Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

ཅིཏ་ཀ་རཱ་གཙུག་ལག་སློབ་གཉེར་ཁང་དུ་གོ་ལའི་བདུན་ཕྲག་ཞེས་པའི་ལྷན་ཚོགས་དབུ་འབྱེད་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་རྒྱ་གར་གྱི་པན་ཇབ་མངའ་སྡེ་ཅན་རྡི་གར་གྲོང་ཁྱེར་ནས་ཀི་ལོ་མི་ཀྲར་ ༣༠ ཙམ་གྱི་ས་ཐག་ཏུ་ཡོད་པའི་སྒེར་གཉེར་ཅིཏ་ཀ་རཱ་གཙུག་ལག་སློབ་གཉེར་ཁང་གི་གོ་ལའི་བདུན་ཕྲག་ཞེས་པའི་ལྷན་ཚོགས་དབུ་འབྱེད་མཛད་ཡོད་པ་མ་ཟད། གཙུག་ལག་སློབ་ཁང་དེའི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་སློབ་དཔོན་གྱི་མཚན་གནས་ཕུལ་སོང་།   བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཙུག་ལག་སློབ་ཁང་དེ་ནས་དེང་རབས་ཀྱི་ཤེས་ཡོན་ལམ་སྲོལ་ནང་ཀུན་ཁྱབ་བཟང་སྤྱོད་སྐོར་ལ་ལམ་སྟོན་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུས་ཡོད་པ་ལྟར་མགོན་པོ་༸གང་ཉིད་མཆོག་ནས་ཐོག་མར་གལ་ཏེ་ང་ཚོ་ཚང་མ་འགྲོ་བ་མི་གཅིག་པ་ཡིན་པའི་འདུ་ཤེས་དེ་ཤེས་པ་ཡིན་ན་འཛམ་གླིང་ནང་ཞི་བདེ་ཡོང་རྒྱུ་དང་མིའི་གཞི་རྩའི་རང་གཤིས་དེ་ཞི་བདེ་ལྡན་པ་ཞིག་ཡིན་པ་དེང་སྐབས་ཚན་རིག་པ་ཚོས་ཀྱང་ཁས་ལེན་གནང་གི་ཡོད་པ་མ་ཟད། རྒྱུན་དུ་སེམས་བཟང་པོ་གནང་ཚེ་རང་ཉིད་ཀྱི་འཕྲོད་བསྟེན་ལ་ཡང་ཕན་ཐོགས་ཡོད་པའི་ལམ་སྟོན་སོགས་བཀྲིན་བསྩལ་ཏེ་ད་ལྟའི་ང་ཚོའི་ཤེས་ཡོན་གྱི་ལམ་ལུགས་དེ་ནུབ་ཕྱོགས་ནས་དར་ཁྱབ་བྱུང་བའི་ཕྱིའི་དངོས་པོ་གལ་ཆེར་རྩིས་པའི་ལམ་ལུགས་ཤིག་ཆགས་ཡོད་སྟབས། ད་ཆ་ང་ཚོར་བསམ་བློའི་འདུ་ཤེས་ཀྱི་སློབ་གསོའི་ལམ་ལུགས་ཤིག་ངེས་པར་དུ་དགོས་པ་ཞིག་ཆགས་ཡོད་སྐོར་བཀའ་བསྩལ་སོང་། གལ་ཏེ་དེ་ལྟར་ཞིག་མེད་ཚེ་གཞི་རྩའི་བསམ་བློའི་རང་གཤིས་དེ་བཟང་ཕྱོགས་ཀྱི་ཞི་བདེ་ལྡན་པ་ཞིག་ཡོད་པ་ཡིན་ནའང་། ཤེས་ཡོན་གྱི་ལམ་ལུགས་ཐོག་ནས་སློབ་གསོ་དེ་ཕྱིའི་དངོས་པོ་ཡར་རྒྱས་གཅིག་པོའི་ཐོག་སྤྲད་བསྡད་པ་ཡིན་ན་གང་ཟག་དེར་དཀའ་ངལ་འཕྲད་སྐབས་བློ་རྒྱ་ཆེན་པོ་བྱེད་མི་ཐུབ་པ་སོགས་ཀྱི་དཀའ་ངལ་ཡོང་གི་ཡོད་སྟབས་ང་ཚོས་ངེས་པར་སློབ་གྲྭ་ཆེ་ཆུང་ཚང་མའི་ཤེས་ཡོན་གྱི་ལམ་ལུགས་ནང་མིའི་གཞི་རྩའི་གཤིས་ཀ་དེ་སེམས་བཟང་པོ་ཞིག་ཡིན་པའི་འདུ་ཤེས་དེ་ཡོང་བར་འབད་དགོས་གལ་ཡིན་པ་དང་། ཤེས་ཡོན་གྱི་ལམ་ལུགས་དེ་འདྲ་ཞིག་ཡོང་ཐབས་སུ་རྒྱ་གར་ལ་ཕ་མེས་ནས་ཡོད་པའི་འཚེ་མེད་ཞི་བ་དང་སྙིང་རྗེའི་རིག་གཞུང་བཟང་པོ་ཡོད་པ་དེ་རྒྱ་གར་གྱི་ངོས་ནས་དེའི་ནུས་པ་ཆེད་འདོན་བྱེད་དགོས་པར་ལམ་སྟོན་བསྩལ་བ་དང་ཆབས་ཅིག མགོན་པོ་༸གང་ཉིད་མཆོག་ནས་ཀྱང་རྒྱ་གར་གྱི་རིག་གཞུང་བཟང་པོ་དེ་དག་བསྐྱར་གསོ་ཡོང་ཐབས་མཛད་བཞིན་ཡོད་སྐོར་སོགས་བཀའ་བསྩལ་སོང་།  ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྐབས་དེར་ད་དུང་བཀའ་འདྲི་དགོངས་སྐོར་ཞུ་སྐབས་ང་ཚོ་ཚང་མ་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཞིག་ཡིན་པ་དང་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཚང་མ་ཕན་སེམས་དང་བྱམས་པའི་བློ་ཐུན་མོང་དུ་ཡོད་པའི་ཐོག་ནས་འཛམ་གླིང་འདིའི་ནང་ཡོད་པའི་འགྲོ་བ་མི་ཐེར་འབུམ་བདུན་ཚང་མར་མི་གཅིག་པ་ཡིན་པའི་འདུ་ཤེས་དེ་དགོས་པ་དང་། ཆོས་ལུགས་དང་རིགས་རུས། རྒྱལ་ཁབ་བཅས་ཀྱི་འདུ་ཤེས་དེ་རིམ་པ་གཉིས་པར་བཞག་དགོས་པའི་ལམ་སྟོན་བཀའ་བསྩལ་བ་མ་ཟད། ཁོར་ཡུག་དང་འབྲེལ་ཏེ་ཚན་རིག་པ་ཚོས་ཟླ་བའི་གྲོང་ཁྱེར་ལ་སོགས་པའི་རྒྱུ་སྐར་ཁག་གཅིག་ནང་བསྐྱོད་ཐུབ་ཀྱི་ཡོད་ཀྱང་ང་ཚོའི་མི་ཚེ་བསྐྱེལ་ས་དེ་འཛམ་བུ་གླིང་འདི་ཆགས་ཡོད་སྟབས་ཁོར་ཡུག་ལ་ཚང་མས་དོ་སྣང་བྱེད་དགོས་ཞེས་ལམ་སྟོན་བཀའ་བཀྲིན་ཆེ་བ་བསྩལ་ཡོད། གཞི་རྩའི་ཅིཏ་ཀ་རཱ་གཙུག་ལག་སློབ་གཉེར་ཁང་གི་གོ་ལའི་བདུན་ཕྲག་ཞེས་པའི་ལྷན་ཚོགས་ཐོག་རྒྱལ་ཁབ་ཁག་ ༢༢ ཀྱི་གཙུག་ལག་སློབ་ཁང་ཆེན་མོ་ ༣༩  ནས་སློབ་དཔོན་དང་མཁས་དབང་གྲངས་ ༥༠ ལྷག་ཙམ་ཞིག་ཆེད་ཕེབས་གནང་འདུག་པ་མ་ཟད། མཛད་སྒོའི་ཐོག་གཙུག་ལག་སློབ་ཁང་དེའི་སློབ་དཔོན་དང་དགེ་ལས་སློབ་ཕྲུག། དེ་བཞིན་ས་གནས་ཀྱི་དཔོན་རིགས་བཅས་ཁྱོན་ཚོགས་བཅར་བ་མི་གྲངས་ ༡༠༠༠ བརྒལ་བ་ཞིག་འདུ་འཛོམས་བྱུང་འདུག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སང་ཉིན་ཅན་རྡི་སྒར་གཙུག་ལག་སློབ་ཁང་གི་གུ་རུ་ནཱ་ནཀ་སྐུ་གཤེགས་ནས་ལོ་ ༥༥༠ འཁོར་བའི་རྗེས་དྲན་མཛད་སྒོ་ཞིག་ཏུ་དབུ་བཞུགས་བསྐྱང་རྒྱུ་རེད་འདུག

ཉི་ཧོང་དུ་དྲག་ཆར་རླུང་འཚུབ་ཀྱི་གོད་ཆག་ཕོག་པར་ཐུགས་གསོ་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་དུ་ typhoon hagibis ཟེར་བའི་དྲག་ཆར་རླུང་འཚུབ་ཀྱི་གོད་ཆག་ཁྲོད་མི་སྣ་ ༤༠ ལྷག་ཙམ་རྐྱེན་འདས་ཕྱིན་པ་རྣམས་དང་ཁོང་རྣམ་པའི་ཤུལ་ལུས་ནང་མི་བཅས་པར་ཐུགས་གསོའི་གསུང་འཕྲིན་བསྩལ་བ་དང་འབྲེལ། ཉི་ཧོང་གཞུང་གིས་ཀྱང་ཛ་དྲག་ཉེན་སྐྱོབ་དང་ངལ་སེལ་གྱི་ལས་གཞི་ཚགས་ཚུད་ངང་སྤེལ་བཞིན་པར་བསྔགས་བརྗོད་མཛད་འདུག ༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་རྒྱ་གར་བྱང་ཕྱོགས་ Chandigarh གྲོང་ཁྱེར་ནས་ཉི་ཧོང་གི་སྲིད་བློན་སྐུ་ཞབས་ Shinzo Abe མཆོག་གི་བརྒྱུད་གསུང་འཕྲིན་ཞིག་བསྩལ་ཡོད་པ་དང། གསུང་འཕྲིན་དེའི་ནང་༸གོང་ས་མཆོག་འདས་པའི་ལོ་ཤས་ནང་ཉི་ཧོང་དུ་ལན་མང་ཆིབས་བསྒྱུར་མཛད་མྱོང་ཡོད་པའི་ཁྲོད་མང་ཚོགས་ཀུན་གྱིས་མགོན་པོ་༸གང་ཉིད་མཆོག་ལ་ཧ་ཅང་བརྩེ་བཀུར་དང་ལྷག་པར་དུ་འགྲོ་བ་མིའི་རིན་ཐང་དང་ནང་སེམས་ཀྱི་བདེ་སྐྱིད་གོང་འཕེལ་དང་འབྲེལ་བའི་༸རྒྱལ་བའི་དགོངས་བཞེད་ལ་དགའ་མོས་དང་རྒྱབ་སྐྱོར་ཤུགས་ཆེ་ཞུས་པ་དེས་མགོན་པོ་མཆོག་གི་ཐུགས་ལ་བག་ཆགས་ཟབ་མོ་ཞིག་བཞག་ཡོད་པར་བཀའ་བསྩལ་བ་དང་ཆབས་ཅིག ཐེངས་འདིར་དྲག་ཆར་རླུང་འཚུབ་ཀྱི་དོན་རྐྱེན་འོག་ཉི་ཧོང་གི་མི་རྒྱུ་གཉིས་ཀར་གནོད་འཚེ་ཧ་ཅང་ཆེན་པོ་བཟོས་པར་མགོན་པོ་མཆོག་ཆེས་ཐུགས་ཕམ་ཆེན་པོ་མཛད་བཞིན་པ་དང་། གོད་ཆག་དེའི་ཁྲོད་ཚེ་སྲོག་ཤོར་བ་རྣམས་ལ་ཐུགས་སྨོན་དང་ཤུལ་ལུས་ནང་མི་སྤུན་མཆེད་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཐུགས་གསོ་མཛད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་དུང་ཉི་ཧོང་གི་སྲིད་བློན་ Abe མཆོག་དང་སྲིད་བློན་མཆོག་གིས་དབུ་ཁྲིད་པའི་གཞུང་ངོས་ནས་ཛ་དྲག་ཉེན་སྐྱོབ་དང་ངལ་སེལ་གྱི་ལས་གཞི་ཚགས་ཚུད་ངང་སྤེལ་བཞིན་པ་དང། ཁྱད་པར་དུ་སྔོན་ཚུད་དེ་འབྲེལ་སྔོན་འགོག་གི་སྟ་གོན་དང་རྗེས་འབྲས་བཅས་ལ་དགོངས་བཞེས་རྒྱ་ཆེ་གནང་བར་བསྔགས་བརྗོད་མཛད་འདུག གཞི་རྩའི་ཉི་ཧོང་དུ་རེས་གཟའ་སྤེན་པའི་ཉིན་ hagibis ཟེར་བའི་དྲག་ཆར་རླུང་འཚུབ་བྱུང་བ་དང་འབྲེལ་ཏེ་ཁ་སང་ཡུལ་དེའི་ honshu ཞེས་པའི་མཚོ་གླིང་གཙོ་བོར་གྱུར་པའི་དབུས་ཀྱི་ས་གནས་ཁག་གཅིག་ཏུ་ཆུ་རྒྱུན་ ༢༠ ལྷག་ཙམ་ལ་ཆུ་ལོག་བྱུང་སྟེ་མང་ཚོགས་ཀྱི་སྡོད་ཁྱིམ་ཆིག་སྟོང་ལྷག་གཏོར་བཤིག་དང། མང་ཚོགས་ ༤༠ ལྷག་ཙམ་རྐྱེན་འདས་སུ་གྱུར་ཡོད་པ་དང་དེ་བཞིན་མི་ ༡༥ ཙམ་གར་སོང་ཆ་མེད་ཕྱིན་པ་མ་ཟད་མི་ ༢༠༠ མིན་ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད་འདུག

༸གོང་ས་མཆོག་གིས་ Ethiopia སྲིད་བློན་ Abiy Ahmed Ali མཆོག་འཚམས་འདྲི་བསྩལ་བ།

ཨ་ཕི་རི་ཀའི་ Ethiopia རྒྱལ་ཁབ་ཀྱི་སྲིད་བློན་ Abiy Ahmed Ali མཆོག་ནས་ Ethiopia དང་ཁྱིམ་མཚེས་རྒྱལ་ཁབ་ Eritrea དབར་གྱི་ལོ་ངོ་བཅུ་ཕྲག་གི་རྩོད་རྙོག་དེ་གྲོས་མོལ་གྱི་ལམ་ནས་སེལ་ནས་འཆམ་མཐུན་གྱི་མཛའ་འབྲེལ་གསར་འཛུགས་གནང་བར་ཕྱི་ལོ་ ༢༠༡༩ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་ཁོང་ལ་འབུལ་རྒྱུའི་གསལ་བསྒྲགས་སྤེལ་དོན་ལྟར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མགོག་གིས་དགའ་བསུའི་འཚམས་འདྲི་བསྩལ་འདུག མགོན་པོ་མཆོག་གི་འཚམས་འདྲིའི་ནང་གོང་གསལ་རྒྱལ་ཁབ་གཉིས་ཀྱི་དབར་ལ་མཛའ་འབྲེལ་གསར་འཛུགས་ཐུབ་པ་ནི་རྒྱལ་ཁབ་དེ་དག་གི་མི་སེར་ཙམ་མ་ཟད་འཛམ་གླིང་སྤྱི་ལ་མིག་ལྟོས་བཟང་པོ་ཞིག་ཡིན་པ་བཀའ་གནང་བ་དང་འབྲེལ། ཁོང་གིས་ཨ་ཕི་རི་ཀའི་ཤར་ཕྱོགས་དང་ནུབ་ཤར་གྱི་ངོས་སུའང་དེ་འབྲེལ་ཞི་བདེ་དང་འཆམ་མཐུན་ཡོང་རྒྱུའི་འབད་བརྩོན་གནང་བཞིན་པ་དེས་མགོན་པོ་མཆོག་ལ་ཐུགས་བསྐྱེད་ཆེན་པོ་བྱུང་ཞེས་བཀའ་བསྩལ་འདུག མགོན་པོ་༸གང་ཉིད་མཆོག་གིས་སྲིད་བློན་མཆོག་ནས་ Eritrea སྲིད་འཛིན་ Isaias Afwerki མཆོག་དང་འབྲེལ་བ་གནང་ཕྱོགས་དང་། Eritrea སྲིད་འཛིན་མཆོག་ནས་ཀྱང་བཟང་ཕྱོགས་ཀྱི་ཡ་ལན་གནང་བ་དེས་འཆམ་མཐུན་གྱི་ཁོར་ཡུག་བཟང་པོ་ཞིག་སྐྲུན་ཡོད་པ་མ་ཟད། དེ་ནི་དྲང་བདེན་དང་། དོན་དངོས་དང་མཐུན་པའི་འགྲིག་འཇགས་ཤིག་བྱུང་བ་ནི་ཐུན་མོང་གི་གུས་བརྩིའི་རང་བཞིན་གྱི་ཐོག་ནས་འཆམ་མཐུན་ཡོང་རྒྱུ་ཡོད་པའི་བརྡ་ལན་ཞིག་ཡིན་པ་བཀའ་བསྩལ་བ་དང་སྦྲགས། སྲིད་བློན་ཁོང་གིས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་ནས་རྒྱལ་ནང་ཤིང་སྣ་འདེབས་འཛུགས་གནང་བཞིན་པ་ལའང་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་བསྩལ་འདུག རྩ་བའི་ནོར་ཝེ་རྒྱལ་ས་ Oslo ནང་རྟེན་གཞི་བྱས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༩ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་བཞིན་ Ethiopia རྒྱལ་ཁབ་ཀྱི་སྲིད་བློན་ Abiy Ahmed Ali མཆོག་ལ་འབུལ་རྒྱུའི་གསལ་བསྒྲགས་དེ་ཕྱི་ཟླ་ ༡༠ ཚེས་ ༡༡ ཉིན་སྤེལ་ཡོད་པ་དང་། ལོ་ལྟར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་ཕྱི་ཟླ ༡༢ ཚེས་༡༠ སྟེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་གནང་གི་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནོ་སྦེལ་ཞི་བདེའི་ལྷན་ཚོགས་ལ་ Ethiopia ཁུལ་དུ་ཞི་བདེ་དང་། རྨང་གཞི་བརྟན་པའི་གྲུབ་འབྲས་བཟང་པོ་སྨིན་རྒྱུའི་ཐུགས་སྨོན་མཛད་པ་དང་ཆབས་ཅིག གྲུབ་འབྲས་དེའི་རྐྱེན་པས་རྒྱལ་ཁབ་དེ་དག་གི་གཅེན་གཅུང་དང་མི་སེར་ཙམ་མ་ཟད་གླིང་ཆེན་ཡོངས་ལ་ཡར་རྒྱས་གོང་འཕེལ་ཡོང་ངེས་ཡིན་པ་བཀའ་བསྩལ་འདུག

༸གོང་ས་མཆོག་གིས་ཝེ་ཏི་ནམ་དང་ཨིན་ཌོ་ནེ་ཤ་ཡའི་དད་ལྡན་ཁག་གཅིག་ལ་བཀའ་ཆོས་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རངི་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ Vietnam དང་ Indonesia དད་་ལྡན་ཁག་གཅིག་ལ་བཀའ་ཆོས་བསྩལ་འདུག དེ་རིང་ཕྱི་ཟླ་ ༡༠ ཚེས་ ༩ ཉིན་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཝེ་ཏི་ནམ་དད་ལྡན་རུ་ཁག་གཅིག་རྒྱ་གར་ནང་གནས་མཇལ་དུ་ཆེད་བཅར་ཞུས་པ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གི་དྲུང་ནས་བཀའ་ཆོས་ཞུ་སླད་བཞུགས་སྒར་དུ་ཆེད་བཅར་ཞུས་པ་ལྟར་མགོན་པོ་༸གང་ཉིད་མཆོག་གིས་ཝེ་ཏི་ནམ་དད་ལྡན་སེར་སྐྱ་ཕོ་མོ་ ༣༧ དང་གཞན་ཡང་ཨིན་ཌོ་ནེ་ཤ་ཡའི་དད་་ལྡན་རྣམས་ལ་ནང་ཆོས་ངོ་སྤྲོད་དང་ཐུབ་པའི་མཚན་སྔགས་སོགས་བཀྲིན་བསྩལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེར་ཐོག་མར་དད་ལྡན་པ་དེ་དག་ལ་འཚམས་འདྲི་དང་འབྲེལ། སྤྱིར་མགོན་པོ་༸གང་ཉིད་མཆོག་ནས་ནང་ཆོས་ཞེས་པ་དེ་ཆོས་ལུགས་ཀུན་ལས་ཡག་ཤོས་རེད་ཅེས་ནམ་ཡང་བཀའ་བསྩལ་མཛད་ཀྱི་མེད་པ་དེ་ལྟར་ཡང་ལྟ་གྲུབ་ཀྱི་ཐོག་ནས་ནང་ཆོས་དེ་ཚན་རིག་དང་ཧ་ཅང་ཐག་ཉེ་པོ་ཡོད་པ་བཀའ་བསྩལ་འདུག ༸གོང་ས་མཆོག་གིས་ད་དུང་མགོན་པོ་༸གང་ཉིད་མཆོག་ནང་པའི་དགེ་སློང་ཞིག་ཡིན་པའི་ཁར་ཚན་རིག་པ་ཞིག་ཀྱང་ཡིན་ཞེས་བཀའ་བསྩལ་བ་མ་ཟད། ནང་པའི་ཆོས་ཀྱི་སྙིང་པོ་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ་དེ་ཚན་རིག་དང་ཧ་ཅང་མཐུན་པ་དང་འཛམ་གླིང་ཞི་བདེ་དང་དེ་བས་ཀྱང་འབྲེལ་བ་ཆེས་ཆེན་པོ་ཡོད་པ་ལམ་སྟོན་མཛད་འདུག ༸གོང་ས་མཆོག་གིས་དེ་རྗེས་ཝེ་ཏི་ནམ་དང་ཨིན་ཌོ་ནེ་ཤ་ཡའི་དད་་ལྡན་པ་དེ་དག་ལ་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོ་དང་འཇམ་དཔལ་དབྱངས། སྒྲོལ་མ་སོགས་ཀྱི་མཚན་སྔགས་ལྗགས་ལུང་བསྩལ་བ་མ་ཟད། ཆོས་ཟེར་བ་དེར་ཐོས་བསམ་སྒོམ་གསུམ་གྱི་ཐོག་ནས་ཉམs་ལེན་གནང་དགོས་པ་མ་གཏོགས་དད་པ་ཁོ་ན་ཙམ་གྱིས་འགྲིག་ཐབས་མེད་པར་ལམ་སྟོན་བཀྲིན་ཆེ་བ་བསྩལ་ཡོད་པ་རེད། ཆོས་འབྲེལ་ལེགས་པར་གྲུབ་མཚམས་སུ་གསར་འགོད་པས་ཝེ་ཏི་ནམ་གྱི་རྡོ་གདན་མར་མེ་མཆོད་འབུལ་ཚོགས་ཆུང་གི་གནས་སྐོར་བ་སྣེ་ཁྲིད་གནང་མཁན་ཁོངས་སུ་ཡོད་པ་སྐུ་ཞབས་ Andynoel ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་༸གོང་ས་མཆོག་ནས་དེ་རིང་ཁོང་རྣམས་ལ་གོ་ལ་འདིའི་ཐོག་ཡོད་པའི་ཆོས་ལུགས་མི་འདྲ་ཡོད་དོ་ཅོག་འཆམ་མཐུན་ཡོང་བར་ལམ་སྟོན་མཛད་ཡོད་པའི་བཀའ་བསྩལ་བ་ངོ་སྤྲོད་གནང་སོང་བ་མ་ཟད། གཞན་ཡང་ཝེ་ཏི་ནམ་གྱི་རྡོ་གདན་་མར་མེ་མཆོད་འབུལ་ཚོགས་ཆུང་གི་ཚོགས་མི་ཡིན་པ་ཡེ་ཤེས་ལྷ་མོ་ལགས་ཀྱིས་ནང་པ་ཞིག་དང་ཉམས་ལེན་པ། དེ་བཞིན་དད་མོས་ཡོད་མཁན་ཞིག་ལ་མཚོན་ན་ཐེངས་འདིའི་བཀའ་ཆོས་དེ་ལེགས་པོ་བྱུང་སོང་བ་དང་། བཀའ་ཆོས་བསྩལ་གྲུབ་བསྟུན་༸གོང་ས་མཆོག་དང་ལྷན་དུ་སྐུ་པར་སྒྲོན་སྐབས་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་དྲུང་དུ་བང་སྒྲིག་རྒྱུ་བྱུང་བ་མ་ཟད་མགོན་པོ་མཆོག་གིས་ཐད་ཀར་གཟིགས་སྐབས་ཚོར་སྣང་གང་བྱུང་བ་སོགས་དགའ་ཚོར་ཆེན་པོ་དང་བཅས་གསུངས་སོང་། རྩ་བའི་ཁོང་རྣམས་ད་ལན་རྒྱ་གར་དུ་གནས་མཆོག་རྡོ་རྗེ་གདན་དང་མཚོ་པདྨ། དེ་བཞིན་བཞུགས་སྒར་དུ་༸གོང་གི་གསེར་ཞལ་མཇལ་རྒྱུ། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་མཇལ་ཞུ་རྒྱུ་སོགས་ཀྱི་ཆེད་དུ་བཅར་བ་ཞིག་ཡིན་པ་རེད། དེའི་བར་ན་དེ་རིང་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་དང་ཡིད་སྨོན་ཤུགས་ཆེ་ཞུ་མཁན་མགོན་པོ་༸གང་ཉིད་མཆོག་གི་མཛའ་གྲོགས་སྐུ་ཞབས་ Richard Blum ལགས་དང་ཁོང་གི་སྲས་མོ་ལྕམ་སྐུ་ Heidi ལགས་རྣམ་གཉིས་ནས་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་མཆོག་གི་མཇལ་ཁ་ཞུས་པ་དང་སྦྲགས་ཏེ་བོད་མི་དང་བོད་ཐོག་རྒྱབ་སྐྱོར་གང་ཞུ་དགོས་པའི་ལམ་སྟོན་ཞུས་ཡོད་པ་རེད། གསར་འགོད་པས་སྐུ་ཞབས་ Richard Blum ལགས་སུ་མགོན་པོ་༸གང་ཉིད་མཆོག་གིས་བཀའ་སློབ་གང་བསྩལ་སྐོར་བཀའ་འདྲི་ཞུས་པར་ཁོང་གིས་༸གོང་ས་མཆོག་གིས་ནང་པའི་ལྟ་གྲུབ་ཐོག་ནས་བོད་མི་ཁོ་ན་ཙམ་མིན་པར་འཛམ་གླིང་གི་འགྲོ་བ་ཀུན་ལ་བྱམས་བརྩེའི་ཐོག་ནས་གཞན་ཕན་བསྒྲུབ་དགོས་གལ་ཡིན་པ་སོགས་ལམ་སྟོན་བསྩལ་ཡོད་པ་ངོ་སྤྲོད་གནང་སོང་། རྩ་བའི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ Richard Blum ལགས་ནི་ American Himalayan Foundation ཞེས་པའི་ཐེབས་རྩ་ཁང་གི་ཚོགས་གཙོ་ཡིན་ཞིང་། ཁོང་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྣམ་གཉིས་ཕྱི་ལོ་ ༡༩༧༢ ལོར་ཆེས་ཐོག་མ་མཇལ་མོལ་བྱུང་བ་ནས་བཟུང་ཁྱོན་མི་ལོ་ ༤༦ ལྷག་གི་རིང་ཐུགས་འདྲིས་ཆེ་བ་དང་། བོད་དང་བོད་མིར་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་དོན་དམ་གྱི་བོད་ཀྱི་གྲོགས་པོ་ཞིག་ཡིན་པ་མ་ཟད། མགོན་པོ་མཆོག་ལ་དད་གུས་དང་ཡིད་སྨོན་ཤུགས་ཆེ་ཞུ་མཁན་ཞིག་ཆགས་ཀྱི་ཡོད་པ་རེད། ལྷག་པར་དུ་ཁོང་དང་ཁོང་གི་སྐུ་ཟླ་ཨ་རིའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Dianne Feinstein ལགས་རྣམ་གཉིས་ཀྱིས་མགོན་པོ་༸གང་ཉིད་མཆོག་ཕྱི་ལོ་ ༡༩༧༨ ལོར་ཨ་རིའི་ San Francisco མངའ་སྡེར་གདན་འདྲེན་ཞུས་མྱོང་ཡོད་པ་རེད། ཁོང་གིས་ཧི་མཱ་ལ་ཡའི་ཁུལ་གྱི་མི་རིགས་དག་ལ་ཤེས་ཡོན་དང་དཔལ་འབྱོར་སོགས་ཀྱི་ཐོག་རྒྱབ་སྐྱོར་ཧ་ཅང་ཆེན་པོ་གནང་མཁན་ཞིག་ཀྱང་ཆགས་ཀྱི་ཡོད་པ་རེད།

༸གོང་ས་མཆོག་གིས་དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པའི་ཚོགས་བཅར་བར་བཀའ་སློབ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དམིགས་གསལ་ཚོགས་ཆེན་ཐེངས་གསུམ་པའི་ཚོགས་བཅར་བ་དང་སྲིད་ཞུ་ལས་བྱེད་རྣམས་ལ་དམིགས་བསལ་མཇལ་ཁ་བསྩལ་བ་དང་སྦྲགས། བོད་མི་བཙན་བྱོལ་བ་ཚོས་ལོ་རྒྱུས་ལྡན་པའི་རླབས་ཆེན་གྱི་མི་རབས་གོང་མའི་མཇུག་མཐུད་ཐུབ་པ་བྱས་ནས་བོད་གངས་ཅན་པ་ཟེར་བ་འདི་འཛམ་གླིང་འདིའི་ཐོག་མིག་དཔེ་བྱ་འོས་ཤིག་ཏུ་བཟོས་དགོས་པའི་ལམ་སྟོན་བསྩལ་བ་མ་ཟད། ༸གོང་ས་མཆོག་སྐུ་སྒེར་གྱི་ཐོག་ནས་རྒྱ་ནག་དང་ལྷན་དུ་འབྲེལ་བ་མུ་མཐུད་མཛད་བཞིན་ཡོད་པའི་ཁར། ནམ་ཞིག་བོད་དང་རྒྱ་ནག་ནང་དུ་གཟིགས་སྐོར་ལ་ཕེབས་རྒྱུའི་ཐུགས་རེ་གནང་བཞིན་ཡོད་པ་དེ་ལྟར་ཡང། རྒྱ་གར་རང་དབང་ལུང་པའི་ནང་བཞུགས་ན་འགྲོ་བར་ཕན་རླབས་ཆེ་བ་གཟིགས་ཀྱི་ཡོད་པ་བཀའ་བསྩལ་སོང་། བཞུགས་སྒར་དྷརྨ་ས་ལར་ཟླ་ ༡༠ ཚེས་ ༣ ནས་ཁ་སང་ཚེས་ ༥ བར་བོད་མིའི་སྒྲིགས་འཛུགས་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་རྒྱལ་ཁབ་ ༢༤ ནས་བོད་མིའི་སྐུ་ཚབ་ ༣༤༠ ལྷག་ཙམ་ལྷན་ཞུགས་ཐོག་ལྔ་དང་ལྔ་བཅུའི་ལས་འཆར་དང་༸རྒྱལ་བ་སྐུ་ཕྲེང་ན་རིམ་དང་བོད་མིའི་དབར་གྱི་འབྲེལ་བའི་སྐོར་ལ་དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པ་ཚོགས་ཡོད་པ་ལྟར་དེ་རིང་སྔ་དྲོ་ཚོུད་ ༩ ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཚོགས་ཆེན་གྱི་གྲོས་ཆོད་ཁག་སྤྱན་འབུལ་ཞུས་པ་དང་འབྲེལ་ཏེ་མགོན་པོ་༸གང་ཉིད་མཆོག་ནས་ཚོགས་བཅར་བ་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་རྣམས་ལ་ཐུགས་བརྩེ་བ་ཆེན་པོའི་ཐོག་ནས་དུས་ཡུན་ཚོུད་གཅིག་ལྷག་ཙམ་རིང་ལ་བཀའ་སློབ་བཀྲིན་བསྩལ་སོང་། ༸གོང་ས་མཆོག་གིས་སྐབས་བོད་མི་རིགས་ཀྱི་ཐོུང་མ་ཡིན་པའི་ཆོས་དང་རིག་གཞུང་། ལེགས་བྱང་། སྐད་ཡིག་བཅས་ཀྱི་གལ་གནད་སྐོར་ལ་བཀའ་སློབ་བཀྲིན་ཆེ་བ་བསྩལ་བ་དང་འབྲེལ། གཞིས་ལུས་རྒྱ་ཆེ་མང་ཚོགས་ཀྱིས་རང་གི་གཅེས་པའི་ལུས་སྲོག་བློས་བཏང་གིས་རང་མི་རིགས་ཀྱི་ཆོས་རིག་དང་ལེགས་བྱང་། སྐད་ཡིག་སོགས་སྲུང་སྐྱོབ་གནང་བཞིན་པ་ལྟར་བྱེས་སྡོད་བོད་མི་གཞོན་སྐྱེས་རྣམས་ནས་བོད་ནང་གི་བོད་མི་རྣམས་ཀྱི་སེམས་ཤུགས་དང་ལྷག་བསམ་ཧ་ལས་པ་ཞིག་ཡོད་པ་དེ་དག་མུ་མཐུད་རྒྱུན་སྐྱོང་བྱེད་དགོས་པ་བཀའ་བསྩལ་འདུག དེ་བཞིན་༸གོང་ས་མཆོག་གིས་ཕྱི་ལོ་ ༡༩༥༩ ལོར་མགོན་པོ་༸གང་ཉིད་ཐོག་མར་ནོར་གླིང་ནས་བཙན་བྱོལ་དུ་ཆིབས་ཐོན་གནང་སྐབས་༸སྐུའི་མྱོང་བ་ཁག་གཅིག་ཐུགས་དྲན་གསོས་གནང་བ་དང་འབྲེལ། བོད་མི་རྣམས་ཀྱིས་འདས་པའི་ལོ་ངོ་ ༦༠ ནང་བཙན་བྱོལ་དུ་ལོ་རྒྱུས་ལྡན་པའི་རླབས་ཆེན་གྱི་བོད་མི་རིགས་ཀྱི་མི་ཚབ་བྱས་ནས་ད་ཆ་བཙན་བྱོལ་བོད་མིའི་སྤྱི་ཚོགས་དེ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཏུ་གྱུར་ཡོད་པ་འདིས་དེ་སྔ་རྒྱ་ནག་གིས་ ༥༩ ལོར་དྲག་གནོན་བརྒྱུད་བོད་མི་རིགས་ཞེས་པ་དེ་ནག་བསུབ་གཏོང་རྒྱུའི་ཚོད་དཔག་བྱས་པ་དེ་ད་ཆ་ནོར་བ་ཞིག་བཟོས་ཡོད་པར་བཀའ་བསྩལ་ཡོད། ༸གོང་ས་མཆོག་གིས་གཞན་ཡང་བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་དང་འབྲེལ་ཏེ་ཕྱོགས་གཉིས་དབར་གྱི་གཞུང་འབྲེལ་འབྲེལ་མོལ་དེ་ཆད་ཡོད་ཀྱང་དམིགས་བསལ་སྐུ་ཚབ་ཆེད་འཛུགས་མི་དགོས་པར་མགོན་པོ་༸གང་ཉིད་མཆོག་༸སྐུ་སྒེར་གྱི་ཐོག་ནས་རྒྱ་ནག་དང་འབྲེལ་བ་མུ་མཐུད་མཛད་བཞིན་པ་བཀའ་བསྩལ་བ་དང་ཆབས་ཅིག་ཏུ་སྤྱིར་རྒྱ་ནག་ནང་གི་གནས་སྟངས་ལ་རིམ་པས་འགྱུར་བ་འགྲོ་བཞིན་པ་གསལ་པོ་ཡིན་པ་ལྟར་མགོན་པོ་༸གང་ཉིད་མཆོག་ནམ་ཞིག་རྒྱ་ནག་དང་བོད་ལ་གཟིགས་སྐོར་ལ་ཕེབས་རྒྱུའི་ཐུགས་རེ་མཛད་ཡོད་ཀྱང་། རྒྱ་གར་བཙན་བྱོལ་ལུང་པའི་ནང་བཞུགས་ན་འགྲོ་བའི་ཕན་བདེར་ཕན་རླབས་རྒྱ་ཆེ་མཛད་ཐུབ་ཀྱི་ཡོད་པ་བཀའ་བསྩལ་ཡོད་པ་རེད། ༸གོང་ས་མཆོག་གིས་ད་དུང་ད་ཆ་༸སྐུའི་འཕྲོད་བཞེས་ཀྱི་གནས་བབ་བཟང་དུ་ཕེབས་བཞིན་པ་ལྟར་རིམ་པས་ཡོ་རོབ་སོགས་ཕྱིའི་རྒྱལ་ཁབ་ཁག་ཏུ་སླར་ཆིབས་བསྒྱུར་མཛད་ཐུབ་པའི་ཐུགས་རེ་ཡོད་སྐོར་བཀའ་བསྩལ་བ་དང་འབྲེལ། བོད་མི་རྣམས་བཙན་བྱོལ་དུ་སྤོབས་པ་ཆེན་པོ་བྱེད་རྒྱུ་ཡོད་པ་དེ་ནི་གཞིས་ལུས་རྒྱ་ཆེ་མི་མང་དང་སྒྲིག་འཛུགས་ཀྱི་སྲི་ཞུ་བ་ཚོའི་བཀྲིན་ལ་བརྟེན་བྱུང་བ་ཞིག་ཡིན་སྟབས་མུ་མཐུད་ཧུར་ཐག་གནང་སྟེ་རླབས་ཆེན་གྱི་མི་རབས་གོང་མའི་མཇུག་མཐུད་དེ་བོད་གངས་ཅན་པ་ཟེར་བ་འདི་འཛམ་གླིང་འདིའི་ཐོག་མིག་དཔེ་བྱ་འོས་ཤིག་ཏུ་བཟོས་དགོས་པའི་ལམ་སྟོན་བསྩལ་ཡོད། གཞི་རྩའི་བཞུགས་སྒར་དུ་ཟླ་བ་འདིའི་ཚེས་ ༣ ནས་ ༥ བར་ཚོགས་པའི་བཙན་བྱལ་བོད་མིའི་དམིགས་བསལ་ཚོགས་ཆེན་གསུམ་པའི་ཐོག་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་མི་རྩམ་ཟན་ཡོངས་ཀྱི་འདི་ཕྱི་གཉིས་ཀྱི་མགོན་༸སྐྱབས་དཔུང་གཉེན་དམ་པར་མུ་མཐུད་བཞུགས་གནང་ཡོང་བ་དང་། ཇི་སྲིད་བོད་ཁ་ཅན་གྱི་འགྲོ་བ་ནམ་གནས་ཀྱི་བར་དུ་༸རྒྱལ་བའི་༸སྐུ་ཕྲེང་རིམ་བྱོན་རྣམས་ངེས་ཕེབས་ཡོང་བའི་གསོལ་བ་ཕུར་ཚུགས་སུ་འདེབས་པ་མ་ཟད་༸རྒྱལ་བའི་ཡང་སྲིད་ངོས་འཛིན་གནང་རྒྱུའི་འགན་དབང་ཆ་ཚང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཉིད་མཆོག་དང་། ༸གོང་ས་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་ཁོ་ནར་ཡོད་པ་ལས་གཞན་རྒྱལ་ཁབ་དང་གཞུང་། སྒྲིག་འཛུགས། མི་སྒེར་བཅས་སུ་ལའང་མེད་པའི་གྲོས་ཆོད་བཞག་གནང་ཡོད་པ་རེད།

ཐེ་ཝན་ཆོས་ཞུ་བ་ཚོས་རྒྱ་རིགས་གྲོགས་ཕོ་མོ་དག་ལ་བོད་སྐད་རླབས་ཆེན་ཡིན་པའི་གསལ་བཤད་གནང་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་གཙོས་པའི་ཕྱི་ནང་གི་དད་ལྡན་སྟོང་ཕྲག་བརྒལ་བར་༸དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་བཀའ་ཆོས་མཇུག་སྒྲིལ་དང་བསྟུན། ཐེ་ཝན་ཆོས་ཞུ་བ་ཚོས་རྒྱ་རིགས་གྲོགས་ཕོ་མོ་དག་ལ་ནང་པ་སངས་རྒྱས་པའི་གཞུང་ཆེན་རྣམས་ཀྱི་འགྲེལ་བརྗོད་གནང་བར་བོད་སྐད་རླབས་ཆེན་ཡིན་པའི་གསལ་བཤད་གནང་དགོས་གལ་ཡིན་པའི་ལམ་སྟོན་མཛད་སོང་། དེ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཞུང་དངོས་གཞི་བཀའ་ཆོས་བསྩལ་གྲུབ་མཚམས་སུ་༸སྐུའི་ཐུགས་བསྐྱེད་དམ་བཅའ་བཞི་པོ་ངོ་སྤྲོད་མཛད་དེ་ཐུགས་བསྐྱེད་དམ་བཅའ་གསུམ་པ་ངོ་སྤྲོད་མཛད་སྐབས་མགོན་པོ་མཆོག་བོད་མི་ཞིག་ཡིན་པའི་ངོས་ནས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་ཡོད་སྐོར་བཀའ་བསྩལ་དང་སྦྲགས་ཁོར་ཡུག་གི་གལ་གནད་ངོ་སྤྲོད་མཛད་སོང་། དེ་བཞིན་བོད་མི་རྣམས་བཙན་བྱོལ་དུ་གྱར་ཡང་༸དཔལ་ནཱ་ལེནྡཱའི་རིག་གཞུང་དེ་རྒྱུན་མི་ཆད་པར་རྒྱུན་འཛིན་གནང་ཡོད་པ་དང་། དེ་འབྲེལ་ཤེས་ཡོན་དེ་བོད་ཁོ་ན་དོན་དུ་མ་ཡིན་པར་འཛམ་གླིང་སྤྱི་ཡོངས་ལ་ཕན་ཐོགས་ཡོད་པ་ཆགས་པ་རེད། འོན་ཀྱང་ད་ཆ་གུང་ཁྲན་ཏང་གི་དཔོན་རིགས་གུ་དོག་པོ་ཁག་གཅིག་ནས་བོད་ཡིག་ལ་དམ་དྲག་བྱེད་བཞིན་པས་དེ་དག་ནི་བློ་རྒྱ་ཆུང་དྲག་པ་ཞིག་ཡིན་སྐོར་བཀའ་བསྩལ་དང་ཆབས་ཅིག་ཏུ་ཐེ་ཝན་ཆོས་ཞུ་བ་ཚོས་རྒྱ་ནག་ནང་གི་རྒྱ་རིགས་གྲོགས་ཕོ་མོ་ཚོར་འབྲེལ་བ་གནང་སྐབས་རྒྱ་རིགས་གྲོགས་ཕོ་མོ་དག་ལ་ནང་པ་སངས་རྒྱས་པའི་གཞུང་ཆེན་རྣམས་ཀྱི་འགྲེལ་བརྗོད་གནང་བར་བོད་སྐད་རླབས་ཆེན་ཡིན་པའི་གསལ་བཤད་གནང་དགོས་གལ་ཡིན་པའི་ལམ་སྟོན་མཛད་སོང་། མགོན་པོ་༸གང་ཉིད་མཆོག་གིས་བོད་ནང་གི་རྒྱ་ཆེ་མི་མང་གིས་དཀའ་ངལ་ག་ཚོད་འཕྲད་ཀྱང་། འཚེ་བ་མེད་པ་ལམ་ལ་ཤར་སྐྱོད་གནང་བཞིན་ཡོད་པ་རེད། དཔེར་ན་བར་སྐབས་ནས་སྐུ་ལུས་ཞུགས་འབུལ་གནང་མཁན་ ༡༥༠ ལྷག་ཙམ་བྱུང་ཡོད་པ་དང་དེའང་འཚེ་བ་མེད་པར་དམ་བརྟན་ཐོག་ནས་གནང་ཡོད་པ་དེས་ནང་པ་སངས་རྒྱས་པའི་ཆོས་ཀྱི་ཕྱི་འདུལ་བ་དང་ནང་འདུལ་བ་ཅིག་ཆགས་ཡོད་པར་བཀའ་བསྩལ་སོང་། གཞི་རྩའི་༸གོང་ས་མཆོག་གིས་དེ་རིང་གི་ཆོས་འབྲེལ་ཡོངས་རྫོགས་ལེགས་གྲུབ་མཛད་དེ་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་ཚོར་བྱང་ཆུབ་སེམས་བསྐྱེད་ཀྱི་ཕན་ཡོན་ངོ་སྤྲོད་བསྩལ་དང་འབྲེལ། མགོན་པོ་མཆོག་གི་ཞད་ཤོབ་དང་སྦྲགས་ཏེ་མགོན་པོ་༸གང་ཉིད་མཆོག་དང་ཆོས་ཞུ་བ་ཡོངས་རྫོགས་ཆོས་གྲོགས་ཡིན་པ་དེ་ལྟར་ཡང་། ཕྱོགས་གཅིག་ནས་༸མགོན་པོ་མཆོག་དགེ་རྒན་ལྟར་ཆགས་ཡོད་སྟབས་ཁྱེད་རང་ཚོས་དགེ་རྒན་གྱི་གང་གསུངས་པ་རྣམས་ཀྱི་ཐོག་ཧུར་ཐག་གནང་དགོས་ཞེས་བཀའ་བསྩལ་ཏེ་བཀའ་ཆོས་རེ་ཞིག་མཇུག་སྒྲིལ་མཛད་སོང་། གཞི་རྩའི་ཕྱི་ཟླ་ ༡༡ ཚེས་ ༤ ནས་ ༦ བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དྷརྨ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བས་ཇི་ལྟར་གསོལ་ཞུས་དོན་ལྟར་ཉིན་གྲངས་གསུམ་རིང་བཀའ་ཆོས་བཀའ་དྲིན་སྩལ་རྒྱུ་དང་། དེ་རྗེས་ཚེས་ ༢༤ ཉིན་མ་ཧཱ་རཱཤྚྚ་ཨོ་རན་གྷ་བྷ་ཌི་ནང་རྟེན་གཞི་བྱས་པའི་ལོ་ཀུ་ཏ་ར་དགེ་སློང་གི་སྡོམ་པའི་སྦྱོང་བརྡར་ལྟེ་གནས་ Lokuttara International Bhikkhu Training Center  ཞེས་པས་གསོལ་འདེབས་ཞུས་པ་བཞིན་ཁུལ་དེའི་ལུས་སྦྱོང་མཐོ་རིམ་སློབ་གྲྭའི་རྩེད་ཐང་དུ་ནང་ཆོས་སྤྱི་བཤད་ཀྱི་བཀའ་ཆོས་བཀའ་དྲིན་བསྩལ་རྒྱུའི་མཛད་འཆར་ཐུགས་གཏན་ཁེལ་ཡོད་པ་རེད།

སྟོང་ཉིད་ཀྱི་ལྟ་བར་ག་ཚོད་ཐུབ་ཐུབ་ཀྱིས་བསམ་བློ་གཏོང་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་གཞུང་སྐུལ་བ་པོ་ཐེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ཚོས་གཙོས་པའི་ཕྱི་ནང་གི་དད་ལྡན་སྟོང་ཕྲག་བརྒལ་བར་ནཱ་ལེནྡཱའི་མཁས་པའི་གཙུག་རྒྱན་༸དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་བཀའ་ཆོས་ཉིན་གཉིས་པའི་ཐོག་ང་རང་ཚོས་ཉིན་རེར་སྟོང་ཉིད་ཀྱི་ལྟ་བར་ག་ཚོད་ཐུབ་ཐུབ་ཀྱིས་བསམ་བློ་གཏང་དགོས་པ་བཀའ་བསྩལ་སོང་། དེ་རིང་སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་བདེ་བར་འཁོད་མཚམས་སུ་རྒྱ་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་དང་སྦྲགས། ༸གོང་ས་མཆོག་གིས་ད་ཆ་ཁྱེད་རང་ཚོས་ཤེས་རབ་སྙིང་པོའི་མཇུག་ཏུ་དུག་གསུམ་ཉོན་མོངས་སེལ་བར་ཤོག་ཞེས་འདོན་པ་ལྟར། སྤྱིར་སེམས་ཀྱི་རང་བཞིན་འོད་གསལ་བ་དང་དེར་དྲི་མའི་ལྷད་པ་མེད་ཀྱང་། མ་རིག་པའི་དབང་གིས་ཉོན་མོངས་པའི་ལྷད་པ་མ་ཟད་ཕྱིན་ཅི་ལོག་གི་བློ་དེས་དུས་ད་ལྟ་བར་དུ་བདེ་བ་འདོད་ཀྱང་བདེ་པས་ཕོངས་པ་དང་སྡུག་བསྔལ་མི་འདོད་ཀྱང་སྡུག་བསྔལ་གྱིས་མནར་ཡོད་སྟབས་དེའི་རྩ་བ་དེ་ཉོན་མོངས་ཀྱིས་བྱས་པ་དང་། དུག་གསུམ་ཉོན་མོངས་སེལ་བར་ཤེས་རབ་སྣང་བ་འབར་བའི་ཐོག་ནས་སེལ་ཐུབ་ཀྱི་ཡོད་པ་ལམ་སྟོན་བསྩལ་སོང་། དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་ཆོས་ཀྱི་སྙིང་པོ་ནི་བྱང་ཆུབ་སེམས་དང་སྟོང་ཉིད་ལྟ་བ་ཡིན་པ་དང་དེའི་འབྲས་བུར་སངས་རྒྱས་ཀྱི་ཆོས་སྐུ་དང་གཟུགས་སྐུ་ཐོབ་ཀྱི་ཡོད་པ་མ་ཟད། ཉིན་རེའི་བྱ་གཞག་ནང་གཙོ་བོ་བྱང་ཆུབ་སེམས་གཞན་ཕན་བློ་ཉམས་བཞེས་གནང་དགོས། ལྷག་པར་དུ་ཚེ་འདི་ལ་ཇི་ཙམ་གྱིས་གཞན་ལ་ཕན་པའི་བློ་ཡོད་པ་དེ་ཚོད་ཀྱིས་སོ་སོ་སྐྱིད་པ་དང་བདེ་བ་ཡོང་གི་ཡོད། ཇི་ཙམ་གྱིས་རང་ཁོ་ན་བསམ་པ་ཡིན་ན་སོ་སོར་བཀྲ་མི་ཤིས་པ་འབའ་ཞིག་ཡོང་གི་ཡོད་སྟབས་རང་གཅེས་པར་འཛིན་རྒྱུ་ཏོག་ཙམ་ཆུང་རུ་གཏང་དགོས་ཞེས་ལམ་སྟོན་བཀྲིན་ཆེ་བ་བསྩལ་ཡོད། ༸གོང་ས་མཆོག་གིས་ང་རང་ཚོ་ཉིན་རེར་སྟོང་ཉིད་ཀྱི་ལྟ་བར་ག་ཚོད་ཐུབ་ཐུབ་ཀྱིས་བསམ་བློ་གཏང་དགོས་གལ་ཡིན་པར་བཀའ་བསྩལ་བ་དང་འབྲེལ། དེ་སྔ་ཕྱི་ལོ་ ༡༩༦༠ ནང་མགོན་པོ་༸གང་ཉིད་མཆོག་ནས་དབུ་མ་དགོངས་པ་རབ་གསལ་བཀའ་ཁྲིད་མཛད་སྐབས་སུ་ང་ཟེར་བ་དེ་ཕུང་པོ་ལས་དོན་གཞན་དུ་མེད་པ་དང་། ང་དེ་ནི་ཕུང་པོ་ལ་བརྟེན་ནས་བཏགས་པ་ཙམ་མོ་ཞེས་གསུངས་པའི་སྐབས་འདིར་བདག་མི་འདུག་དགོངས་པའི་ཐུགས་ཚོར་ཆེན་པོའི་ཐོག་ནས་དགོངས་པ་རྒྱ་ཆེ་འཁྲུངས་པ་ཐུགས་དྲན་གསོས་ཡོད།  

སེམས་ཀྱི་ཞི་བདེ་དཀྲུག་མཁན་ཤེས་པ་བྱས་ཏེ་གདོང་ལེན་བྱེད་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་གཞུང་སྐུལ་བ་པོ་ཐེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ཚོས་གཙོས་པའི་ཕྱི་ནང་གི་དད་ལྡན་སྟོང་ཕྲག་བརྒལ་བར་ཉིན་གསུམ་གི་བཀའ་ཆོས་དབུ་འཛུགས་བསྐྱངས་པ་དང་འབྲེལ་ཏེ་སེམས་ཀྱི་ཞི་བདེ་དཀྲུག་མཁན་གང་ཡིན་པ་ཤེས་པ་བྱས་ཏེ་དེར་གདོང་ལེན་བྱེད་དགོས་པ་བཀའ་བསྩལ་སོང་། དེ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་ནང་རྟེན་གཞི་བྱས་པའི་བསྟན་འཛིན་བྱམས་ཆེན་ཆོས་ཚོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སྔ་དྲོ་ཕྱག་ཚོད་ ༩ པ་ཐོག་རྒྱ་རིགས་དད་ལྡན་ཆོས་ཞུ་བ་གཙོས་ཝི་ཏི་ནམ་དང་། དབྱིན་ཇི། སི་པེན།  དེ་བཞིན་འཇར་མ་ནི། བོད་མི་སོགས་ཆོས་ཞུ་བ་སྟོང་ཕྲག་ལྷག་ལ་༸དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་བཀའ་ཆོས་དབུ་འཛུགས་བསྐྱངས་ཡོད་པ་རེད།   སྐབས་དེར་༸མགོན་པོ་༸གང་ཉིད་མཆོག་གིས་ད་རེས་ང་ཚོ་དེར་འདུ་འཛོམས་རྒྱུ་དེ་སངས་རྒྱས་ཀྱི་ཆོས་ཀྱི་ཐོག་ནས་སེམས་བསྒྱུར་བ་གཏོང་རྒྱུ་དང་ཁོང་ཁྲོ། ཕྲག་དོག ང་རྒྱལ་སོགས་ཀྱིས་ཐད་ཀར་རང་དབང་མེད་པར་སེམས་དཀྲུག་པ་མ་ཟད་རང་ཉིད་ཀྱི་ལུས་པོའི་འཕྲོད་བསྟེན་ལའང་གནོད་ཀྱི་ཡོད་སྟབས། སེམས་ཀྱི་ཞི་བདེ་དེ་ཧ་ལས་པ་གལ་འགངས་ཆེན་པོ་ཡིན་པས་སེམས་ཀྱི་ཞི་བདེ་དཀྲུག་མཁན་དེ་གང་ཡིན་མིན་ཤེས་པ་བྱས་ནས་དེར་གདོང་ལེན་བྱེད་དགོས་པ་ལམ་སྟོན་བསྩལ་སོང་། དེ་བཞིན་བྱམས་བརྩེ་དང་འབྲེལ་སེམས་ཅན་ཐམས་ཅད་སླད་ཕན་བདེ་བསྒྲུབ་དགོས་སྐོར་བཀའ་བསྩལ་བ་དང་སྦྲགས་ཏེ་ད་ཆ་མིའི་རྣམ་དཔྱོད་ནི་ཧ་ལམ་ཉོན་མོངས་པའི་བྲན་གཡོག་ལ་འགྲོ་ཉེན་ཆེ་བས་དེ་ནོར་འཁྲུལ་ཡིན་པ་དང་མིའི་རྣམ་དཔྱོད་ཁྱད་དུ་འཕགས་པ་ཡོད་པའི་བྱམས་བརྩེ་དབང་སྒྱུར་ཐབས་བྱུང་ན་དེ་ཙམ་གྱིས་རང་གི་སེམས་ལ་བདེ་སྐྱིད་ཡོང་ཐུབ་རྒྱུ་ཡིན་པ་བཀའ་བསྩལ་ཡོད། མགོན་པོ་༸གང་ཉིད་མཆོག་གིས་སྔ་མོ་༸གང་ཉིད་མཆོག་སིངྒ་པུར་ཐོག་མར་ཆིབས་བསྒྱུར་མཛད་སྐབས་  རྒྱའི་དགེ་སློང་ཁག་གཅིག་གིས་ཤེས་རབ་སྙིང་པོ་གསུང་འདོན་གནང་བ་དང་། སྔ་མོ་རྒྱ་ནག་རྒྱལ་ཁབ་ཆེན་པོ་དེའི་ནང་ཤེས་རབ་སྙིང་པོ་གསུང་འདོན་གནང་གི་ཡོད་པ་དང་བར་སྐབས་ནས་དེ་ལྟར་གནང་རྒྱུ་ཉམས་པ་མཁྱེན་སྐབས་སུ་ཐུགས་ཕམ་བྱུང་བ་དེ་ལྟར་ཡང་། རྒྱ་ནག་ནང་ད་ཆ་ནང་པ་ས་ཡ་སུམ་བརྒྱ་ལྷག་ཡོད་པ་དང་དེའི་ཁྲོད་མང་དག་ཅིག་ཤེས་ཡོན་ཅན་ཡིན་པ་ར་ཕྲོད་བྱུང་ཡོད་པ་དང་སྒོས་ཐེ་ཝན་ལྟ་བུར་མཚོན་ན་ཆོས་དད་རང་མོས་ཡིན་པ་དང་ད་ལྟ་ཕན་ཆད་ནང་ཆོས་ཐོག་དོ་སྣང་ཆེན་པོ་ཡོད་སྟབས་མུ་མཐུད་ནས་ནང་ཆོས་ཐད་སློབ་སྦྱོང་ཤུགས་ཆེ་ཙམ་གནང་དགོས་པ་བཀའ་བསྩལ་སོང་། གཞི་རྩའི་ཉིན་གསུམ་གྱི་ཆོས་འབྲེལ་དེ་སྔ་དྲོ་ཕྱག་ཚོད་ ༩ པ་ནས་ ༡༠༌༣༠ བར་ཡིན་པ་དང་བཀའ་ཆོས་དེ་ཡང་རྒྱ་སྐད་དང་།  དབྱིན་སྐད། ཧིཾ་སྐད། འཇར་མན།  ཉི་ཧོང་། ཝི་ཏི་ནམ། ཀོ་རི་ཡ་སོགས་ཀྱི་སྐད་ཡིག་ནང་གསུང་བསྒྱུར་གནང་གི་ཡོད་པ་རེད། རྩ་བའི་འདི་ལོ་༸གོང་ས་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲྭ་ལམ་ཐད་གཏོང་བརྒྱུད་ནས་ ཐེ་ཝན་གྱི་དད་ལྡན་ཆོས་ཞུ་བ་རྣམས་ལ་དབུ་མ་རིན་ཆེན་ཕྲེང་བའི་ལེའུ་དང་པོ་བཀའ་ཆོས་བསྩལ་ཡོད་པ་རེད།

མེས་པོ་དམ་པ་གྷཱཾ་དྷཱི་མཆོག་གི་འཚེ་མེད་ཞི་བའི་ལམ་སྟོན་དེ་དེང་གི་འཛམ་གླིང་ནང་དགོས་མཁོ་ཆགས་ཡོད།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེང་གི་ཟིང་འཁྲུག་ཆེ་བའི་སྤྱི་ཚོགས་ནང་མེས་པོ་དམ་པ་གྷཱཾ་དྷཱི་མཆོག་གི་འཚེ་མེད་ཞི་བའི་ཐབས་ལམ་གྱི་ལམ་སྟོན་དགོས་མཁོ་ཆེ་བ་ཡིན་པར་བཀའ་བསྩལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཉེ་ཆར་རྒྱ་གར་གྱི་ Livemint ཞེས་པའི་གསར་ཁང་གིས་བདག་ཉིན་ཆེན་པོ་མེས་པོ་དམ་པ་གྷཱཾ་དྷཱི་མཆོག་༸སྐུ་འཁྲུངས་ནས་ལོ་ངོ་ ༡༥༠ འཁོར་བའི་དུས་དྲན་དང་བསྟུན་གྷཱཾ་དྷཱི་མཆོག་གི་མཛད་རྗེས་སྐོར་གྱི་བཀའ་འདྲིར་བདག་ཉིན་ཆེན་པོ་མེས་པོ་དམ་པ་གྷཱཾ་དྷཱི་མཆོག་གི་འཚེ་མེད་ཞི་བའི་ཐབས་ལམ་གྱི་ལམ་སྟོན་ནི་དེང་གི་དཀའ་རྙོག་ཆེ་བའི་སྤྱི་ཚོགས་ནང་དགོས་མཁོ་ཧ་ཅང་ཆེ་ཞིང་། ཐབས་ལམ་དེ་ནི་གོ་ལའི་དཀའ་ངལ་ཁག་སེལ་རྒྱུའི་ཐབས་ལམ་བཟང་ཤོས་ཤིག་ཏུ་གཟིགས་ཀྱི་ཡོད་པ་བཀའ་ནན་བསྩལ་འདུག སྐབས་དེར་༸གོང་ས་མཆོག་གིས་མགོན་པོ་མཆོག་ལ་མེས་པོ་དམ་པ་གྷཱཾ་དྷཱི་བརྒྱུད་སེམས་འགུལ་གང་ཐེབས་སྐོར་བཀའ་འདྲིར་གྷཱཾ་དྷཱི་མཆོག་ནི་དུས་རབས་ ༢༠ པའི་ནང་འཚེ་མེད་ཞི་བའི་ལྟ་གྲུབ་ཐོག་ནས་ཤུགས་རྐྱེན་ཆེན་པོ་འཇོག་མཁན་གྱི་ཕུལ་བྱུང་སྐྱེས་པོ་ཞིག་ཡིན་པ་དང་དམ་པ་ཁོང་ནས་རྒྱ་གར་གྱི་ལོ་ངོ་ ༣༠༠༠ གྱི་གནའ་བོའི་རིག་གཞུང་གི་འཚེ་བ་མེད་པའི་ལྟ་གྲུབ་དང་བྱམས་བརྩེའི་བསླབ་བྱ་གཉིས་དངོས་སུ་རྒྱ་གར་གྱི་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་ནང་སྤྱོད་དེ་རིན་ཐང་ལྡན་པ་ཞིག་བཟོས་ཡོད་པས་དེ་ནི་རླབས་ཆེན་ཞིག་ཡིན་པར་མངོན་པར་བསྟོད་པ་དང་ཆབས་ཅིག་ཏུ་སྐབས་དེར་མི་སྣ་ཁག་གཅིག་གིས་འཚེ་མེད་ཞི་བའི་ཐབས་ལམ་དེ་ཡིད་ཆེས་གནང་མེད་ཀྱང་དཀའ་ཚེགས་ཆེ་བའི་དུས་སྐབས་ལ་འཚེ་མེད་ཞི་བའི་ཐབས་ལམ་དེ་ནུས་པ་ལྡན་པ་ཞིག་ཏུ་གྱུར་ནས་རིམ་པས་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་དམ་པ་ Nelson Mandela དང་ཨ་རིའི་སྤྱི་དམངས་ཐོབ་ཐང་རྩོད་ལེན་པ་གྲགས་ཅན་ Marthin Luther King དམ་པ་མཆོག་བཅས་ནས་ཀྱང་གྷཱཾན་དྷཱིའི་ཐབས་ལམ་ལ་རྗེས་སུ་འབྲང་ཡོད་པ་བཀའ་བསྩལ་འདུག དེ་བཞིན་གསར་འགོད་པས་༸གོང་ས་མཆོག་ལ་ད་ལྟའི་དུས་སྐབས་སུ་གྷཱཾ་དྷཱིའི་ལྟ་གྲུབ་དང་འཚེ་མེད་ཞི་བ་གཉིས་དབར་སྐབས་དོན་གྱི་འབྲེལ་བ་ཇི་ཆགས་སྐོར་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་དེང་སྐབས་རྒྱལ་སྤྱིའི་ཚན་རིག་པ་མང་པོ་ཞིག་ནས་བྱམས་བརྩེ་ནི་འགྲོ་བ་མིའི་ལྷན་སྐྱེས་སུ་ཡོད་པ་ཞིག་ལ་ངོས་འཛིན་གནང་བཞིན་ཡོད་པ་བཀའ་བསྩལ་བ་དང་སྦྲགས། གནའ་བོའི་དུས་སྐབས་སུ་རང་ཉིད་གནས་སྡོད་བྱ་ཡུལ་གྱི་སྤྱི་ཚོགས་ཁྱོན་ཡོངས་དེ་སོ་སོའི་ནང་མི་དང་གྲོང་གསེབ་ལ་ངོས་འཛིན་གནང་བཞིན་ཡོད་ཀྱང་། ད་ཆ་སྤྱི་ཚོགས་ཞེས་པ་དེ་འཛམ་གླིང་ཁྱོན་ཡོངས་ལ་ངོས་འཛིན་གནང་བཞིན་པ་དང་ལྷག་དོན་དེའི་ནང་གི་འགྲོ་བ་མི་རྣམས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་སྟབས། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་དགོངས་པ་བཞེས་ཐུབ་ཚེ་འཚེ་མེད་ཞི་བ་དང་གྷཱཾ་དྷཱིའི་ལྟ་གྲུབ་དབར་འབྲེལ་བ་ཧ་ཅང་ཆེན་པོ་ཆགས་ཀྱི་ཡོད་པ་བཀའ་བསྩལ་བ་མ་ཟད་འགྲོ་བ་མི་སྒེར་གཅིག་ལ་མཚོན་ན་ང་ཚོའི་མ་འོངས་དང་མ་འོང་པའི་ཡར་རྒྱས་ཀྱི་གནས་བབ་གཉིས་ད་ལྟའི་འཛམ་གླིང་གི་སྤྱི་ཚོགས་ཁྱོན་ཡོངས་ལ་རག་ལུས་ཡོད་པར་བཀའ་བསྩལ་ཡོད་པ་རེད། ༸གོང་ས་མཆོག་གིས་ལོ་རྒྱུས་ཀྱི་ཐོག་ནས་འཕགས་བོད་དབར་ཆོས་ཕྱོགས་ནས་བླ་སློབ་ཀྱི་འབྲེལ་བ་དམིགས་བསལ་ཡོད་སྐོར་དང་བར་སྐབས་ཤིག་ནས་རྒྱ་གར་གནའ་བོའི་རིག་གཞུང་དེ་དག་ཉམས་གུད་དུ་ཕྱིན་ཡོད་སྟབས་རིག་གཞུང་དེ་དག་མི་ཉམས་རྒྱུན་འཛིན་ཆེད་བོད་པ་ཚོས་བདག་གཅེས་ལེགས་པོ་གནང་ཡོད་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་གི་༸སྐུ་ཚེ་ཧྲིལ་པོའི་ཐུགས་འགན་གཙོ་བོ་བཞི་ཡོད་པའི་ནང་ནས་རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པའི་གནའ་བོའི་རིག་གཞུང་སླར་གསོ་གནང་ཐབས་སུ་ཐུགས་བརྩོན་གནང་བཞིན་ཡོད་པ་སོགས་ཀྱང་ངོ་སྤྲོད་མཛད་འདུག གསར་འགོད་པས་སླར་༸གོང་ས་མཆོག་ལ་༸སྐུ་ཉིད་མཆོག་ནས་མེས་པོ་དམ་པ་གྷཱཾ་དྷཱི་བཞིན་༸སྐུ་ཚེ་ཧྲིལ་པོའི་རིང་དཀའ་ཚེགས་དུ་མ་བྱུང་ཡོད་པར་ལྟོས་མེད་བཟང་ཕྱོགས་ཀྱི་དགོངས་པ་ཇི་ལྟར་བཞེས་ཀྱི་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་མགོན་པོ་མཆོག་གིས་འཛམ་གླིང་ཐོག་ཡོད་པའི་འགྲོ་བ་མི་ཐེར་འབུམ་བདུན་ཁྲོད་༸སྐུ་ཉིད་མཆོག་འགྲོ་མི་གཅིག་ཡིན་པའི་འདུ་ཤེས་ཐོག་ནས་ཕན་ཚུན་དབར་ཁྱད་པ་གང་ཡང་གཟིགས་ཀྱི་མེད་པར་བཀའ་བསྩལ་བ་དང་སྦྲགས། ༸གོང་ས་མཆོག་གིས་དུས་ཀུན་ཏུ་བོད་མི་ཚོར་རྒྱ་མི་རིགས་དང་ཁ་གཏད་འཛིན་པ་ལས་མཛའ་གྲོགས་ཀྱི་འདུ་ཤེས་བཟུང་ན་ཁེ་ཕན་ཆེ་བ་ཡོད་པ་བཀའ་བསྩལ་གྱི་ཡོད་སྐོར་དང་། ད་ཆ་བོད་རྒྱ་གཉིས་དབར་ཡོད་པའི་དཀའ་རྙོག་དེ་གཙོ་བོ་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་འགའ་ཤས་ཤིག་གིས་བྱེད་སྟངས་ཡིན་པ་ལས་མི་མང་དཀྱུར་མ་ཚོ་དང་འབྲེལ་བ་མེད་པས་དེར་ནམ་ཞིག་འགྱུར་བ་འགྲོ་རྒྱུ་ཡོད་པ་དང་ལྷག་དོན་རྒྱ་རིགས་འགོ་ཁྲིད་ཁག་གཅིག་གིས་རྒྱ་གཞུང་ནས་འདས་པའི་ལོ་ ༧༠ རིང་བོད་ཐོག་འཛིན་པའི་སྲིད་བྱུས་དེ་དངོས་ཡོད་གནས་ཚུལ་དང་མཐུན་གྱི་མེད་པ་ཤེས་རྟོགས་བྱུང་ནས་ད་ཆ་བོད་དོན་དཀའ་རྙོག་སེལ་སླད་ཅི་བྱ་གཏོལ་མེད་དུ་འགྱུར་བཞིན་པའི་གནས་སྟངས་འོག་རྒྱ་ནག་ནང་རིམ་པས་འགྱུར་བ་འགྲོ་ཡི་ཡོད་སྟབས། གནས་སྟངས་དེའི་འོག་མགོན་པོ་༸གང་ཉིད་མཆོག་མ་འོངས་ལོ་གཅིག་གཉིས་ནང་རྒྱ་ནག་ནང་ཕེབས་རྒྱུའི་རེ་བ་གཟིགས་ཀྱི་ཡོད་ཀྱང་མགོན་པོ་མཆོག་ནས་རྒྱ་གར་གྱི་རང་དབང་ལ་ཐུགས་ཧ་ཅང་མཉེས་པོ་ཡོད་པ་མ་ཟད། རྒྱ་གར་ནང་རང་དབང་ངང་ཡུན་རིང་བཞུགས་པ་དེས་ངོས་རང་གཅེས་ལང་གཏོང་འདུག་ཅེས་ཞལ་ཤོབ་དང་སྦྲགས་ནས་བཀའ་བསྩལ་གནང་འདུག ༸གོང་ས་མཆོག་གིས་༸སྐུ་ཉིད་མཆོག་ལ་གྷཱཾ་དྷཱི་མཆོག་དངོས་སུ་ཞལ་མཇལ་རྒྱུའི་གོ་སྐབས་བྱུང་མེད་ཀྱང་གྷཱཾ་དྷཱི་ཞེས་པའི་མཚན་སྙན་ཡོངས་སུ་གྲགས་པས་མཚན་ཡང་ཡང་གསན་མྱོང་ཡོད་སྟབས་བོད་ནང་བཞུགས་པའི་སྐབས་སུ་མཚན་མོའི་རྨི་ལམ་ནང་གྷཱོ་དྷའི་མཆོག་མཇལ་མྱོང་ཡོད་པར་བཀའ་བསྩལ་སྐབས་གསར་འགོད་པས་གལ་ཏེ་༸གོང་ས་མཆོག་ལ་གྷཱཾ་དྷཱི་མཆོག་དངོས་སུ་མཇལ་རྒྱུའི་གོ་སྐབས་བྱུང་ཚེ་བཀའ་མོལ་གང་གནང་རྩིས་ཡོད་དམ་ཞེས་པའི་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་དང་པོར་ངོས་ནས་ཁོང་གི་ཞབས་ལ་འདུད་རྒྱུ་དང་དེ་རྗེས་ཁོང་ནས་ངོས་ལ་རྒྱ་ནག་གི་མཉམ་དུ་དཀའ་རྙོག་སེལ་ཐབས་ཀྱི་ལམ་སྟོན་ཁག་གཅིག་གནང་སྲིད་ཀྱི་རེད་ཅེས་བཀའ་ལམ་མཛད་ཡོད་པ་རེད།

Latest news