Tibetan Royal Year of 2151 | Year of the Wood Dragon

བཙན་བྱོལ།

གངས་ལྗོངས་ནོར་འབྲས་བཟོ་གྲྭས་འབྲས་རིགས་ཁྱབ་སྤེལ་དང་ཚོང་འགྲེམ།

དེ་རིང་སྔ་དྲོ་ཚོུད་ ༡༡ ཐོག་བཞུགས་དྷ་རམ་ས་ལ་གངས་ཅན་སྐྱིད་ཤོངས་ཀྱི་གཉའ་ཁྲི་ཚོགས་ཁང་དུ་བྷན་ད་ར་ནོར་རྒྱས་གླིང་ས་གནས་མཉམ་འབྲེལ་གྱི་ཚོགས་གཙོ་ཕུན་ཚོགས་བཀྲ་ཤིས་ལགས་དང་དྲུང་ཆེ་བསྟན་འཛིན་ཕན་བདེ་ལགས། བོད་མིའི་སྒྲིག་འཛུགས་འཆར་འགོད་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་འབུམ་རམམ་པ་དཀོན་མཆོག་བརྩོན་འགྲུས་ལགས། ནང་སྲིད་དྲུང་འཕར་ཀརྨ་ཆོས་དབྱིངས་ལགས་བཅས་ལྷན་ཞུགས་ཐོག་གསར་འགོད་ལྷན་ཚོགས་བརྒྱུད་བྷན་ད་ར་ནོར་རྒྱས་གླིང་ས་གནས་མཉམ་འབྲེལ་གྱི་གངས་ལྗོངས་ནོར་འབྲས་བཟོ་གྲྭས་ཆེས་ཐོག་མའི་ལོ་ཏོག་འབྲས་རིགས་མི་འདྲ་བ་བཞི་ངོ་སྤྲོད་ཁྱབ་སྤེལ་དང་ཚོང་འགྲེམ་དབུ་འཛུགས་གནང་སོང་། གཞི་རྩའི་བྷན་ད་ར་ནོར་རྒྱས་གླིང་ས་གནས་མཉམ་འབྲེལ་གྱི་གངས་ལྗོངས་ནོར་འབྲས་བཟོ་གྲྭ་དེ་ཐོག་མར་ཕྱི་ལོ་ ༢༠༡༤ ལོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ས་གནས་སུ་ཆིབས་བསྒྱུར་བཀའ་དྲིན་མཛད་སྐབས་ས་གནས་བོད་མིའི་འཚོ་ཐབས་ལ་ཕན་སླད་འབྲས་ཐག་གི་འཕྲུལ་ཆས་གསར་ཉོའི་ཆེད་དུ་མ་དངུལ་ཧིན་སྒོར་འབུམ་ ༡༥༧ གསོལ་བསྩལ་གནང་བ་དང་། དེའི་ཐོག་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་མ་དངུལ་ཧིན་སྒོར་འབུམ་ལྔ་དང་ས་ཆའི་མཐུན་རྐྱེན་སོགས་སྐྲུན་ཏེ་རིམ་པས་གསར་རྒྱག་གིས་སྔར་ལོའི་ཕྱི་ཟླ་ ༩ ཚེས་ ༧ ཉིན་དངོས་སུ་དབུ་འབྱེད་གནང་ཡོད་པ་རེད།ནོར་རྒྱས་གླིང་ས་གནས་མཉམ་འབྲེལ་གྱི་དྲུང་ཆེ་བསྟན་འཛིན་ཕན་བདེ་ལགས་ནས་སྤྱིར་བྷན་ད་ར་ས་གནས་སུ་ལོ་གཅིག་ལ་འབྲས་ཀྱི་རིགས་མི་འདྲ་བ་བཅུ་གཉིས་ཙམ་ཐོན་གྱི་ཡོད་ཀྱང་། ཁོང་རྣམ་པས་རྒྱུན་དུ་ས་གནས་སུ་ནོར་འབྲས་དྲི་ཞིམ་དང་། ནོར་འབྲས་མུག་པོ། དེ་བཞིན་ནོར་འབྲས་གངས་དཀར་ལ་རིགས་གཉིས་བཅས་ཁྱོན་འབྲས་རིགས་མི་འདྲ་བ་བཞི་འདེབས་འཛུགས་བྱེད་བཞིན་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། ད་རེས་གངས་ལྗོངས་ནོར་འབྲས་བཟོ་གྲྭ་ནས་ཐོན་པའི་འབྲས་དེ་དག་ཁ་ལ་འཇམ་པ་དང་ བཙོས་པའི་རྗེས་སུ་འཕེལ་རྒྱས་ཆེ་བ། གོང་ཚད་རན་པོ་དང་ཕྱིའི་རྫས་རིགས་བསྲེས་ལྷད་མེད་པ་སོགས་རྒྱུ་སྤུས་ཀྱི་ཆ་ནས་ལེགས་པོ་ཡོད་སྐོར་གསུངས་ཡོད། བོད་མིའི་སྒྲིག་འཛུགས་འཆར་འགོད་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་འབུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ལགས་ཀྱིས་ད་རེས་བྷན་ད་ར་ནོར་རྒྱས་གླིང་ས་གནས་མཉམ་འབྲེལ་གྱི་འབྲས་རིགས་ཐོན་རྫས་དང་འབྲེལ་བའི་ལས་གཞི་དེ་རྒྱུན་དུ་ང་ཚོས་རང་ཁ་རང་གསོ་ཞེས་བརྗོད་བཞིན་པའི་དཔེ་མཚོན་ངོ་མ་ཆགས་ཡོད་པ་དང་། ལས་གཞི་དེས་བོད་མི་ཙམ་མ་ཡིན་པར་ས་གནས་ཡུལ་མི་ལའང་ཕན་ཐོགས་ཆེན་པོ་སྒྲུབ་བཞིན་ཡོད་པ་སོགས་འགྲེལ་བརྗོད་དང་ཆབས་ཅིག བྷན་ད་ར་ཐོན་འབྲས་དེ་དག་རིམ་པས་བོད་རིགས་ཡོད་སའི་ས་གནས་དང་ཚོགས་སྐྱིད་ཚང་མར་ཁྱབ་ཐུབ་ཐབས་དང་མ་འོངས་པར་རྒྱ་གར་གྱི་ཁྲོམ་རའི་ནང་ཚོང་འགྲེམ་ཐུབ་པའི་ཁྱད་ནུས་ལྡན་ཡོད་ཅེས་གསུངས་ཡོད། རྩ་བའི་ཁོང་རྣམ་ནས་རྒྱུན་དུ་བྷན་ད་ར་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་ཞིང་ས་ཨེ་ཀར་ ༡༠༤ ནས་ཐོན་པའི་འབྲས་རྣམས་བཟོ་གྲྭའི་འབྲས་ཐག་བརྒྱུད་གཙང་སེལ་བྱེད་བཞིན་ཡོད་པ་མ་ཟད། རིམ་པས་མ་འོངས་པར་འབྲས་ཐུག་དང་འབྲས་སྣུམ་སོགས་ཀྱི་ཐོན་སྐྱེད་ལས་དོན་གཉེར་ནས་ས་གནས་བོད་མི་རྣམས་ལ་ལས་ཀའི་གོ་སྐབས་སྐྲུན་ཐུབ་པར་ཡིད་ཆེས་གནང་གི་འདུག

བོད་ནས་བོད་རྒྱ་ཞི་མོལ་ཆེད་བོད་མིའི་སྐུ་ཚབ་གཏོང་དགོས་པའི་འབོད་སྐུལ།

ཁ་སང་བོད་མོད་སྨད་མགོ་ལོག་གཅིག་སྒྲིལ་རྫོང་ལྕམ་མདའ་དགོན་པའི་ཁྲི་པ་ཟུར་པ་བསམ་གཏན་འོད་ཟེར་ལགས་ཀྱིས་བོད་རྒྱ་ཞི་མོལ་ཆེད་བོད་མིའི་སྐུ་ཚབ་གཏོང་དགོས་པ་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཆོས་བརྒྱུད་ཇོ་ནང་གི་སྤྱི་འཐུས་ཡོང་བར་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུས་འདུག ཉེ་ཆར་སྤྱི་ཚོགས་དྲྭ་གནས་སུ་བརྙན་ཐུང་ཞིག་ཕྱིར་གྱར་བྱུང་ཡོད་པ་ལྟར། འདི་ག་རླུང་འཕྲིན་ཁང་ལ་དེ་འབྲེལ་གནས་ཚུལ་བཏང་འབྱོར་བྱུང་བའི་བརྙན་ཐུང་ནང་། ཁྲི་པ་ཟུར་པ་བསམ་གཏན་འོད་ཟེར་ལགས་ཀྱིས་ཁ་སང་བོད་ནང་གི་ཚོུད་ ༡༌༣༠ ཙམ་ལ་རང་ཉིད་ཀྱི་མཆོད་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་ཆེན་པོ་གཉིས་སྒྲིག་གཤོམ་དང་བཅས་༸གང་ཉིད་མཆོག་ལས་ལྷག་པའི་བཀའ་དྲིན་ཆེ་བ་དང་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་གཞན་སུ་གང་ཡང་མེད་ཅེས་གསུངས་ནས་༸གོང་ས་མཆོག་གིས་དབུས་པའི་གཞིས་བྱེས་བོད་མི་ཡོངས་ལ་གནམ་ལོ་གསར་ཚེས་ལ་དགའ་བསུའི་འཚམས་འདྲི་ཞུས་པ་དང་སྦྲགས། ཁོང་གིས་རྒྱ་གཞུང་ནས་བོད་རྒྱ་ཞི་མོལ་གྱི་སྒོ་མོ་ཕྱེ་ཡོད་ཅེས་དེང་སྐབས་འཛམ་གླིང་ཀུན་ལ་བསྒྲགས་བཞིན་ཡོད་སྟབས། བོད་རྒྱ་ཞི་བའི་གྲོས་མོལ་ཆེད་བཙན་བྱོལ་བོད་མིའི་སྐུ་ཚབ་མངགས་རྒྱུར་རེ་བ་ཞུ་བཞིན་ཡོད་པ་དང་དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གཙོ་གྱུར་བཙན་བྱོལ་བོད་མི་ཡོངས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཆོས་བརྒྱུད་གཞན་ལྟར་ཇོ་ནང་གི་སྤྱི་འཐུས་གཉིས་འདི་ལོར་བདམ་དགོས་པར་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་ཞུས་འདུག

འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་སུ་འཁོར་ལོ་གསུམ་གྱི་གཟེངས་རྟགས་ཕུལ་བ།

ཕྱི་ཟླ་ ༡ ཚེས་ ༡༢ ཉིན་བཞུགས་སྒར་ཉེ་འདབས་སུ་ཆགས་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་བསྟན་འཛིན་རྡོ་རྗེ་ལགས་ལ་དྷ་ས་རིགས་ལམ་སློབ་གཉེར་ཁང་དང་ས་རཱ་བོད་ཀྱི་མཐོ་སློབ་ཁང་གཉིས་ནས་འཁོར་ལོ་གསུམ་གྱི་གཟེངས་རྟགས་ཕུལ་སོང་། གཟེངས་རྟགས་ཀྱི་མཛད་སྒོའི་ཐོག་ཀློག་པ་ཐོས་བསམ་གྱི་འཁོར་ལོ་དང༌། སྤོང་བ་བསམ་གཏན་གྱི་འཁོར་ལོ། བྱ་བ་ལས་ཀྱི་འཁོར་ལོ་བཅས་གསུམ་གྱིས་མཆོན་པའི་འཁོར་ལོ་གསུམ་གྱི་གཟེངས་རྟགས་དེ་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཕུལ་གནང་ཡོད་པ་དང་། དེ་བཞིན་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག ཆོས་རིག་དྲུང་ཆེ་བསྟན་འཛིན་ལུང་རྟོགས་ལགས། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས། རིགས་སློབ་མ་ལག་གཉིས་ཀྱི་སྤྱི་ཁྱབ་དབུ་འཛིན་དགེ་བཤེས་བསམ་གཏན་རྒྱ་མཚོ་ལགས། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་དགེ་ལས་སློབ་གཉེར་བ་བཅས་འདུ་འཛོམས་གནང་འདུགསྐབས་དེར་དྷ་ས་བོད་ཀྱི་རིགས་ལམ་སློབ་གཉེར་ཁང་གི་སྤྱི་ཁྱབ་དབུ་འཛིན་དགེ་བཤེས་བསམ་གཏན་རྒྱ་མཚོ་ལགས་ཀྱིས་འཁོར་ལོ་གསུམ་གྱི་གཟེངས་རྟགས་དེ་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་གནང་ནས་བོད་རང་གི་རིག་གཞུང་གི་རྨང་གཞི་བརྟན་པའི་ཐོག་དེང་རབས་ཀྱི་སྤྱི་ཚོགས་དང་མཐུན་པའི་ངང་རྒྱལ་སྤྱིའི་ཐོག་གཟེངས་སུ་ཐོན་པའི་ཕྱག་ལས་གནང་མཁན་གྱི་འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་སུ་གཟེངས་རྟགས་དེ་འབུལ་བཞིན་ཡོད་པར་གསུངས་ཡོད། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ས་རཱ་མཐོ་སློབ་ཀྱིས་ལོ་ཙཱ་བ་དང་མཁས་དབང་མང་པོ་སྐྱེད་སྲིང་གནང་ཡོད་པ་ལྟར། འཁོར་ལོ་གསུམ་གྱི་གཟེངས་རྟགས་དེ་འབུལ་མཁན་དང་འབུལ་ས་གཉིས་ནོར་མི་འདུག་ཅེས་གསུངས་ཡོད། འཁོར་ལོ་གསུམ་གྱི་གཟེངས་རྟགས་ཀྱི་མཛད་སྒོ་དེ་ལེགས་གྲུབ་བྱུང་མཚམས་སུ་འབུམ་རམས་པ་སྐུ་ཞབས་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཁོང་རང་ཉིད་ལ་སློབ་ཟུར་གྱི་འཁོར་ལོ་གསུམ་གྱི་གཟེངས་རྟགས་གནང་བར་དགའ་སྤྲོ་ཆེན་པོ་བྱུང་ཞེས་གསུངས་སོང་།  རྩ་བའི་འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་ནི་ཨ་རིའི་ཁེ་ལེ་ཕོ་ནི་ཡ་གཙུག་ལག་སློབ་གྲྭའི་འབྲེལ་ལམ་རིག་པའི་སློབ་དཔོན་ཆེན་མོ་ཡིན་ཞིང་།  ཕྱི་ལོ་ ༢༠༡༢ ལོར་བྱས་རྗེས་གཟེངས་སུ་ཐོན་པའི་སློབ་དཔོན་གྱི་གཟེངས་རྟགས་བཞེས་ཡོད་པ་དང་།  ཕྱི་ལོ་ ༢༠༡༥ ལོར་སྤྱི་ཚོགས་ཞབས་ཞུའི་གཟེགས་རྟགས་བཞེས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༦ ལོར་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་མིར་འདེམས་ཐོན་བྱུང་ཡོད་པ་བཞིན་ ༢༠༡༨ ནས་བཟུང་མང་མོས་ཀྱིས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོར་འདེམས་ཐོན་བྱུང་ནས་རླབས་ཆེན་གྱི་ཕྱག་ལས་གནང་བཞིན་ཡོད་པ་རེད། ཟླ་ ༡ ཚེས་ ༡༡ ཉིན་ཁོང་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་གདན་ཞུས་གནང་དོན་ལྟར་ཆེད་ཕེབས་ཀྱིས་དཔལ་ལྡན་ཚོགས་གཞོན་མཆོག་གིས་གཙོས་པའི་སྤྱི་འཐུས་རྒྱུན་ལས་རྣམས་དང་མཇལ་འཕྲད་ཀྱིས་ཁོང་གི་ཕྱག་ལས་དང་། དམིགས་བསལ་དུ་བོད་དོན་དང་འབྲེལ་བའི་ཐད་ནས་ཤུགས་སྣོན་རྒྱག་བཞིན་པའི་ཐོག་གསུང་བཤད་གནང་ཡོད་པ་དང་།   འཁོར་ལོ་གསུམ་གྱི་གཟེངས་རྟགས་འབུལ་བཞེས་དང་ལྷན་དུ་ཤེས་རིག་བཀའ་བློན་མཆོག་གིས་འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་དང་། Stella ཞུ་བ་གཉིས་ཀྱིས་བརྩམས་པའི་སྣ་མང་རིག་གཞུང་དབར་གྱི་འབྲེལ་ལམ་ཞེས་པའི་དཔེ་དེབ་དབུ་འབྱེད་གནང་ཡོད།

གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ལ་རྒྱ་གར་དངུལ་ཁང་ཆེན་མོའི་ལག་འཁྱེར་ཐོབ་པ།

དེ་རིང་སྔ་དྲོ་ཚོུད་ ༡༡ ཐོག་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ཡང་སྟེང་ཚོགས་ཁང་དུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག དཔལ་འབྱོར་དྲུང་ཆེ་ཡེ་ཤེས་དབང་མོ་ལགས་དང་དཔལ་འབྱོར་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས། གང་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་འགན་འཛིན་བུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ལགས། དཔལ་འབྱོར་ཆེད་ལས་སྐུ་ཞབས་ Ram Mohan Rao Lattipally ལགས་བཅས་ལྷན་ཞུགས་ཐོག་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཐོག་སྔར་ལོ་བོད་མིའི་སྒྲིག་འཛུགས་དཔལ་འབྱོལ་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ཞེས་གཞུང་འབྲེལ་གྱི་ཁེ་ཡོད་ཚོང་གི་སྡེ་ཚན་དབུ་འབྱེད་གནང་ཡོད་པ་དང་། ཉེ་ཆར་ཟླ་ ༡༢ ཚེས་ ༡༣ ཉིན་ Reserve Bank of India ཞེས་རྒྱ་གར་དངུལ་ཁང་ཆེན་མོ་ནས་དངུལ་བུན་གཡར་སོགས་དང་འབྲེལ་བའི་ལས་གཞི་སྤེལ་ཆོག་པའི་ཁྲིམས་མཐུན་གྱི་ལག་འཁྱེར་ཐོབ་ཡོད་པ་ཡོངས་བསྒྲགས་གནང་སོང་།   སྐབས་དེར་སྲོད་སྐྱོང་མཆོག་ནས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ལ་རྒྱ་གར་དངུལ་ཁང་ཆེན་མོའི་ལག་འཁྱེར་ཐོབ་པ་དེས་མ་འོངས་པར་ཞབས་ཞུ་ཁང་ནས་ཕྱག་ལས་གང་གནང་ཡང་ཁྲིམས་མཐུན་རང་ཆགས་ཀྱི་ཡོད་པ་གསུངས་ཡོད། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་བརྒྱུད་ལོ་ཤས་གོང་ནས་བོད་མིའི་སྒྲིག་འཛུགས་དང་མང་ཚོགས་སྤྱིའི་དཔལ་འབྱོར་གྱི་རྨང་གཞི་ཡར་རྒྱས་གོང་འཕེལ་དང་སྲ་བརྟན་རྒྱུན་གནས་ཡོང་ཐབས་སོགས་ལ་དམིགས་ཏེ་བུན་གཡར་གྱི་ལས་གཞི་ཁག་གཅིག་སྤེལ་མུས་ལྟར། འདི་ལོའི་ཕྱི་ཟླ་གཉིས་པ་ནས་རྒྱ་གར་གྱི་ས་གནས་ཁག་ ༡༣ ནང་དབྱར་ཚོང་གནང་བཞིན་པའི་བོད་མི་གྲངས་ ༦༠༠ ཙམ་ལ་སྒོར་ས་ཡ་ ༡༢༠ འི་བུན་གཡར་རོགས་སྐྱོར་གྱི་ལས་གཞི་གསར་པ་འགོ་འཛུགས་གནང་གཏན་ཁེལ་ཡོད་པ་གསུངས་ཡོད། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་འགན་འཛིན་བོད་མིའི་སྒྲིག་འཛུགས་འཆར་འགོད་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་བུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ལགས་ནས་བོད་མིའི་མི་འབོར་ཞིབ་བཤེར་གྱི་འགེངས་ཤོག་ཐོག་ཕྱི་སྡོད་བོད་མི་ཞེས་འཁོད་པ་དེ་ཆབ་སྲིད་སོགས་དང་འབྲེལ་བ་གང་ཡང་མེད་པར་ལས་དོན་ཁྲོད་ཉིས་ལྡབ་མི་ཡོང་བ་དང་གྲངས་ཀ་ཁག་ཏག་ཏག་ཐོབ་རྒྱུ་སོགས་ལ་དམིགས་ཏེ་བཞག་སྐོར་གསལ་བཤད་དང་སྦྲགས། ཐ་སྙད་དེ་དང་འབྲེལ་ཉེ་ལམ་ནས་བོད་པའི་སྤྱི་ཚོགས་དང་སྤྱི་ཚོགས་དྲྭ་ལམ་ཐོག་འཚོ་བ་རྣོ་བའི་རྣམ་པ་སྟོན་བཞིན་ཡོད་སྟབས། ཕྱི་སྡོད་བོད་མི་ཞེས་པའི་ཐ་སྙན་དེ་ཕྱིར་འཐེན་གནང་རྒྱུ་ཡིན་པ་གསུངས་ཡོད།

བཀའ་བརྒྱུད་སྨོན་ལམ་ཆེན་མོ་དང་འབྲེལ་བའི་སྔོན་འགྲོའི་བཀའ་ཆོས་ཁག་དབུ་འཛུགས།

ཁ་སང་ཟླ་ ༡ ཚེས་ ༩ ཉིན་རྒྱ་གར་གྱི་བྷི་ཧཱར་མངའ་སྡེའི་གནས་མཆོག་རྡོ་རྗེ་གདན་གྱི་གཏེར་སྒར་དགོན་དུ་༸དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་བཀའ་དགོངས་ལྟར་༸སྐྱབས་རྗེ་གྲུབ་དབང་སངས་རྒྱས་མཉན་པ་རིན་པོ་ཆེ་མཆོག་གིས་དད་ལྡན་མང་ཚོགས་ཆིག་ཁྲི་ལྷག་ལ་པཎ་ཆེན་ནཱ་རོ་པས་མཛད་པའི་ཕྱག་ཆེན་གངྒཱ་མའི་བཀའ་ཆོས་དང་འབྲེལ་ཏེ་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་ ༣༦ པའི་སྔོན་འགྲོའི་བཀའ་ཆོས་ཁག་དབུ་འཛུགས་གནང་འདུག༸སྐྱབས་རྗེ་གྲུབ་དབང་སངས་རྒྱས་མཉན་པ་རིན་པོ་ཆེ་མཆོག་གིས་སྔོན་འགྲོའི་བཀའ་ཆོས་དེ་ཁ་སང་ནས་དབུ་འཛུགས་ཀྱིས་སང་ཉིན་བར་ཉིན་གྲངས་གསུམ་རིང་གནང་གི་ཡོད་པ་དང་། ཕྱི་ཚེས་ ༡༣ ཉིན་༸རྒྱལ་བའི་རྒྱལ་ཚབ་གོ་ཤྲཱི་རིན་པོ་ཆེ་མཆོག་གིས་ཐུགས་རྗེ་ཆེན་པོ་རྒྱལ་དབང་རྒྱ་མཚོའི་བཀའ་དབང་དང་སྦྲགས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་ ༣༦ པ་དངོས་སུ་དབུ་འཛུགས་གནང་གི་ཡོད་པ་རེད།ས་གནས་སུ་བཀའ་བརྒྱུད་སྨོན་ཆེན་མོ་དང་འབྲེལ་ཕྱག་ལས་གནང་བཞིན་པ་བོད་མི་མང་བཀའ་བརྒྱུད་སྤྱི་འཐུས་ཀུན་དགའ་བསོད་སྟོབས་ལགས་ཀྱིས་འདི་གར་ཐེངས་འདིའི་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ཐོག་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཁག་གི་མཁན་བླ་སྤྲུལ་དང་དགེ་བཤེས། དེ་བཞིན་གྲྭ་བཙུན་རྣམ་པ། དད་ལྡན་མང་ཚོགས་ཆིག་ཁྲི་ལྷག་ནས་མཉམ་ཞུགས་གནང་ཡོད་པ་མ་ཟད། ཕྱི་ཚེས་ ༡༣ ནས་ ༢༡ བར་གྱི་སྨོན་ལམ་དངོས་གཞིའི་སྐབས་འཛམ་གླིང་སྤྱིའི་ཞི་བདེ་དང་བསྟན་འགྲོའི་བདེ་དོན་སླད་ཆོས་ལུགས་རིས་མེད་ཀྱི་སྨོན་ལམ་གསུང་འདོན་དང་། ༸རྒྱལ་བའི་ཞབས་བརྟན་གསོག་སྒྲུབ་སོགས་གནང་རྒྱུ་ཡིན་པ་གསུངས་ཡོད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་བར་གསོལ་སྟོན་འདེགས་འབུལ་ཞུས་པ།

རྒྱ་གར་གྱི་དགུན་དུས་གྲོས་ཚོགས་འཚོགས་བཞིན་པ་དང་བསྟུན་། ཁ་ས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་ཐུགས་རྗེ་ཆེ་ཞུའི་གསོལ་སྟོན་ཞིག་འདེགས་འབུས་ཞུས་ཡོད་པ་མ་ཟད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་བགྲེས་གཞོན་རྣམ་པ་གཉིས་ཀྱི་དབུས་པའི་སྤྱི་འཐུས་རྒྱུན་ལས་ཚོས་རྒྱ་གར་གྲོས་ཚོགས་ཀྱི་ཚོགས་མི་རྣམས་ནས་མ་འོངས་པར་ཡང་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་སོགས་ཀྱང་ཞུས་ཡོད་འདུགདེ་ཡང་ཕྱི་ཟླ་ ༡༢ ཀྱི་ཚེས་ ༡༡ ནས་འགོ་བཙུགས་གནང་བའི་རྒྱ་གར་གྲོས་ཚོགས་ཀྱི་འདི་ལོའི་དགུན་དུས་ཚོགས་ཐེངས་འདི་ཕྱི་ཚེས་ ༨ ཉིན་མཇུག་སྒྲིལ་རྒྱུ་དང་། དེའི་རྗེས་རྒྱ་གར་གྱི་འོས་བསྡུ་ཆེན་མོ་བསླེབ་ཀྱི་ཡོད་སྟབས། རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་མི་མང་སྤྱི་འཐུས་རྣམ་པ་ཚོས་སྐབས་འདིའི་རྒྱ་གར་གྱི་གྲོས་ཚོགས་ཚོགས་མི་ཚོ་དང་ལྷན་དུ་མཐའ་མའི་མཇལ་འཕྲད་ཅིག་གནང་ཐུབ་པའི་དགོས་འདུན་ལྟར། ཚོགས་པ་དེའི་གོ་སྒྲིག་འོག་ཁ་ཉིན་ཕྱི་ཚེས་ ༢ ཉིན་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་བགྲེས་གཞོན་རྣམ་པ་གཉིས་ཀྱི་དབུས་པའི་སྤྱི་འཐུས་རྒྱུན་ལས་རྣམས་ནས་རྒྱ་གར་གྱི་གྲོས་ཚོགས་ཚོགས་མི་ ༢༣༠ ལྷག་ཙམ་ཞིག་དང་མཇལ་མོལ་གནང་ཡོད་པ་མ་ཟད། ཁ་ས་ཕྱི་དྲོ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ Shangrila མགྲོན་ཁང་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨ་ཅཱ་རྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱི་དབུས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པས་རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་ཐུགས་རྗེ་ཆེ་ཞུའི་དགོངས་དྲོའི་གསོལ་སྟོན་ཞིག་འདེགས་འབུལ་ཞུས་ཡོད་པ་རེད། གསོལ་སྟོན་དེར་རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་དང་། ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སོགས་གནང་མྱོང་ཡོད་པའི་སྐུ་ཞབས་ Shanta Kumar མཆོག་གི་དབུས་པའི་གཞན་ཡང་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་ཚོགས་མི་ཁག་ཅིག་ཕེབས་འདུགགསོལ་སྟོན་དེའི་སྐབས་རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་སྐུ་ཞབས་ Shanta Kumar མཆོག་ནས། རྒྱ་གར་དང་རྒྱ་ནག་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཀྱི་དབར་འབྲེལ་བ་གོང་འཕེལ་བརྒྱུད་བོད་དོན་དཀའ་རྙོག་སེལ་རྒྱུའི་ཐུགས་རེ་ཡོད་པ་དང་། ལྷག་པར་བོད་མའི་དབུ་ཁྲིད་༸གོང་ས་༸ཏཱ་ལའི་བླ་མ་མཆོག་གི་གཉིས་སྨན་དབུ་མའི་ལམ་གྱི་དགོངས་གཞི་དེ་ལ་གཞི་རྩའི་བོད་པའི་གཞོན་སྐྱེས་ཁག་ཅིག་གི་མོས་མཐུན་གནང་གི་མེད་པ་ཡིན་ནའང་། རྒྱལ་སྤྱིའི་དངོས་ཡོད་ཀྱི་གནས་སྟངས་ལ་གཞིགས་པའི་ཁོང་གི་རླབས་ཆེའི་དགོངས་གཞི་དེར་ང་ཚོ་ཚང་མས་རྒྱབ་སྐྱོར་ཞུ་དགོས་པ་མ་ཟད། བོད་མི་ཚོར་རང་ཉིད་ཀྱི་ཆོས་དང་རིག་གཞུང་བཅས་པ་རང་དབང་ཐོག་ནས་ལོངས་སྤྱོད་ཐུབ་པའི་རང་དབང་དེ་དགོས་ཀྱི་རེད་ཅེས་གསུངས་པ་དང་། ལྷག་པར་དུ་ཁོང་གིས་བོད་ཀྱི་གནད་དོན་དེ་ཆབ་སྲིད་ཀྱི་དཀའ་རྙོག་ཅིག་མིན་པར། འགྲོ་བ་མིའི་ཐོབ་ཐང་དང་རང་དབང་གི་གནད་དོན་དང་འབྲེལ་བ་ཡོད་པ་ཞིག་རེད།  དེ་བཞིན་ཞི་བདེ་ལ་དགའ་བའི་མི་མང་ཚོས་སྡུག་སྦྱོང་འདི་ལྟ་བུ་ཞིག་མྱོང་དགོས་པ་དེ་ནི།  ང་རང་གི་ངོས་ནས་མིའི་ལོ་རྒྱུས་ནང་གི་ལོ་རྒྱུས་ཐབས་སྐྱོ་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་སོགས་གསུངས་གནང་སོང་།གཞི་རྩའི་རྒྱལ་སྤྱིའི་ཁྱོན་དུ་ཡོད་པའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཁོངས་ནས་རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་ནི་ཚོགས་པ་རྙིང་ཤོས་དེ་ཡིན་པ་དང་། དེ་ཡང་ཕྱི་ལོ་ ༡༩༧༠ ནང་སྐབས་དེའི་རྒྱ་གར་གྱི་གྲོས་ཚོགས་ཀྱི་ཚོགས་མི་དང་ཕྱི་སྲིད་བློན་ཆེན་སོགས་གནང་མྱོང་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་གི་འཐབ་རྩོད་པ་སྐུ་ཞབས་ MC Chagla མཆོག་གི་སྣེ་ཁྲིད་འོག་རྒྱ་གར་གྱི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་བྱུང་ཡོད་པ་དང་། དེ་རྗེས་རིམ་པའི་སྤྱི་ཚོགས་རིང་ལུགས་པ་དང་རྒྱ་གར་གྱི་བདེ་སྲུང་བློན་ཆེན་སོགས་གནང་མྱོང་ཡོད་པའི་སྐུ་ཞབས་ Goerge Fernandes མཆོག་སོགས་ནས་སྣེ་ཁྲིད་གནང་སྟེ་རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་མུ་མཐུད་རྒྱུན་སྐྱོང་གནང་བཞིན་པ་ཞིག་ཡིན་པ་རེད།

དགུན་ཁའི་གུང་གསེང་ལ་མ་ཕེབས་མཁན་སློབ་ཕྲུག་ ༡༨༠ ལྷག་ཉེ་འདབས་ཀྱི་གྲོང་ཁྱེར་དུ་སྐོར་བསྐྱོད་ལ་ཁྲིད་བཞིན་འདུག

རྡ་རམ་ས་ལའི་མེག་གྷན་ཚོང་ཁང་ཚོགས་པའི་གོ་སྒྲིག་འོག་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་སྔོན་འགྲོ་ནས་འཛིན་རིམ་བརྒྱད་པ་བར་གྱི་དགུན་ཁའི་གུང་གསེང་ལ་མ་ཕེབས་མཁན་སློབ་ཕྲུག་ ༡༨༠ ལྷག་ཅིག་ཉེ་འདབས་ཀྱི་ Amritsar གྲོང་ཁྱེར་དུ་ཤེས་ཡོན་སྐོར་བསྐྱོད་ལ་ཁྲིད་བཞིན་འདུགདེ་ཡང་སྐོར་བསྐྱོད་འདི་བཞིན་རྡ་ས་ཚོང་ཁང་ཚོགས་པའི་ངོས་ནས་དེའི་རིགས་ཀྱི་ལས་གཞི་སྤེལ་བ་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང་། སྐོར་བསྐྱོད་ལ་ཁྲིད་བཞིན་པའི་སློབ་ཕྲུག་རྣམས་དང་ལྷན་དུ་བོད་ཁྱིམ་གྱི་ངེས་སྟོན་པ་ཚུལ་ཁྲིམས་རྡོ་རྗེ་ལགས་ཀྱིས་གཙོ་བོར་བྱས་པའི་སློབ་གྲྭའི་སྨན་པ་དང་སྨན་ཞབས། དེ་བཞིན་ཕྲུ་གུ་ལྟ་སྐྱོང་ཆེད་ཁྱིམ་ཚང་ཨ་མ་ལགས་ ༡༤ ལྷག་ཅིག་མཉམ་དུ་ཆེད་ཕེབས་གནང་བཞིན་ཡོད་པ་བཅས་ཁྱོན་སྤྱི་སྤྱོད་རླངས་འཁོར་བཞི་གོ་སྒྲིག་གནང་བའི་ཐོག་ཉིན་གྲངས་གཉིས་རིང་གི་སྐོར་བསྐྱོད་ཅིག་འགོ་འཛུགས་གནང་སོང་། 

བོད་རིགས་པར་ལེན་གསར་འགོད་པ་བཀྲ་ཤིས་སྟོབས་རྒྱལ་ལགས་སུ་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ་འདུག

ཁ་ས་རྒྱ་གར་རྒྱལ་ས་ལྡི་ལི་ནང་ Ramnath Goenka འི་གསར་འགོད་རྩེ་ཕུད་ཀྱི་གཟེངས་རྟགས་འབུལ་བཞེས་ཀྱི་འདུ་འཛོམས་ཐོག་བོད་རིགས་བཀྲ་ཤིས་སྟོབས་རྒྱལ་ལགས་སུ་པར་ལེན་གསར་འགོད་པའི་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ་འདུག དེ་ཡང་དེ་རིང་རྒྱ་གར་གྱི་ Indian Express གསར་ཁང་གི་དྲ་གནས་ཐོག་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ད་ལན་གྱི་གསར་འགོད་རྩེ་ཕུད་ཀྱི་གཟེངས་རྟགས་དེ་སྔ་ལོ་ཕྱི་ལོ་ ༢༠༡༧ ལོར་གསར་འགོད་པའི་ལས་དོན་རྩེ་ཕུད་ཁག་ཅིག་ལ་ཕུལ་འདུག་པ་དང་། གཟེངས་རྟགས་དེ་གསར་འགོད་ཀྱི་སྡེ་ཚན་མི་འདྲ་བ་ ༡༨ ཁྲོད་གསར་འགོད་པ་ ༢༨ ལ་ཐོབ་པ་བྱུང་འདུག  དེའི་ཁྲོད་པར་ལེན་གསར་འགོད་པ་བཀྲ་ཤིས་སྟོབས་རྒྱལ་ལགས་སུ་ཁོང་གིས་དེ་སྔ་རྒྱ་གར་མངའ་སྡེ་ཨུཏྲཔྲདེཤ་ཡི་Ghaziabad གྲོང་ཁྱེར་ནས་ཡིན་པའི་Manual Scavenger འམ་ཆབ་གཅིན་གཙང་བཟོ་གནང་མཁན་ལོ་ན་ ༢༡ ཡིན་པ་ཇོ་ནི་ཟེར་བ་ཞིག་གིས་ཆབ་གཅིན་གཙང་བཟོ་བྱེད་བཞིན་པའི་འདྲ་པར་དེར་གཟེངས་རྟགས་ཐོབ་ཡོད་པ་རེད་འདུག འདི་ག་རླུང་འཕྲིན་ཁང་ནས་ཁོང་ལ་ཞལ་པར་བརྒྱུད་དེ་འབྲེལ་བཀའ་འདྲི་ཞུས་པར།  ཁོང་གིས།  རྒྱ་གར་ནང་དེ་སྔ་ཆབ་གཅིན་གཙང་བཟོའི་ལས་དོན་དེ་མཚམས་འཇོག་བྱས་ཡོད་པ་དེ་ལྟར་ཡང་།   ཁང་བཟོ་དང་བཟོ་གྲྭའི་ལས་དོན་ལྟ་རྟོགས་གནང་མཁན་ཚོས་བསྐྱར་དུ་མི་གླས་པའི་ཐོག་དེ་ལྟར་ལས་འགོ་བཙུགས་པས་གཞུང་ངོས་ནས་གནད་དོན་དེར་ཐུགས་སྣང་དང་།  རྒྱལ་ཁབ་ཀྱི་ལམ་ལུགས་ལ་བསྒྱུར་བཅོས་གཏང་བའི་རེ་སྐུལ་སླད་འདྲ་པར་དེ་བསྐྱོན་པ་ཡིན་ཞེས་གསུངས་སོང་། གཞི་རྩའི་Ramnath Goenka གསར་འགོད་རྩེ་ཕུད་ཀྱི་གཟེངས་རྟགས་གནང་ཕྱོགས་དེ་རྒྱ་གར་གསར་ཁང་Indian Express ཆེད་འཛུགས་གནང་མཁན་སྐུ་ཞབས་ Ramnath Goenka ལགས་ཀྱི་དྲན་རྟེན་སླད་གནང་བ་ཞིག་ཡིན་པ་མ་ཟད། གཟེངས་རྟགས་དེ་ཡང་གསར་འགོད་ཀྱི་ལས་དོན་ཐད་རང་གི་སྙིང་སྟོབས་དང། ཁས་ལེན་དམ་བཅའ་དེ་བཞིན་གནས་ཚད་མཐོ་བོའི་ངང་གསར་འགོད་གནང་བ་དག་ལ་འབུལ་གྱི་ཡོད་པ་རེད་འདུག རྩ་བའི་བཀྲ་ཤིས་སྟོབས་རྒྱལ་ལགས་རྒྱ་གར་བྱང་ཤར་རྡོ་རྗེ་གླིང་གི་སོ་ན་ཌ་གྲོང་སྡེ་ནས་ཡིན་པ་དང་། ཁོང་ནས་རྡོ་རྗེ་གླིང་གི་ St. Joseph North Point སློབ་གྲྭ་ནས་ཐོན་རྗེས་ Aligarh ཁ་ཆེ་མཐོ་སློབ་ནས་སློབ་ཐོན་གནང་བ་མ་ཟད། ད་ཆ་རྒྱ་གར་གྱི་ Indian Express གསར་ཁང་ནང་འདས་པའི་ལོ་ ༡༢ ནས་པར་ལེན་གྱི་གསར་འགོད་པའི་ཕྱག་ལས་གནང་བཞིན་པ་རེད་འདུག  ཁོང་ལ་དེ་སྔ་ཕྱི་ལོ་ ༢༠༡༥ ལོར་རྒྱ་གར་གྱི་གསར་ཁང་ཚོགས་པ་Press Council of India ནས་རྒྱལ་ཡོངས་ཀྱི་གསར་འགོད་ཀྱི་ལས་དོན་རྩེ་ཕུད་ཁྲོད་པར་ལེན་གསར་འགོད་རྩེ་ཕུད་ཀྱི་གཟེངས་རྟགས་ཀྱང་ཐོབ་མྱོང་ཡོད་པ་རེད།

བོད་མཐོ་སྒང་གི་ཁོར་ཡུག་དང་འབྲེལ་བའི་རྒྱབ་ཤ་དཀར་པོའི་ལན་འདེབས།

རྒྱ་ནག་གཞུང་ནས་འདི་ལོའི་ཕྱི་ཟླ་ ༧ པའི་ནང་བོད་ཀྱི་ཁོར་ཡུག་གི་གནས་སྟངས་ཡག་པོ་ཡོད་ཚུལ་དང་འབྲེལ་བའི་ཡིག་ཆ་དཀར་པོ་འདོན་སྤེལ་བྱས་པ་དང་འབྲེལ། དེ་རིང་བོད་མིའི་སྒྲིག་འཛུགས་ཀྱིས་གསར་འགོད་ལྷན་འཚོགས་ཤིག་བསྐོང་ནས་ཤོག་གྲངས་ ༢༡ ཅན་གྱི་ལན་འདེབས་ཡིག་ཆ་ཞིག་འདོན་སྤེལ་གནང་སོང་།དེ་རིང་སྔ་དྲོ་ཚོུད་ ༡༡ ཐོག་ཕྱི་དྲིལ་ལས་ཁུངས་ཀྱི་ཚོགས་ཁང་དུ་ཕྱི་དྲིལ་དྲུང་ཆེ་རྣམ་གཉིས་དང། བོད་ཀྱི་སྲིད་བྱུས་ཉམས་ཞི་ཁང་གི་ཁོར་ཡུག་ཚན་པའི་འགན་འཛིན་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་བཅས་དབུ་བཞུགས་ཐོག་རྒྱ་གཞུང་གིས་བོད་ཀྱི་ཁོར་ཡུག་ཐོག་གི་རྒྱབ་ཤ་དཀར་པོར་ལན་འདེབས་ཡིག་ཆ་དེ་འདོན་སྤེལ་གནང་སོང་བ་དང་། དེའི་ནང་བོད་མཐོ་སྒང་གི་གལ་གནད་དང། ལོ་རྒྱུས་ཐོག་བོད་མིའི་སྲོལ་རྒྱུན་གོམས་གཤིས་ཀྱི་ཐོག་ནས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་བཞིན་པ་དང་། རྒྱ་གཞུང་གི་བཙན་ཤེས་འོག་བོད་མི་དེ་དག་གནས་སྤོ་བྱེད་བཞིན་པ། གོ་ལའི་གནམ་ཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཅི་ཐེབས། རྒྱ་གཞུང་གིས་ཁོར་ཡུག་སྲིད་བྱུས་ནོར་བ་དང་གང་བྱུང་གཏེར་འདོན་དང་འཛུགས་སྐྲུན་ལས་གཞི་རྐྱེན་པས་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་འགྲོ་བཞིན་པ། བོད་ནང་གད་སྙིགས་ཀྱི་དཀའ་ངལ་དང་རང་བྱུང་ཁོར་ཡུག་གི་གོད་ཆག་མང་དུ་འགྲོ་བཞིན་པ་སོགས་སྔར་འཕྲད་མྱོང་མེད་པའི་དཀའ་ངལ་མང་དག་ཅིག་འཕྲད་བཞིན་པ་ཐེར་འདོན་གནང་འདུགསྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དང་ལན་འདེབས་ཚོགས་ཆུང་གི་ཚོགས་གཙོ་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་རྒྱ་གཞུང་གི་བཏོན་པའི་རྒྱབ་ཤ་དཀར་པོ་དེ་དག་རྒྱ་ནག་གི་གཏན་འབེབས་བྱས་པའི་སྲིད་བྱུས་ཡིན་ལུགས་བརྗོད་བཞིན་པ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་དེར་གལ་འགངས་ཆེན་པོ་རྩིས་པའི་ཐོག་ནས་ཟླ་བ་མང་པོའི་རིང་ཉམས་ཞིབ་མཐིལ་ཕྱིན་པ་གནང་རྗེས་བོད་ནང་གི་ཁོར་ཡུག་དང་འབྲེལ་བའི་དངོས་ཡོད་གནས་ཚུལ་དང་བདེན་དཔང་ཐུབ་པའི་ལན་འདེབས་ཡིག་ཆ་དེ་ད་རེས་འདོན་སྤེལ་གནང་བ་ཡིན་སྐོར་གསུངས་སོང་། བསྟན་པ་རྒྱལ་མཚན་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ཤོག་གྲངས་ ༢༡ ཅན་གྱི་ཡིག་ཆ་དེའི་ནང་གཙོ་དོན་ཚན་བརྒྱད་འབུར་འདོན་གནང་ཡོད་པ་དང་། དོན་ཚན་རེ་རེས་བོད་ཀྱི་ཁོར་ཡུག་གི་གནས་སྟངས་མི་འདྲ་བ་རེ་རེ་གསལ་སྟོན་བྱས་ཡོད་པ་དང། དེའི་ཁོངས་ནས་བོད་ནང་དེང་སྐབས་གད་སྙིགས་ཀྱི་དཀའ་ངལ་འཕྲད་བཞིན་པ། རང་བྱུང་གོད་ཆག་མང་དུ་འགྲོ་བཞིན་ཡོད་པ་བཅས་ཀྱི་གནད་དོན་གསར་པ་གཉིས་འཁོད་ཡོད་པ་དང་། དེ་བཞིན་ས་གནས་ས་ཐོག་ཏུ་རྒྱ་གཞུང་གི་དེ་གའི་ཁྲིམས་དང་འགལ་བའི་ལས་དོན་སྤེལ་བ་རྣམས་ཀྱིས་བོད་ཀྱི་ཁོར་ཡུག་ལ་གནོད་འཚེ་བཟོ་མུས་ཡིན་པ་སོགས་ཀྱི་གནད་དོན་བཞི་འབུར་འདོན་གནང་བ་དང་འབྲེལ། ཁོར་ཡུག་སྲུང་སྐྱོབ་འདི་ཆབ་སྲིད་དང་འབྲེལ་བ་མེད་པ་ཞིག་ཡིན་སྟབས། བོད་རྒྱ་གཉིས་ཟུང་འབྲེལ་ཐོག་ནས་ཕྱག་ལས་གནང་ཐུབ་པ་ཞིག་དང་གནང་དགོས་གལ་ཡིན་སྐོར་གསུངས་ཡོད།

Latest news