Tibetan Royal Year of 2151 | Year of the Wood Dragon

བཙན་བྱོལ།

འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་གི་བྱིས་སྒྲུང་དཔེ་དེབ་དབུ་འབྱེད།

བོད་པའི་སྤྱི་ཚོགས་ནང་ཚན་རིག་དང་མཐུན་པའི་བྱིས་སྒྲུང་གི་དཔེ་དེབ་རིགས་མེད་པར་བརྟེན་ད་ལན་ཚན་རིག་དང་མཐུན་པའི་བྱིས་སྒྲུང་དཔེ་དེབ་ ༢༥ པར་བསྐྲུན་གྱིས་སྤྱི་ཚོགས་ནང་གི་སྟོང་ཆ་ཁ་སྐོང་གནང་ངེས་ཡིན་པ་གསུངས་སོང་།  ཁ་སང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གི་ཚོགས་ཁང་དུ་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་དང་བོད་ཀྱི་ཐེབས་རྩ་ཁང་གི་འགན་འཛིན་གཞོན་པ་ཤེས་རབ་འོད་གསལ་ལགས་རྣམ་གཉིས་ཀྱིས་གཙོས་པའི་བོད་ཁྱིམ་དང་སཾ་བྷོ་ཊའི་ཤེས་ཡོན་འགན་འཛིན་བཅས་དབུ་བཞུགས་ཐོག་བོད་མི་དྭང་བླངས་བ་ཁག་ཅིག་ལས་གྲུབ་པའི་འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་གིས་དེང་རབས་ཚན་རིག་དང་མཐུན་པའི་བྱིས་སྒྲུང་དཔེ་དེབ་ ༢༥ ཙམ་དབུ་འབྱེད་ཀྱི་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཏེ་མི་འགྱངས་བར་དཔེ་དེབ་དེ་དག་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བོད་པའི་སྤྱི་ཚོགས་ཁག་ཏུ་འགྲེམས་སྤེལ་གནང་ངེས་ཡིན་པ་གསུངས་ཡོད།ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་གིས་ཁོང་རང་ཉིད་དེ་སྔ་དགེ་རྒན་གྱི་ཕྱག་ལས་གནང་མྱོང་ཡོད་སྟབས། བྱིས་སྒྲུང་ནི་བོད་པའི་སྤྱི་ཚོགས་ནང་མེད་དུ་མི་རུང་བའི་མཐུན་རྐྱེན་ཞིག་ཡིན་པར་ངོས་འཛིན་གནང་བཞིན་ཡོད་པ་གསུངས་སོང་བ་མ་ཟད། མིའི་རིགས་ཀྱི་ལུས་སེམས་འཚར་ལོངས་དང་བསམ་བློ། དེ་བཞིན་ཀུན་སྤྱོད་ལ་ཞབས་འདེགས་རླབས་ཆེན་ཞུ་ཐུབ་པའི་ཆ་རྐྱེན་གལ་ཆེན་ཞིག་ཡིན་ཀྱང་། བོད་ཀྱི་བྱིས་སྒྲུང་མང་ཆེ་བ་ངག་རྒྱུན་ཙམ་ལས་ཡིག་ཐོག་ཏུ་མེད་པར་བརྟེན་འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་གིས་རྐང་འགན་བཞེས་ནས་བྱིས་སྒྲུང་པར་བསྐྲུན་གནང་བ་ནི་དུས་ལ་བབ་པའི་དགོས་མཁོ་ཞིག་ཡིན་སྐོར་སོགས་གསུངས་ཡོད།དེ་བཞིན་འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་གི་ངོས་ནས་བོད་པའི་སྤྱི་ཚོགས་ཀྱི་ནང་སློབ་ཕྲུག་ཚོས་དཀའ་ལས་ཁག་པོར་ངོས་འཛིན་བཞིན་པའི་སློབ་ཚན་ནི་ཚན་རིག་དང་ཨང་རྩིས་ཡིན་པར་བརྟེན་བྱིས་པ་ཆུང་དུས་ནས་བསླབ་གཞི་དེ་དག་གི་རྨང་གཞིའི་ཤེས་ཡོན་ལ་སྦྱང་བརྩོན་དང་དོ་སྣང་གནང་རྒྱུའི་ཁོར་ཡུག་ཅིག་བསྐྲུན་དགོས་གལ་ཡིན་སྟབས། ད་རེས་བོད་ཀྱི་ཐེབས་རྩ་དང་རྒྱ་གར་གྱི་ Prathm དཔེ་སྐྱུན་ཁང་གི་མཐུན་འགྱུར་འོག་བྱིས་སྒྲུང་དེབ་གྲངས་ ༢༥༠༠༠ ལྷག་པར་བསྐྲུན་གནང་ཡོད་པའི་དགོས་དམིགས་གསུམ་ངོ་སྤྲོད་གནང་ཡོད་པ་རེད།རྩ་བའི་འཇམ་དབྱངས་ཡོན་ཞབས་ཞུ་ཁང་ནི་ཕྱི་ལོ་ ༢༠༡༥ ལོར་བོད་མི་དྭང་བླང་བ་ཁག་ཅིག་གིས་བཙན་བྱོལ་ནང་གི་ཤེས་ཡོན་གོང་འཕེལ་ཆེད་དུ་བཙུགས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་ཆགས་ཡོད་པ་དང་། འདས་པའི་ལོ་གསུམ་གྱི་ནང་ཚོགས་པ་དེས་གཙོ་བོ་བྱིས་སྒྲུང་དཔེ་དེབ་པར་བསྐྲུན་གྱི་ལས་གཞི་གཉེར་བཞིན་ཡོད་པ་དང་མཉམ་དུ་ཕ་མ་ཚོར་བྱིས་པ་གསོ་སྐྱོང་གནང་ཕྱོགས་ཐོག་ཟབ་སྦྱོང་གནང་འདུག མ་འོངས་པར་ཚོགས་པ་དེས་བཞུགས་སྒར་དུ་བྱིས་སྒྲུང་གི་དཔེ་མཛོད་ཁང་ཞིག་གསར་འཛུགས་གནང་འཆར་འདུག

རྒྱ་གར་དུ་ཕྱིར་ཕེབས་ཐུབ་ཐབས་སུ་རྒྱ་གར་གཞུང་དང་འབྲེལ་བ་གནང་བཞིན་པ།

གྲུབ་བརྒྱུད་བསྟན་པའི་གསལ་བྱེད་༸དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཚོགས་པའི་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་ ༣༦ པ་མཇུག་སྒྲིལ་དང་བསྟུན། སྐབས་དེར་ཕེབས་པའི་སྨོན་ལམ་གྱི་ཚོགས་མགོན་༸རྒྱལ་བའི་རྒྱལ་ཚབ་གོ་ཤྲཱི་རིན་པོ་ཆེ་མཆོག་གིས་དབུས་པའི་མཁན་བླ་སྤྲུལ་དང་དགེ་བཤེས། དེ་བཞིན་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཡོངས་ལ་དྲྭ་ཐོག་བརྒྱུད་གསུང་འཕྲིན་ཞིག་བསྩལ་འདུགགསུང་འཕྲིན་དེའི་ནང་རིན་པོ་ཆེ་མཆོག་གིས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་དེ་བཀའ་བརྒྱུད་པའི་ལོ་གཅིག་དུས་གཅིག་གི་ཆོས་ཕྱོགས་བྱ་བ་གལ་ཆེ་ཞིག་ཆགས་ཀྱི་ཡོད་ཀྱང་། རིན་པོ་ཆེ་༸གང་ཉིད་མཆོག་སྔ་ལོ་དང་འདི་ལོའི་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ཐོག་དངོས་སུ་ཕེབས་མ་ཐུབ་པ་དེར་ཐུགས་ཕམ་ཆེན་པོའི་ཐོག་ནས་མང་ཚོགས་ཡོངས་ལ་དགོངས་སེལ་ཞུས་པ་དང་ཆབས་ཅིག སྤྱིར་རིན་པོ་ཆེ་མཆོག་སྔ་ལོའི་ཕྱི་ཟླ་བཅུ་པའི་ནང་རྒྱ་གར་དུ་ཕྱིར་ཕེབས་གནང་སྟེ་༸གོང་ས་མཆོག་གི་ཞལ་མཇལ་ཞུ་རྒྱུ་དང་རྒྱ་གར་གཞུང་གི་དཔོན་རིགས་ཚོ་དང་མཇལ་འཕྲད་ཐོག་ནས་བཀའ་མོལ་གནང་རྒྱུར་འབད་བརྩོན་གནང་ཡོད་ཀྱང་། རིན་པོ་ཆེ་མཆོག་ནས་ Dominica རྒྱལ་ཁབ་ཀྱི་མི་སེར་བཞེས་ཡོད་སྟབས་རྒྱ་གར་གཞུང་ནས་གནང་བའི་ IC ལག་དེབ་སེར་པོ་དེ་རང་བཞིན་གྱིས་ནུས་མེད་ཆགས་པ་དང་འབྲེལ། ཨ་རིའི་ས་གནས་ New York ནང་རྟེན་གཞི་བྱས་པའི་རྒྱ་གར་གཞུང་ཚབ་ཁང་ལ་འཕྲལ་མར་འབྲེལ་བ་གནང་ཡོད་ཀྱང་། གནད་དོན་དེ་འབྲེལ་ལྡི་ལིར་རྟེན་གཞི་བྱས་པའི་དབུས་ལས་ཁུངས་ལ་འབྲེལ་བ་གནང་དགོས་སྐོར་ལམ་སྟོན་ཕུལ་བ་ལས་ངེས་གཏན་ཁེལ་བའི་ཐག་གཅོད་གནང་མེད་སྟབས་སྐབས་དེར་རྒྱ་གར་དུ་ཕེབས་ཐུབ་མེད་སྐོར་གསུངས་འདུགདེ་བཞིན་རིན་པོ་ཆེ་མཆོག་གིས་སྔ་ལོའི་ཕྱི་ཟླ་བཅུ་གཅིག་ནང་བཞུགས་སྒར་དུ་འཚོགས་གཏན་ཁེལ་བའི་བོད་ཀྱི་ཆོས་བརྒྱུད་ཁག་དང་གཡུང་དྲུང་བོན་བཅས་ཀྱི་ཆོས་ཚོགས་ཐེངས་ ༡༣ པའི་ཐོག་ཕེབས་རྒྱུ་དང་འབྲེལ་མཐོང་མཆན་ཐོབ་ཐབས་གནང་ཡོད་པ་དང་། སྐབས་དེར་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་༸སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་གློ་བུར་དགོངས་པ་གཞན་དོན་དུ་གཤེགས་པར་མྱ་ངན་གུས་འདུད་མཚོན་ཆེད་ཆོས་ཚོགས་དེ་ཕྱིར་འགྱངས་གནང་ཡོད་པ་རེད། འོན་ཀྱང་མཐོང་མཆན་ཐོག་ལ་ཡང་དོན་འབྲས་གང་ཡང་སོན་མེད་སྐོར་སོགས་བཀའ་བསྩལ་བ་དང་སྦྲགས། ད་ལྟའི་ཆར་རིན་པོ་མཆོག་རྒྱ་གར་དུ་ཕྱིར་ཕེབས་ཐུབ་ཕྱིར་རྒྱ་གར་གཞུང་དང་འབྲེལ་བ་མུ་མཐུད་ཞུ་བཞིན་ཡོད་སྟབས། གང་མགྱོགས་རྒྱ་གར་དུ་ཕེབས་ཐུབ་པར་ཐུགས་རེ་གནང་བཞིན་ཡོད་ཅེས་བཀའ་བསྩལ་འདུགགཞན་ཡང་རིན་པོ་ཆེ་མཆོག་ནས་འདས་པའི་བཀའ་བརྒྱུད་སྨོན་ལམ་རིམ་པའི་ཐོག་ནས་བཟང་ཕྱོགས་ཀྱི་འགྱུར་བ་མང་པོ་ཞིག་ཕྱིན་ཡོད་པ་དང་། དེ་དག་ལས་གཙོ་བོ་ནི་གྲྭ་བཙུན་རྣམ་པའི་ཀུན་སྤྱོད་གོང་འཕེལ་གཏོང་རྒྱུ་དང་། དེའང་དམ་ཆོས་འདུལ་བའི་ཉམས་ལེན་ག་ཚོད་ཐུབ་ཐུབ་ཀྱིས་ལག་བསྟར་གནང་རྒྱུ་དང་གོ་རྟོགས་སྤེལ་རྒྱུ་ཡིན་པ་སོགས་ལམ་སྟོན་རྒྱ་ཆེ་བསྩལ་འདུག   རིན་པོ་ཆེ་མཆོག་གིས་སྔ་ལོའི་ནང་རིན་པོ་ཆེ་མཆོག་དང་༸རྒྱལ་དབང་མཐའ་ཡས་རྡོ་རྗེ་མཆོག་རྣམ་གཉིས་དབར་ཕ་རན་སིའི་དབེན་པའི་གྲོང་གསེབ་ཞིག་ཏུ་མཇལ་མོལ་གནང་བ་དེ་ནི་བསྟན་འགྲོ་དོན་ཁོར་ནར་དམིགས་ཏེ་མཇལ་འཕྲད་གནང་བ་ཞིག་ཡིན་ཞེས་བཀའ་ནན་བསྩལ་འདུག་པ་མ་ཟད་ད་ལྟ་དང་མ་འོངས་ག་དུས་ཡིན་རུང༌བསྟན་འགྲོ་སྤྱིའི་སླད་དུ་ཐུགས་རྗེ་མི་ཆུང་བར་གནང་ངེས་ཡིན་ཞེས་བཀའ་བསྩལ་ཡོད་པ་རེད།རིན་པོ་ཆེ་མཆོག་གིས་ཐེངས་འདིའི་བཀའ་བརྒྱུད་སྨོན་ལམ་གྱི་སྦྱིན་བདག་གཙོ་བོ་གཉི་ཤང་གི་སེར་སྐྱ་མི་མང་རྣམས་ནས་ལས་དོན་སྤྱི་ཡོངས་ཐོག་འཐུས་ཚང་གནང་བས་མིང་དོན་མཚུངས་པའི་སྦྱིན་བདག་གནང་བར་ཐུགས་རྗེ་ཆེ་ཞུ་དང་འབྲེལ། མ་འོངས་པར་འབྲས་ལྗོངས་དང་བལ་ཡུལ། འབྲུག་ཡུལ་བཅས་སུ་བཀའ་བརྒྱུད་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པའི་ལྷ་སྡེ་མི་སྡེ་ཚོས་ཀྱང་དེ་ལྟར་གནང་ཐུབ་ཚེ་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་ཆགས་སྐོར་སོགས་ལམ་སྟོན་ཡང་མཛད་འདུག

མོན་གྷོ་འདོད་རྒུ་གླིང་བོད་མིས་ས་གནས་ཡུལ་མིར་ཆུའི་དཀའ་ངལ་སེལ་རོགས་གནང་བ།

རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཀྱི་ལེགས་བཅོས་ཡར་རྒྱས་ཚོགས་པས་རྒྱ་གར་མངའ་སྡེ་གཞུང་མང་ལ་ཐུགས་རྗེ་ཆེ་ཞུ་མཚོན་ཕྱིར་ཟླ་བ་འདིའི་ཕྱི་ཚེས་ ༡༢ ཉིན་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཉེ་ཁུལ་དུ་ཡོད་པའི་རྒྱ་གར་ས་གནས་ཀོ་པ་གྲོང་གསེབ་ལ་འཐུང་ཆུའི་དཀའ་ངལ་སེལ་བའི་རོགས་རམ་གནང་ཡོད་པ་རེད། ལེགས་བཅོས་ལས་འཆར་ཚོགས་པའི་འཐུང་ཆུའི་འགན་འཛིན་བསྟན་འཛིན་དྭགས་པོ་ལགས་ཀྱིས་མོན་གྷོ་འདོད་རྒུ་གླིང་དུ་ལོ་ལྟར་ཕྱི་ཟླ་གསུམ་པ་ནས་བཟུང་ཟླ་བ་གསུམ་ཙམ་རིང་ལ་འཐུང་ཆུའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་ལྟར་ཚོགས་པ་དེའི་ངོས་ནས་དེ་སྔོན་རྭ་སྟོད་གྲྭ་ཚང་གིས་བརྩམས་པའི་ཆར་ཆུ་བསགས་ཏེ་འཐུང་ཆུར་སྤྱོད་སྟངས་ཀྱི་ཐབས་ལམ་དེ་སྤྱད་ནས་ས་གནས་རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞུ་མཚོན་ཕྱིར་ཧིན་སྒོར་འབུམ་ ༢ ལྷག་གི་འགྲོ་གྲོན་བཏང་ནས་དཀའ་ངལ་ཆེ་ཤོས་ཀྱི་ས་གནས་ཀོ་པ་གྲོང་གསེབ་ལ་ཆར་ཆུ་གསོག་འཇོག་གནང་སའི་ཆུ་འཛོད་གསར་རྒྱག་གིས་འཐུང་ཆུའི་དཀའ་ངལ་སེལ་རོགས་གནང་ཡོད་པ་མ་ཟད་ཆར་ཆུ་གསོག་འཇོག་གིས་འཐུང་ཆུར་སྤྱོད་སྟངས་ཀྱི་ཤེས་བྱའི་གོ་རྟོགས་ཀྱང་སྤེལ་ཡོད་པ་རེད། དེ་བཞིན་ཕྱི་ཚེས་ ༡༢ ཉིན་ས་གནས་རྒྱ་གར་དཔོན་རིགས་ཁག་གདན་ཞུའི་ཐོག་ལས་གཞི་དེ་ལེགས་གྲུབ་ཀྱི་དབུ་འབྱེད་ཀྱང་གནང་ཡོད་པ་རེད།རྩ་བའི་ཆར་ཆུ་གསོག་འཇོག་གིས་འཐུང་ཆུར་སྤྱོད་སྟངས་ཀྱི་ཐབས་ལམ་དེ་ནི་ཕྱི་ལོ་ ༢༠༡༧ ལོར་རྭ་སྟོད་གྲྭ་ཚང་གི་ངོས་ནས་དབུ་འཛུགས་གནང་བ་ཞིག་ཡིན་པ་རེད། མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་ལེགས་བཅོས་ལས་འཆར་ཚོགས་པ་དེ་ཕྱི་ལོ་ ༢༠༡༢ ལོར་གསར་འཛུགས་གནང་བ་དང་ཚོགས་པའི་ནང་དགོན་སྡེ་གྲྭ་ཚང་ཁག་གི་མཁན་པོ་དང་ཕྱག་མཛོད། གཞིས་གྲོང་ཁག་གི་སྤྱི་མི་དང་མཉམ་འབྲེལ། གཞོན་ནུ་དང་བེུད་སོགས་ཐོུང་ལས་གྲུབ་པའི་ཚོོགས་པ་ཞིག་ཡིན་པ་རེད།ཚོགས་པའི་དམིགས་ཡུལ་དང་ལས་འཆར་ནི་གཞིས་ཆགས་ནང་མང་ཚོགས་ཀྱི་འཕྲོད་བསྟེན་དང་དཔལ་འབྱོར། ཤེས་ཡོན་སོགས་ཡར་རྒྱས་གཏོང་ཐབས་གཙོས་པའི་གཞིས་ཆགས་ཡར་རྒྱས་དང་མང་ཚོགས་ཀྱི་དཀའ་ངལ་སེལ་ཐབས་གནང་རྒྱུ་བཅས་་ཡིན་པ་རེད།

རྒྱ་གར་གཞོན་སྐྱེས་བོད་དོན་ཉམས་ཞིབ་པའི་ལྷན་ཚོགས་ཐེངས་དང་པོ་དབུ་འཛུགས།

དེ་རིང་ཟླ་ ༡ ཚེས་ ༢༢ ཉིན་སྔ་དྲོ་ཚོུད་ ༩༌༣༠ ཐོག་བོད་ཀྱི་སྲིད་བྱས་ཉམས་ཞིབ་ཁང་གིས་གོ་སྒྲིག་འོག་ཞུགས་སྒར་ཉེ་འདབས་སུ་རྟེན་གཞི་བྱས་པའི་ས་རྭ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་རྒྱ་གར་གཞོན་སྐྱེས་བོད་དོན་ཉམས་ཞིབ་པའི་ལྷན་ཚོགས་ཆེས་ཐོག་མ་དབུ་འཛུགས་གནང་སོང་། ལྷན་ཚོགས་ཀྱི་སྐུ་མགྲོན་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་དང་དམིགས་བསལ་སྐུ་མགྲོན་ཧི་མཱ་ཅལ་མངའ་སྡེའི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་སྐུ་ཞབས་ Kuldip Chand Agnihotri མཆོག་རྣམ་གཉིས་ཀྱིས་དབུས་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཙོ་གྱུར་ཉམས་ཞིབ་པ་རྣམ་པ་དང་རྒྱ་གར་གྱི་གཞོན་སྐྱེས་ཉམས་ཞིབ་པ་བཅས་ལྷན་ཞུགས་གནང་ཡོད་པ་རེད།གཞི་རྩའི་རྒྱ་གར་གཞོན་སྐྱེས་བོད་དོན་ཉམས་ཞིབ་པའི་ལྷན་ཚོགས་ཐེངས་དང་པོའི་ཐོག་རྒྱ་གར་གྱི་ས་གནས་འདྲ་མིན་ནང་ལ་ཡོད་པའི་གཙུག་ལག་སློབ་གཉེར་ཁང་ ༡༣ ཙམ་ནས་བོད་དང་རྒྱ་གར། དེ་བཞིན་རྒྱ་ནག་བཅས་ཀྱི་གནད་དོན་ཐོག་ཉམས་ཞིབ་གནང་བཞིན་པའི་རྒྱ་གར་གྱི་ན་གཞོན་ཉམས་ཞིབ་པ་ ༢༢ ཆེད་ཕེབས་གནང་ཡོད་པ་དང་། ལྷན་ཚོགས་ཀྱི་དགོས་དམིགས་གཙོ་བོ་ནི་རྒྱ་གར་གྱི་གཞོན་སྐྱེས་ཁྲོད་དུ་བོད་ཀྱི་གནད་དོན་ངོ་མ་གསལ་བཤད་གནང་རྒྱུ་དང་། བོད་པ་དང་རྒྱ་གར་བ་ཉམས་ཞིབ་པའི་དབར་དགོངས་ཚུལ་བརྗེ་རེས་ཐུབ་རྒྱུ། ལྷག་དོན་རྒྱ་གཞུང་ནས་ཆབ་སྲིད་ཀྱི་དགོས་དམིགས་ཐོག་ནས་བོད་ཀྱི་གནད་དོན་ལ་འཁྱོག་བཤད་བྱེད་བཞིན་པའི་དུས་སྐབས་འདིར་བོད་པའི་ངོས་ནས་རྒྱ་གར་གྱི་ན་གཞོན་ཉམས་ཞིབ་པ་བརྒྱུད་ནས་རྒྱལ་སྤྱིའི་ཐོག་བོད་ནང་གི་དངོས་ཡོད་གནས་སྟངས་ཁྱབ་སྤེལ་རྒྱ་གང་ཆེ་གནང་རྒྱུ་ཡིན་པ་རེད།སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་སྤྱིར་ཉམས་ཞིབ་ཀྱི་ཐབས་ལམ་ཁག་ངོ་སྤྲོད་གནང་བ་དང་རྒྱ་གར་གྱི་གཞོན་སྐྱེས་ཉམས་ཞིབ་པ་རྣམས་ནས་བོད་དང་འབྲེལ་བའི་གནད་དོན་ཐོག་ཉམས་ཞིབ་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད། ལྷག་དོན་མ་འོངས་པར་རྒྱ་གར་གྱི་ན་གཞོན་ཁྲོད་ནས་བོད་ཀྱི་ད་ལྟའི་གནས་སྟངས་དང་བོད་ཀྱི་ལེགས་བྱང་གཙོ་གྱུར་ཡུལ་གོམས་གཤིས་ལུགས་སོགས་ཀྱི་ཐད་ཉམས་ཞིབ་གནང་མཁན་གང་མང་འཐོན་ཐུབ་ཚེ་རྒྱལ་སྤྱིའི་ཐོག་བོད་ཀྱི་གནད་དོན་ངོ་མ་ཤེས་རྟོགས་ཐུབ་རྒྱུར་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་རེད་ཅེས་གསུངས་ཡོད། དེ་བཞིན་དམིགས་བསལ་སྐུ་མགྲོན་ཧི་མཱ་ཅལ་མངའ་སྡེའི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་སྐུ་ཞབས་ Kuldip Chand Agnihotri མཆོག་གིས་རྒྱལ་སྤྱིའི་གཙུག་ལག་སློབ་གཉེར་ཁང་ཁག་ཏུ་བོད་རིག་པའི་སློབ་ཚན་ཐོག་བསླབ་པ་སློབ་གཉེར་གནང་མཁན་མང་ཆེ་བས་རྒྱ་གར་དང་བོད་ཀྱི་ཆོས་ཕྱོགས་འབྲེལ་ལམ། བཙན་བྱོལ་བོད་མིའི་གནས་སྟངས་སོགས་ཀྱི་ཐོག་ཉམས་ཞིབ་གནང་བའི་དཔྱད་རྩོམ་སྤེལ་བཞིན་ཡོད་པ་དང་། དེང་སྐབས་འཚར་ལོངས་འབྱུང་བཞིན་པའི་གཞོན་སྐྱེས་ཉམས་ཞིབ་པ་རྣམས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་ཙམ་མ་ཡིན་པར་རྒྱ་གར་གཞུང་ནས་བོད་ཀྱི་གནད་དོན་ཐོག་རོགས་སྐྱོར་གང་འདྲ་གནང་དགོས་མིན་གནད་དོན་སོགས་ཀྱི་ཐད་ཉམས་ཞིབ་གནང་ནས་དཔྱད་རྩོམ་གང་མང་སྤེལ་ཚེ་དགེ་མཚན་ཆེན་པོ་ཡོད་སྐོར་གསུངས་ཡོད།ཁོང་གིས་ང་ཚོ་རྒྱ་གར་བ་རྣམས་ནས་རྒྱ་ནག་གི་སེམས་འགུག་ཐབས་སུ་བོད་ཀྱི་གནད་དོན་ཐོག་ཁུ་སིམ་པོར་བཞུགས་ན། རྒྱ་གར་ལ་ཕན་ཐོགས་མེད་པ་དང་ལྷག་པར་དུ་རྒྱ་ནག་གིས་མུ་མཐུད་བོད་མིའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་ངེས་ཡིན་སྟབས། རྒྱ་གར་ཡུལ་མི་རྣམས་ནས་བོད་ཀྱི་བདེན་མཐའ་གསལ་ཐབས་སུ་འབད་བརྩོན་གནང་དགོས་པ་མ་ཟད་དེས་འཕགས་བོད་གཉིས་ཀར་ཕན་ཐོགས་ཡོད་པ་སོགས་གསུངས་ཡོད་པ་རེད། ལྷན་ཚོགས་འདི་དེ་རིང་ཟླ་ ༡ ཚེས་ ༢༢ ཉིན་དབུ་འཛུགས་ཀྱིས་གནངས་ཚེས་ ༢༤ བར་ཚོགས་ཀྱི་ཡོད་པ་ལྟར། ཉམས་ཞིབ་པ་རྣམས་ནས་བཙན་བྱོལ་བོད་མིའི་གནས་སྟངས་དང་། བཙན་བྱོལ་གཞུང་གི་འཛིན་སྐྱོང་དང་སྲིད་བྱུས། རྩ་བརླག་གཏོང་བཞིན་པའི་བོད་ཀྱི་རིག་གནས། བོད་དང་རྒྱ་ནག་གི་འབྲེལ་བ། བོད་དང་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་གནས་སྟངས། གདོང་ལེན་གནང་དགོས་པའི་བོད་ཀྱི་གནད་དོན་སོགས། བོད་དང་རྒྱ་གར། དེ་བཞིན་རྒྱ་ནག་བཅས་དང་འབྲེལ་བའི་གནད་དོན་ཐོག་ཉམས་ཞིབ་གནང་བའི་གྲུབ་དོན་དག་ལ་གྲོས་བསྡུར་སྦྱང་བཤད་གནང་རྒྱུ་ཡིན་པ་མ་ཟད། ཚོགས་དུས་ཉིན་མཐའ་མའི་སྔ་དྲོ་ཚོུད་ ༡༠ སྟེང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་༸རྒྱལ་བའི་ཕོ་བྲང་དུ་༸གང་ཉིད་མཆོག་དང་ལྷན་བཀའ་བསྡུར་གྱི་མཛད་རིམ་ཞིག་ཀྱང་གནང་གཏན་ཁེལ་ཡོད་པ་རེད།

རྒྱ་གར་ནུབ་ཕྱོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་ཚོགས་རྒྱས་པ།

ཁ་ཉིན་ཚེས་ ༡༩ དང་ ༢༠ བཅས་ཉིན་གཉིས་ཀྱི་རིང་རྒྱ་གར་གྱི་རྒྱལ་ས་མུམ་བའི་ Core group for Tibetan Cause དང་མུམ་བའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་གོ་སྒྲིག་འོག་བོད་ནང་གི་ཛ་དྲག་གནས་སྟངས་གཙོ་གྱུར་བོད་དོན་ལས་འགུལ་གྱི་ནུས་ཤུགས་ཆེ་རུ་གཏོང་ཐབས་གནང་རྒྱུའི་ཐད་རྒྱ་གར་ནུབ་ཕྱོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་ཚོགས་ཤིག་ཚོགས་ཡོད་པ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུ་ཕུལ་ཡོད་པ་རེད།བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་ལྷན་ཚོགས་དེའི་ཐོག་ཧིན་བོད་མཛའ་འབྲེལ་ཚོགས་པ་དང་འཕགས་བོད་འབྲེལ་མཐུད་ཚོགས་པ།   National Campaign for Free Tibet Supports ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་རྒྱ་གར་ནུབ་ཕྱོགས་ས་ཁུལ་མདྷྱ་མངའ་སྡེ་དང་མ་ཧཱ་རཱཤྚ། གུ་ཇུ་རཱཏ། དེ་བཞིན་གྷོ་ཝ་སོགས་ནས་རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་འཐུས་མི་གྲངས་ ༡༥༠ ལྷག་ཙམ་ཚོགས་ཞུགས་གནང་ཐོག་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ། བོད་ཀྱི་རིག་གཞུང་རྩ་གཏོར། ཆབ་སྲིད་དྲག་གནོན། དཔལ་འབྱོར་དབྱེ་འབྱེད། ཁོར་ཡུག་གཏོར་བཤིག གཏེར་ཁ་སྔོག་འདོན། མི་འབོར་སྤོ་ཤུགས་བཅས་ཀྱི་བརྗོད་གཞིའི་ཐོག་གོ་བསྡུར་སྦྱང་བཤད་གནང་བ་དང་ཆབས་ཅིག་ཏུ་བོད་དོན་ལས་འགུལ་གྱི་ནུས་ཤུགས་ཆེ་རུ་གཏང་རྒྱུའི་གྲོས་བསྡུར་གནང་འདུགའཕྲོད་བསྟེན་བཀའ་བློན་མཆོག་གིས་རྒྱ་གར་གཞུང་མང་གཉིས་ནས་༸གོང་ས་མཆོག་གི་དབུས་འོག་ཏུ་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ལ་སྲུང་སྐྱོབ་གནང་རྒྱུའི་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། འཛམ་གླིང་སྤྱི་དང་བྱེ་བྲག་ཏུ་ཨེ་ཤ་ཡའི་རྒྱལ་ཁབ་ཀུན་གྱི་ཆུའི་འབྱུང་ཁུངས་གཙོ་བོ་ནི་བོད་ཆགས་ཡོད་སྟབས། བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་གནང་རྒྱུའི་གལ་གནད་གཙོས་པའི་རྒྱ་ནག་ནས་བོད་ས་ཡོངས་རྫོགས་བཙན་བཟུང་བྱེད་ཚུལ། འཕགས་བོད་གཉིས་ཀྱི་ལོ་རྒྱུས་འབྲེལ་ལམ། བོད་ནང་ད་བར་བོད་མི་ ༡༥༤ ནས་རྒྱ་གཞུང་ལ་ངོ་རྒོལ་གྱིས་༸གོང་ས་མཆོག་བོད་ལ་གདན་ཞུ་གནང་དགོས་པ་དང་། བོད་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་ཆོས་དད་རང་དབང་དགོས་པའི་དགོས་འདུན་ཆེད་བཏོན་ཐོག་རང་ལུས་མེར་བསྲེགས་གནང་ཡོད་པ་སོགས་ངོ་སྤྲོད་ཞིབ་རྒྱས་གནང་འདུགདེ་བཞིན་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཨེ་ཤ་ཡའི་འབྲེལ་མཐུད་པ་བློ་བཟང་དབྱངས་མཚོ་ལགས་ཀྱིས་བོད་ཀྱི་སྣོད་བཅུད་དང་འབྲེལ་བའི་གོ་རྟོགས་སྤེལ་ཡོད་པ་མ་ཟད། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཐོག་མཁས་དབང་ཁག་ཅིག་དང་། དེ་བཞིན་ཁོར་ཡུག་དང་སྤྱི་ཚོགས་ལས་འགུལ་བ། ཉམས་ཞིབ་པ་འགའ་ཞིག་ནས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་དང་། བོད་ཀྱི་གནད་དོན། བོད་ཀྱི་ཁོར་ཡུག་སོགས་ཀྱི་ཐོག་གསུང་བཤད་གནང་ཡོད་པ་རེད། ལྷན་ཚོགས་ཀྱི་མཇུག་སྡོམ་མཛད་སྒོའི་ཐོག་འདི་ལོར་རྒྱ་གར་གྱི་ནུབ་ཕྱོགས་ས་ཁུལ་དུ་བོད་དོན་ལས་འགུལ་གྱི་ནུས་ཤུགས་མཐོ་རུ་གཏོང་ཐབས་བཅས་ཀྱི་ཐོག་གྲོས་བསྡུར་བྱུང་འདུག

གྷོ་གྷལ་གྱི་ Dragonfly འཚོལ་བཤེར་མ་ལག་གི་ལས་གཞི་མཚམས་འཇོག་དགོས།

དེ་རིང་སྔ་དྲོ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ Gurgaon ཁུལ་དུ་ཡོད་པའི་གྷོ་གྷལ་གྱི་ལས་ཁུངས་མདུན་དུ་བོད་ཀྱི་བུད་མེད་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་བཅས་ཁྱོན་མི་གྲངས་ ༢༠ ལྷག་ཙམ་ཞིག་ནས་ཚོང་འབྲེལ་ཁེ་ཕན་ཆེད་དུ་རང་དབང་བརྩི་མེད་རྡོག་རོལ་མ་གནང་རོགས། མཉེན་ཆས་གསར་པ་དེས་རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་བོད་མི་དང་ཡུ་གུར་སོགས་ཀྱི་མི་རིགས་ཚོར་དྲྭ་རྒྱའི་རང་དབང་ལོངས་སུ་སྤྱོད་རྒྱུར་འགོག་རྐྱེན་བཟོ་རྒྱུ་ཡིན་པ་སོགས་ཀྱི་ཡིག་བྱང་བསྣམས་ནས་ལས་འགུལ་སྤེལ་ཡོད་པ་མ་ཟད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གཉིས་ཀྱི་སྐུ་ཚབ་གཉིས་དངོས་སུ་གྷོ་གྷལ་གྱི་ལས་ཁུངས་ནང་ཆེད་བཅར་གྱིས་ཁོང་ཚོའི་ཁྲིམས་ཀྱི་སློབ་སྟོན་པ་སྐུ་ཞབས་ Diwarkar དང་ཐུག་འཕྲད་བརྒྱུད་ dragonfly ལས་འཆར་དེ་མཚམས་འཇོགས་གནང་དགོས་པའི་འབོད་སྐུལ་སོགས་ཀྱང་ཞུས་ཡོད་པ་རེད།རྒྱལ་ས་ལྡི་ལི་ Gurgaon  ཁུལ་དུ་ཡོད་པའི་རྒྱ་གར་གྱི་གྷོ་གྷལ་ལས་ཁུངས་མདུན་དུ་ལས་འགུལ་སྤེལ་བའི་སྐབས་དབུས་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་ཁག་གཅིག་དང་ལྡི་ལི་བོད་སྒར་བསམ་ཡས་གླིང་གི་ས་གནས་རྒྱུན་ལས་རྣམ་པ། དེ་བཞིན་རོ་ཧི་ནི་བོད་ཕྲུག་སྡོད་ཁང་གི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་བཅས་ལས་འགུལ་བ་མི་གྲངས་ ༢༠ ལྷག་ཙམ་ཕེབས་ནས་གྷོ་གྷལ་ཚོང་ལས་ཁང་ནས་ Dragonfly འཚོལ་བཤེར་མ་ལག་གི་ལས་གཞི་མཚམས་འཇོག་གནང་དགོས་པའི་ཞུ་སྐུལ་གནང་ཡོད་པ་རེད།གཞི་རྩའི་ Google ཚོང་ལས་ཁང་ནས་འདི་ལོའི་ཟླ་ ༧ ནང་རྒྱ་ནག་གཞུང་གི་དགོས་མཁོ་དང་མཐུན་པའི་འཚོལ་བཤེར་མ་ལག་དེ་གསང་བའི་ཐོག་བཟོ་སྐྲུན་བྱས་པའི་གནས་ཚུལ་ཕྱིར་གྱར་བྱུང་རྗེས་འདི་ལོའི་ཟླ་ ༨ ནང་གྷོ་གྷལ་གྱི་ལས་བྱེད་ ༡༤༠༠ ཙམ་གྱིས་ཡིག་ཐོག་སྙན་ཞུ་བྲིས་སྟེ་ངོ་རྒོལ་བྱས་པ་མ་ཟད། གནད་དོན་དེ་དང་འབྲེལ་ཟླ་ ༡༢ ནང་ཨ་རིའི་གྲོས་ཚོགས་འོག་མའི་ཁྲིམས་ཞིབ་ཚོགས་ཆུང་གི་ཉན་ཞིབ་ལས་རིམ་ཐོག་གྷོ་གྷལ་ཚོང་ལས་ཁང་གི་གཙོ་འཛིན་ Sundar Pichai ལགས་ཆེད་འབོད་ཀྱིས་ཉན་ཞིབ་གནང་སྐབས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འཐུས་མི་དང་དང་ཡུ་གུར་ལས་འགུལ་བ་གཙོ་གྱུར་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་ཁག་གཅིག་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་རྗེས་ཚོང་ལས་ཁང་དེའི་འགོ་གཙོ་རྣམས་ནས་ལས་གཞི་དེ་གནས་སྐབས་རིང་མཚམས་འཇོག་བྱས་ཡོད་ཚུལ་གྱི་གནས་ཚུལ་ཐོན་ཡོད་པ་རེད།

རྒྱ་གཞུང་གིས་བོད་མིའི་ཐོག་བཙན་གནོན་གྱི་བྱ་སྤྱོད་མུ་མཐུད་སྤེལ་བཞིན་པ་གསལ་བཏོན།

ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་འཛམ་གླིང་རྒྱལ་ཁབ་ ༩༠ ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཞིབ་འཇུག་གནང་བའི་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་རྒྱ་གཞུང་གིས་བོད་མིའི་ཐོག་བཙན་གནོན་གྱི་བྱ་སྤྱོད་མུ་མཐུད་སྤེལ་བཞིན་ཡོད་པ་གསལ་བཏོན་གནང་འདུག འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ལོ་འཁོར་སྙན་ཐོ་དེའི་རྒྱ་ནག་གི་ཚན་པ་ནང་གསེས་བོད་སྐོར་སྡེ་ཚན་ཟུར་བཀོད་གནང་འདུག་པ་དེའི་ནང་། རྒྱ་གཞུང་གིས་བོད་ནང་གི་བོད་མིའི་ཆོས་དད་དང་གཏམ་བརྗོད་རང་དབང་། འགྲུལ་བཞུད་རང་དབང་སོགས་ལ་དམ་དྲག་ཤུགས་ཆེ་བྱེད་མུས་ཡིན་པ་མ་ཟད། བོད་ཀྱི་ས་ཁུལ་ཁག་ཏུ་རྒྱ་གཞུང་གི་འགོ་ཁྲིད་མི་སྣས་ས་གནས་བོད་མིའི་ས་ཁང་བཙན་འཕྲོག་དང་གཏེར་ཁ་སྔོག་འདོན་ཚད་འགལ་གྱི་བྱ་སྤྱོད་སོགས་སྤེལ་བའི་ཁྲོད་བཙན་གནོན་གྱི་གནས་འབབ་འོག་བོད་མིའི་འགྲུལ་བསྐྱོད་ལ་ལྟ་རྟོག་ནན་པོ་བྱས་ཏེ་སྤྱི་ཚོགས་དྲྭ་རྒྱ་དང་ཁ་པར་ལ་ཞིབ་བཤེར་མུ་མཐུད་བྱེད་བཞིན་ཡོད་པ་སོགས་ཀྱི་གནས་སྟངས་དངོས་གསལ་བཏོན་གནང་འདུག སྙན་ཐོའི་ནང་ད་དུང་བོད་མི་ཆབ་སྲིད་བཙོན་ཟུར་ཚེ་མགོན་རྒྱལ་ལ་ལོ་གསུམ་བཙོན་འཇུག་དང་བོད་མི་སྐད་ཡིག་སྲུང་སྐྱོབ་པ་བཀྲིས་དབང་ཕྱུག་ལགས་ལོ་ལྔ་བཙོན་འཇུག་གི་ཁྲིམས་བཅད་ཡོད་པ་དེ་ཡང་གཞི་མེད་ཀྱི་སྐྱོན་འཛུགས་བྱས་ཏེ་ཁྲིམས་ཆད་བཏང་སྐོར་སྐྱོན་བརྗོད་བྱས་པ་དང་འབྲེལ། སྔ་ལོ་གནས་མཆོག་རྡོ་རྗེ་གདན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དྲུང་ནས་གསུང་ཆོས་ཞུས་བར་བཅར་བའི་བོད་ནང་གི་བོད་མི་བརྒྱ་ཕྲག་ཁ་ཤས་ལ་རྒྱ་གཞུང་གིས་ཕྱིར་ལོག་དགོས་པའི་བཙན་བཀའ་བཏང་བ་དང་། གལ་ཏེ་དུས་བཅད་ནང་ཕྱིར་ལོག་མ་གནང་ཚེ་ཉེས་ཆད་གཏོང་རྒྱུའི་འཇིགས་སྐུལ་བྱས་པ་དང་བོད་ཀྱི་དགོན་སྡེ་དང་སློབ་གྲྭ་ཁག་གི་ནང་ཆབ་སྲིད་ཀྱི་སློབ་གསོའི་ལས་འགུལ་སྤེལ་ཤུགས་ཆེ་རུ་བཏང་བ་སོགས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ནི་མུ་མཐུད་ནས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་མངོན་གསལ་གནང་འདུག ཚོགས་པའི་གཙོ་འཛིན་སྐུ་ཞབས་ Kenneth Roth ལགས་ཀྱིས་ཁ་སང་སྙན་ཐོ་དེ་འདོན་སྤེལ་གནང་སྐབས་སུ་རྒྱ་གཞུང་གིས་ཤིན་ཅང་གི་ཡུ་གུར་མི་རིགས་ས་ཡ་བརྒལ་བར་བཀག་ཉར་བྱེད་བཞིན་པའི་གནས་ཚུལ་དེ་ནི་འཛམ་གླིང་ཁྱོན་ནས་དོ་སྣང་མ་གནང་བའི་གནད་དོན་ཆེ་གྲས་ཤིག་ཆགས་ཡོད་པར་འགྲེལ་བརྗོད་དང་ཨ་རི་དང་དབྱིན་ཡུལ་གཙོ་གྱུར་ནུབ་ཕྱོགས་རྒྱལ་ཁབ་ཙམ་མིན་པར་རྒྱལ་ཁབ་ཆུང་གྲས་དང་ལྷག་དོན་ OIC ལྟ་བུ་ཁ་ཆེའི་ཚོགས་སྡེ་ཁག་ནས་ཀྱང་གནད་དོན་དེའི་ཐོག་དོ་སྣང་གནང་རྒྱུར་རེ་བ་གནང་བཞིན་ཡོད་པ་གསུངས་འདུག གཞི་རྩའི་སྐུ་ཞབས་ Kenneth Roth ཡིས་ཁ་སང་རེས་གཟའ་ཕུར་བུ་ཉིན་ཚོགས་པའི་ལོ་རེའི་སྙན་ཐོ་དེ་འདོན་སྤེལ་གནང་བའི་སྔོན་གླེང་ནང་ཚོགས་པ་དེའི་ངོས་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཞིབ་འཇུག་གནང་པའི་ཁྲོད་འདས་ལོའི་ནང་འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་གི་ནང་སྲིད་དབང་སྒེར་གཅོད་སྲིད་གཞུང་ཁག་ལ་མང་ཚོགས་ནས་འགོག་རྒོལ་བྱས་པའི་རྣམ་པ་འབུར་ཐོན་བྱུང་ཡོད་པར་མངོན་གསལ་དང་འགོག་རྒོལ་ལས་འགུལ་དེ་དག་ལ་བཟང་ཕྱོགས་ཀྱི་གནས་ཚུལ་མང་པོ་བྱུང་བ་མ་ཟད། རྒྱལ་སྤྱིའི་ཁྱོན་དུ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུའི་ནུས་ཤུགས་གསར་པ་ཞིག་ཀྱང་འཐོན་བཞིན་ཡོད་པ་གསུངས་འདུག

རྒྱ་ནག་གིས་མི་ཆིག་སྟོང་ལྷག་བོད་དུ་འགྲོ་རྒྱུར་བཀག་སྡོམ་བྱས་པ།

རྒྱ་ནག་གིས་ས་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་མི་ཞིབ་བཤེར་ལས་ཁུངས་ཀྱིས་བོད་དུ་ནང་འཛུལ་དང་ཕྱིར་བསྐྱོད་ཀྱི་འགྲིམ་འགྲུལ་ཐད་ནས་བཀག་སྡོམ་གྱི་ལས་གཞི་དོ་དམ་སྔར་ལས་ཤུགས་ཆེར་བཏང་ཡོད་སྟབས་ཕྱི་ལོ་ ༢༠༡༨ ལོར་མི་ ༡༠༠༠ ལྷག་བོད་དུ་འགྲོ་རྒྱུར་བཀག་སྡོམ་བྱས་ཡོད་པ་རེད། ཁ་སང་རྒྱ་ནག་གི་གྷོ་ལོ་བྷལ་གསར་ཁང་ལ་ས་མཚམས་དོ་དམ་ལས་ཁུངས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་བཀོད་པར་ཕྱི་ལོ་ ༢༠༡༨ ཟླ་ ༧ པ་ནས་བཟུང་རྒྱ་ནག་གིས་བོད་ཁུལ་དུ་ཕྱིར་བསྐྱོད་དང་ནང་འཛུལ་གྱི་སྲིད་བྱུས་ཇེ་དམ་དུ་བཏང་ཡོད་སྟབས་ལོ་ཕྱེད་ནང་བོད་ཁུལ་དུ་འགྲུལ་བཞུད་ཀྱི་བརྒྱ་ཆ་ ༨༠ ཙམ་མར་ཆག་ཡོད་པ་བཀོད་འདུག ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༧ པའི་ནང་བོད་དུ་ཁྲིམས་འགལ་གྱིས་ཕྱིར་བསྐྱོད་དང་ནང་འཛུལ་བྱེད་མཁན་གྱི་དོན་རྐྱེན་ཇེ་མང་དུ་ཕྱིན་པས་ཕྱི་མི་ཞིབ་བཤེར་ལས་ཁུངས་ཀྱིས་བཅིངས་བཀྲོལ་དམག་མི་དང་མཉམ་འབྲེལ་གྱིས་ས་མཚམས་ཞིབ་བཤེར་གྱི་ལས་གཞིར་སྔར་ལྷག་ཤུགས་སྣོན་བརྒྱབ་ཡོད་པ་རེད། བོད་ནང་གི་འགྲིམ་འགྲུལ་ཞིབ་བཤེར་ལས་ཁུངས་ཀྱི་སྐུ་ཞབས་ཡཱོན་པེན་གྱིས་གསར་ལམ་དུ་འགྲེལ་བརྗོད་ཀྱིས་བོད་ཁུལ་དུ་ནང་མི་ཕྱིར་བསྐྱོད་དང་ཕྱི་མི་ནང་འཛུལ་གྱི་འགན་ཆ་ཚང་ང་ཚོར་ཡོད་སྟབས་ང་ཚོས་གཟབ་ནན་གྱིས་ཁྲིམས་འགལ་རང་བཞིན་གྱི་འགྲིམ་འགྲུལ་ལ་དོ་དམ་ནན་པོ་བྱས་ཏེ་རྒྱལ་ནང་དང་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་དག་ལ་ཞབས་ཞུའི་རྣམ་པ་ཇེ་ལེགས་སུ་གཏོང་མུས་ཡིན་པར་བརྗོད་འདུག དེ་བཞིན་བོད་ནང་གི་ཕྱི་མི་ཞིབ་བཤེར་ལས་ཁུངས་ཀྱིས་ཕྱི་ལོག་ནས་འཇིགས་སྐུལ་རིང་ལུགས་པ་དང་ཉེས་ཅན་གྱི་རིགས་རྒྱ་ནག་དང་བོད་ནང་མི་འཛུལ་བར་ལྟ་རྟོག་ནན་པོ་བྱེད་པའི་ལས་གཞི་རྒྱ་སྐྱེད་བྱས་ཡོད་པས་ཕྱི་ལོ་ ༢༠༡༨ ལོར་མི་འབོར་ ༡༠༠༠༠༠ ལྷག་དང་རླངས་འཁོར་ ༥༠༠༠༠༠ ལྷག་ལ་ཞིབ་བཤེར་ནན་པོ་བྱས་ཡོད་པའི་ཁྲོད་བོད་དུ་ནང་འཛུལ་བྱེད་མཁན་གྱི་ཁྲོད་ནས་ཁྲིམས་སྒྲིག་འོས་འཚམས་མིན་པའི་མི་གྲངས་ ༡༠༠༠ ལྷག་བོད་དུ་འགྲོ་རྒྱུར་བཀག་སྡོམ་བྱས་འདུགརྒྱ་གཞུང་གིས་བདེ་སྲུང་གི་ལས་བྱེད་ ༡༦༠༠༠ ལྷག་གི་ཆེད་དུ་ས་མཚམས་ཀྱི་དུད་ཚང་གྲངས་ ༢༡༠༠༠ ལྷག་ལ་མངགས་གཏོང་གིས་ཞིང་ཆེན་གཞན་ནས་ཡོང་བའི་མི་གྲངས་ ༤༨༠༠༠ ལྷག་ཐོ་འགོད་བྱེད་དུ་བཅུག་ཡོད་པ་ལྟར། ས་ཁུལ་ཁག་བདུན་གྱིས་རྒྱ་ནག་གི་ཞིབ་བཤེར་ལས་གཞིའི་ཐད་མཉམ་ལས་ཀྱི་ནུས་པ་ཐོན་ཡོད་པར་བསྒྲགས་ནས་རྒྱ་སྒོར་ ༨༤༠༠༠ ལྷག་གི་བྱ་དགའ་སྤྲད་འདུག རྩ་བའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་ཀྱིས་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་ཏེ། རྒྱ་གཞུག་གིས་མཐའ་མཚམས་སུ་ལྟ་རྟོག་ནན་པོ་བྱེད་བཞིན་པར་བརྟེན་ཕྱི་ལོ་ ༢༠༡༨ ནས་ ༢༠༡༩ ལོར་བོད་ནང་ནས་བོད་མི་ ༨༠ ཙམ་མ་གཏོགས་རྒྱ་གར་དུ་ཕེབས་ཐུབ་མེད་པར་གསལ་ཁ་གནང་འདུག དེ་བཞིན་འདི་ལོ་ནང་རྡོར་གདན་དུ་༸གོང་ས་མཆོག་གི་བཀའ་ཆོས་སྐབས་སུ་ཡང་རྒྱ་ནག་སྲིདགཞུང་གིས་བོད་ཁུལ་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་མང་དག་ཅིག་འཕྲལ་དུ་ཉིན་གསུམ་གྱི་ནང་ཕྱིར་ལོག་དགོས་པའི་བཀའ་རྒྱ་བཏང་བའི་གནས་ཚུལ་ཐོན་ཡོད་པ་རེད། དེ་རིང་སླར་བལ་ཡུལ་སྲིད་གཞུང་གིས་འདས་པའི་ལོ་གཅིག་གི་ནང་ཕྱི་རྒྱལ་གྱི་མི་གྲངས་ ༨༤ ལྷག་ཕྱིར་ཕུད་བཏང་ཡོད་པའི་གསར་འགྱུར་སྤེལ་ཡོད་པ་ལས་མང་ཤོས་རྒྱ་ནག་གི་མི་ཡིན་པར་བཀོད་ཡོད་ཀྱང་དེའི་ནང་ཕལ་མོ་ཆེ་བོད་རིགས་ཡོད་སྲིད་པ་ཞིག་རེད།

བོད་དུ་༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་རྗེས་དྲན་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ་ཚོགས་པ།

ཉེ་ཆར་རྒྱ་གཞུང་གིས་དབྱེ་བའི་བོད་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་ལོ་ངོ་ ༣༠ འཁོར་བའི་རྗེས་དྲན་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ་ཚོགས་ཡོད་པ་རེད།ཀྲུང་གོའི་བོད་སྐད་དྲྭ་ཐོག་ཏུ་གནས་ཚུལ་སྤེལ་བར་༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་རྗེས་དྲན་བགྲོ་གླེང་དེ་ཟླ་ ༡ ཚེས་ ༡༤ ཉིན་མཚོ་སྔོན་ཞིང་ཆེན་རྗེ་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པས་གོ་སྒྲིག་འོག་ཚོགས་འདུག་པ་དང་། དེའི་ཐོག་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་གཙོ་འཛིན་གཞོན་པ་རིན་ཆེན་རྣམ་རྒྱལ་དང་མཚོ་སྔོན་ཞིང་ཆེན་སྲིད་གྲོས་མི་རིགས་ཆོས་ལུགས་ལས་དོན་ལྷན་ཁང་གི་གཙོ་འཛིན་རིན་ཝང་ཕིང་ཧཱ་བཅས་ས་གནས་ཀྱི་འགོ་ཁྲིད་དང་དེ་བཞིན་པེ་ཅིང་དང་བོད་ལྗོངས། སི་ཁྲོན། ཀན་སུའུ། ཡུན་ནན་བཅས་ནས་ཕེབས་པའི་རིག་གནས་པ་དང་ཆེད་མཁས་མི་སྣ་ ༡༥༠ ལྷག་གིས་མཉམ་ཞུགས་གནང་ཐོག་༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་རྒྱལ་ཁབ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། བོད་རིགས་ས་ཁུལ་གྱི་སློབ་གསོ་དང་དཔལ་འབྱོར་གོང་འཕེལ་སོགས་ཀྱི་ཐད་བསུབ་ཐབས་མེད་པའི་མཛད་རྗེས་བཞག་ཡོད་པར་ཆེ་བསྟོད་དང་སྦྲགས། རིན་པོ་ཆེའི་ཐུགས་རྒྱུད་བཟང་བ་དང་ཐུགས་གཤིས་དྲང་བ། དེ་བཞིན་བྱམས་བརྩེའི་ངང་ཚུལ་ལྡན་པ་བཅས་ལ་རྗེས་དྲན་ཞུས་འདུགཐེངས་འདིའི་རྗེས་དྲན་བགྲོ་གླེང་བརྒྱུད་༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ནི་རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་བློ་དཀར་སེམས་དཀར་གྱི་གྲོགས་པོ། དེ་བཞིན་སྐད་གྲགས་ལྡན་པའི་རྒྱལ་དོན་གནང་སྒོ་མཁས་ཅན། བོད་བརྒྱུད་ནང་བསྟན་གྱི་ཕུལ་དུ་བྱུང་བའི་གཙོ་འཛིན་བཅས་ཡིན་པ་སོགས་ཀྱི་ཆེ་བསྟོད་ཞུས་ཡོད། རྩ་བའི་འདི་ལོ་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་དགོངས་པ་རྫོགས་ནས་ལོ་ངོ་སུམ་ཅུ་འཁོར་པའི་དུས་དྲན་དང་བསྟུན། གཞིས་བྱེས་གཉིས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོ་བོར་གྱུར་པའི་བོད་ནང་ཆོས་ཕྱོགས་ཀྱི་འདས་མཆོད་བྱེད་སྒོ་ཁག་ཟླ་བ་གཅིག་སྔ་སྣུར་གྱིས་མཆོད་འབུལ་སྨོན་ལམ་དང་། ཡིག་གཟུགས་དང་སྐུ་པར། ཐང་ཀ་བཅས་ཀྱི་རིས་མོ་འགྲེམས་སྟོན་བརྒྱུད་༸པཎ་ཆེན་རིན་པོ་ཆེའི་༸སྐུ་ཚེའི་མཛད་རྗེས་ལ་སྔར་དང་མི་འདྲ་བའི་ཆེ་བསྟོད་ཀྱིས་རྗེས་དྲན་ཞུས་འདུག་པ་མ་ཟད་༸པཎ་ཆེན་རིན་པོ་ཆེའི་ཆེད་དོན་དགོང་ཚོགས་བཅས་ཚོགས་ཡོད་པ་རེད།བོད་ཕྱི་ནང་གཉིས་ཀྱི་དྲྭ་ལམ་ཁག་ཏུ་བོད་མི་ཚོས་༸པཎ་ཆེན་རིན་པོ་ཆེའི་བཀའ་སློབ་དང་༸སྐུ་པར་ཕྱོགས་སྒྲིག་གིས་མཛད་རྗེས་གླེང་བ་མ་ཟད། ཉེ་ཆར་བོད་ལུགས་ཀྱི་བོད་ཟླ་ ༡༡ ཚེས་ ༢༡ ཉིན་གནས་མཆོག་རྡོ་རྗེ་གདན་དུ་རྒྱ་གར་ལྷོ་ཕྱོགས་གདན་ས་བཀྲིས་ལྷུན་པོས་གོ་སྒྲིག་གནང་ཐོག་དགོངས་རྫོགས་ཀྱི་མཆོད་འབུལ་སྨོན་ལམ་རྒྱ་ཆེ་གནང་ཡོད་པ་རེད། ལྷག་དོན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག་གནས་མཆོག་རྡོ་རྗེ་གདན་གྱི་ཆོས་འབྲེལ་སྐབས་སུའང་བཟང་སྤྱོད་སྨོན་ལམ་གསུང་འདོན་སོགས་གནང་བ་མ་ཟད། ༸གང་ཉིད་མཆོག་གིས་བརྙན་ཐུང་བརྒྱུད་༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དགོངས་པ་རྫོགས་པ་དེ་ནི་བོད་མིའི་བསོད་ནམས་མ་ཆུད་པ་བྱུང་ཡོད་པར་བཀའ་བསྩལ་ཡོད།

Latest news