Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་གིས་ཕྱི་ལོ་ ༢༠༢༡ ལོའི་ལོ་གསར་དང་བསྟུན་གཞིས་ལུས་རྒྱ་ཆེའི་མི་མང་ལ་འཚམ་འཕྲིན་སྩལ་བ།

བོད་མའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཕྱི་ལོ་ ༢༠༢༡ ཟླ་བ་ ༡ ཚེས་ ༡ ཉིན་གྱི་སྔ་དྲོར་ཕྱི་ལོ་ ༢༠༢༡ ལོའི་ལོ་གསར་དང་བསྟུན་གཞིས་ལུས་རྒྱ་ཆེའི་མི་མང་ལ་འཚམས་འདྲིའི་བཀྲིས་བདེ་ལེགས་ཡོད་ཅེས་བཀའ་སྩལ་བ་དང་འབྲེལ་ནས་ཁོང་རྣམས་ཐུགས་སྤྲོ་པོ་ཡོང་བའི་ཐུགས་རེ་ཡང་ཡོད་སྐོར་བཀའ་སྩལ་འདུགམགོན་པོ་མཆོག་གིས་འཚམས་འཕྲིན་དེའི་ནང་ད་ལམ་ངོས་ནས་ཕྱི་ནང་མི་རིགས་ཀུན་ལ་ཕྱི་ལོ་གསར་པར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་ལྷག་པར་དུ་གོ་སྐབས་འདི་བརྒྱུད་དེ་བོད་ནང་གི་གཞིས་ལུས་རྒྱ་ཆེའི་མི་མང་ལ་ཕྱི་ལོ་གསར་པར་འཚམས་འདྲི་དང་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། ཁྱེད་རྣམས་སེམས་སྤྲོ་པོ་ཡོང་བའི་རེ་བ་ཡོད། དེ་བཞིན་འདས་པའི་ལོ་དེ་སོ་སོས་བཟང་པོའི་བྱ་བ་བསྒྲུབས་ནས་བསྐྱལ་ཡོད་མེད་ཐད་བསམ་བློ་གཏོང་དགོས། དེ་ཡང་འདས་པའི་ལོའི་ནང་རབ་ལ་གཞན་ལ་ཕན་ཐོགས་བསྒྲུབས་པ་དང་། དེ་ལྟར་མ་བྱུང་ཡང་གཞན་ལ་གནོད་མ་བསྐྱལ་བའི་སྒོ་བས་མི་ཚེ་བསྐྱལ་ཡོད་ན་ཁྱེད་ཀྱི་འདས་པའི་ལོ་དེ་དོན་དང་ལྡན་པ་བྱུང་ཡོད། དེ་ལྟ་མིན་པར་ལོ་སྔ་མའི་རིང་རང་དོན་ཁོག་བཅུག་བྱས་དྲགས་ཏེ། མི་གཞན་ལ་བཤུ་གཞོག་བཏང་བ་སོགས་བྱུང་ཡོད་ན་མི་ཚེ་དོན་ལྡན་ངང་བསྐྱལ་ཐུབ་པ་བྱུང་མེད། གལ་ཏེ་མི་སུ་འདྲ་ཞིག་གིས་མི་ཚེ་དེ་ལྟར་བསྐྱལ་ཡོད་ན། ད་ཆ་ལོ་གསར་པ་འགོ་ཚུགས་པ་ཡིན་སྟབས། བསམ་བློ་འདི་ལྟར་དུ་གཏོང་དགོས། འདས་པ་ནི་འདས་པ་རེད། སང་ཉིན་ལོ་གསར་པ་ནས་བཟུང་སྟེ་རང་གི་ལུས་འདི་དང་མིང་འདི་གཉིས་སྔར་གྱི་དེ་ག་ཡིན་ཀྱང་། རང་གི་མི་ཚེ་འདི་སྐྱེལ་སྟངས་དེ་སྔར་ལས་བྱམས་བརྩེ་ཆེ་བ་ཞིག་དང་དོན་སྙིང་ལྡན་པ་ཞིག་བྱ་སྙམ་པའི་བསམ་གཏོང་དགོས། ཁྱེད་རྣམས་ལ་ཕྱི་ལོའི་ལོ་གསར་ལ་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་བཀའ་སྩལ་འདུག འཚམ་འཕྲིན་གྱི་མཇུག་ཏུ་མགོན་པོ་༸གང་ཉིད་མཆོག་གིས་ལོ་གསར་སྐབས་མི་རྣམས་ལྷན་འཛོམས་ཀྱིས་སྟོན་མོ་གཤམས་ཏེ་ཆང་འཐུང་བ་སོགས་སྤྲོ་སྐྱིད་གཏོང་གི་ཡོད་མོད། ཆང་ཅུང་ཟད་རེ་འཐུང་བ་ལས་དེ་མིན་ཆང་འཐུང་རྒྱུ་མང་དྲགས་ན་གང་འཚམ་ནས་ཕན་ཚུན་འཁྲུག་རྩོད་ཤོར་ཏེ་ལོ་གསར་པའི་དགའ་སྟོན་དེ་སྡུག་བསྔལ་གྱི་རྐྱེན་དུ་འགྱུར་བའི་ཉེན་ཁ་ཆེན་པོ་ཡོད། དེར་བརྟེན་ལོ་གསར་གྱི་དགའ་སྟོན་དེ་ཞི་འཇམ་ངང་ནས་གཏོང་རོགས་ཞེས་གཞེན་སྐུལ་བཀའ་སྩལ་མཛད་པར་མ་ཟད། ལྷག་དོན་ལོ་གསར་གྱི་ཉིན་མོ་ཙམ་དུ་མིན་པར་ལོ་ཧྲིལ་པོའི་རིང་དེ་ལྟར་གནང་དགོས། བཀྲ་ཤིས་བདེ་ལེགས། ཞེས་ཕྱི་ལོའི་གསར་བཞད་ལ་འཚམས་འདྲི་མཛད་ཡོད།

༸གོང་ས་མཆོག་ཆེས་ཡིད་སྨོན་ཞུ་ཡུལ་གྱི་དབུ་ཁྲིད་རྩེ་ཕུད་བཅུའི་ནང་བདམས་ཐོན།

ཨ་རིའི་རྒྱལ་ས་ Washington DC ནང་རྟེན་གཞི་བྱས་པའི་ gallup ཞེས་མང་ཚོགས་ཀྱི་བསམ་ཚུལ་བསྡུ་རུབ་སོགས་ཀྱི་ཐད་ཕྱག་ལས་གནང་མཁན་ནས་འདོན་སྤེལ་གནང་བའི་འདི་ལོ་ ༢༠༢༠ ལོའི་འཛམ་གླིང་ནང་གི་སྐྱེས་བོ་དགའ་མོས་ཆེ་ཤོས་བྱ་ཡུལ་ཁོངས་སུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བདམས་ཐོན་བྱུང་འདུགཚོགས་པ་དེས་ཕྱི་ལོ་ ༢༠༢༠ རྗོགས་ལ་ཉེ་བའི་མཚམས་འདིར་དྲྭ་ཐོག་བརྒྱུད་དེ་མང་ཚོགས་ཁྲོད་འདི་ ༢༠༢༠ ལོའི་ནང་གི་སྐྱེས་ཕོ་མོ་དགའ་མོས་ཆེ་ཤོས་བྱ་ཡུལ་གྱི་འོས་གྲངས་བསྡུ་རུབ་གནང་བ་ཞིག་ཡོངས་གྲགས་གནང་འདུག་པ་དང་། དེའི་ནང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོ་མང་ཚོགས་ཀྱི་དགའ་མོས་ཆེ་ཤོས་ཞུ་ཡུལ་གྱི་སྐྱེས་པ་ཨང་བཅུ་པར་བདམས་ཐོན་བྱུང་འདུགའོས་གྲངས་དེའི་ཁྲོད་ཨང་དང་པོར་ཨ་རིའི་སྲིད་འཛིན་ལས་ཐོག་སྐུ་ཞབས་ Donald Trump མཆོག་དང་ཨང་གཉིས་པར་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ Barack Obama མཆོག ཨང་གསུམ་པར་ཨ་རིའི་བདམས་ཐོན་སྲིད་འཛིན་སྐུ་ཞབས་ Joe Biden མཆོག ཨང་བཞི་པར་ཨ་རིའི་ National Institute of Allergy and Infectious Diseases ཞེས་པའི་ལྟེ་གནས་ཁང་གི་འགན་འཛིན་སྐུ་ཞབས་ Anthony Fauci མཆོག དེ་བཞིན་ཨང་ལྔ་པར་ཡི་ཤུའི་བླ་ཆེན་ Pope Francis མཆོག་བཅས་ཆགས་ཀྱི་འདུགདེ་བཞིན་ ༢༠༢༠ ལོར་མང་ཚོགས་ཀྱིས་འཛམ་གླིང་ནང་གི་སྐྱེས་མ་འམ་བེུད་དགའ་མོས་ཆེ་ཤོས་བྱ་ཡུལ་ཁོངས་ནས་ཨང་དང་པོར་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ Barack Obama མཆོག་གི་སྐུ་ཟླ་ Michelle Obama ལགས་དང་ཨང་གཉིས་པར་ཨ་རིའི་བདམས་ཐོན་སྲིད་འཛིན་སྐུ་ཞབས་ Joe Biden མཆོག་གིས་བདམས་པའི་སྲིད་འཛིན་སྐུ་གཞོན་ལྕམ་སྐུ་  Kamala Harris མཆོག ཨང་གསུམ་པར་སྲིད་འཛིན་ལས་ཐོག་སྐུ་ཞབས་ Trump མཆོག་གི་སྐུ་ཟླ་ Melania Trump ལགས། ཨང་བཞི་པར་ཨ་རིའི་གཏམ་གླེང་མདོ་འཛིན་པ་དང་རྩོམ་པ་པོ་ལྕམ་སྐུ་ Oprah Winfrey ལགས། དེ་བཞིན་ཨང་ལྔ་པར་འཇར་མན་སྲིད་བློན་ལྕམ་ Angela Merkel མཆོག་བཅས་ཆགས་ཀྱི་འདུགགཞི་རྩའི་འོས་ཤོག་འདིའི་ནང་ཆ་ཤས་བཞེས་མཁན་མང་ཆེ་བ་ཨ་རིའི་མི་སེར་ཆགས་ཀྱི་ཡོད་སྟབས་ཡུལ་དེའི་ཆབ་སྲིད་ཀྱི་བཞེངས་ཕྱོགས་ཐད་ནས་མང་ཚོགས་ཀྱི་བསམ་ཚུལ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་གཞིར་གྱུར་ཡོད་ཀྱང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་ནང་གི་སྐྱེས་བོ་དགའ་མོས་ཆེ་ཤོས་བྱ་ཡུལ་ཁོངས་སུ་ད་ལན་ཙམ་མིན་པར་དེ་སྔ་ཡང་མང་ཚོགས་ཀྱི་དགའ་མོས་ཞུ་ཡུལ་ཁོངས་སུ་བསྟུད་མར་བདམས་ཐོན་བྱུང་ཡོད་པ་རེད།

སྲིད་འཛིན་ཌམ་མཆོག་གིས་བོད་དོན་ཁྲིམས་འཆར་ལ་མཚན་རྟགས་བསྐྱོན་ནས་ཁྲིམས་སུ་བཅས་པ།

ཨ་རིའི་གྲོས་ཚོགས་ནས་ཚད་མཐོའི་རྒྱབ་སྐྱོར་ཐོག་གཏན་འབེབས་གནང་བའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་ཁ་ཉིན་ཨ་རིའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་གིས་མཚན་རྟགས་བསྐྱོན་ནས་ཡུལ་དེའི་ཁྲིམས་སུ་བཅས་འདུགཟླ་བ་འདིའི་ཚེས་ ༢༡ ཉིན་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་ཚད་མཐོའི་རྒྱབ་སྐྱོར་ཐོག་ Tibet Policy and Support Act 2020 ཞེས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་གནང་བར་བོད་མིའི་སྒྲིག་འཛུགས་ཀྱིས་གཙོས་ས་གནས་བོད་མི་དང་བོད་དོན་རྒྱབ་སྐོར་བ་ཡོངས་ཀྱིས་དགའ་བསུ་ཞུས་ཏེ་སླད་མར་ཁྲིམས་འཆར་དེ་ཨ་རིའི་ཁྲིམས་སུ་བཅས་པར་སྲིད་འཛིན་ཌམ་མཆོག་གི་མཚན་རྟགས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་མུས་ཁྲོད་ཁ་ཉིན་རེས་གཟའ་ཉི་མའི་ཉིན་ཨ་རིའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་གིས་ཨ་རིའི་གཞུང་གི་སྔོན་རྩིས་ཁྲིམས་གཞིར་མཚན་རྟགས་བསྐྱོན་ཏེ་ ༢༠༢༠ ལོའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་བཞིན་ཨ་རིའི་གཞུང་གི་ཁྲིམས་སུ་གཏན་འབེབས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་བཞེངས་ཕྱོགས་བརྟན་པོ་དང་བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་གྱི་རྣམ་པ་ཆེས་མངོན་གསལ་གནང་ཡོད།བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་དང་འབྲེལ་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྐུ་སྒེར་གྱི་ངོ་དེབ་ཐོག་དེ་འབྲེལ་ཁྲིམས་འཆར་གཏན་འབེབས་གནང་ཐུབ་པ་དེ་ནི་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་གཞིས་བྱེས་བོད་མི་ཡོངས་ཀྱིས་ཐུན་མོང་ཐོག་སྐུ་ལས་སྐྱོན་པའི་གྲུབ་འབྲས་ཤིག་ཡིན་པར་བརྟེན་ཐུགས་རྗེ་ཆེ་ཞེས་དགྱེས་ཚོར་བྱུང་སྐོར་གསུངས་འདུག བོད་མིའི་སྒྲིག་འཛུགས་ཀྱིས་དྲ་གནས་ཐོག་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་དང་བོད་མི་ས་ཡ་དྲུག་གི་ཚབ་ཞུས་ཏེ་ཨ་རིའི་སྲིད་འཛིན་མཆོག་ལ་ཁྲིམས་འཆར་དེར་མཚན་རྟགས་བསྐྱོན་པ་དང་ཨ་རིའི་གྲོས་ཚོགས་ནས་དེར་སྤྱི་མོས་ཐོག་གཏན་འབེབས་གནང་བ། དེ་བཞིན་ཡུལ་དེའི་གྲོས་ཚོགས་གོང་འོག་གཉིས་ཀྱི་གྲོས་ཚོགས་འཐུས་མི་ཁག་ཅིག་ནས་རྐང་འགན་བཞེས་ཏེ་ཁྲིམས་འཆར་ངོ་སྤྲོད་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཁྲིམས་འཆར་དེ་ནི་གཞིས་བྱེས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་མཚོན་ན་ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་ཞིག་དང་དེས་བོད་ནང་གི་བོད་མིར་རེ་བ་གསར་པ་ཞིག་དང་བོད་མིའི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་། བོད་མིའི་མང་གཙོའི་སྒྲིག་འཛུགས་ལ་སྔར་ལྷག་རྒྱབ་སྐྱོར་དང་སྲུང་སྐྱོབ་གནང་བ་ཞིག་མཚོན་སྐོར་གསུངས་འདུགརྩ་བའི་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་དེ་སྔ་ཕྱི་ལོ་ ༢༠༠༢ ལོར་ཨ་རི་གཞུང་གིས་གཏན་འབེབས་གནང་བའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་བསྐྱར་བཅོས་གནང་བའི་ཁྲིམས་འཆར་ཞིག་ཆགས་ཀྱི་ཡོད་པ་དང་། ཁྲིམས་འཆར་དེའི་འོག་ཨ་རི་གཞུང་གི་བོད་དོན་དམིགས་བསལ་སྐུ་ཚབ་བསྐོ་བཞག་གནང་རྒྱུ་དང་བོད་རྒྱ་ཞི་མོལ་ལ་རྒྱབ་སྐྱོར་གནང་རྒྱུ། དེ་བཞིན་བོད་ནང་ཨ་རིའི་གཞུང་ཚབ་ལས་ཁུངས་གསར་འཛུགས་སོགས་ཀྱི་དེ་སྔའི་འབྲུ་དོན་ཐོག གལ་ཆེའི་གནད་དོན་ཁག་ཅིག་ཁ་སྣོན་གནང་བའི་ཁོངས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་དང་བོད་མིའི་བླ་སྤྲུལ་ངོས་འཛིན་བོད་མི་ཚོས་ཐག་གཅོད་བྱེད་རྒྱུ་ལས་རྒྱ་ནག་གཞུང་གིས་ཐེ་བྱུས་བྱ་མི་ཆོག་པ་དང་། གལ་ཏེ་རྒྱ་ནག་གཞུང་གི་ལས་བྱེད་མི་སྣས་བོད་མིའི་བླ་སྤྲུལ་ངོས་འཛིན་ཐད་ཐེ་བྱུས་བྱས་ཚེ་ཨ་རིའི་གཞུང་གིས་ཆབ་སྲིད་ཀྱི་ཉེས་ཆད་ལྕི་མོ་གཅོད་རྒྱུ་ཡིན་པར་མ་ཟད། ༸གོང་ས་མཆོག་གི་མང་གཙོ་གོང་འཕེལ་ཐད་ཀྱི་མཛད་རྗེས་ལ་ངོས་འཛིན་དང་ཆེ་བསྟོད། དེ་བཞིན་བོད་མིའི་སྒྲིག་འཛུགས་འདི་བཞིན་བཙན་བྱོལ་བོད་མིའི་སྐུ་ཚབ་དང་མངོན་འདོད་མཚོན་ཐུབ་མཁན་གྱི་སྒྲིག་འཛུགས་ཤིག་ཡིན་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ངོས་འཛིན། བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ལས་ཁུངས་མ་བཙུག་བར་དུ་ཨ་རིར་རྒྱ་ནག་གཞུང་ཚབ་ལས་ཁུངས་གསར་འཛུགས་མི་ཆོག་པ། བོད་ནང་ཚོང་འབྲེལ་བྱེད་མཁན་རྣམས་ནས་རྒྱལ་ཚོགས་ཀྱི་ཁྲིམས་སྒྲིག་ལྟར་ཚོང་འབྲེལ་བྱེད་དགོས་པ། བོད་མཐོ་སྒང་གྱི་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པ། བོད་ཕྱི་ནང་གཉིས་ཀྱི་བོད་མིར་རང་གི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་སྲུང་སྐྱོབ་གནང་ཕྱིར་ཕྱི་ལོ་ ༢༠༢༥ བར་རོགས་དངུལ་སྔར་བཞིན་གནང་སྐྱོང་ཡོང་བ་སོགས་ཀྱི་འབྲུ་དོན་ཁག་ཆེད་བཀོད་གནང་ཡོད་པ་རེད།སྤྱིར་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་ཡིག་དེ་གཏན་ལ་ཕབ་རྒྱུར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་དུ་ཐེངས་ཁ་ཤས་ཆེད་ཕེབས་གནང་ཡོད་པར་མ་ཟད་བྱང་ཨ་རིའི་ཁུལ་གྱི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་བརྒྱུད་ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ལ་ཞུ་སྙན་དང་དངོས་སུ་མཇལ་འཕྲད་ཀྱིས་ཞུ་གཏུག་གི་ལས་འགུལ་རིམ་པ་སྤེལ་ཡོད་པ་རེད།

གཞོན་སྐྱེས་ཚོས་སེམས་ཁམས་རིག་པ་དང་ལྟ་གྲུབ་ལ་དོ་སྣང་བྱེད་ཐུབ་ཚེ་བོད་མི་རིགས་དེ་མགོ་བོ་དགྱེ་དགྱེ་བྱ་ཐུབ་ངེས་ཡིན།

དེ་རིང་ཞོགས་པ་ཕྱག་ཚོད་དགུ་པ་ཡོལ་ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ཐོག་བརྒྱུད་བྱང་ཨ་རིའི་ས་གནས་བོད་རིགས་རྣམས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མ་དང་། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་ཆོས་འབྲེལ་དང་འབྲེལ་ནས་ཆོས་ཞུ་བས་བཀའ་འདྲི་དགོངས་སྐོར་ཞུ་རྒྱུའི་གོ་སྐབས་བཀའ་དྲིན་ཆེ་བར་བསྩལ་གནང་མཛད་སོང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་བོད་ནང་གི་བོད་མི་རྒན་གཞོན་བར་གསུམ་གྱིས་མགོན་པོ་༸གང་ཉིད་མཆོག་ལ་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཞེས་ཡིད་ཆེས་གནང་བཞིན་ཡོད་སྟབས། མགོན་པོ་མཆོག་༸སྐུ་འཚོ་བཞུགས་མཛད་པ་ཙམ་གྱིས་བོད་རྒྱ་ཆེ་མི་མང་གི་བློ་འཇོག་ས་དང་རེ་བ་བསྐྱོན་ས་ཞིག་ག་དུས་ཡིན་ཡང་ཆགས་ཀྱི་ཡོད་པ་བཀའ་སྩལ་བ་དང་འབྲེལ། བོད་མི་གཞོན་སྐྱེས་ཚོས་བོད་ཀྱི་སྐད་ཡིག་གཙོས་སེམས་ཁམས་རིག་པ་དང་ལྟ་གྲུབ་ལ་དོ་སྣང་བྱེད་ཐུབ་ཚེ་བོད་མི་རིགས་དེ་མགོ་བོ་དགྱེ་དགྱེ་བྱ་ཐུབ་པ་ཞིག་ཡོང་ངེས་ཡིན་པ་བཀའ་བསྩལ་སོང་། མགོན་པོ་༸གང་ཉིད་མཆོག་གིས་བསྩལ་བའི་དེ་རིང་གི་ཆོས་འབྲེལ་དའི་ཐོག་ལས་ཀྱི་སྣེ་མོ་འདྲ་མིན་གྱི་ཐོག་ལ་སློབ་གཉེར་གནང་བཞིན་པ་དང་ཕྱག་ལས་གནང་བཞིན་པའི་བོད་རིགས་གཞོན་སྐྱེས་མང་དག་ཅིག་གིས་མཉམ་ཞུགས་གནང་འདུག་པ་དང་། ལྷག་པར་དུ་མགོན་པོ་མཆོག་ལ་བཀའ་འདྲི་དགོངས་སྐོར་ཞུ་མཁན་གྱི་ཁོངས་སུ་སྨན་པའི་སློབ་གཉེར་གནང་བཞིན་པ་དང་ཁྲིམས་ཀྱི་ཐོག་ཕྱག་ལས་གནང་མཁན། ནང་ཆོས་སློབ་གཉེར་དང་ཉམས་ཞིབ་པ། དེ་བཞིན་འཆར་འགོད་འགན་འཛིན་གྱི་ཕྱག་ལས་གནང་བཞིན་པ་བཅས་ཀྱི་བོད་རིགས་གཞོན་སྐྱེས་ཁག་ཅིག་ནས་དོགས་འདྲི་རིམ་པར་ཕུལ་བའི་ཁྲོད་ཨ་རི་ Minnesota ཁུལ་དུ་ཕྱི་མི་གཞིས་སྤོར་གྱི་ཁྲིམས་རྩོད་པ་ངག་དབང་སྒྲོལ་དཀར་ལགས་ཀྱིས་བོད་ཕྲུག་སྤྱི་དང་ལྷག་པར་གཞིས་བཞུགས་བོད་ཕྲུག་ཚོར་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་གནང་ཕྱོགས་ཀྱི་ཐད་ལ་བཀའ་སློབ་ལམ་སྟོན་ཞིག་སྩལ་གནང་ཡོད་བའི་གསོལ་འདེབས་ཞུས་དོན་ལྟར། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནང་གི་བོད་མི་རྒན་གཞོན་བར་གསུམ་གྱིས་མགོན་པོ་༸གང་ཉིད་མཆོག་ལ་༸རྒྱལ་བ་སྟན་འཛིན་རྒྱ་མཚོ་ཞེས་ཡིད་ཆེས་གནང་བཞིན་ཡོད་སྟབས། མགོན་པོ་མཆོག་༸སྐུ་འཚོ་བཞུགས་མཛད་པ་ཙམ་གྱིས་བོད་རྒྱ་ཆེ་མི་མང་གི་བློ་འཇོག་ས་དང་རེ་བ་བསྐྱོན་ས་ཞིག་ག་དུས་ཡིན་ཡང་ཆགས་ཀྱི་ཡོད་པ་ཞིག་ཡིན་པ་བཀའ་གནང་བ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་དགུང་གྲངས་བརྒྱད་བཅུ་གྱ་གྲངས་ལ་ཕེབས་ཀྱང་དགུང་གྲངས་བརྒྱ་ལྷག་༸སྐུ་འཚོ་བཞུགས་གནང་རྒྱུའི་ཐུགས་སྨོན་གནང་བཞིན་ཡོད་པ་བཀའ་སྩལ་སོང་། ད་དུང་མགོན་པོ་༸གང་ཉིད་མཆོག་གིས་བོད་ནང་གི་རྒྱ་ཆེ་མང་ཚོགས་རྣམས་ཀྱི་སྙིང་སྟོབས་དང་སེམས་ཤུགས་ཧ་ལས་པ་ཞིག་ཡོད་པ་མ་ཟད། བོད་ཀྱི་རིག་གཞུང་ནི་འཛམ་བུ་གླིང་སྤྱིའི་གཅེས་ནོར་ལྟ་བུ་ཡིན་སྟབས། བོད་མི་རིགས་ཀྱི་སྐད་ཡིག་དང་ལྷག་པར་དུ་སྐད་ཡིག་དེའི་ནང་གི་ཆོས་དང་རིག་གཞུང་གཏིང་ཟབ་ཅིག་ཡོད་པ་དེ་བླ་སྲོག་ལྟ་བུ་ཞིག་ཡིན་པ་དང་། བོད་རིགས་གཞོན་སྐྱེས་ཚོས་བོད་ཀྱི་སྐད་ཡིག་ལ་དོ་སྣང་གནང་རྒྱུ་གཙོས་ཆོས་ལ་དད་པ་ཡོད་རུང་་མེད་རུང། ནང་པ་ཡིན་རུང་མིན་རུང་སེམས་ཁམས་རིག་པ་དང་ལྟ་གྲུབ་ཀྱི་སྐོར་ལ་དོ་སྣང་བྱེད་ཐུབ་ཚེ་བོད་མི་རིགས་དེ་མགོ་བོ་དགྱེ་དགྱེ་བྱ་ཐུབ་པ་ཞིག་ཡོང་ངེས་ཡིན་པ་བཀའ་སློབ་བཀའ་དྲིན་ཆེ་བར་སྩལ་གནང་མཛད་སོང་། ད་དུང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རི་ San Francisco ཁུལ་དུ་སྨན་པའི་སློབ་གཉེར་གནང་བཞིན་པ་བསོད་ནམས་མཚོས་དོགས་འདྲི་དང་འབྲེལ་ནས། བོད་རིགས་བཙན་བྱོལ་བ་རྣམས་སྡོད་ས་མིའི་ལུང་པ་ཞིག་ཏུ་སྡོད་ཀྱི་ཡོད་རུང་བོད་ཀྱི་ཆོས་དང་རིག་གཞུང་གཏིང་ཟབ་ཡོད་པ་དེ་བདག་པོ་རྒྱབ་ནས་སྡོད་བཞིན་ཡོད་སྟབས། བོད་རིགས་གཞོན་སྐྱེས་རྣམས་ས་གནས་གང་དུ་ཡོད་ཀྱང་བོད་མི་རིགས་ཀྱི་སྐད་ཡིག་གཞི་ལ་བཞག་པའི་ལྟ་གྲུབ་དང་ཚད་མ་རིག་པའི་གཞུང་ལ་སློབ་གཉེར་གནང་བའི་སྒོ་ནས་བདག་པོ་རྒྱག་དགོས་པ་བཀའ་གནང་བ་དང་འབྲེལ། བོད་མི་རིགས་ཀྱི་རིག་གཞུང་བདག་གཅེས་གནང་བ་དེས་རང་ཉིད་ལ་ཕན་ཐོགས་ཡོང་རྒྱུ་ཙམ་མ་ཟད། སྤྱི་ཚོགས་ལ་ཕན་ཐོགས་ཡོང་རྒྱུ་ཞིག་ཡིན་པ་དང་། ང་ཚོས་མི་རབས་ནས་མི་རབས་ལ་འཛིན་ཐུབ་རྒྱུའི་བསམ་བློ་གཏོང་དགོས་ཞེས་བཀའ་སློབ་བཀའ་དྲིན་ཆེ་བར་སྩལ་གནང་མཛད་སོང་། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་གི་ཆོས་འབྲེལ་དེའི་ཐོག་ཨ་རིར་ཡོད་པའི་བོད་མི་ཚོའི་སྡོད་གནས་དེ་ཡེ་ཤུ་དང་ཇེའུ་སོགས་ཀྱི་ལུང་པ་ཞིག་ཆགས་ཀྱི་ཡོད་རུང་། ག་ཚོད་ཐུབ་ཐུབ་ཀྱིས་བོད་མི་རིགས་ཀྱི་སྐད་དང་རིག་གཞུང་གཏིང་ཟབ་ཡོད་པ་དེ་ལ་དོ་སྣང་གནང་བའི་སྒོ་ནས་བོད་མི་རིགས་ཀྱི་ཐུན་མོང་གི་ཁྱད་ཆོས་ཏེ། ཡ་རབས་བཟང་སྤྱོད་དང་དྲང་པོ་དྲང་བཞག་གནང་རྒྱུའི་སྤྱོད་པ་དེ་གཞན་ལ་མིག་དཔེ་སྟོན་ཐུབ་པ་བྱ་དགོས་པ་བཀའ་སྩལ་སོང་། གཞི་རྩའི་དེ་རིང་གི་བཀའ་ཆོས་དེ་བཞིན་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་བོད་སྐད་དང་། དབྱིན་སྐད། རྒྱ་སྐད་སོགས་སྐད་རིགས་སྣ་མང་ཐོག་གསུང་བསྒྱུར་གྱིས་ཐད་གཏོང་ཞུས་ཡོད་པ་རེད།

རྒྱ་གར་གཞུང་ནས་ཨ་རི་ལྟར་༸རྒྱལ་བའི་ཡང་སྲིད་ཐོག་བཞེངས་ཕྱོགས་ཁ་གསལ་དགོས།

དེ་རིང་རྒྱ་གར་གྱི་ Hindustan Times ཞེས་པའི་གྲགས་ཅན་གསར་ཤོག་གི་རྩོམ་སྒྲིག་པའི་གླེང་བརྗོད་ཐོག་ཉེ་ལམ་ཨ་རིའི་གྲོས་ཚོགས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་གནང་བ་དང་བསྟུན། ༸རྒྱལ་བའི་༸སྐུའི་ཡང་སྲིད་དང་འབྲེལ་བའི་འཐབ་རྩོད་ཅེས་པའི་དམིགས་བསལ་དཔྱད་གཏམ་ཞིག་སྤེལ་བ་དང་འབྲེལ་ནས་རྒྱ་གར་གཞུང་གིས་ཨ་རི་ནང་བཞིན་བཞེངས་ཕྱོགས་བརྟན་པོ་ཞིག་འཛིན་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་ངོས་འཛིན་བོད་མི་ཚོས་ཐག་གཅོད་བྱེད་རྒྱུ་ལས་རྒྱ་ནག་གཞུང་གིས་ཐེ་བྱུས་བྱ་མི་ཆོག་པའི་ཐད་བཞེངས་ཕྱོགས་གསལ་པོ་བཟོ་དགོས་གལ་ཡིན་སྐོར་གསུངས་འདུགགསར་ཤོག་གི་རྩོམ་སྒྲིག་པའི་གླེང་བརྗོད་ནང་སྤྱིར་ཨ་རིའི་གྲོས་ཚོགས་ཀྱི་ཁྲིམས་འཆར་དེ་ནི་ཊམ་སྲིད་གཞུང་གིས་རྒྱ་ནག་ཐོག་འཛིན་པའི་མཁྲེགས་བཟུང་གི་སྲིད་བྱུས་ཤིག་མཚོན་གྱི་ཡོད་ཀྱང་། ཐུགས་སྣང་གནང་དགོས་པ་ཞིག་ལ་ཁྲིམས་འཆར་དེ་བརྒྱུད་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་ཀྱི་གནད་དོན་ཐད་རྒྱལ་སྤྱིའི་ཁྲོད་འཐབ་རྩོད་ཀྱི་རྣམ་པ་ཞིག་མངོན་བཞིན་པ་གསལ་པོ་རེད་ཅེས་གསུངས་འདུག ཐེངས་འདིའི་ཁྲིམས་འཆར་འོག་མ་འོངས་པར་རྒྱ་ནག་གཞུང་གིས་དཔལ་འབྱོར་དང་ཆབ་སྲིད་ཀྱི་ཤུགས་རྐྱེན་བརྒྱུད་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་རྒྱ་གཞུང་རང་ཉིད་ཀྱིས་བསྐོ་གཞག་བྱས་པའི་༸སྐུའི་ཡང་སྲིད་དེ་ལ་ངོས་འཛིན་བྱེད་དགོས་པའི་གནོན་ཤུགས་རིགས་སྤྲད་ཚེ་ཨ་རིའི་ངོས་ནས་དེར་ངོས་ལེན་གནང་རྒྱུ་མིན་པའི་བཞེངས་ཕྱོགས་གསལ་པོ་གནང་ཟིན་ཀྱང་། རྒྱལ་ཁབ་གཞན་རྣམས་ཀྱིས་ཀྱང་བཞེངས་ཕྱོགས་དེ་འདྲ་ཞིག་གནང་དཀའ་བ་དང་། དེའང་དེ་སྔ་སོག་ཡུལ་ནས་༸གོང་ས་མཆོག་ཡུལ་དེར་གདན་ཞུ་ཕུལ་སྐབས་རྒྱ་ནག་གིས་རྒྱལ་ཁབ་དེའི་ཐོག་གནོན་ཤུགས་དང་དཀའ་ངལ་ཇི་སྤྲད་ལས་གསལ་པོ་ཤེས་ཐུབ་ཀྱི་རེད་ཅེས་གསུང་འདུག དེ་འབྲེལ་རྒྱ་གར་གཞུང་ནས་རྒྱ་གར་ནང་དུ་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་ཆེད་འཛུགས་གནང་རྒྱུའི་ཆོག་མཆན་གནང་བ་མ་ཟད་༸གོང་ས་མཆོག་གིས་དབུས་པའི་བོད་མི་སྐྱབས་བཅོལ་བ་འབོར་ཆེན་ཞིག་གནས་སྡོད་ཀྱི་ཆོག་མཆན་གནང་ཡོད་པ་བཅས་ཀྱི་གནད་དོན་ཁོ་ནར་བློ་ཚིམས་ཏེ་མ་བཞུགས་པར་བོད་ཀྱི་གནད་དོན་ཐོག་བཞེངས་ཕྱོགས་གསལ་པོ་ཞིག་བཟོ་རྒྱུའི་དུས་ལ་བབ་ཡོད་པ་ནན་བརྗོད་གནང་འདུག རྒྱ་གར་གཞུང་གི་ངོས་ནས་༸སྐུའི་ཡང་སྲིད་དང་འབྲེལ་བའི་དེང་རབས་ཀྱི་འཐབ་རྩོད་དེར་གདོང་ལེན་གྱི་གྲ་སྒྲིག་ངེས་པར་དུ་གནང་དགོས་པ་དང་། ལྷག་དོན་རྒྱ་གར་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་དང་བོད་མིའི་བླ་སྤྲུལ་ངོས་འཛིན་བོད་མི་ཚོས་ཐག་གཅོད་བྱེད་རྒྱུ་ལས་རྒྱ་ནག་གཞུང་གིས་ཐེ་བྱུས་བྱ་མི་ཆོག་པ་དེ་ཡོང་གྲགས་གནང་དགོས་པ་མ་ཟད། ཉིན་རེ་བཞིན་གྲངས་འབོར་ཉུང་དུ་འགྲོ་བཞིན་པའི་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་ཐོག་འཛིན་པའི་ད་ལྟའི་སྲིད་བྱུས་ལ་བསྐྱར་ཞིབ་གནང་དགོས་པ། དེ་བཞིན་རྒྱ་ནག་ནས་ངོས་འཛིན་བྱ་སྲིད་པའི་༸རྒྱལ་བའི་ཡང་སྲིད་རྫུན་མར་གདོང་ལེན་གནང་ཕྱིར་ད་ལྟ་ནས་རྒྱལ་སྤྱིའི་གཞུང་འདྲ་མིན་དང་ལྷན་དུ་མཉམ་ལས་གནང་དགོས་ཞེས་འགྲེལ་བརྗོད་གནང་འདུག

༸གོང་ས་མཆོག་གིས་དྲྭ་རྒྱ་བརྒྱུད་མཛད་འཆར་ཁག་ཅིག་བསྐྱང་གཏན་འཁེལ་བ།

རིང་མིན་ཟླ་ ༡༢ ཚེས་ ༢༧ དང་ཕྱི་ཟླ་ ༡ ཚེས་ ༥ ནས་ ༧ དེ་བཞིན་ཚེས་ ༡༠ བཅས་སོ་སོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲྭ་རྒྱ་བརྒྱུད་ནས་བཀའ་ཆོས་དང་བཀའ་སློབ་སྩལ་གཏན་འཁེལ་འདུགབོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དྷ་རམ་ས་ལའི་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་གི་གཟིམ་ཆུང་ནས་དྲྭ་རྒྱ་བརྒྱུད་བཀའ་ཆོས་དང་བཀའ་སློབ་ཁག་ཅིག་བསྩལ་གཏན་ཁེལ་བའི་མཛད་འཆར་ལ་གཞིགས་ན། རིང་མིན་ཟླ་ ༡༢ ཚེས་ ༢༧ ཉིན་རྒྱ་གར་གྱི་སྔ་དྲོ་ཚོུད་ ༩ ནས་ ༡༠ བར་ཚོུད་གཅིག་གི་རིང་བྱང་ཨ་རིའི་ས་གནས་བོད་རིགས་རྣམས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མ་དང་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་བཀའ་དྲིན་སྩལ་རྒྱུ་དང་། དེ་བཞིན་ཕྱི་ཟླ་ ༡ ཚེས་ ༥ ནས་ ༧ ཉིན་སོ་སོའི་སྔ་དྲོ་ཚོུད་ ༩ ནས་ ༡༠ བར་ཁྱོན་ཉིན་གྲངས་གསུམ་གྱི་རིང་ཀོ་རི་ཡའི་ནང་པ་ཚོས་ཇི་ལྟར་གསོལ་བ་བཏབ་བཞིན་༸གོང་ས་མཆོག་གིས་དྲྭ་ལམ་བརྒྱུད་ཤེས་རབ་སྙིང་པོའི་བཀའ་ཆོས་དང་ཆོས་ཞུ་བའི་བཀའ་འདྲི་ཁག་ལ་བཀའ་ལན་སྩལ་རྒྱུ་རེད་འདུག གཞན་ཡང་ཕྱི་ཟླ་ ༡ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སེམས་དང་སྲོག་གི་བསྟི་གནས་ཁང་གིས་གོ་སྒྲིག་ཞུས་དོན་ལྟར་གོ་ལའི་གནམ་གཤིས་ཚ་དྲོད་སྲུང་སྐྱོབ་དང་ཁོར་ཡུག་ལས་འགུལ་བ་གྲགས་ཆེན་གཞོན་ནུ་མ་ Greta Thunberg  ལགས་དང་དེང་དུས་ཚན་རིག་པ་ཁག་ཅིག་དང་ལྷན་དུ་གོ་ལའི་ཚ་དྲོད་ཀྱི་ཛ་དྲག་གནས་སྟངས་The Crisis of Climate Feedback Loops ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་མཛད་རྒྱུ་དང་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་བཀའ་ལན་སྩལ་རྒྱུ་བཅས་ཀྱི་མཛད་འཆར་ཐུགས་གཏན་ཁེལ་འདུག

༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་བོད་ཡིག་དྲྭ་རྒྱར་ལེགས་བཅོས་ཀྱིས་༸གང་ཉིད་མཆོག་གི་གསུང་རྩོམ་ཡོངས་རྫོགས་གཟིགས་རྒྱུ་ཡོད་པ་བཟོས་འདུག

དྲྭ་རྒྱའི་ཐོག་མཛད་འཆར་དང་འཕྲིན་གསར། དགོངས་གཞི། སྐུ་པར། བརྙན་འཕྲིན། དེ་ལས་མང་བ་བཅས་ཀྱི་སྡེ་ཚན་དྲུག་ཡོད་པ་དང་དེ་བཞིན་སྡེ་ཚན་དེ་དག་རེ་རེར་ནང་གསེས་མི་འདྲ་བ་མང་དག་ཅིག་མཇལ་རྒྱུ་འདུག

རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་དང་རྒྱལ་ཁབ་ཀྱི་གཞི་མ་ཡིན་པ་བཀའ་སྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་མུམ་བྷེ་ཡི་འཕྲུལ་རིག་མཐོ་རིམ་སློབ་གཉེར་ཁང་ Indian Institute of Technology (IIT) ཁྱབ་ཁོངས་ཀྱི་ Techfest དྲ་ཐོག་གསུང་བཤད་ཀྱི་ལས་འཆར་ཚོགས་ཆུང་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། The Purpose of Life འམ་མི་ཚེའི་དོན་སྙིང་ཞེས་པའི་བརྗོད་གཞི་ཐོག་བཀའ་སློབ་སྩལ་བ་དང་སྦྲགས་ཏེ་མགོན་པོ་༸གང་ཉིད་མཆོག་གིས་རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་དང་རྒྱལ་ཁབ་ཀྱི་གཞི་མ་ཡིན་པ་བཀའ་སྩལ་སོང་། དེ་རིང་སྔ་དྲོ་ཕྱག་ཚོད་ ༩ ཐོག་བཞུགས་སྒར་༸རྒྱལ་བའི་གཟིམ་ཆུང་ནས་མགོན་པོ་༸གང་ཉིད་མཆོག་གིས་རྒྱ་གར་གྱི་གནའ་བོའི་རིག་གནས་དང་དེང་དུས་ཀྱི་ཤེས་ཡོན་གཉིས་ཇི་ལྟར་ཟུང་འབྲེལ་གནང་དགོས་པའི་ཐད་བཀའ་སློབ་དང་འདི་བཞིན་སློབ་ཕྲུག་རྣམས་པས་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་བཀའ་ལན་མཛད་ཡོད་པ་རེད།སྐབས་དེར་༸གོང་ས་མཆོག་གིས་སྙིང་རྗེ་དང་འཚེ་མེད་ཞི་བའི་ལྟ་གྲུབ་དེ་རྒྱ་གར་ནང་ལོ་ངོ་སྟོང་ཕྲག་གོང་ནས་དར་སྲོལ་ཡོད་ཅིང་། ལྷག་པར་དུ་རྒྱ་གར་གྱི་ལྟ་གྲུབ་པ་དང་བསམ་བློ་བ་རྣམས་ཀྱིས་ཀྱང་རིག་པ་དང་མཐུན་པའི་ཐོག་ནས་འཚེ་མེད་ཞི་བ་དང་སྙིང་རྗེའི་སྐོར་གསུངས་ཡོད་པ་མ་ཟད། དེང་གི་ཆར་འཛམ་གླིང་སྤྱིར་ལྟ་གྲུབ་དེ་ཉེ་བར་མཁོ་བ་ཞིག་ཆགས་ཡོད། གལ་ཏེ་ང་ཚོས་དུས་ཀུན་སྙིང་རྗེ་དང་འཚེ་མེད་ཞི་བའི་ཐབས་ལམ་ཕྱག་བསྟར་གནང་རྒྱུར་ཐུགས་སྣང་མང་ཙམ་བཞེས་ཐུབ་ཚེ་འཛམ་གླིང་འདི་ཞི་བདེ་ལྡན་པའི་ཁོར་ཡུག་ཞིག་ཏུ་བསྐྲུན་ངེས་ཡིན་པ་བཀའ་སྩལ་སོང་། ༸གོང་ས་མཆོག་གིས་རྒྱ་གར་གྱི་གནའ་བོའི་རིག་གནས་དེ་དག་ཤེས་ཡོན་གྱི་ངོ་བོའི་ཐོག་ངོས་འཛིན་དགོས་པ་དང་འཚེ་མེད་ཞི་བ་དང་སྙིང་རྗེ་གཞིར་བཞག་པའི་རྒྱ་གར་གྱི་གནའ་བོའི་རིག་གཞུང་གི་ལྟ་གྲུབ་དེ་དེང་རབས་ཀྱི་འཛམ་གླིང་ལ་ཉེར་མཁོ་ཞིག་ཆགས་སྟབས། ད་ཆ་རྒྱ་གར་གྱི་གནའ་བོའི་རིག་གནས་དེ་ཉར་ཚགས་ཙམ་མིན་པར་དེ་དག་བསྐྱར་གསོ་གནང་དགོས་གལ་ཡིན་པར་ལམ་སྟོན་མཛད་པར་མ་ཟད། རྒྱ་གར་གྱི་གནའ་བོའི་རིག་གནས་དེ་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་དང་རྒྱལ་ཁབ་ཀྱི་གཞི་རྩ་ཡིན་སྟབས་རྒྱ་གར་བ་ཚོས་གནའ་བོའི་རིག་གཞུང་དེ་དག་ཐད་ཐུགས་སྣང་མང་ཙམ་བཞེས་དགོས་པ་དང་རྒྱལ་ཁབ་གཞན་ཚོར་དེ་འབྲེལ་ཐད་ལམ་སྟོན་གནང་དགོས་སྐོར་བཀའ་སྩལ་ཡོད།ཐེངས་འདིའི་བཀའ་སློབ་ཀྱི་ལས་རིམ་གྲུབ་མཚམས་སུ་སློབ་ཕྲུག་ཚོས་མགོན་པོ་༸གང་ཉིད་མཆོག་ལ་བརྗོད་གཞི་སྣ་མང་ཐོག་བཀའ་འདྲི་ཞུས་དོན་ལྟར་དེའི་ཁྲོད་སློབ་ཕྲུག་ཞིག་གིས་སློབ་གཉེར་བྱེད་རྒྱུ་དེ་ནི་རང་ཉིད་ལ་ཤེས་ཡོན་ཐོབ་ཐབས་ཤིག་ཡིན་ཀྱང་།  དེང་རབས་འགྲན་རྩོད་དབང་གིས་བརྒྱ་ཆ་མཐོ་པོ་རག་ཐབས་སུ་སློབ་གཉེར་བྱེད་ཀྱི་ཡོད་སྟབས་འགྲན་སེམས་མེད་པར་སློབ་གཉེར་ཇི་ལྟར་བྱེད་དགོས་སམ་ཞེས་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་སྤྱིར་གཞན་ལ་དམིགས་དཔེ་བཟང་པོ་གནང་ཐབས་ཀྱིས་ཀུན་སློང་ཐོག་འགྲན་སེམས་གནང་ན་དེ་ནི་འགྲན་སེམས་ལེགས་པོ་ཞིག་ཡིན་པ་དང་། དེས་གཞན་ལ་སེམས་འགུལ་ཐེབས་ཐབས་ལ་རོགས་འདེགས་ཡང་ཞུ་ཡི་ཡོད་པར་བརྟེན་ལས་དོན་གང་ཞིག་གཉེར་ཡང་གང་ཟག་སོ་སོའི་ཀུན་སློང་ལ་རག་ལུས་ཀྱི་ཡོད་སྐོར་བཀའ་སྩལ་སོང་། སློབ་མ་གཞན་ཞིག་གིས་ལུས་སེམས་གཉིས་ཀྱི་བདེ་འཇགས་དང་འབྲེལ་ནས་བཀའ་འདྲི་ཞུས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལུས་བདེ་ཐང་ཡོང་བར་སེམས་ཁམས་ཀྱི་འཕྲོད་བསྟེན་ ལེགས་པོ་ཞིག་དགོས་པ་དང་སྒོས་སུ་འཚེ་མེད་ཞི་བ་དང་སྙིང་རྗེ་ཀུན་ནས་བསླངས་པའི་བསམ་བློ་དེས་སེམས་བག་ཕེབས་ངང་གནས་ཐུབ་པ་དང་། ལྷག་པར་དུ་མི་ཚེར་ངལ་བ་ཇི་འདྲ་ཞིག་འཕྲད་པ་དེའི་ཚོད་ཀྱིས་གདོང་ལེན་གནང་ཐུབ་ངེས་ཡིན་པ་བཀའ་སྩལ་བ་དང་སྦྲགས་བོད་ནང་གི་གནད་དོན་ཛ་དྲག་རིགས་གསན་ཚེ་༸སྐུ་རླུང་མི་བཞེངས་པར་དེ་མ་ཐག་ཏུ་རྒྱ་ནག་དམར་ཤོག་ཚོགས་པའི་འབྲེལ་ཡོད་དཔོན་རིགས་ཚོ་དང་ལས་བྱེད་ཚོའི་ཆེད་ཐུགས་སྨོན་མཛད་ཀྱི་ཡོད་སྐོར་བཀའ་སྩལ་བ་དང་འབྲེལ།   རྒྱ་གར་གྱི་གནའ་བོའི་རིག་གནས་ལས་འཚེ་མེད་ཞི་བ་དང་སྙིང་རྗེའི་ལྟ་གྲུབ་ཀྱིས་དོན་དམ་པའི་ཐོག་ལུས་སེམས་གཉིས་ཀའི་བདེ་འཇགས་ལ་ཕན་ཐོགས་ཆེན་པོ་ཆགས་ཀྱི་ཡོད་པ་ལྟར་ཕྱག་བསྟར་གནང་དགོས་སྐོར་བཀའ་ལན་བཀྲིན་ཆེ་བ་སྩལ་ཡོད། གཞི་རྩའི་མགོན་པོ་༸གང་ཉིད་མཆོག་གི་མཛད་འཆར་ཐུགས་གཏན་ཁེལ་བར་གཞིགས་ན། རིང་མིན་ཚེས་ ༢༧ ཉིན་བྱང་ཨ་རིའི་ས་གནས་བོད་རིགས་རྣམས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་རྒྱ་གར་གྱི་སྔ་དྲོ་ཆུ་ཚོད་ ༩ ནས་ ༡༠ བར་དྲ་ལམ་བརྒྱུད་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མ་དང་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་བཀའ་ཆོས་སྩལ་རྒྱུ་ཡིན་པ་རེད།

རྒྱ་གཞུང་གིས་བོད་ཀྱི་མཐའ་མཚམས་ཁག་ཏུ་འཛུགས་སྐྲུན་ཤུགས་ཆེར་གཏོག་རྒྱུར་གྲ་སྒྲིག

ཁ་སང་དྲྭ་རྒྱ་ནག་གཞུང་འབྲེལ་གྱི་ཀྲུང་གོ་བོད་ལྗོངས་དྲྭ་བ་ཞེས་པའི་སྟེང་དུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་༨་དང་༩ ཉིན་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་དུ་རྒྱ་ནག་གིས་ཚོགས་འདུ་ཞིག་བསྡུ་སྐོང་གིས། རྒྱ་ནག་གིས་ས་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་སུ་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེར་གཏོང་རྒྱུ་ཡིན་པར་བསྒྲགས་འདུག

Latest news