ་བྱུང་གི་ཡོད་པ་དང།   བོད་བསྟན་སྲིད་ལའང་ཕན་ཐོགས་ཆེན་པོ་ཡོད་སྐོར་དང་།  ལྷག་པར་འཛམ་གླིང་ཞི་བདེ་ཡོང་ཐབས་སུའང་དོན་དམ་གྱི་ཕན་ཐོགས་ཡོད་པའི་ལམ་སྟོན་སོགས་ཀྱང་བཀའ་དྲིན་སྩལ་གནང་མཛད་ཡོད། དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འགྲོ་བ་མི་ཡིན་ཕྱིན་ཆད་སྤྱི་ཚོགས་ལ་བསྟུན་དགོས་པ་དང་།    སེམས་པ་བཟང་པོ་ཀུན་ནས་བླངས་ཏེ་གྲོགས་པོའི་འདུ་ཤེས་ཐོག་གནས་ཐུབ་ཚེ་ཪང་གཞན་ཀུན་གྱི་མི་ཚེ་སྐྱིད་པ་ཡོང་རྒྱུ་དང་།    རྒྱུན་དུ་ང་ཚོས་འཛམ་གླིང་ཞི་བདེ་འདོད་ཀྱི་ཡོད་ཀྱང་།  སེམས་ནང་ང་རྒྱལ་དང་ཕྲག་དོག་འཇིགས་སྣང་བཅས་ལ་བརྟེན་པས་འཛམ་གླིང་ཞི་བདེ་ཡོང་གི་མེད་པར།   ཞི་བདེའི་རྩ་བ་དེ་སེམས་བཟང་པོ་བྱ་རྒྱུ་དེ་ཡིན་པའི་ལམ་སྟོན་བཀྲིན་སྩལ་གནང་མཛད་ཡོད།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྐབས་དེར་ད་དུང་།   བོད་རྒྱ་ཆེའི་མང་ཚོགས་ནས་༸གང་ཉིད་ལ་རེ་བ་དང་ཡིད་ཆེས་བློ་འཁེལ་གནང་གི་ཡོད་པ་ལྟར།  ངོས་རང་སེམས་པ་བཟང་པོ་དང་དེའི་གཞི་རྩར་སྙིང་སྟོབས་ཡོད་སྐོར་དང་། བོད་མི་ཚོར་གཞི་རྩའི་དཀའ་ངལ་ཆེན་པོ་ཞིག་ཡོད་ཀྱང་སེམས་པ་བཟང་པོ་ཀུན་ནས་བླངས་པའི་སྙིང་སྟོབས་ལྡན་ཚེ་ང་ཚོའི་གནས་སྟངས་རིང་མིན་འགྱུར་བ་འགྲོ་ངེས་པ་སོགས་ཀྱི་སྐོར་བཀའ་གནང་སྟེ།   ཀུན་ལ་བརྩེ་སེམས་བྱ་རྒྱུ་དེ་འཛམ་གླིང་ཞེ་བདེའི་རྩ་བ་ཡིན་པ་བཅས་ཀྱི་ལམ་སྟོན་ཡང་བཀའ་སྩལ་མཛད་ཡོད།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རབས་བདུན་པ་དང་བརྒྱད་པ་ནས་བྱུང་པའི་བོད་ཀྱི་སྐད་ཡིག་དང་ནང་པའི་ཆོས་བཅས་ཧ་ཅང་ཕན་ཐོགས་ཡོད་པ་ཞིག་དང་།    སྐད་ཡིག་གཞན་ལ་བརྟེན་མི་དགོས་པར་བཀའ་འགྱུར་དང་བསྟན་འགྱུར་གཙོས་ཟབ་པ་དང་རྒྱ་ཆེ་བའི་ལམ་སྟོན་པའི་ཕྱག་དཔེ་སྟོང་ཕྲག་མང་པོ་དེ་དག།   བཙན་བྱོལ་བོད་མི་ཚོས་སྐུ་ལས་བསྐྱོན་པའི་འོག་གདན་ས་གསུམ་གྱི་གཙོས་ཆོས་སྡེ་ཚོས་རྩ་བ་གསར་འཛུགས་ཐུབ་པའི་སྐོར་བཀའ་སྩལ་གནང་པ་མ་ཟད།   དེང་སྐབས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་བཅས་ལ་འཛམ་གླིང་ཁྱོན་ཡོངས་ནས་དོ་སྣང་བྱེད་ཀྱི་ཡོད་པའི་སྐོར་སོགས་བཀའ་གནང་ཡོད།  ལ་དྭགས་པ་ཚོས་རྒྱུན་དུ་རིག་ལམ་གྱི་ཐོག་ནས་གཞུང་ཆེན་ཁག་ལ་དོ་སྣང་གནང་དགོས་པའི་ལམ་སྟོན་བཀའ་སྩལ་དང་བསྟུན།   དེ་རིང་གྱི་ཆོས་འབྲེལ་དངོས་གཞི་སྤྱོད་འཇུག་ཆེན་མོའི་མཛད་པོ་རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་མཛད་རྣམ་སྙིང་བསྡུས་ཤིག་བཀའ་གནང་སྟེ།   བྱང་ཆུབ་སེམས་ཀྱི་ཕན་ཡོན་བསྟན་པའི་ལེའུ་དང་པོ་ངོ་སྤྲོད་སྩལ་གནང་མཛད་ཡོད།དེ་རིང་གྱི་ཉིན་དང་པོའི་ཆོས་འབྲེལ་དེའི་སྐབས་ལ་དྭགས་ཁུལ་གྱི་ས་གནས་མང་པོ་ནས་དད་ལྡན་སྟོང་ཕྲག་མང་པོ་ཆེད་ཕེབས་གནང་འདུག་པ་མ་ཟད།   རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་ཕྱི་རྒྱལ་མི་རིགས་དང་།   དེ་བཞིན་རྒྱ་གར་གྱི་ས་ཕྱོགས་གང་ས་ནས་བོད་མི་ཆོས་ཞུ་བ་ཡང་མང་པོ་ཕེབས་ཡོད་པ་བཅས་ཉིན་དང་པོའི་ཆོས་འབྲེལ་དེར་མི་གྲངས་ཁྲི་གསུམ་ལྷག་འདུ་འཛོམས་བྱུང་ཡོད་པའི་ཚོད་དཔག་གནང་གི་འདུག

༸གོང་ས་མཆོག་གིས་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ Lord David Trimble མཆོག་དགོངས་པ་རྫོགས་པར་ཐུགས་གསོ་མཛད་འདུག

ཁ་སང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཞི་བ་ཚལ་ཕོ་བྲང་དགེ་འཕེལ་གླིང་ནས་ཟླ་བ་འདིའི་ཕྱི་ཚེས་ ༢༥ ཉིན་ Northern Ireland གྱི་སྲིད་བློན་ཐེངས་དང་པོ་དང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ Lord David Trimble མཆོག་སྙུང་གཞི་རྐྱེན་པས་དགུང་གྲངས་ ༧༧ ཐོག་དགོངས་པ་རྫོགས་པར་ཐུགས་ཕམ་དང་སྦྲགས། དམ་པ་དེ་ཉིད་ཀྱི་བཟའ་ཟླའི་མཚན་ཐོག་ཏུ་བསྔོ་སྨོན་དང་ཤུལ་ལུས་ནང་མི་རྣམས་ལ་ཐུགས་གསོའི་གསུང་འཕྲིན་སྩལ་འདུགམགོན་པོ་༸གང་ཉིད་མཆོག་གིས་གསུང་འཕྲིན་ནང། དམ་པ་ཁོང་བློ་སྟོབས་ཆེན་པོ་དང་དངོས་ཡོད་ཀྱི་ལམ་ནས་གཉིས་ཕན་གྱི་ཐབས་ལམ་ཞིག་བཙལ་ནས་ Northern Ireland ནང་ཞི་བདེ་བསྐྲུན་རྒྱུ་ཙམ་མ་ཟད། ཕྱོགས་འགལ་ཚོགས་པའི་དཀའ་ངལ་རྣམས་གྲོས་མོལ་དང་རྒྱལ་ཁབ་ཕན་ཚུན་དབར་འབྲེལ་ལམ་བརྒྱུད་སེལ་ཐུབ་པའི་ཡིད་ཆེས་བརྟན་པོ་གནང་མཁན་ཞིག་ཡིན་སྟབས། Northern Ireland  གི་དཀའ་ངལ་སེལ་རྒྱུའི་སླད་དམ་པ་དེ་ཉིད་ཀྱིས་ཐུགས་འགན་གཙོ་བོ་བཞེས་ཏེ་གྲོས་མཐུན་གན་རྒྱ་མཚན་རྟགས་བཀོད་ཐུབ་པ་བྱུང་བ་ནི་ང་ཚོའི་དུས་སྐབས་འདིར་ཞི་བདེ་བསྐྲུན་ཐབས་ཀྱི་མིག་དཔེ་ཞིག་ཆགས་ཡོད་པ་ངོས་བཞེས་མཛད་ཀྱི་ཡོད་ཅེས་བཀའ་སྩལ་འདུགད་དུང་མགོན་པོ་༸གང་ཉིད་མཆོག་གིས་དམ་པ་ཁོང་དང་ཐེངས་ཁ་ཤས་མཇལ་འཕྲད་གནང་མྱོང་ཡོད་པ་མ་ཟད། རྒྱུན་གཏན་ནས་དམ་པ་ཁོང་གིས་ Northern Ireland ནང་ཞབས་འདེགས་རླབས་ཆེན་ཞུས་གནང་བར་ཡིད་སྨོན་མཛད་ཀྱི་ཡོད་ཅེས་བཀའ་སྩལ་དང་སྦྲགས། གལ་ཏེ་ང་ཚོས་འགྲོ་བ་མི་ཚང་མ་གཅིག་གྱུར་གྱི་འདུ་ཤེས་བཟུང་ནས་ཕན་ཚུན་བསམ་ཤེས་དང་། བརྩི་བཀུར། འདུམ་འགྲིག་བྱས་ཏེ་དཀའ་ངལ་རྣམས་སེལ་ཐབས་བྱེད་ཐུབ་ན། དེ་ནི་དམ་པ་ Lord David Trimble ཁོང་ལ་རྗེས་དྲན་བྱེད་སྟངས་འོས་ཤོས་དེ་ཆགས་ངེས་ཡིན་པ་བཀའ་སྩལ་ཡོད།

ཤེས་རབ་སྐྱེད་ཚལ་གླིང་དཔེ་མཛོད་ཁང་དབུ་འབྱེད་དང་མང་ཚོགས་ལ་བཀའ་སློབ།

དེ་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་གྲོང་ཁྱེར་སླེ་ནས་སྤྱི་ལེ་ ༡༨ ཙམ་གྱི་སར་ཆགས་པའི་ཤེས་རབ་སྐྱེད་ཚལ་དཔེ་མཛོད་ཁང་དབུ་འབྱེད་རབ་གནས་བཀྲིན་སྩལ་གནང་མཛད་འདུགཤེས་རབ་སྐྱེད་ཚལ་གླིང་དཔེ་མཛོད་ཁང་དེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་གཞིར་བཟུང་སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེ་མཆོག་གིས་ཐུགས་འགན་གཙོ་བཞེས་ཐོག་བཞེངས་བསྐྲུན་གནང་པ་ཞིག་ཡིན་པ་དང་།དེ་རིང་དཔེ་མཛོད་ཁང་དངོས་སུ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སླེ་གྲོང་ཁྱེར་གཡས་གཡོན་གྱི་སློབ་ཕྲུག་དང་།  མང་ཚོགས་བཅས་མི་གྲངས་དུ་མ་འདུ་འཛོམས་བྱུང་ཡོད་པ་དང་།   བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྐབས་དེར།   དེ་རིང་སླར་ཡང་མང་ཚོགས་ཚང་མས་མཛའ་བརྩེའི་རྣམ་འགྱུར་བཏོན་པར་ཐུགས་རྗེ་ཆེ་ཞུས་དང་སྦྲགས།       ལ་དྭགས་མང་ཚོགས་ཀྱི་མཐུན་སྒྲིལ་ལ་ཡིད་རངས་བསྔགས་བརྗོད་མཛད་དེ།   ༸གང་ཉིད་ཀྱི་ཐུགས་བསྐྱེད་དམ་བཅའ་བཞིའི་ནང་ནས་ཆོས་ལུགས་ཕན་ཚུན་དབར་མཐུན་འབྲེལ་གོང་སྤེལ་ཡོང་ཐབས་སྐོར་བཀའ་སྩལ་གནང་པ་དང་སྦྲགས།   མང་ཚོགས་ཚང་མའི་ངོས་ནས་རང་ཉིད་ཀྱི་རྒྱལ་ཁབ་དང་།  མི་རིགས།  ཆོས་ལུགས་བཅས་ལ་ཞེན་ཆགས་གཅིག་པུ་མིན་པར་རྒྱ་ཆེ་ས་ནས་གོ་ལ་གཅིག་འགྱུར་གྱི་འདུ་ཤེས་ཐོག་བསམ་བློ་གཏང་དགོས་པ་དང་།   སེམས་བཟང་པོ་བྱེད་རྒྱུ་དེ་རང་གཞན་ཀུན་གྱི་ཞི་བདེའི་རྩ་བ་ཡིན་པ་བཅས་ཀྱི་ལམ་སྟོན་སྩལ་གནང་ཡོད། ༸གང་ཉིད་ནས་ད་དུང་།   བོད་ཀྱི་ནང་པའི་ཆོས་དང་སྐད་ཡིག་བཅས་པ་དུས་ཪབས་བདུན་པ་བརྒྱད་པ་ནས་ཡོད་པའི་བྱུང་རབས་ལོ་རྒྱུས་ངོ་སྤྲོད་སྩལ་གནང་མཛད་པ་དང་བསྟུན།  བོད་པའི་སྐད་དང་ཡི་གེ་རྒྱུན་སྤྱོད་བྱེད་མཁན་ཚོར་དཔལ་ན་ལན་ཌའི་ནང་པའི་ཆོས་ཀྱི་གོ་དོན་གཏིང་ཟབ་པོ་ཡོད་པ་དང་། དེའི་དཔེ་མཚོན་ནི།   ཆབ་སྲིད་ཀྱི་ཐོག་ནས་བོད་དེ་རྒྱ་ནག་དམར་པོའི་བཙན་དབང་འོག་ཏུ་གནས་ཡོད་རུང་། ཆོས་ཕྱོགས་ཀྱི་ཐོག་ནས་དེང་སྐབས་རྒྱ་རིགས་ཤེས་ཡོན་ཅན་མང་པོ་ཞིག་གིས་བོད་ཀྱི་ནང་ཆོས་ལ་ཡིད་རང་བསྔགས་བརྗོད་དང་སྦྲགས་ཉམས་ལེན་བྱེད་མཁན་རྗེ་མང་དུ་འགྲོ་བཞིན་པའི་སྐོར་ཡང་བཀའ་སྩལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐབས་དེར་ད་དུང་།   གོ་ལའི་ཚ་དྲོད་འཕེལ་བཞིན་སྐོར་མང་ཚོགས་ལ་དྲན་སྐུལ་དང་སྦྲགས།   རྒྱ་གར་གྱི་ཁོར་ཡུག་ལས་འགུལ་བ་དམ་པ་ Bahuguna མཆོག་ནས་གང་ཉིད་ལ་ཧི་མ་ལ་ཡའི་རི་རྒྱུད་ཁག་ཏུ་ ཤིང་ནག་འདེབས་འཛུགས་མང་ཙམ་བྱ་དགོས་པའི་ལམ་སྟོན་གནང་པ་ལྟར། མང་ཚོགས་ཚང་མའི་ངོས་ནས་དེ་ལྟར་གནང་དགོས་པའི་སྐུལ་མ་ཡང་མཛད་ཡོད་པ་རེད།  མཛད་སྒོའི་ཐོག་སློབ་ཕྲུག་ཁག་གཅིག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་འདྲི་ལམ་སྟོན་ཁག་གཅིག་ཞུས་པ་མ་ཟད།   སྐབས་དེར་ཤེས་རབ་སྐྱེད་ཚལ་གླིང་དཔེ་མཛོད་ཁང་དངོས་སུ་གསར་འཛུགས་ཀྱི་ཐུགས་འགན་བཞེས་མཁན་སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེ་མཆོག་ནས།  ༸གོང་ས་མཆོག་༸གང་ཉིད་ཀྱི་དཔེ་མཛོད་དངོས་སུ་དབུ་འབྱེད་བཀྲིན་བསྐྱངས་བར་ཐུགས་རྗེ་ཆེ་ཞུས་དང་།   ལྷག་པར་ད་བར་༸གང་ཉིད་ཀྱིས་ལམ་སྟོན་དང་དགོངས་གཞི་གཞིར་བཟུང་མ་འོངས་པར་ཡང་དེ་ལྟར་མུ་མཐུད་ཞུ་རྒྱུའི་དམ་བཅའ་ཡང་ཕུལ་གནང་མཛད་ཡོད།གཞི་རྩའི་ཤེས་རབ་སྐྱེད་ཚལ་གླིང་དཔེ་མཛོད་ཁང་དེ་ནི།  ཕྱི་ལོ་ ༢༠༡༨ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེ་མཆོག་ལ་ལ་དྭགས་མི་མང་དང་།  དེ་བཞིན་ཕྱི་ཕྱོགས་ཀྱི་མང་ཚོགས་བཅས་ལ་ཤེས་ཡོན་གྱི་ལྟེ་གནས་དཔེ་མཛོད་ཞིག་འཛུགས་བསྐྲུན་ཡོང་ཐབས་ཀྱི་ལམ་སྟོན་གནང་པ་གཞིར་བཟུང་ཕྱི་ལོ་ ༢༠༢༠ ལོའི་ལས་འཆར་ལེགས་གྲུབ་ཟིན་པ་ཞིག་དང།   དཔེ་མཛོད་ཁང་གི་ངོས་ནས་རྒྱུན་དུ་སློབ་ཕྲུག་རྣམ་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དང་།   ལྷག་པར་ཕྱི་ནང་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་དང་།  རྒན་པ་ཚོར་ཡི་གེ་བྲིས་ཀློག་སོགས་ཀྱི་ཟབ་སྦྱོང་ཡང་གནང་གི་ཡོད་པ་རེད།   ཤེས་རབ་སྐྱེད་ཚལ་གླིང་དཔེ་མཛོད་ཀྱི་འགན་འཛིན་དགེ་བཤེས་འཇམ་དབྱངས་བཀྲིས་ལགས་ཀྱིས་དེའི་སྐོར་འདི་ག་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་ཡོད།  

༸གོང་ས་མཆོག་ལ་དྭགས་སླེའི་ཆོས་ལུགས་ཁག་གི་ལྷ་ཁང་གནས་གཟིགས་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་ཐུགས་བསྐྱེད་དམ་བཅའ་བཞིའི་ནང་ནས་འཛམ་གླིང་ཆོས་ལུགས་ཕན་ཚུན་དབར་མཐུན་སྒྲིལ་གོང་སྤེལ་འདི་བཞིན་དེ་རིང་མགོན་པོ་༧གང་ཉིད་མཆོག་གིས་ཞི་བའི་ཚལ་ཕོ་བྲང་ནས་སླེའི་ཁྲོམ་གཞུང་ཁུལ་དུ་ཡོད་པའི་ཁ་ཆེ་དང་། ཡེ་ཤུའི་བཅས་ཀྱི་ལྷ་ཁང་སོ་སོར་གནས་གཟིགས་ཆིབས་བསྒྱུར་བཀྲིན་མཛད་པ་མ་ཟད། རྒྱུན་དུ་སྤྱི་ཚོགས་མཐུན་སྒྲིལ་དང་། གོ་ལ་གཅིག་འགྱུར་གྱི་འདུ་ཤེས་བསྐྲུན་ཐབས་སོགས་དགོངས་པ་རྒྱ་གང་ཆེར་བཞེས་དགོས་པ་སོགས་ཀྱི་ལམ་སྟོན་བཀྲིན་སྩལ་གནང་མཛད་ཡོད་པ་རེད།དེ་རིང་སྔ་དྲོའི་ཕྱག་ཚོད་ ༨ ནས་དབུ་འཛུགས་ཀྱིས་མགོན་པོ་༧གང་ཉིད་མཆོག་ཐོག་མར་སླེའི་ཇོ་ཁང་དུ་ཆེད་ཕེབས་མཛད་དེ་སྐབས་དེར་༧གང་ཉིད་མཆོག་གིས་དད་ལྡན་ནང་པ་ཚོར་ལ་དྭགས་མི་མང་ནས་དད་པ་དམ་ཚིག་གཡོ་མེད་ཡོད་པ་དང་འབྲེལ། ༧གང་ཉིད་མཆོག་ནས་ཀྱང་བསྟན་འགྲོའི་ཞབས་འདེགས་སྒོ་གང་ས་ནས་འགྲུབ་པའི་སེམས་སྐྱེད་ཐུགས་སྨོན་གནང་གི་ཡོད་སྐོར་བཀའ་བཞེས་སྨིན་སྩལ་དང་སྦྲགས། རྒྱུན་དུ་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱ་དགོས་པ་ལས་ལུས་ལ་ཆོས་གོས་གྱོན་པ་ཙམ་གྱི་ཕན་ཐོག་མེད་པའི་ལམ་སྟོན་ཡང་བཀའ་སྩལ་སོང་།མགོན་པོོ་༧གང་ཉིད་མཆོག་ཇོ་ཁང་གི་མཛད་འཆར་གྲུབ་མཚམས་སུ་སླེའི་ཁྲོམ་གཞུང་དབུས་སུ་ཡོད་པའི་སུ་ནིའི་ལྷ་ཁང་དང་དེ་རྗེས་ཤི་ཡ་ཁ་ཆེ་ཆོས་ལུགས་ཀྱི་ཨི་མམ་བ་ར་ལྷ་ཁང་བཅས་སུ་གནས་གཟིགས་མཛད་པ་དང་འབྲེལ། ༧གང་ཉིད་མཆོག་གིས་ཆོས་ལུགས་གང་འདྲ་ཞིག་ཡིན་རུང་བྱམས་སྙིང་རྗེའི་ལམ་སྟོན་གནང་གི་ཡོད་པར་དེ་མིན་ཆོས་ལུགས་ཀྱི་མིང་ཐོག་ནས་ཕན་ཚུན་གསོད་རེས་བྱེད་པ་སོགས་ནི་སེམས་ངོར་མི་ཤོང་པ་ཞིག་དང་། དཔེར་ན་ཁྱིམ་མཚེས་རྒྱལ་ཁབ་ཨ་ཕི་གྷ་ནིས་ཏན་ནང་དུ་ཤི་ཡ་དང་སུན་ནིའི་བར་གསོད་རེས་བྱེད་ཀྱི་ཡོད་པ་དེ་ནི་སེམས་སྐྱོ་དགོས་པའི་གནད་དོན་ཞིག་ཡིན་པ་དེ་ལྟ་བུའི་གནས་སྟངས་ཀྱི་རྐྱེན་པས་མགོན་པོ་༧གང་ཉིད་མཆོག་ནས་ཐུགས་བསྐྱེད་དམ་བཅའ་འདི་བཞིན་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་གོང་སྤེལ་ཡོང་ཐབས་དེ་ཡིན་ཅེས་བཀའ་སྩལ་མཛད་པ་མ་ཟད། སྤྱིར་སྟངས་ཆོས་ལུགས་སོ་སོར་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་དམིགས་ཡུལ་གཞན་ཕན་གྲུབ་ཐབས་གཅིག་མཚུངས་ཡིན་པའི་ལམ་སྟོན་སོགས་སྩལ་ཡོད།དེ་འབྲེལ་ཤི་ཡ་ཁ་ཆེའི་ལྷ་ཁང་དེའི་ཚོགས་གཙོ་གཞོན་པས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དྭགས་སུ་ག་དུས་ཆིབས་བསྒྱུར་གནང་བ་ཡིན་ནའི་ང་ཚོའི་ལྷ་ཁང་ནང་ཆེད་ཕེབས་གནང་གི་ཡོད་པ་དེ་ནི་སྐལ་པ་བཟང་པོ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ༧གང་ཉིད་མཆོག་ཁུལ་འདིར་ཆིབས་བསྒྱུར་གནང་བའི་བརྒྱུད་ང་ཚོ་ལ་དྭགས་མི་མང་དབར་མཛའ་བརྩེ་གོང་འཕེལ་དང་ཕན་ཚུན་གཅིག་ཕན་གཅིག་གྲོགས་སོགས་ཀྱི་མཐུན་ལམ་གོང་ཐོར་འགྲོ་རྒྱུར་ཕན་ཐོགས་ཧ་ཅང་ཆེན་པོ་འདུག་ཅེས་གསུངས་སོང་།དེ་རིང་གི་མཛད་འཆར་མཐའ་མའི་སྐབས་༸གོང་ས་མཆོག་ནས་མོ་ར་ཝི་ནྱའི་ཡི་ཤུའི་ལྷ་ཁང་དུ་གནས་གཟིགས་ཆིབས་བསྒྱུར་གནང་ཡོད་པ་དང་། ལྷ་ཁང་དེ་ཉིད་ལོ་ངོ་ ༡༣༧ སོང་བའི་ལྷ་ཁང་ཞིག་དང་དེའི་ནང་ཡི་ཤུའི་ཆོས་དཔོན་ཚོས་མགོན་པོ་༧གང་ཉིད་མཆོག་སྐུ་ཚེ་ཞབས་པད་ཡུན་རིང་བརྟན་པ་དང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་འགྲུབ་པ། ལྷག་པར་དུ་༧གང་ཉིད་ཀྱི་ཞབས་པུས་སྐུ་ངལ་གང་མགྱོགས་དྲག་སྐྱེད་ཡོང་བའི་ཐུགས་སྨོན་གནང་ཡོད་པ་རེད། དེ་བཞིན་མགོན་པོ་༧གང་ཉིད་མཆོག་གིས་སྐབས་དེར། སྤྱིར་ཡི་ཤུ་བ་ཚོས་སྤྱི་ཚོགས་གོང་འཕེལ་ཆེད་ཞབས་འདེགས་རླབས་ཆེན་ཞིག་ཞུས་ཡོད་པའི་སྐོར་དང་། དེ་སྔོན་གྱི་ཡེ་ཤུའི་ཆོས་དཔོན་དངོས་སུ་མཇལ་འཕྲད་གནང་མྱོང་ཡོད་པ་མ་ཟད། ལྷག་པར་དུ་ཚན་རིག་པ་སོགས་གྲོགས་པོ་མང་པོ་ངོ་ཤེས་བརྒྱུད་ཡེ་ཤུའི་ཆོས་ལུགས་ལ་གཟིགས་སྣང་ཡག་པོ་ཡོད་སྐོར་འགྲེལ་བརྗོད་དང་སྦྲགས། ང་ཚོ་ཚང་མ་འཛམ་གླིང་འདིའི་ནང་མཉམ་གནས་བྱེད་རྒྱུ་ཡིན་སྟབས། དཀའ་ངལ་ཆུང་ཙག་རིགས་ལ་གཡོལ་སྟེ། ཆེ་ས་ནས་གོ་ལ་གཅིག་འགྱུར་གྱི་འདུ་ཤེས་ཡོང་ཐབས་སུ་འབད་བརྩོན་བྱ་དགོས་སྐོར་དང་། རང་ཉིད་གནས་སའི་ས་གནས་ཀྱི་ཉམ་ཐག་རིགས་ལ་རྒྱུན་དུ་ནས་རོགས་ཕན་ཡོང་ཐབས་གནང་དགོས་པ་སོགས་ཀྱི་ལམ་སྟོན་མཛད་ཡོད།དེ་རིང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སླེའི་ས་གནས་ཆོས་ལུགས་ཁག་གི་ལྷ་ཁང་དུ་གནས་གཟིགས་མཛད་སྐབས། སླེའི་གཡས་གཡོན་གྱི་མང་ཚོགས་དང་། ལྷག་པར་དུ་ཕྱི་རྒྱལ་དང་རྒྱ་གར་གྱི་ས་ཕྱོགས་གང་ས་ནས་ཕེབས་པའི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ནས་མགོན་པོ་༧གང་ཉིད་མཆོག་གི་ཞལ་མཇལ་དང་། སྣེ་ལེན་ཕེབས་བསུ་ཞུ་མཁན་མང་ཚོགས་སྟོང་ཕྲག་བརྒལ་བ་འདུ་འཛོམས་བྱུང་འདུག་པ་མ་ཟད། རེས་གཟའ་ཟླ་བའི་ཉིན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སླེ་གྲོང་ཁྱེར་ནས་སྤྱི་ལེ་ ༡༨ ཙམ་གྱི་སར་ཡོད་པའི་ཁྲིག་སེ་དགོན་པར་ཆིབས་བསྒྱུར་སྩལ་གནང་མཛད་རྒྱུ་ཡིན་པ་རེད་འདུག སྐུ་པར་བདག་དབང་དགའ་ལྡན་ཕོ་བྲང་།  

༸གོང་ས་མཆོག་ནས་ལ་དྭགས་ལིང་ཤེད་དགོན་དང་ཟངས་དཀར་ཁུལ་དུ་ཆོས་འབྲེལ་ཁག་ཅིག་སྩལ་རྒྱུ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རིང་མིན་ལ་དྭགས་ལིང་ཤེད་དགོན་གྱི་དབྱར་ཆོས་ཆེན་མོའི་ཚོགས་མགོན་དུ་དབུ་བཞུགས་དང་སྦྲགས་བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཆོས་བཀའ་དྲིན་སྩལ་རྒྱུ་དང་དེ་རྗེས་ཟངས་དཀར་ཁུལ་དུ་ཆིབས་བསྒྱུར་གྱིས་ཆོས་འབྲེལ་ཁག་ཅིག་སྩལ་གཏན་ཁེལ་འདུགདེ་ཡང་འདི་ལོའི་ལ་དྭགས་དབྱར་ཆོས་ཆེན་མོ་ལིང་དགོན་སྐུ་འབུམ་བཀྲ་ཤིས་འོད་འབར་དུ་ཟླ་བ་ ༨ པའི་ཕྱི་ཚེས་ ༡ ནས་ ༡༠ བར་འཚོགས་གཏན་ཁེལ་བ་དང་བསྟུན་༸གོང་ས་མཆོག་ཕྱི་ཟླ་ ༨ པའི་ཚེས་ ༡༠ ཉིན་ལ་དྭགས་ཀྱི་རྒྱལ་ས་སླེ་ནས་ལིང་ཤེད་དགོན་དུ་ཆིབས་བསྒྱུར་གྱིས་དབྱར་ཆོས་མཛད་སྒོའི་ཚོགས་མགོན་དུ་དབུ་བཞུགས་དང་འབྲེལ་བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཆོས་བཀའ་དྲིན་བསྐྱང་རྒྱུ་ཡིན་པ་རེད།ཁ་སང་ཕྱི་ཚེས་ ༢༡ ཉིན་ཟངས་དཀར་ནང་པའི་ཆོས་ཚོགས་ལྷན་ཁང་གིས་གསར་འགོད་གསལ་བསྒྲགས་སྤེལ་གསལ་ལྟར་ལིང་ཤེད་ལ་ཆོས་འབྲེལ་སྩལ་རྗེས་༸གང་ཉིད་མཆོག་ཕྱི་ཚེས་ ༡༡ ཉིན་ལིང་ཤེད་ནས་ཟངས་དཀར་པ་ལྡུམ་ཁུལ་དུ་ཆིབས་བསྒྱུར་དང་།  ཕྱི་ཚེས་ ༡༢ དང་ ༡༣ ཉིན་གྲུ་འཛིན་ཕོ་བྲང་དུ་ཆོས་འབྲེལ་དང་དེ་བཞིན་ཕྱི་ཚེས་ ༡༤ ཉིན་སླེ་ལ་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་པ་རེད་འདུགགཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཕྱི་ཚེས་ ༡༥ ཉིན་ལ་དྭགས་ཀྱི་རྒྱལ་ས་སླེ་རུ་ཞབས་སོར་འཁོད་ཡོད་པ་དང་། ཐེངས་འདིའི་ཆིབས་བསྒྱུར་དེ་ནི་རྒྱལ་སྤྱིའི་ཁྲོད་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་རྗེས་མགོན་པོ་༸གང་ཉིད་མཆོག་བཞུགས་སྒར་ཕྱི་ཕྱོགས་སུ་ཆིབས་སྒྱུར་མཛད་པ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།  ད་བར་༸གང་ཉིད་མཆོག་གིས་མཛད་རིམ་ཡོངས་གྲགས་གནང་ཁག་ལ་ལྟར་ན།  ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ནང་པའི་ཚོགས་འདུ་དང་། ལ་དྭགས་དགོན་པ་ཚོགས་པ་ཐུན་མོང་ནས་གསོལ་འདེབས་ཞུས་དོན་ལྟར་ཞི་བ་ཚལ་ཕོ་བྲང་གི་གསུང་ཆོས་ར་བར་ཟླ་བ་ ༧ པའི་ཕྱི་ཚེས་ ༢༨ དང་ ༢༩ ཉིན་གཉིས་རིང་གི་སྔ་དྲོ་སྤྱོད་འཇུག་ཆེན་མོའི་ལེའུ་དགུ་པའི་འཕྲོ་སྐྱོང་མཛད་རྒྱུ་དང་།  དེ་བཞིན་ཚེས་ ༣༠ ཉིན་གྱི་སྔ་དྲོ་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀའ་དྲིན་སྩལ་རྗེས་ལ་དྭགས་ནང་ཚོགས་དང་དགོན་ཚོགས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པ་རེད། སྐུ་པར་བདག་དབང་དགའ་ལྡན་ཕོ་བྲང་།

༸གོང་ས་མཆོག་ནས་ལྕམ་སྐུ་ Droupadi Murmu མཆོག་རྒྱ་གར་གྱི་སྲིད་འཛིན་དུ་བདམས་ཐོན་བྱུང་བར་འཚམས་འཕྲིན་སྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ཕྱི་དྲོ་རྒྱ་གར་གྱི་ Odisha མངའ་སྡེའི་ Mayurbhanj རྫོངས་ཁོངས་ནས་ཡིན་པའི་ལྕམ་སྐུ་ Droupadi Murmu མཆོག་རྒྱ་གར་གྱི་སྲིད་འཛིན་སྐབས་ ༡༥ པར་བདམས་ཐོན་བྱུང་བར་དགའ་བསུའི་འཚམས་འདྲི་དང་སྦྲགས། མ་འོངས་ལས་དོན་ཁག་གང་ལེགས་གྲུབ་ཐུབ་པའི་ཐུགས་སྨོན་མཛད་འདུག དེ་ཡང་མགོན་པོ་གང་ཉིད་མཆོག་གིས་ད་ལྟའི་བཞུགས་བཞག་མཛད་ཡུལ་ལ་དྭགས་ཞི་བའི་ཚལ་ཕོ་བྲང་ནས་སྩལ་བའི་དགའ་བསུའི་འཚམས་འདྲི་དེའི་ནང་དུ་ད་ཆ་རྒྱལ་སྤྱིའི་སྤྱི་ཚོགས་ཁྱོན་ཡོངས་སུ་རྒྱ་གར་རྒྱལ་ཁབ་ཀྱི་གལ་གནད་དང་མཚན་མཐོང་གོང་འཕེལ་འགྲོ་བཞིན་པ་མ་ཟད། རྒྱ་གར་འདི་བཞིན་རྒྱལ་སྤྱིའི་ཐོག་ཞི་བདེ་དང་ཡར་རྒྱས་གོང་འཕེལ་ཐད་ཞབས་འདེགས་རླབས་ཆེན་གྲུབ་རྒྱུའི་ནུས་པ་ལྡན་པའི་རྒྱལ་ཁབ་ཞིག་ལ་ངོས་འཛིན་ཞུ་བཞིན་པའི་སྐབས་འདིར་ལྕམ་སྐུ་ Droupadi Murmu མཆོག་ནས་སྲིད་འཛིན་གྱི་ཐུགས་འགན་བཞེས་ཀྱིས་ཡོད་སྟབས། ལྕམ་སྐུ་མཆོག་གི་ལས་ཡུན་ཁྲོད་རང་ཉིད་ཀྱི་ནུས་པ་གང་ཡོད་ཀྱིས་རྒྱ་གར་རྒྱལ་ཁབ་འདི་བཞིན་མཚན་མཐོང་གོང་འཕེལ། ལྷག་པར་དུ་རྒྱ་གར་གྱི་གནའ་བོའི་རིག་གཞུང་བཟང་པོའི་བློ་སྤོབས་དང་སེམས་འགུལ་ཐེབས་པའི་ཐོག་རྒྱ་གར་གྱི་ནུས་སྟོབས་སྲ་བརྟན་དང་འཛམ་གླིང་ཞི་བདེའི་སྣེ་ཁྲིད་ཐུབ་པའི་ཡིད་ཆེས་ཡོད་ཅེས་བཀའ་སྩལ་འདུགམ་ཟད་མགོན་པོ་གང་ཉིད་མཆོག་རྒྱ་གར་གཞུང་གི་སྐུ་མགྲོན་དུས་ཡུན་རིང་ཤོས་ཤིག་ཡིན་པའི་ཆ་ནས་རྟག་ཏུ་རྒྱལ་ཁབ་འདི་ལ་གུས་བརྩི་ཞུ་བཞིན་ཡོད་པ་མ་ཟད། ལྷག་པར་དུ་འདས་པའི་ལོ་དུས་དེ་དག་རིང་རྒྱ་གར་གྱི་ས་གནས་ཕལ་མོ་ཆེར་ཕེབས་རྒྱུའི་གོ་སྐབས་བྱུང་ཡོད་པ་སོགས་བཀའ་འགྲེལ་དང་སྦྲགས། རྒྱ་གར་རྒྱལ་ཁབ་ཀྱིས་ལོ་ངོ་སྟོང་ཕྲག་རིང་སྙིང་རྗེ་དང་འཚེ་བ་མེད་པའི་རྣམ་གཞག་རྒྱུན་འཛིན་དང་། བདག་ཉིད་ཆེན་པོ་གན་དྷི་མཆོག་གིས་འཚེ་བ་མེད་པའི་རྣམ་གཞག་རྒྱ་ཁྱབ་མཛད་པ། དེ་བཞིན་ཆོས་ལུགས་སྣ་ཚོགས་མཉམ་གནས་ཐོག་ཆོས་ལུགས་མཐུན་འབྲེལ་ལྡན་པའི་རྒྱལ་ཁབ་ཞིག་ཡིན་པ་དེ་ནི་གང་ཟག་སྒེར་དང་རྒྱ་ཆེ་ས་ནས་འཛམ་གླིང་སྤྱི་ལ་ཞི་བདེ་བསྐྲུན་རྒྱུའི་ནུས་པ་ཡོད་པ་བཀའ་སྩལ་འདུག་པ་མ་ཟད་། ད་ཆ་རྒྱ་གར་གྱི་གནའ་བོའི་སེམས་ཁམས་རིག་པའི་ཤེས་ཡོན་ལ་དོ་སྣང་དང་གོ་རྟོགས་སྤེལ་ཏེ་གནའ་དེང་གྱི་ཤེས་ཡོན་གཉིས་ཆ་སྙོམ་བཟོ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང་། དེ་ལྟར་བྱུང་ཚེ་འགྲོ་བ་མི་རྣམས་ཀྱི་སེམས་ཁམས་འཕྲོད་བསྟེན་ལ་ཕན་པ་དང་། རྒྱུན་དུ་ཉོན་མོངས་མ་རིག་པའི་བསམ་བློ་ལ་གདོང་ལེན་གྱིས་སེམས་ཞི་བདེ་དང་ལྡན་པ་ཞིག་ཡོང་རྒྱུར་དགེ་ཚན་ཡོད་པ་སོགས་བཀའ་སྩལ་དང་ཆབ་ཅིག མགོན་པོ་གང་ཉིད་མཆོག་ནས་སྙིང་རྗེའི་ནུས་པ་གཙོ་བོར་གྱུར་པའི་རིན་ཐང་བྲལ་བའི་རྒྱ་གར་གྱི་གནའ་བོའི་རིག་གནས་ཁག་རྒྱ་གར་ཙམ་མ་ཟད་འཛམ་གླིང་མི་མང་ལ་གོ་རྟོགས་མུ་མཐུད་སྤེལ་རྒྱུའི་དམ་བཅའ་བརྟན་པོ་ཡོད་ཅེས་བཀའ་སྩལ་འདུགགཞན་ཡང་མགོན་པོ་གང་ཉིད་མཆོག་གིས་ལྕམ་སྐུ་ Droupadi Murmu མཆོག་ལ་སྩལ་བའི་འཚམས་འཕྲིན་དེའི་ནང་རྒྱ་གར་གཞུང་དམངས་གཉིས་ནས་བོད་མི་ཡོངས་ལ་ནང་ཆོས་གཙོས་པའི་བོད་ཀྱི་ངོ་བོ་སྲུང་སྐྱོབ་གནང་རྒྱུ་སོགས་ཀྱི་ཐོག་རྒྱབ་སྐྱོར་དང་རོགས་རམ་རྒྱ་ཆེར་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུ་དང་སྦྲགས། ལྕམ་སྐུ་མཆོག་གི་མ་འོངས་ལས་དོན་མཐའ་དག་ལམ་ལྷོང་ཡོང་བའི་སྨོན་འདུན་མཛད་འདུག རྩ་བའི་ལྕམ་སྐུ་ Droupadi Murmu མཆོག་ནི་ཕྱི་ལོ་ ༡༩༥༨ ལོར་རྒྱ་གར་གྱི་ Odisha མངའ་སྡེའི་ Mayurbhanj རྫོངས་ཁོངས་སུ་འཁྲུངས་ཤིང་། ད་རེས་ལྕམ་སྐུ་མཆོག་རྒྱ་གར་གྱི་སྲིད་འཛིན་ལ་བདམས་ཐོན་བྱུང་བ་དེ་ནི་རྒྱ་གར་ནང་བེུད་སྲིད་འཛིན་གནང་མཁན་གཉིས་པ་དང་། རྒྱ་གར་གྱི་ Santal ཞེས་པའི་གདོད་མའི་མི་རིགས་ཁྲོད་ཀྱི་བེུད་ཞིག་སྲིད་འཛིན་དུ་བསྐོ་བཞག་བྱུང་བ་ཐེངས་དང་པོ་དང་། རྒྱ་གར་རང་བཙན་ཐོབ་རྗེས་སྐུ་འཁྲུངས་པའི་སྲིད་འཛིན་ཐོག་མ། དེ་བཞིན་ད་བར་གྱི་རྒྱ་གར་སྲིད་འཛིན་དགུང་གྲངས་ཆུང་ཤོས་བཅས་ཆགས་ཀྱི་ཡོད་པ་རེད།ལྕམ་སྐུ་ Droupadi Murmu མཆོག་ཆབ་སྲིད་ཀྱི་ལས་དོན་ནང་མ་བཞུགས་གོང་ས་གནས་སུ་དགེ་རྒན་དང་སློབ་གསོ་བའི་ཕྱག་ལས་གནང་མྱོང་ཡོད་པ་དང་། ཕྱིས་སུ་རྒྱ་གར་གྱི་ BJP ཆབ་སྲིད་ཚོགས་པའི་ནང་བཞུགས་ཏེ་ Odisha མངའ་སྡེའི་གྲོས་ཚོགས་འཐུས་མི་དང་མངའ་སྡེའི་ཚོང་དང་འགྲིམ་འགྲུལ། དེ་བཞིན་ནུ་གསོ་སེམས་ཅན་ལྷན་ཁང་སོགས་ཀྱི་བློན་ཆེན། གཞན་ཡང་ཕྱི་ལོ་ ༢༠༡༥ ནས་ ༢༠༢༡ བར་ Jharkhand མངའ་སྡེའི་སྲིད་སྐྱོང་གི་ཐུགས་འགན་སོགས་བཞེས་ཡོད་པ་དང་། དེ་སྔ་མངའ་སྡེའི་གྲོས་ཚོགས་འཐུས་མི་གནང་པའི་སྐབས་འཐུས་མི་བཟང་ཤོས་ཀྱི་གཟེངས་རྟགས་སོགས་ཀྱང་ཐོབ་མྱོང་འདུག

བོད་ཕྲུག་ ༤༥ ལ་ཏཱ་ལའི་བླ་མའི་གཙུག་ལག་སློབ་ཐོན་སློབ་ཡོན་ཕུལ་གཏན་ཁེལ་བ།

ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་དགེ་རྩས་འདི་ལོའི་ The Dalai Lama Graduate Scholarships འམ་ཏཱ་ལའི་བླ་མའི་གཙུག་ལག་སློབ་ཐོན་སློབ་ཡོན་བོད་ཕྲུག་ ༤༥ ལ་གནང་གཏན་འཁེལ་བའི་གསལ་བསྒྲགས་སྤེལ་འདུག་པ་དང་། ཐེངས་འདིའི་སློབ་ཡོན་ཐོབ་མཁན་ཁྲོད་ཨ་རི་དང་ཁེ་ན་ཌ།  ཡོ་རོབ།  དེ་བཞིན་ཨེ་ཤེ་ཡ་བཅས་ཀྱི་ནང་རྟེན་གཞི་བྱས་པའི་སྙན་གྲགས་ཆེ་བའི་གཙུག་ལག་སློབ་གཉེར་ཁང་དུ་སློབ་སྦྱོང་གནང་བཞིན་པའི་གཙུག་ལག་རབ་འབྱམས་པ་དང་འབུམ་རམས་པའི་སློབ་མ་ཚུད་པ་རྣམས་ཀྱིས་སྐྱེ་དངོས་ཕྲ་རབ་རིག་པ་དང་།  མཁའ་དབྱིངས་འཕྲུལ་རིག  མི་རིགས་དཔྱད་ཞིབ་རིག་པ།  སྤྱི་ཚོགས་འཕྲོད་བསྟེན། ནད་ཡམས་དཔྱད་ཞིབ་རིག་པ། དེ་བཞིན་ཁྲིམས་དང་སྨན་སོགས་ལ་ཆེད་སྦྱོང་གནང་བཞིན་འདུག  སྤྱིར་འདི་ལོར་ཁྱོན་སློབ་ཡོན་ཞུ་མཁན་བོད་ཕྲུག་ ༧༥ བྱུང་ཡོད།གཞི་རྩའི་སློབ་ཡོན་དེ་ནི་བོད་ཕྲུག་སློབ་མ་རྣམས་ལ་སློབ་ཡོན་གྱི་མཐུན་རྐྱེན་སྦྱར་ཏེ་བོད་མིའི་ནུས་ཚད་གོང་མཐོར་དང་དེ་བཞིན་འགྲོ་བ་མི་དང་ཤེས་ཡོན་ལ་རམ་འདེགས་སྒྲུབ་ཐུབ་པར་དམིགས་ཏེ་ཕུལ་གྱི་ཡོད་པ་དང་།  ཕྱི་ལོ་ ༢༠༡༡ ལོར་ཐོག་མར་སློབ་ཡོན་གནང་འགོ་བཙུགས་ཏེ་ད་བར་ཨ་སྒོར་ས་ཡ་གཉིས་དང་ཕྱེད་ཀ་ཙམ་ཞིག་གི་འོག་བོད་ཕྲུག་ ༢༥༠ ལ་སློབ་ཡོན་དེ་ཐོབ་ཡོད་པ་རེད་འདུག སློབ་ཡོན་ཕུལ་མཁན་ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་དགེ་རྩ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༥ ལོར་སུད་སིར་འགྲོ་བ་མིའི་གཞི་རྩའི་རིན་ཐང་གོང་མཐོར་དང་།  ཆོས་ལུགས་མཐུན་སྒྲིལ།  ཞི་བདེ་དང་འཚེ་བ་མེད་པ།  དེ་བཞིན་ཁོར་ཡུག་སྲུང་སྐྱོབ་ལ་དམིགས་ཏེ་ཆེད་འཛུགས་མཛད་པའི་དགེ་རྩ་ཞིག་ཆགས་ཀྱི་ཡོད་པ་དང་། ལྷག་པར་དགེ་རྩ་དེའི་བརྒྱུད་བོད་ཀྱི་ཐུན་མིན་རིག་གཞུང་ཉར་ཚགས་དང་བོད་མི་གཙོས་མི་རིགས་དབྱེར་མེད་ལ་ལས་གཞི་སྣ་མིན་གྱི་ཐོག་ནས་དགོས་ངེས་ཀྱི་རོགས་འདེགས་གནང་ཀྱི་ཡོད་པ་རེད།  

Latest news