Tibetan Royal Year of 2151 | Year of the Wood Dragon

བཙན་བྱོལ།

མོན་གྷོ་འདོད་རྒུ་གླིང་རུ་ཁག་དང་དོན་གྲུབ་གླིང་རུ་ཁག་དབར་རྩེད་འགྲན་མཐའ་མ་གནང་རྒྱུ།

ཞུགས་སྒར་དྷ་སྟེང་བོད་ཁྱིམ་གྱི་རྩེད་ཐང་དུ་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་ ༢༥ པ་གནང་བཞིན་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༩ ཉིན་རྒྱབ་ཏུ་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཐེངས་ ༢༥ པའི་ Quarter Final ཞེས་མཐའ་མའི་འགྲན་བསྡུར་རིམ་པ་དང་པོའི་ནང་རྒྱལ་ཁ་ཐོབ་མཁན་བྱང་ཨ་མི་རི་ཀའི་རྐང་སྤོལ་རུ་ཁག་དང་ Clement Town དོན་གྲུབ་གླིང་རུ་ཁག དེ་བཞིན་མོན་གྷོ་འདོད་རྒུ་གླིང་རུ་ཁག་དང་ཀི་ལོ་གྷལ་དོན་ལྡན་གླིང་རུ་ཁག་སོ་སོའི་དབར་ Semi Final ཞེས་མཐའ་མའི་འགྲན་བསྡུར་རིམ་པ་གཉིས་པ་གནང་ཡོད་པ་རེད།ཁ་སང་རྩེད་འགྲན་དང་པོ་དེ་བྱང་ཨ་མི་རི་ཀའི་རྐང་སྤོལ་རུ་ཁག་དང་དོན་གྲུབ་གླིང་རུ་ཁག་གཉིས་དབར་གནང་སྟེ་རྩེད་འགྲན་གྱི་དུས་ཡུན་སྐར་མ་བརྒྱད་ཅུའི་ནང་ལ་དོན་གྲུབ་གླིང་རུ་ཁག་གིས་བྱང་ཨ་རིའི་རྐང་སྤོལ་རུ་ཁག་ལ་སྤོ་ལོ་གསུམ་བླུགས་ཏེ་རྒྱལ་ཁ་ཐོབ་ཡོད། རྩེད་འགྲན་དང་པོ་གྲུབ་མཚམས་སུ་ Semi Final ཞེས་མཐའ་མའི་འགྲན་བསྡུར་རིམ་པ་གཉིས་པའི་རྩེད་འགྲན་གཉིས་པ་དེ་མོན་གྷོ་འདོད་རྒུ་གླིང་རུ་ཁག་དང་ཀོ་ལོ་གྷལ་དོན་ལྡན་གླིང་རུ་ཁག་དབར་གནང་ཡོད་པ་དང་། སྐབས་དེར་ཐོག་མའི་རྩེད་འགྲན་གྱི་དུས་ཡུན་སྐར་མ་བརྒྱད་ཅུའི་ནང་མོན་གྷོ་འདོད་རྒུ་གླིང་རུ་ཁག་དང་དོན་ལྡན་གླིང་རུ་ཁག་ནས་སྤོ་ལོ་རེ་རེ་བླུགས་ཏེ་གཅིག་མཚུངས་ཆགས་ཡོད་སྟབས། སླར་སྐར་མ་ཉི་ཤུའི་རིང་མུ་མཐུད་རྩེད་འགྲན་གནང་སྐབས་མོན་གྷོ་འདོད་རྒུ་གླིང་རུ་ཁག་ནས་སྤོ་ལོ་གཅིག་བླུགས་ཏེ་༸རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ཐེངས་ ༢༥ པའི་མཐའ་མའི་འགྲན་བསྡུར་ནང་ཚུད་ཐུབ་ཡོད་པ་རེད།

༸པཎ་ཆེན་རྗེས་དྲན་དང་འབྲེལ་བའི་སྐད་ཡིག་སྲུང་སྐྱོབ་ཀྱི་སྐོར་སྐྱོད་དབུ་འཛུགས།

དེ་རིང་སྔ་དྲོ་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གི་ཚོགས་ཁང་དུ་བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གི་ཚོགས་གཙོ་ཐུབ་བསྟན་རབ་བརྟན་ལགས་དང་ཚོགས་མི་ལོ་ཡག་བཀྲ་ཤིས་ལགས་གཉིས་ཀྱིས་བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གིས་བོད་པའི་སྤྱི་ཚོགས་སུ་བོད་ཀྱི་སྐད་ཡིག་ཉམས་ཆག་འགྲོ་བཞིན་པའི་གོ་རྟོགས་སྤེལ་ཕྱིར་ཕྱོགས་སྐྱོད་ཀྱི་ལས་འགུལ་སྤེལ་རྒྱུའི་གསར་འགོད་གསལ་བསྒྲགས་ཤིག་གནང་སོང་། བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གི་ཚོགས་གཙོ་ཐུབ་བསྟན་རབ་བརྟན་ལགས་ཀྱིས་འདི་ལོ་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་སྐུ་གཤེགས་ནས་མི་ལོ་ ༣༠ འཁོར་ཡོད་པར་བརྟེན་རིན་པོ་ཆེ་དམ་པ་མཆོག་གི་སྐུ་ཚེ་གང་པོར་བོད་ཆོལ་ཁ་གསུམ་གྱི་ས་ཕྱོགས་གང་སར་ཞབས་ཀྱིས་བཅགས་ཏེ་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་ཆེད་དུ་སྐུ་ངལ་འཛེམས་མེད་ཀྱིས་ཐུགས་འགན་བཞེས་མྱོང་ཡོད་སྟབས། བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གིས་དམ་པ་གང་གི་རྗེས་དྲན་དང་ལྷན་དུ་བོད་ཀྱི་སྐད་ཡིག་མི་ཉམས་རྒྱུད་འཛིན་བྱེད་རྒྱུའི་དྲིལ་བསྒྲགས་ཆེད་རྒྱ་གར་བྱང་ཕྱོགས་ཀ་རྡོར་སྒང་གསུམ་གྱི་བོད་གཞིས་ཁག་ཏུ་ཕྱོགས་སྐྱོད་གནང་རྒྱུ་ཡིན་པ་གསུང་སོང་།ཁོང་གིས་བོད་པའི་སྤྱི་ཚོགས་ནང་བོད་སྐད་གཙང་མ་བསྐྱོན་ཐུབ་པའི་ཁོར་ཡུག་ཅིག་སྐྲུན་རྒྱུ་དེ་དམིགས་ཡུལ་དུ་བཟུང་ཐོག་བོད་ཕྱི་ནང་གཉིས་ནས་ཐ་སྙད་གསར་པ་གཏན་འབེབས་བྱས་པ་དག་བསྡུ་རུབ་ཀྱིས་བོད་པའི་སྤྱི་ཚོགས་ནང་འགྲེམས་སྤེལ་བྱས་ཡོད་པ་མ་ཟད། སྐད་ཡིག་ཉམས་ཆག་འགྲོ་བཞིན་པའི་དྲིལ་བསྒྲགས་ཤུགས་ཆེན་པོ་གནང་ཡོད་པ་གསུངས་ཡོད། དེ་བཞིན་ཁོང་གིས་གཞན་དབང་སྟབས་བསྟུན་གྱི་ཁོར་ཡུག་འདིའི་འོག་ཏུ་དཔལ་འབྱོར་འཚོལ་སྒྲུབ་ཀྱི་ཚ་རླབས་ཤིག་འཕྱུར་བཞིན་པར་བརྟེན་བོད་སྐད་དང་བོད་ཡིག་གི་བེད་སྤྱོད་ཀྱི་ཁྲོམ་དེ་ཆུང་དུ་འགྲོ་བཞིན་ཡོད་པས་བོད་མི་དག་གིས་དམིགས་བསལ་གྱི་དོ་སྣང་གནང་བའི་ཐོག་རང་གི་སྐད་ཡིག་གཅེས་སྲུང་གནང་དགོས་པའི་རེ་སྐུ་གནང་སོང་།སྐད་ཡིག་ཞབས་ཞུ་ཁང་གི་ཚོགས་མི་ལོ་ཡག་བཀྲ་ཤིས་ལགས་ཀྱིས་ཐེངས་འདིར་དྷ་སར་འཚོགས་བཞིན་པའི་༸རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་འགྲན་བསྡུར་གྱི་མཛད་སྒོ་ཐོག་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ངོས་ནས་གསལ་བསྒྲགས་དང་གྱང་སྦྱར་ཚང་མ་དབྱིན་ཡིག་རང་གི་ཐོག་ཏུ་བྲིས་ཡོད་པ་མ་ཟད། འགྲན་བསྡུར་རྒྱང་སྲིང་གི་སྐབས་སུ་ཡང་སྦྲགས་སྐད་མང་པོ་ཞིག་རྒྱག་བཞིན་པའི་དོ་སྣང་བྱུང་བ་བཞིན།  ཆེད་དུ་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ལས་ཁུངས་སུ་བཅར་ཏེ་འགྲན་བསྡུར་འདིར་བོད་ཀྱི་གཞོན་སྐྱེས་མང་པོས་དོ་སྣང་ཞུ་སའི་སྡིངས་ཆ་གལ་ཆེན་ཞིག་ཡིན་པར་བརྟེན། ངེས་པར་དུ་བོད་སྐད་དང་བོད་ཡིག་གཙོ་འཛིན་གནང་དགོས་པའི་སྐུལ་མ་ཞུས་ཡོད་སྐོར་གསུངས་སོང་། རྩ་བའི་བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་ནི་ཕྱི་ལོ་ ༢༠༡༣ ལོར་གསར་འཛུགས་བྱས་ཤིང་། འདས་པའི་ལོ་ངོ་བདུན་གྱི་རིང་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཆེད་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དུས་འཁོར་དབང་ཆེན་བསྩལ་སྐབས་དང་། བོད་ཀྱི་མཐོ་སློབ་ཁག་དང་།  སློབ་གྲྭ   གཞིས་ཆགས། དེ་བཞིན་ཕྱི་རྒྱལ་སོགས་ས་གནས་དུ་མར་ཚོགས་མི་ཚོས་གོ་སྐབས་ནམ་བྱུང་ལ་བོད་ཀྱི་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་ཆེད་ལས་འགུལ་སྣ་མང་སྤེལ་དང་སྤེལ་མུས་ཡིན་པ་མ་ཟད། འདི་ལོ་ནས་བཟུང་བོད་པའི་སློབ་གྲྭ་ཁག་ཏུ་རྒྱལ་ཡོངས་འཛིན་གྲྭ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཁྲོད་བོད་ཡིག་ལ་བརྒྱ་ཆ་ ༩༥ སོན་མཁན་ཚང་མར་ཆེ་བསྟོད་ཀྱི་ཕྱག་འཁྱེར་དང་ཧིན་སྒོར་ལྔ་སྟོང་རེ་གནང་བཞིན་འདུག

རྒྱ་གཞུང་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཡིད་ཆེས་མ་འདང་བས་བོད་རྒྱའི་གྲོས་མོལ་ལ་དོ་ཕོག་གཏོང་བཞིན་པ།

ཁེ་ན་ཌའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་དང་རྒྱལ་སྤྱིའི་ཚོང་འབྲེལ་ལས་དོན་ཚོགས་ཆུང་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གདན་ཞུས་ཀྱིས་ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཞེས་པའི་བརྗོད་གཞིའི་ཐོག་བོད་དོན་ཉན་ཞིབ་ཀྱི་ལས་རིམ་ཞིག་ཚོགས་ཡོད་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་རྒྱ་གཞུང་ནས་བོད་མིས་རྩོད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཡིད་ཆེས་མ་འདང་བའི་རྐྱེན་གྱིས་བོད་རྒྱའི་གྲོས་མོལ་ལ་དོ་ཕོག་གཏོང་བཞིན་ཡོད་པ་གསུངས་འདུག ཁ་སང་ཕྱི་ཚེས་ ༦ ཉིན་ཁེ་ན་ཌ་གྲོས་ཚོགས་གོང་མའི་འཐུས་མི་དང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ Thanh Hai Ngo  ལགས་དང་ཁེ་ན་ཌ་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ཟུང་འབྲེལ་གྱིས་ཉན་ཞིབ་ལས་རིམ་དེ་གོ་སྒྲིག་གནང་བ་ཞིག་ཡིན་པ་དང་།  ཉན་ཞིབ་ལས་རིམ་ཐོག་སྲིད་སྐྱོང་མཆོག་དང་ཁེ་ན་ཌའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ Alex Neve ལགས།   དེ་བཞིན་ཁེ་ན་ཌའི་ཕྱི་འབྲེལ་དང་ཚོང་འབྲེལ་ལས་ཁང་གི་རྒྱ་ནག་ཚན་པའི་སྤྱི་ཁྱབ་ངེས་སྟོན་པ་སྐུ་ཞབས་ Shawn Steil ལགས་སོགས་ནས་མཉམ་ཞུགས་གནང་འདུག  སྲིད་སྐྱོང་མཆོག་གིས་འདི་ལོ་ཕྱི་ལོ་ ༡༩༥༩ ལོར་བོད་ནང་གསུམ་བཅུའི་སྒེར་ལངས་བྱུང་ནས་ལོ་ངོ་ ༦༠ དང་དེ་བཞིན་པེ་ཅིང་དུ་གནམ་སྡེ་སྒོར་མོ་ཆེའི་ཐང་ཆེན་དུ་རྒྱ་རིགས་སློབ་ཕྲུག་ཚོས་རྒྱ་གཞུང་ལ་ཞི་རྒོལ་གནང་ནས་ལོ་ངོ་ ༣༠ འཁོར་བ་དྲན་གསོ་དང་སྦྲགས། རྒྱ་གཞུང་གིས་དྲག་གནོན་དང་དམ་དྲག་ཆེས་ཤུགས་ཆེ་བྱེད་བཞིན་པའི་གནས་བབ་འོག་དེའི་མངའ་ཁོངས་སུ་ཡོད་པའི་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་དོ་ཕོག་འཚབ་ཆེན་གཏོང་བཞིན་པ་དང་། རང་དབང་ཁང་པའི་སྙན་ཐོ་ལས་བོད་དེ་འཛམ་གླིང་ནང་ཆེས་རང་དབང་མེད་པའི་རྒྱལ་ཁབ་ཨང་གཉིས་པར་ཐེར་འདོན་གནང་བར་འགྲེལ་བརྗོད་གནང་འདུག ཉེ་ལམ་ཁེ་ན་ཌའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Thanh Hai Ngo ལགས་ནས་ཁེ་ན་ཌའི་གྲོས་ཚོགས་གོང་མའི་ནང་ཁེ་ན་ཌའི་གཞུང་ནས་བོད་མིའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་མངོན་གསལ་གྱིས་རྒྱབ་སྐྱོར་གནང་དགོས་པའི་གྲོས་ཆོད་ཆེད་བཏོན་དང་། ཁེ་ན་ཌ་ཆབ་སྲིད་མི་སྣ་བོད་ནང་འདྲ་མཉམ་དང་རང་དབང་ཐོག་ནས་འགྲུལ་སྐྱོད་ཆོག་པའི་ཁྲིམས་གཞི་གཏན་འབེབས་དགོས་པའི་འབོད་སྐུལ་ཞུས་པར་ཡི་རང་བསྔགས་བརྗོད་ཞུས་འདུག དེ་བཞིན་ལས་དོན་ཚོགས་ཆུང་གི་འཐུས་མི་ཚོའི་བཀའ་འདྲི་ཁག་ལ་ལན་འདེབས་གནང་བའི་ཁྲོད་སྲིད་སྐྱོང་མཆོག་གིས་བོད་མི་ནས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ཁེ་དབང་རྩོད་པ་དེ་ནི་རྒྱ་ནག་ནས་ཧོང་ཀོང་ལ་སྤྲོད་པའི་གནས་བབ་ལས་རྒྱ་ཁྱབ་ཆུང་བ་ཞིག་ཡིན་ཀྱང་། བོད་མིས་རྩོད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཡིད་ཆེས་མ་འདང་བའི་རྐྱེན་གྱིས་བོད་རྒྱའི་གྲོས་མོལ་ལ་དོ་ཕོག་གཏོང་བཞིན་ཡོད་པ་གསུངས་འདུག འདས་པའི་དུས་ཡུན་ནང་རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་དགོན་པ་བརྒྱ་ཆ་ ༩༠ ལྷག་དང་ནང་པའི་གསུང་རབ་དང་མཆོད་རྫས་གཏོར་བཤིག རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་བྱུས་འོག་བོད་མིར་དྲག་གནོན་ཚད་མེད་གཏོང་བཞིན་ཡོད་སྟབས། བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་རྒྱལ་ཁབ་གཞན་ཁག་གི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་མིན་གྱི་ཚོད་ལྟ་གནང་ཡུལ་ཞིག་ཏུ་གྱུར་ཡོད་པ་གསུངས་འདུག་པ་མ་ཟད། རྒྱལ་སྤྱིའི་ཁྲོད་དམར་ཤོག་ཚོགས་པ་གསར་འཛུགས་བྱེད་མཁན་རྒྱ་རིགས་ནས་ཁོང་ས་གནས་གང་དུ་ཕེབས་ཀྱང་ངོ་རྒོལ་དང་བར་ཆད་གཏོང་རྒྱུའི་གནས་སྟངས་ཇེ་མང་དུ་སོང་སྐོར་དང་། ཁེ་ན་ཌ་ས་གནས་སུ་བོད་རིགས་ཚོགས་པ་རྫུན་བཟོ་དང་རྒྱའི་འཁྱོག་བཤད་དྲིལ་བསྒྲགས་བྱེད་བཞིན་ཡོད་པ་ངོ་སྤྲོད་དང་འབྲེལ། ཁེ་ན་ཌ་གཞུང་ནས་བོད་དོན་ལ་རྒྱབ་སྐྱོར་དང་བོད་དོན་གྱི་གནད་དོན་དེ་གལ་ཆེར་ངོས་འཛིན་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་འདུག སྐུ་ཞབས་ Alex Neve  ལགས་ཀྱིས་ཁེ་ན་ཌ་གཞུང་ནས་ཁེ་ན་ཌ་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྙན་ཐོ་ཕུལ་བའི་ནང་ཁེ་ན་ཌ་དང་རྒྱ་ནག་གཉིས་དབར་གྱི་ཚོང་འབྲེལ་ཁྲོད་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། སྒོས་ཚོང་འབྲེལ་ཁྲོད་བོད་མིར་གྱོང་གུད་ག་ཚོད་རག་སྐོར་འཁོད་ཡོད་པས་དེའི་ཐད་བསྐྱར་ཞིབ་གནང་རྒྱུར་འབོད་སྐུལ་གནང་བ་དང་སྦྲགས་ཏེ། ཁེ་ན་ཌའི་སྲིད་དོན་པ་དང་གཞུང་འབྲེལ་མི་སྣ་སོགས་བོད་ནང་འདྲ་མཉམ་ཐོག་འགྲུལ་སྐྱོད་གནང་རྒྱུ་གཙོས་པའི་གནད་དོན་བཅུ་ལུང་འདྲེན་དང་། ཁེ་ན་ཌ་གནས་བཞུགས་བོད་མིར་རྒྱ་གཞུང་གི་མི་སྣ་ནས་སྡིགས་ར་དང་སུན་གཙེར་བཟོ་མུས་སོགས་ལ་ཞིབ་དཔྱད་གནང་དགོས་པའི་འབོད་སྐུལ་གནང་འདུགལས་དོན་ཚོགས་ཆུང་གི་ཚོགས་གཙོ་དང་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་ Raynell Andreychuk ལགས་ཀྱིས་རྒྱ་ནག་གཞུང་གི་འགོ་ཁྲིད་ཁག་གི་བྱ་སྤྱོད་དེ་རང་ཉིད་རང་གི་འགན་ཁུར་ཐུབ་པ་བཟོ་ཐབས་གཅིག་ནི་ཁེ་ན་ཌས་ Magnitsky Act གྲོས་འཆར་འགོད་འབུལ་གནང་བ་བརྒྱུད་ནས་ཡོང་སྲིད་པ་གསུངས་འདུག ཁོང་གིས་སྲིད་སྐྱོང་མཆོག་གིས་ད་རེས་བོད་ཀྱི་ད་ལྟའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཀྱི་གནད་དོན་ཡོངས་ཁེ་ན་ཌ་གཞུང་དང་རྒྱ་ནག་དབར་གྲོས་མོལ་ཡོང་སྐབས་དགོས་ངེས་ཅན་གྱི་གནད་དོན་དང་། ལྷག་པར་དུ་སྲིད་སྐྱོང་མཆོག་ནས་ཞལ་གསང་པོ་དང་བང་རིམ་འགྲིག་པོའི་ཐོག་ནས་བོད་ཀྱི་གནད་དོན་འགྲེལ་བརྗོད་གནང་བར་བསྔགས་བརྗོད་གནང་འདུག    

བཞུགས་སྒར་དུ་མ་ཎི་དུང་སྒྲུབ་དབུ་འཛུགས།

ཁ་སང་ཟླ་ ༦ ཚེས་ ༦ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཕྱྭའི་ཞབས་བརྟན་གཙོས་བོད་བསྟན་སྲིད་སྤྱིའི་བདེ་ཐབས་ཀྱི་སླད་དུ་ཉིན་བཅུའི་རིང་མ་ཎི་དུང་སྒྲུབ་དང་། དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་མ་ཎི་རིལ་སྒྲུབ་གནང་རྒྱུ་བཅས་དབུ་འཛུགས་གནང་ཡོད་པ་དང་། ལྷག་དོན་༸གོང་ས་མཆོག་གི་གཟིམ་ཆུང་ནས་ཇོ་བོ་ཝ་ཏི་བཟང་པོའི་༸སྐུ་འདྲ་གཙུག་ལག་ཁང་དུ་གདན་ཞུས་ཀྱིས་སྤྱན་རས་གཟིགས་ཀྱི་ཆོ་གའི་ཐོག་ནས་མ་ཎི་རིལ་བུ་གསོག་སྒྲུབ་གནང་གི་ཡོད་པ་རེད།རྩ་བའི་ཉེ་ལམ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་བསྩལ་བ་སྐབས་ཇོ་བོ་ཝ་ཏི་བཟང་པོར་ཞབས་ཏོག་ཞུ་མཁན་རྫོང་སྒར་ཆོས་སྡེའི་ངོས་ནས་བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བར་སྒོམ་ནས་འདི་ལོའི་མ་ཎི་རིལ་བུ་དེ་ཏོག་ཙམ་མི་འདྲ་བ་ཞིག་ཡོང་བར་འབད་དགོས་པར་ལམ་སྟོན་ཀྱང་ཕེབས་ཡོད་པ་རེད། གཞི་རྩའི་ལོ་ལྟར་ས་ག་ཟླ་བའི་དུས་ཆེན་ནམ་ཡིན་ལ་མ་ཎི་དུང་སྒྲུབ་གསོག་གནང་གི་ཡོད་པ་དང་། ད་རེས་མ་ཎི་དུང་སྒྲུབ་འདི་ནི་ཐེབས་རྩའི་སྐྱེད་འབབ་ཐོག་སུད་སི་ཁུལ་དུ་གནས་སྡོད་བྱེད་མཁན་བསོད་ནམས་རྒྱལ་པོ་ལགས་ཀྱི་ཁྱིམ་ཚང་དང་། ཚེ་འདས་ཟླ་བ་བཟང་པོ་ལགས་ཀྱི་བུ་ཕྲུག་ཐུན་མོང་། དེ་བཞིན་ལུང་རྟོགས་ཉི་མ་རྒྱལ་མཚན་ལགས་དང་མ་གཡུ་མཚོ་ལགས་ཀྱི་ཁྱིམ་ཚང་། མཁར་རྟགས་སྒྲོལ་མ་ལྷ་མོ་ལགས་དང་འཆི་མེད་ཚེ་རིང་ལགས་བཅས་ནས་རྒྱུ་ཡོན་སྦྱར་བའི་ཐོག་སྔ་དྲོ་ཚོུད་ ༦༌༣༠ ནས་ ༡༡༌༣༠ བར་དང་ཉིན་རྒྱབ་ཚོུད་ ༡༌༣༠ ནས་ ༥ བར་ཚོགས་ཀྱི་ཡོད་པ་རེད།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་ ༨ དབུ་འཛུགས།  

དེ་རིང་ཕྱི་ཟླ་ ༦ ཚེས་ ༦ ཉིན་གྱི་སྔ་དྲོ་ཚོུད་ ༩༌༠༠ ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ Club House གསོལ་མགྲོན་ཁང་དུ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་ དབུ་འཛུགས་གནང་སོང་།དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གཙོས་པའི་དམིགས་བསལ་སྐུ་མགྲོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས། བོད་རྒྱལ་ཡོང་མང་གཙོ་ཚོགས་པའི་སྤྱིན་བདག་ཁག་གཅིག ས་གནས་གང་སར་ནས་ཕེབས་པའི་ཚོགས་བཅར་བ་བཅས་ཁྱོན་མི་གྲངས་བཅུ་ཕྲག་ཁ་ཤས་འདུ་འཛོམས་གནང་སོང་བ་དང་། ཁྱོན་ཉིན་གྲངས་གསུམ་གྱི་རིང་གྲོས་གཞི་བཅིུག་ཐོག་བཀའ་བསྡུར་གནང་རྒྱུ་རེད་འདུགཚོགས་གཙོ་ཚེ་བརྟན་ནོར་བུ་ལགས་ནས་འདས་པའི་ཚོགས་གཙོའི་ལས་ཡུན་ནང་གི་ལས་བསྡོམས་ངོ་སྤྲོད་དང་སྦྲགས། ཐེངས་འདིར་བཀའ་བསྡུར་གནང་རྒྱུའི་གྲོས་གཞི་ནང་ཡོད་པའི་གྲོས་གཞི་དོན་ཚན་ ༥ པ་སྟེ་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་དང་འབྲེལ་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱིའི་འོས་བསྡུའི་སྐབས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ལས་འགུལ་སྤེལ་ཕྱོགས་ཞེས་པའི་གྲོས་གཞི་དེ་གལ་ཆེ་ཤོས་ཤིག་ཡིན་པ་དང་ཚོགས་བཅར་བ་ཚོས་དོན་སྨིན་སོན་པ་དང་གནད་ཕིགས་དགོངས་འཆར་གནང་བའི་རེ་བ་ཡོད་ཅེས་གསུངས་སོང་།སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་ཚོགས་ཆེན་གྱི་གྲོས་གཞི་ ༡༡ རྣམས་ལ་རེ་རེ་བཞིན་དགོངས་འཆར་དང་ལམ་སྟོན་གནང་བ་དང་འབྲེལ། འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་དེ་ནི་སྐབས་དང་དུས་ལ་བརྟེན་ནས་བསྐྱར་བཅོས་གནང་དགོས་པ་བྱུང་ཡོད་པ་དང་། བསྐྱར་བཅོས་ཟིན་པའི་སྒྲིག་གཞི་དེ་ཚོགས་བཅར་བ་ཚོས་ཀློག་དགོས་པ་མ་ཟད། ཆབ་སྲིད་དང་ཁྲིམས་སྒྲིག་གི་ཐོག་ནས་བོད་མིའི་སྒྲིག་འཛུགས་དང་སྤྱི་ཚོགས་ཀྱི་ནང་གླེང་སློང་ཞིག་ཡོང་གི་ཡོད་ཚེ་སྤྱི་འཐུས་ལྷན་ཚོགས་ནས་དེ་སྔ་ཕྱི་ལོ ༡༩༩༡ ལོར་ཁྲིམས་སྒྲིག་ ༢༧ གཏན་འབེབས་གནང་ཡོད་པ་དང་། དེ་ནི་བཀའ་སྤྱི་ཁོ་ནའི་ཐུགས་བཞེས་བཞེས་རྒྱུ་ཞིག་མིན་པར་ཚང་མས་ངེས་པར་དུ་ཀློག་དགོས་གནད་རེད་ཅེས་གསུངས་སོང་། ད་དུང་ཚོགས་གཞོན་མཆོག་གིས་གྲོས་གཞི་ཨང་གསུམ་པ་བོད་མི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཕྱྭའི་སྐོར་ལ་གྲོས་བསྡུར་གནང་རྒྱུ་ཡིན་པ་དེ་ཆེས་གནད་ཆེ་ཞིག་ཆགས་ཡོད་པ་དང་། ༸གོང་ས་མཆོག་གི་༸སྐུ་ཕྱྭའི་ཐད་ཕྱིའི་སྐུ་ཕྱྭ་དང་ནང་གི་སྐུ་ཕྱྭ་ཞེས་གཉིས་ཡོད་པ་ལྟར་དེར་གལ་ཆེར་འཛིན་དགོས་པ་དང་། ལྷག་པར་དུ་ནང་གི་སྐུུ་ཕྱྭ་དང་འབྲེལ་ནས་བོད་མི་ཡོངས་རྫོགས་རྡོག་པོ་གཅིག་ཏུ་སྒྲིལ་ནས་༸གོང་ས་མཆོག་གི་ཅི་གསུང་བཀའ་སྒྲུབ་དང་ཁོང་གི་ལམ་སྟོན་འོག་འགྲོ་རྒྱུ་ནི་ང་ཚོ་བོད་མི་ཚང་མའི་འོས་མགན་རེད་ཅེས་གསུངས་ཡོད།དེ་བཞིན་དམིགས་བསལ་སྐུ་མགྲོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དེ་ཕྱི་ལོ་ ༡༩༩༤ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཞིག་གྱི་ཐོག་༸གོང་ས་མཆོག་ནས་ཐུགས་རེ་གནང་བ་བཞིན་ཆེད་འཛུགས་གནང་བ་ཞིག་ཡིན་པར་ངོ་སྤྲོད་གནང་བ་དང་སྦྲགས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཚོགས་ཆེན་འདིའི་ཐོག་བསམ་འཆར་ཕུལ་སྲོལ་ཡོད་པ་ལྟར། ཚོགས་པ་འདི་ཐོག་མར་གསར་འཛུགས་གནང་སྐབས་ཀྱི་དགོས་དམིགས་ལ་གཟིགས་ནས་འདས་པའི་མི་ལོ་ ༢༠ ཙམ་གྱི་ནང་མདུན་སྐྱོད་གནང་ཐུབ་ཡོད་མེད་ཐད་ལ་བསྐྱར་ཞིབ་གནང་དགས་གལ་ཡིན་པ་གསུངས་སོང་།

མ་ཉེས་ཁག་གཡོག་གི་ཁ་མཆུ་ཨང་ ༢༠ པར་ཁྲིམས་བཤེར་དབུ་འཛུགས།

དེ་རིང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ཀྱིས་སྲིད་སྐྱོང་བློ་བཟང་སེང་གེ་བརྒྱུད་འཛིན་སྐྱོང་བཀའ་ཤག་གིས་ཁོང་ལ་མ་ཉེས་ཁག་གཡོག་གནང་བའི་ཁ་མཆུ་ཨང་ ༢༠ ཐོག་ཁྲིམས་བཤེར་དབུ་འཛུགས་གནང་སོང་། དེ་རིང་སྔ་དྲོ་ཚོུད་ ༡༠ ཐོག་དབུ་འཛུགས་གནང་བའི་ཁ་མཆུ་ཨང་ ༢༠ པའི་གཏུག་བཤེར་ཐོག་གྱོད་ཡ་ཞུ་སྦྱོར་བ་སྤེན་པ་ཚེ་རིང་ལགས་ཀྱི་ཁྲིམས་རྩོད་སླད་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ས་གནས་ཁྲིམས་ཞིབ་པ་ཟུར་པ་རྣམ་རྒྱལ་ཚེ་སྐྱིད་ལགས་དང། དེ་བཞིན་གྱོད་ཡ་རྩོད་ལེན་པ་འཛིན་སྐྱོང་བཀའ་ཤག་གི་ཁྲིམས་རྩོད་སླད་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་འགན་འཛིན་བོད་མིང་མང་སྤྱི་འཐུས་བློ་བཟང་གྲགས་པ་ལགས་བཅས་ཕེབས་ཡོད་པ་དང་། ཁ་མཆུ་ཨང་ ༢༠ པའི་ཉིན་དང་པོའི་གཏུག་བཤེར་ཐོག་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གཙོ་གྱུར་ཁྲིམས་ཞིབ་པ་རྣམ་པ་དང་ཁྲིམས་དྲུང་གཙོས་པའི་ཁྲིམས་ཞིབ་ཁང་གི་ལས་བྱེད་རྣམས། དེ་བཞིན་ཟུར་ཉན་དང་གསར་འགོད་པ་བཅས་ཚང་འཛོམས་ཀྱིས་གྱོད་གཞི་གསལ་བཟོའི་ལས་རིམ་ཐོག་ཕེབས་ཡོད་པ་རེད།སྐབས་དེར་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གིས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་ལགས་ཀྱིས་བཀའ་ཤག་གིས་ཁོང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱི་ལས་གནས་ནས་འཕོ་འགྱུར་གནང་སྐབས་ཁོང་ལ་མ་ཉེས་ཁག་གཡོག་གནང་ཡོད་ཚུལ་དང་འབྲེལ། ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༥ ཚེས་ ༡༨ ཉིན་དེའི་ཐོག་ཁྲིམས་གཏུག་གནང་བ་ནས་བཟུང་ད་བར་གྱི་བརྒྱུད་རིམ་ཁྲོད། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གིས་སྤྱི་དམངས་གཏུག་བཤེར་འགྲོ་ལུགས་ཀྱི་འོག་ནས་ཐོག་མའི་བརྡ་ཐོ་གནང་བ་དང་། འཛིན་སྐྱོང་བཀའ་ཤག་གི་ངོས་ནས་དེ་རྗེས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཕུལ་བའི་ཞུ་ལན་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རང་ཆེས་སུ་ཡོད་པའི་༸སྐུ་དབང་སྐོར་བཀོད་དེ་ཁ་མཆུ་དེ་ངོས་བཞེས་གནང་རྒྱུ་མེད་པའི་འབོད་སྐུལ་ཐེངས་ཁ་ཤས་གནང་བ་སོགས་ཀྱི་བརྒྱུད་རིམ་ཆ་ཚང་ངོ་སྤྲོད་གནང་སྟེ་ཐག་གཅོད་གཙོ་བོ་གཉིས་གནང་སོང་། དེའང་སྐུ་ཚབ་དོན་གཅོད་འཕོ་འགྱུར་གྱི་ལས་དོན་ཐད་༸སྐུ་དབང་ཡོངས་རྫོགས་འཛིན་སྐྱོང་བཀའ་ཤག་ལ་ཡོད་པ་བཞིན་གྱོད་ཡ་ཞུ་སྦྱོར་བ་དང་རྩོད་ལེན་པ་གཉིས་ཀ་ནས་དེར་རྩོད་མེད་ཐོག ད་ལན་གྱི་གྱོད་གཞི་དེ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་ཐོག་མ་ཡིན་པར་གཙོ་བོ་མ་ཉེས་ཁག་གཡོག་རང་གི་གནད་དོན་ཞིག་ཡིན་པ་དང། ༸གོང་ས་མཆོག་གི་༸སྐུ་དབང་དང་ད་ལྟའི་མ་ཉེས་ཁག་གཡོག་གི་གྱོད་གཞི་གཉིས་པོ་དབར་འབྲེལ་བ་གང་ཡང་མེད་སྟབས་ཁ་མཆུ་འདིའི་ཁྲོད་༸གོང་ས་མཆོག་གི་མཚན་འབོད་གནང་སྟེ་ཞུ་འབྱོར་དང་ཞུ་ལན་ཕུལ་བ་ཐམས་ཅད་ངོས་ཞེས་གནང་རྒྱུ་མིན་པའི་གསལ་བསྒྲགས་བསྐྱངས་སོང་།ཁྲིམས་དཔོན་མཆོག་ནས་དེ་རྗེས་གྱོད་གཞི་གསལ་བཟོའི་ལས་རིམ་ཐོག་ཕེབས་ཏེ་ཞུ་སྦྱོར་བ་དང་རྩོད་ལན་པ་གཉིས་ཀའི་ཞུ་ཡིག་དང་ཞུ་ལེན་ཕུལ་བའི་གནད་དོན་རེ་རེ་སྒྲོག་སྦྱང་གིས་གནད་དོན་གསལ་བཟོ་དགོས་རིགས་ལ་རྩོད་ལེན་པས་གསལ་བཤད་ལན་འདེབས་བཅས་གནང་བ་དེ་ལྟར་ཡང་། ཉིན་རྒྱབ་ཀྱི་ལས་རིམ་ཐོག་རྩོད་ལན་པའི་ཁྲིམས་རྩོད་པ་བློ་བཟང་གྲགས་པ་ལགས་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ངོས་ནས་གྱོད་གཞིའི་གནད་དོན་ཁག་གི་ནང་གསེས་དོན་ཚན་ཁག་གཅིག་གི་ཐོག་གསལ་བཤད་ལན་འདེབས་དགོས་སྐོར་གསུངས་པ་རྣམས་ལ་ལེན་འདེབས་ཁ་གསལ་འགོད་འབུལ་ཞུ་རྒྱུ་དང་དྲང་ལྡན་གྱི་ཁྲིམས་བཤེར་ཡོང་ཆེད་ལོ་འདིའི་ཕྱི་ཟླ་ ༩ ཚེས་ ༥ སྟེ་ཟླ་བ་གསུམ་གྱི་དུས་ཚོད་འཕར་མ་གནང་དགོས་པའི་འབོད་སྐུལ་ཞུས་སོང་།སྐབས་དེར་ཞུ་སྦྱོར་བ་སྤེན་པ་ཚེ་རིང་ལགས་ཀྱིས་ཁོང་ནས་ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༨ ཉིན་ཁྲིམས་གཏུག་ཞུས་པ་ནས་བཟུང་རྩོད་ལན་པ་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་དུས་ཚོད་འཕར་འགྱངས་ཐེངས་གཉིས་ཀྱི་འབོད་སྐུལ་གནང་བ་བཞིན་ཁྲིམས་ཞིབ་ཁང་ནས་བཀའ་འཁྲོལ་གནང་སྟེ་དེ་རིང་ཐོག་མའི་ཁྲིམས་བཤེར་དབུ་འཛུགས་གནང་བའི་བར་ལན་འདེབས་ཡིག་ཆ་འགོད་འབུལ་ཞུ་རྒྱུའི་སླད་ལོ་གཅིག་ཙམ་གྱི་དུས་ཚོད་ཐོབ་ཟིན་ཡོད་པ་དང་། བཀའ་ཤག་གིས་དེ་སྔ་ཞུ་སྦྱོར་བ་ཁོང་ལ་དོན་ཚན་བཅུའི་ཐོག་ནས་སྐྱོན་འཛུགས་གསལ་བསྒྲགས་སྤེལ་སྐབས་ནས་གནད་དོན་དེ་དག་ཐོག་ཞིབ་འཇུག་མཐིལ་ཕྱིན་པ་གནང་བ་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་ལྟར་དུས་ཚོད་འཕར་མ་མི་དགོས་པར་གཟིགས་ཀྱི་ཡོད་པ་དང་། ལྷག་པར་དུ་ཁོང་གི་ཕྱི་གླིང་གི་བཤད་སྲོལ་ལྟར་ Justice Delayed is Justice Denied ཞེས་པ་ལུང་འདྲེན་དང་སྦྲགས། སྤྱི་ཚོགས་ཁྲོད་ལབ་གླེང་ཧ་ཅང་ཆེ་བའི་གནད་དོན་འདི་ལྟ་བུའི་ཐོག་ཐག་གཅོད་གང་མགྱོགས་གནང་དགོས་གལ་ཡིན་པ་དང། ལྷག་པར་དུ་སྔ་ལོའི་ཕྱི་ཟླ་ ༡༢ ཚེས་ ༧ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཀོད་ཁྱབ་བཏང་བའི་ནང་སྤྱི་མང་གཏུག་བཤེར་ཁྲིམས་སྒྲིག་གི་དོན་ཚན་ ༢༩ ནང་གསེས་ང་པ་དང་ཅ་པ་གཉིས་ཀྱི་འབྲུ་དོན་བཞིན་གནད་དོན་རེ་རེ་དང་ནང་གསེས་དོན་ཚན་རེ་རེ་ལ་ལན་འདེབས་ཐད་ཀར་དགོས་པའི་བཀོད་སྒྲིག་གནང་ཟིན་ཡོད་པ་སོགས་རྒྱུ་ཚན་མང་དག་ཅིག་གི་ཐོག་ནས་ད་ལྟ་ལན་འདེབས་གནང་རྒྱུའི་དུས་ཚོད་འཕར་འགྱངས་མི་དགོས་ལྟར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་དང་ལེན་གནང་རྒྱུ་མེད་པའི་ཞུ་སྐུལ་གནང་སོང་།སྐབས་དེར་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གིས་རྩོད་ལན་པའི་སྙན་ཞུ་ཕུལ་བ་ལྟར་དུས་ཚོད་འཕར་མ་གནང་དགོས་མིན་ཐད་ཁྲིམས་པའི་ལྷན་ཚོགས་ཚོགས་ནས་ཐག་གཅོད་གནང་རྒྱུ་ཡིན་སྐོར་གསུངས་པ་དང་འབྲེལ། དེ་རིང་གསལ་བཟོའི་ལས་རིམ་མུ་མཐུད་རྒྱུན་སྐྱོང་གནང་སོང་བ་དང་། དེ་རྗེས་བཙན་འབྱོལ་བོད་མིའི་བཅའ་ཁྲིམས་ཀྱི་སྤྱི་དམངས་གཏུག་བཤེར་ཁྲིམས་སྒྲིག་གི་དོན་ཚན་ ༤༣ གཞིར་བཟུང་དུས་ཚོད་གཞན་ཞིག་གི་ཐོག་གནད་དོན་གཏན་འབེབས་ཀྱི་བྱ་རིམ་དང་། ཞིབ་སྤྱོད་ཀྱི་བྱ་རིམ། མཐའ་མ་དེར་དཔྱད་ཁྲ་གསལ་བསྒྲགས་གནང་རྒྱུའི་བྱ་རིམ་རིམ་བཞིན་འགྲོ་རྒྱུ་ཡིན་པ་ལྟར་རིམ་བཞིན་བརྡ་ཐོའི་བརྒྱུད་ནས་ཁ་གསལ་ཡོང་རྒྱུ་ཡིན་པ་གསུངས་ཡོད།སྤྱིར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཉེ་ལམ་ཨ་རི་ཁུལ་དུ་གཞུང་འབྲེལ་ཕྱོགས་སྐྱོད་ཕེབས་པ་བཞིན་དེ་རིང་ཁ་མཆུ་ཨང་ ༢༠ པའི་ཁྲིམས་བཤེར་ཐོག་དངོས་སུ་ཕེབས་ཐུབ་མི་འདུག དེ་རིང་གི་ཁྲིམས་བཤེར་ལས་རིམ་གྲུབ་རྗེས་གསར་འགོད་པས་སྐུ་ཞབས་སྤེན་པ་ཚེ་རིང་ལགས་དང་ཁོང་གི་ཁྲིམས་རྩོད་པ་བཅས་ལ་བཀའ་འདྲི་ཞུས་པར་ལན་འདེབས་གང་ཡང་གནང་མེད་པ་དང་། འཛིན་སྐྱོང་བཀའ་ཤག་གི་ཁྲིམས་རྩོད་པ་བློ་བཟང་གྲགས་པ་ལགས་སུ་བཀའ་འདྲི་ཞུས་ཡོད།གཞི་རྩའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་ནས་ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༧ ཉིན་སྐབས་དེའི་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས་ལས་གནས་ནས་འཕོ་འགྱུར་དང་འབྲེལ་ཁོང་གི་ཚབ་ཏུ་སྐབས་དེའི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་བསྐོ་གཞག་གནང་བ་མ་ཟད། སྤེན་པ་ཚེ་རིང་ལགས་ཀྱིས་ཕྱག་ལས་གནང་ཕྱོགས་དེ་བྱ་སྤུ་གནོན་གྱི་སྒྲིག་འཛུགས་བཞིན་ཚུལ་མཐུན་ཡོང་གི་མེད་པ་དང་འཐུས་ཤོར་འགྲོ་ཉེན་ཡོད་པ་བཅས་མཚོན་རྟགས་མང་པོ་བསྟན་ཡོད་པ་བཅས་ཀྱི་གསལ་བཤད་གནང་ཡོད་པ་རེད། འོན་ཀྱང་མང་ཚོགས་ཁྲོད་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་གནད་དོན་དེའི་ཐོག་གསལ་བཤད་ཞིབ་ཕྲ་དགོས་པ་སོགས་ཀྱི་ལབ་གླེང་མང་དག་ཅིག་བྱུང་བ་དང་འབྲེལ། བཀའ་ཤག་གི་ངོས་ནས་མི་རིང་བར་དོན་ཚན་བཅུ་ཅན་གྱི་གསལ་བཤད་ཅིག་འདོན་སྤེལ་གནང་སྟེ་ཨ་རིའི་དོན་གཅོད་སྤེན་པ་ཚེ་རིང་ལགས་ཀྱིས་བཀའ་ཤག་གི་ཐུགས་རེ་བཞིན་ལས་དོན་གནང་མ་ཐུབ་པ་དང་། ཡིད་ཆེས་བློས་འགེལ་མི་ཐུབ་པ། དེ་བཞིན་འཛིན་སྐྱོང་ལ་བྱ་སྤུ་གནོན་གྱི་གོ་རིམ་ལ་ལྟོས་མེད་གནང་ཡོད་པ་བཅས་ཀྱི་རྒྱུ་མཚན་ལ་བརྟེན་ནས་ཐག་གཅོད་དེ་ལྟར་གནང་དགོས་བྱུང་ཡོད་པ་སོགས་རྒྱུ་མཚན་གཙོ་བོ་གསུམ་གྱི་ཐོག་ནས་གསལ་བཤད་གནང་ཡོད་པ་རེད། སྐུ་ཞབས་སྤེན་པ་ཚེ་རིང་ལགས་ཀྱིས་དོན་གཅོད་འཕོ་འགྱུར་ཐོག་འཛིན་སྐྱོང་གྱི་ཐག་གཅོད་ལ་ཁོང་ནས་ངོས་ལེན་ཞུས་ཡོད་པ་དེ་ལྟར་ཡང། ཁོང་གི་ལས་དོན་ལ་འཐུས་ཤོར་ཕྱིན་པ་སོགས་ཀྱི་གནད་དོན་ཁག་ལ་ངོས་ལེན་ཞུ་ཡི་མེད་པ་དང་། སྲིད་སྐྱོང་མཆོག་གིས་གྲོས་ཚོགས་དང་མང་ཚོགས་ཁྲོད་ཐག་གཅོད་དེ་ནི་ཁྲིམས་བཟོ་ལྷན་ཚོགས་ནས་བཀའ་ཤག་ལ་བསྐུར་བའི་སྐུ་དབང་གཞིར་བཞག་ཐག་གཅོད་གནང་བ་ཞིག་ཡིན་པ་དང། ཐག་གཅོད་དེ་ཁྲིམས་དང་མཐུན་པ་ཞིག་བྱུང་ཡོད་མེད་ཐག་གཅོད་གནང་བར་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཕེབས་རྒྱུ་མ་གཏོགས་ཐབས་ལམ་གཞན་མེད་པར་འགྲེལ་བརྗོད་གནང་ཡོད་པ་བཞིན། ཁོང་གིས་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྲིམས་གཏུག་ཞུས་ཡོད་སྐོར་གསུངས་ཡོད་པ་རེད།

ཨི་རན་གྱི་ཚོང་གཉེར་བ་དྲུག་ཅུ་ལྷག་གིས་གངས་སྐྱིད་དུ་གཟིགས་སྐོར་གནང་བ།

དེ་རིང་ཨི་རན་ནས་ཡིན་པའི་ཚོང་གཉེར་བ་དྲུག་ཅུ་ལྷག་གིས་གངས་སྐྱིད་དུ་རྟེན་གཞི་བྱས་པའི་བོད་ཀྱི་དཔེ་མཛོད་ཁང་དུ་གཟིགས་སྐོར་གནང་བ་བརྒྱུད་ནས་ཆེས་ཐོག་མའི་བོད་ཀྱི་རིག་གཞུང་ལ་རྒྱུས་ལོན་གནང་ཡོད་པ་རེད། ཚོང་གཉེར་བ་དེ་དག་ཞུགས་སྒར་དུ་སྐོར་སྐྱོད་གནང་བ་འདི་བརྒྱུད་ནས་བོད་བརྒྱུད་ནང་བསྟན་གྱི་རིག་གཞུང་ལ་རྒྱུས་ལོན་གནང་སྟེ་བྱམས་སྙིང་རྗེ་དང་འཚེ་མེད་ཞི་བའི་ལྟ་སྤྱོད་སོགས་ལ་ཤེས་རྟོགས་གནང་ཆེད་དང་། དེ་བཞིན་༸གོང་ས་མཆོག་གི་གསེར་ཞལ་མཇལ་རྒྱུའི་ཆེད་བཅར་གནང་བ་རེད་འདུག ཁོང་རྣམས་ཀྱི་སྣེ་ཁྲིད་པ་རྒྱ་གར་བ་དེ་ནི་དུས་རྒྱུན་བོད་ཀྱི་ནང་ཆོས་ལ་དགའ་མོས་བྱེད་མཁན་ཞིག་དང་། རང་ཉིད་ཀྱི་ཆོས་ལུགས་གང་ལ་དད་པ་བྱེད་མཁན་ཡིན་མིན་ལ་ལྟོས་མེད་ནང་ཆོས་ཀྱིས་འགྲོ་བ་ཡོངས་ལ་ཕན་ཐོགས་ཆེན་པོ་སྒྲུབ་བཞིན་ཡོད་པ་མ་ཟད་བདེ་སྐྱིད་ཀྱང་སྐྲུན་གྱི་ཡོད་པར་འགྲེལ་བརྗོད་དང་སྦྲགས། བོད་ཀྱི་དཔེ་མཛོད་ཁང་གིས་ཁོང་ཚོར་སྣེ་ལེན་ཡག་པོ་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་སོང་།དེ་བཞིན་ཨི་རན་ནས་ཡིན་པའི་ཚོང་པ་ཞུ་བཱ་ལགས་སུ་བོད་ཀྱི་སྤྱི་ཚོགས་ནང་འབྱོར་སྐབས་ཚོར་བ་ཇི་བྱུང་ཐོག་བཅར་འདྲི་ཞུས་པར་སྔོན་ཆད་ནས་བོད་བརྒྱུད་ནང་བསྟན་གྱི་སྐོར་ལ་སྐད་ཆ་མང་པོ་གོ་མྱོང་། དེར་བརྟེན་ཐེངས་འདིར་དྷ་ར་ཡོང་ནས་སྒོམ་སྒྲུབ་མཉམ་ལེན་བྱེད་སྟངས་ལ་རྒྱུས་ལོན་ཞུ་འདོད་ཅེས་དང་བོད་མི་དག་ནི་འདྲིས་སླ་པོ་དང་སེམས་བཟང་པོ། དེ་བཞིན་སྙིང་རྗེ་པོ་འདུག་ཅེས་གསུངས་སོང་། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ཨི་རན་གྱི་ཚོང་གཉེར་བ་དེ་དག་གིས་དཔེ་མཛོད་དུ་གཟིགས་སྐོར་གནང་དོན་ནི་ཨི་རན་གྱི་མི་དག་གིས་ནང་ཆོས་ཀྱི་སྐོར་ལ་ངོ་སྤྲོད་གནང་རོགས་ཞེས་རེ་སྐུལ་གནང་བ་ལྟར་ཁོང་གིས་ཁ་སང་ཉིན་ནང་ཆོས་ངོ་སྤྲོད་གནང་རྒྱུ་ཡིན་སྐོར་གསུངས་སོང་བ་མ་ཟད། ཁོང་རྣམས་བོད་ཀྱི་ནང་ཆོས་ལ་དགའ་སྣང་ཆེན་པོ་ཡོད་པ་ལྟར་རྗེས་སུ་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུ་ཡིན་ཞེས་གསུངས་སྐོར་ངོ་སྤྲོད་གནང་སོང་། རྩ་བའི་ཐེངས་འདིའི་ཨི་རན་གྱི་མི་དྲུག་ཅུ་ལྷག་དེ་ནང་ཆོས་དང་སྒོམ་སྒྲུབ་ཀྱི་ཐད་ལ་རྒྱུས་ལོན་གནང་ཕྱིར་ཕེབས་པ་བཞིན། ཉིན་ཤས་རིང་བཞུགས་སྒར་དུ་བཞུགས་ཀྱི་ཡོད་པ་དང་། ཟླ་འདིའི་ཚེས་ ༧ ཉིན་༸གོང་ས་མཆོག་གི་མཇལ་ཁ་ཞུ་རྒྱུ་རེད་འདུག

དཔལ་གཤེན་བསྟན་སྨན་རིའི་གླིང་དུ་རིས་མེད་ཀྱི་བགྲོ་གླེང་ཐེངས་བཞི་པ་དབུ་འཛུགས།

དེ་རིང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་དང་གཡུང་དྲུང་བོན་གྱི་གདན་ས་དཔལ་གཤེན་བསྟན་སྨན་རིའི་གླིང་གཉིས་ཀྱིས་གོ་སྒྲིག་ཞུས་དོན་ལྟར་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཉིན་བཞིའི་རིང་གི་རིས་མེད་བགྲོ་གླེང་ཐེངས་བཞི་པ་དབུ་འབྱེད་གནང་སྟེ་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་དང་བོན་གཞུང་སྲིད་པའི་མཛོད་ཕུགས་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་སོང་།བགྲོ་གླེང་གི་ཚོགས་མགོན་དུ་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱིས་གཙོས་པའི་ས་དགེ་བཀའ་རྙིང་གི་འཐུས་ཚབ་མི་སྣ་དང་། གཡུང་དྲུང་བོན་དང་རྒྱལ་བ་ཇོ་ནང་པ་ཅབས་ཀྱི་སྐུ་ཚབ་རྣམས། དེ་བཞིན་སྨན་རིའི་གླིང་གི་དགེ་འདུན་པ་བཅས་ཀྱིས་བགྲོ་གླེང་ནང་ཤ་ཆས་བླངས་ཡོད་པ་རེད།དཔལ་གཤེན་བསྟན་སྨན་རིའི་གླིང་གི་ཟུང་དྲུང་བསོན་ནམས་རྒྱ་མཚོ་ལགས་ཀྱིས་སྐུ་མགྲོན་རྣམས་ལ་ཕེབས་བསུའི་འཚམས་འདྲི་གནང་བ་དང་འབྲེལ། དཔལ་གཤེན་བསྟན་སྨན་རིའི་གླིང་གི་ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད་གནང་སྟེ། བོད་ཀྱི་སྲིད་པ་ས་ཆགས་པ་ནས་བཟུང་གཡུང་དྲུང་བོན་གྱི་བསྟན་པ་དེ་བོད་དུ་ཡོད་ནའང་། རྒྱལ་བོའི་དབང་ཐང་ཆེ་ཆུང་གིས་ལོ་རྒྱུས་ཀྱི་དཀྱོགས་མཚམས་མང་པོ་བརྒྱུད་ཡོང་བ་ལྟར། དུས་རབས་ ༡༤ ནས་བཟུང་བོད་ཆོལ་ཁ་གསུམ་ གཅིག་གྱུར་གྱིས་ཁས་ལེན་པའི་བོན་གྱི་གདན་ས་སྨན་རིའི་གླིང་དབུ་བརྙེས་ནས་སྨན་རིའི་ཁྲི་འཛིན་སོ་གསུམ་གྱི་ ལོ་རྒྱུས་ཡོད་པ་བཞིན། དགེ་བའི་བཤེས་གཉེན་མང་པོས་བོད་ཕྱི་ནང་གཉིས་སུ་བསྟན་སྲིད་ཀྱི་ལས་དོན་ལ་མཛད་རྗེས་རླབས་ཆེན་བཞག་ཡོད་ཅེས་གསུངས་ཡོད།  དཔལ་གཤེན་བསྟན་སྨན་རིའི་གླིང་གི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གིས་སྤྱི་ཡོངས་ཀྱི་ཆ་ནས་བོད་གཞིས་བྱེས་གཉིས་སུ་གྱེས་ཏེ་དཀའ་ངལ་མང་དུ་འཕྲད་བཞིན་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་རྐྱེན་ངན་གྲོགས་ཤར་ཞེས་པའི་དཔེ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་ སྔར་ལོ་རྒྱུས་ཀྱི་ཁྲོད་དུ་བྱུང་མ་མྱོང་བའི་ཆོས་བརྒྱུད་རིས་མེད་ཀྱི་བླ་སྤྲལ་དགེ་བའི་བཤེས་གཉེན་ཚང་མ་དུས་གཅིག་ལ་ཡུལ་གཅིག་ཏུ་འཛོམས་ནས་བགྲོ་གླེང་ལྷུག་པོ་གནང་སྟེ་ཕན་ཚུལ་དབར་ལྟ་བ་བརྗེ་ལེན་བྱེད་བཞིན་པའི་གནས་བབ་འདི་ནི་དགའ་འོས་པའི་དོན་བཟང་ཞིག་རེད་ཅེས་གསུངས་པ་དང་སྦྲགས། རང་ཉིད་ཀྱི་ཆོས་བརྒྱུད་ནས་གསུངས་པར་གཞིགས་ཏེ་ཉམས་ལེན་གནང་རྒྱུ་དང་དག་སྣང་དེ་ཕྱོགས་རིས་མེད་པའི་ཐོག་ནས་གནང་དགོས་གལ་ཡིན་པར་གསུངས་ཡོད།ཆོས་རིག་བཀའ་བློན་མཆོག་གིས་རིས་མེད་ཆོས་བརྒྱུད་ཀྱི་བགྲོ་གླེང་ཇི་ལྟར་འགོ་ཚུགས་པའི་སྐོར་ནས་ངོ་སྤྲོད་གནང་བ་དང་འབྲེལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་དགོས་པར་བཀའ་སློབ་ཡང་ཡང་ཕེབས་པ་བཞིན་ཆོས་ཚོགས་ཁག་ནས་ཀྱང་བཤད་སྒྲུབ་གོང་འཕེལ་གཏོང་ཕྱོགས་ཀྱི་ཚོགས་འདུ་རིམ་པ་ཚོགས་པའི་གྲུབ་དོན་དུ་ཆོས་བརྒྱུད་རིས་མེད་ཀྱི་བགྲོ་གླེང་དེ་གལ་ཆེ་དོན་ཆེེར་བརྩིས་ཏེ་མཇུག་སྐྱོང་གནང་གི་ཡོད་སྟབས། རང་ལུགས་ཁོ་ན་སྲུང་རྒྱུ་ཙམ་མིན་པར་ཆོས་བརྒྱུད་གཞན་གྱི་གཞུང་ཆེན་ལ་སློབ་གཉེར་གནང་གནང་དགོས་གལ་ཆེན་ཡིན་པར་ལམ་སྟོན་གནང་སོང་།རྩ་བའི་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་གྱི་མངའ་ཁུལ་ཌོ་ལན་ཇི་རུ་ཕྱི་ལོ ༡༩༧༠ ལོར་དཔལ་གཤེན་བསྟན་སྨན་རིའི་གླིང་གི་གདན་ས་གསར་སྐྲུན་མཛད་ཅིང་། ཕྱི་ལོ་ ༡༩༧༧ ལོ་ནས་བཟུང་ཆོལ་གསུམ་བོད་མིའི་བོན་ཕྱོགས་ཀྱི་སློབ་ཚོགས་གསར་བསྡུ་བྱས་ཏེ་གནའ་བོའི་བོད་ཀྱི་ཆོས་ལུགས་ལ་གསན་བསམ་སློབ་གཉེར་གནང་ས་དང་མདོ་སྔགས་སེམས་གསུམ་གཙོས་པའི་ལྔ་ཟུང་རིག་པའི་གནས་ལ་སློབ་གཉེར་གནང་སའི་གདན་ས་གཙོ་བོ་ཞིག་ཆགས་ཡོད་པ་རེད།

   ཕུན་ཚོགས་སྡེ་བཞི་སྤྱི་ཁང་དང་བོད་ཀྱི་རྒྱ་ལམ་དབུ་འབྱེད།

ཨ་རི་གྲོང་ཁྱེར་ནིའུ་ཡོག་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པས་ཕུན་ཚོགས་སྡེ་བཞི་སྤྱི་ཁང་ཉམས་གསོ་གནང་ནས་ཁ་སང་སྤྱི་ཁང་དང་སྤྱི་ཁང་གི་མདུན་དུ་ Tibet Way འམ་བོད་ཀྱི་རྒྱ་ལམ་ཞེས་པ་ཞིག་དབུ་འབྱེད་གནང་འདུག སྤྱི་ཁང་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག དེ་བཞིན་ས་གནས་རྫོང་ཁག་ ༢༦ གི་འཐུས་ཚབ་སྐུ་ཞབས་ Jimmy Van Bramer ལགས། སྐྱབས་གནས་དགེ་འདུན་གྱི་སྡེ།  སྦྱིན་བདག་རྣམ་པ། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་སྒྲུབ་ཚེ་རིང་ལགས། བྱང་ཨ་རིའི་སྤྱི་འཐུས་རྣམ་གཉིས།  དེ་བཞིན་སྐྱིད་སྡུག་ཁག་གི་སྐུ་ཚབ་དང་མི་མང་སོགས་མཉམ་འཛོམས་གནང་འདུགསྐབས་དེར་༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་ནིའུ་ཡོག་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་སྤྱི་ཁང་ཉམས་གསོ་ལེགས་གྲུབ་བྱུང་ནས་སྤྱི་ཁང་དེ་བེད་མེད་དུ་མི་འགྲོ་བར་སྤྱོད་ ་དགོས་པར་བཀའ་བསྩལ་དང་། ལྷག་པར་དུ་རིན་པོ་ཆེ་མཆོག་གིས་བོད་མིའི་ངོ་བོ་ཆོས་དང་རིག་གཞུང་དེ་དེང་གི་དུས་སུ་འཛམ་བུ་གླིང་སྤྱི་ཡོངས་ལ་དགོས་ངེས་ཅན་ཞིག་དང་རྒྱུ་མཚན་དེར་བརྟེན་ནུབ་ཕྱོགས་སུ་བཞུགས་པའི་བོད་མི་ནས་རང་གི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་དུ་གནང་དགོས་གལ་དང་།  ཆོས་དང་རིག་གཞུང་གི་རྩ་བ་དེ་སྐད་ཡིག་ཡིན་སྟབས་བོད་ཕྲུག་ཚོས་དེའི་ཐད་དོ་སྣང་ཆེ་བ་བྱེད་དགོས་པ་མ་ཟད། མཐར་བོད་མི་སྤྱི་ཡོངས་ནས་མཐུན་སྒྲིལ་དང་༸གོང་ས་མཆོག་གི་བཀའ་དགོངས་ཉག་ཅིག་བསྒྲུབ་པར་འབད་དགོས་གནད་ཡིན་པར་བཀའ་ནན་བསྩལ་འདུག སྲིད་སྐྱོང་མཆོག་གིས་རྒྱུན་ལས་རིམ་བྱོན་ནས་སྐུ་ངལ་འཛེམས་ཀྱིས་ཕྱག་ལས་གནང་ཐོག་སྤྱི་ཁང་ཉོས་རྒྱུ་དང་ཉམས་གསོ་གནང་བར་བསྔགས་བརྗོད་དང་སྦྲགས། དེ་བཞིན་མང་ཚོགས་ལ་ཉེ་ལམ་བོད་མིའི་སྒྲིག་འཛུགས་ནས་༸གོང་ས་མཆོག་ལ་ཡིག་ངག་གཉིས་ཐོག་ནས་༸སྐུ་ཉིད་ཀྱི་མཛད་འཕྲིན་ཉུང་འཕྲི་གནང་རྒྱུར་སྙན་གསེང་ཞུས་པ་བཞིན་དེ་འབྲེལ་བཀའ་བཞེས་བཟང་པོ་ཐོབ་སྐོར་དང་སྦྲགས། ད་ལྟ་ཚུན་ཆད་མགོན་པོ་༸གང་ཉིད་མཆོག་ནས་བོད་དོན་སླད་མཛད་འཕྲིན་བླ་མེད་བསྐྱངས་སྟབས། ད་ལྟའི་ཆར་དགུང་ནའི་བབ་ཀྱི་ཆ་ནས་༸གང་ཉིད་མཆོག་སྐུ་ངལ་གསོ་བཞུགས་མཛད་དགོས་གལ་དང་སྒོས་བོད་མིིའི་ངོས་ནས་ནང་ཁུལ་གྱི་གནད་དོན་ཙག་ཙིག་ལ་དབུ་འཁོར་ནས་མ་བཞུགས་པར་བོད་ཀྱི་རྩ་དོན་རྒྱལ་སྤྱིའི་སྡིངས་ཆའི་ཁྲོད་བོད་དོན་དྲིལ་བསྒྲགས་དང་རྒྱབ་སྐྱོར་མུ་མཐུད་ནས་ཐོབ་པར་ལས་དོན་གཉེར་གནང་དགོས་པ་དང་། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཆིག་སྒྲིལ་དང་ལྷག་པར་དུ་༸གོང་ས་མཆོག་གི་ཐུགས་གཞི་རིགས་ནམ་ཡང་གནང་བར་འབད་གནད་ཡིན་པར་གསུངས་འདུག གཞི་རྩའི་སྤྱི་ཁང་དབུ་འབྱེད་མ་གནང་གོང་ནིའུ་ཡོག་གི་ 32 Avenue དུ་ཡོད་པའི་རྒྱ་ལམ་ཞིག་ལ་ Tibet Way ཞེས་བོད་ཀྱི་རྒྱ་ལམ་ཞེས་མིང་བཏགས་ཡོད་པར་༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་སྲིད་སྐྱོང་མཆོག དེ་བཞིན་སྐུ་ཞབས་ Jimmy Van Bramer ལགས་བཅས་ནས་དབུ་འབྱེད་གནང་ཡོད་པ་རེད། དེ་བཞིན་སྐུ་ཞབས་ Jimmy Van Bramer ལགས་ཀྱིས་ནིའུ་ཡོག་དང་ནིའུ་འཇར་སིར་གནས་བཞུགས་བོད་མི་རྣམས་ཀྱི་སླད་སྤྱི་ཁང་ལེགས་གྲུབ་བྱུང་ཐུབ་པ་དང་།  དེ་བཞིན་རྒྱ་ལམ་ལ་ Tibet Way ཞེས་མིང་བཏགས་ཐུབ་པ་དེར་རང་ཉིད་གྲོང་ཁྱེར་ལྷན་ཚོགས་ཀྱི་ཚོགས་མི་ཡིན་པའི་ཆ་ནས་དགའ་ཚོར་བྱུང་བ་དང་། རང་ཉིད་ནི་བོད་དང་རྫོང་དེའི་ཁུལ་དུ་ཡོད་པའི་བོད་མིའི་སྤྱི་ཚོགས་ཀྱི་སྐུ་ཚབ་གནང་རྒྱུར་དུས་རྟག་ཏུ་དགའ་མཁན་ཞིག་ཡིན་ཞེས་གསུངས་ཡོད། ཕུན་ཚོགས་སྡེ་བཞིའི་སྤྱི་ཁང་ནང་སློབ་ཕྲུག་སླད་བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་ཀྱི་འཛིན་ཁང་དང་།   ཐབ་ཚང་། དེ་བཞིན་ཚོགས་ཁང་ཡོད་པའི་སྤྱི་ཁང་དེར་ཁྱོན་ཨ་སྒོར་ས་ཡ་ ༡༠ ལྷག་འགྲོ་གྲོན་བཏང་ཡོད་པ་རེད།

Latest news