Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

རྒྱལ་ཚོགས་ཀྱི་ཟུར་ཚོགས་ཐོག་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ཞུ་འབོད་གནང་བ།

ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་ལས་ཁུངས་ཨ་མར་འཚོགས་བཞིན་པའི་རྒྱལ་ཚོགས་ཀྱི་གདོད་མའི་མི་རིགས་ཀྱི་གླེང་སྟེགས་ཐོག་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རྡོ་རྗེ་ཚེ་བརྟན་ལགས་དང་ལས་འགུལ་ངེས་སྟོན་པ་ཨུ་རྒྱན་ལགས་གཉིས་ནས་མཉམ་ཞུགས་གནང་སྟེ་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་སྙན་གསེང་དང་ཞུ་འབོད་གནང་འདུག དེ་ཡང་ཁ་ཉིན་ཚེས་ ༡༦ ཉིན་དབུ་འཛུགས་ཀྱིས་ཚེས་ ༢༧ བར་འཚོགས་བཞིན་པའི་རྒྱལ་ཚོགས་ཀྱི་ཚོགས་འདུའི་ཐོག་ཁེ་ན་ཌ་དང་ཨ་རི། ཨོ་སི་ཊོ་ལི་ཡ། ནིའུ་ཛ་ལེན་ཌི།  ཨི་ཁུའོ་ཌར་སོགས་རྒྱལ་སྤྱིའི་རྒྱལ་ཁབ་འདྲ་མིན་ནང་གི་གདོད་མའི་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་རིག་གཞུང་སྲུང་སྐྱོབ། སྐད་ཡིག་རང་དབང་བཅས་ཀྱི་སྐོར་གླེང་སློང་གནང་བཞིན་ཡོད་སྟབས། ཕྱི་ཚེས་ ༡༦ ཉིན་བོད་མིའི་སྐུ་ཚབ་རྣམ་གཉིས་ནས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་སྐད་ཡིག་རང་དབང་མེད་པའི་ཆེས་ཛ་དྲག་གི་གནས་སྟངས་སྙན་གསེང་དང་སྲུང་སྐྱོབ་དགོས་པའི་ཞུ་འབོད་གནང་འདུག ལྷག་དོན་རྒྱ་གཞུང་གི་བཙོན་ཁང་དུ་ལོ་ངོ་གཉིས་རིང་བཙོན་འཇུག་རྗེས་འདི་ལོའི་ལོ་མགོར་ཁྲིམས་གཏུགས་ཟིན་ནས་ཟླ་བ་གསུམ་ལྷག་ཕྱིན་ཡོད་ཀྱང་ཁྲིམས་ཐག་མ་གཅོད་པར་མུ་མཐུད་བཙོན་འཇུག་འོག་ཡོད་པའི་བོད་མི་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་ཀྱི་གནད་དོན་སྙན་གསེང་ཞུས་འདུག རྩ་བའི་དེང་སྐབས་རྒྱ་ནག་དེ་རྒྱལ་སྤྱིའི་ཁྲོད་དམག་དང་དཔལ་འབྱོར་གཉིས་ཀྱི་ཐོག་ནས་རྒྱལ་ཁབ་སྟོབས་ཤུགས་ཆེ་བའི་གྲས་སུ་ཚུད་ཡོད་པ་དང་། རྒྱ་གཞུང་གིས་རྒྱལ་ཁབ་ཕན་ཚུན་གྱི་ཚོང་འབྲེལ་སོགས་ལ་ཁ་གཡར་ཏེ་རྒྱལ་སྤྱིའི་གཞུང་ཚོགས་ཁག་གི་འགོ་ཁྲིད་རྣམས་ལ་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་རྒྱུ་མེད་པ་དང། བོད་ཀྱི་གནད་དོན་སྐོར་གླེང་རྒྱུ་མེད་པའི་གནོན་ཤུགས་གང་ས་ཅི་ཐད་ནས་སྤྲོད་བཞིན་པ་མ་ཟད། འདས་པའི་ལོ་ཤས་ནང་རྒྱལ་ཚོགས་སུ་རྒྱ་གཞུང་གི་གནོན་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་ཀྱང་ད་ལན་བོད་མིའི་སྐུ་ཚབ་ལ་དམིགས་བསལ་བཀག་སྡོམ་བྱས་མེད་པ་རེད། UNPO ཞེས་རྒྱལ་ཚོགས་སུ་སྐུ་ཚབ་མེད་པའི་རྒྱལ་ཁབ་དང་མི་མང་གི་ཚོགས་པའི་ཚོགས་གཙོ་གཞོན་པ་དང་ཡུ་གུར་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་གྲགས་ཅན་སྐུ་ཞབས་ Dolkun Isa ལགས་ཚོགས་འདུ་དེའི་ཐོག་ཞུགས་བཅུག་མེད་པ་རེད། UNPO ཚོགས་པའི་དྲ་གནས་ཐོག་ཡིག་ཐོག་དང་བརྙན་འཕྲིན་གཉིས་ཀྱི་ཐོག་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་བརྒྱུད་སྐུ་ཞབས་ Isa ལགས་ཀྱིས་ཁོང་ད་ལན་ New York ནང་དུ་གདོད་མའི་མི་རིགས་ཀྱི་གླེང་སྟེགས་ཐོག་ཆེད་བཅར་ཞུས་ཡོད་ཀྱང་། རྒྱལ་སྒོ་ནས་བཀག་པ་དང་ཚོགས་འདུའི་ཐོག་ཞུགས་རྒྱུ་བྱུང་མེད་སྐོར་གསུངས་ནས་གནད་དོན་དེ་རྒྱ་གཞུང་གིས་ཤུགས་རྐྱེན་སྤྲད་པའི་དབང་གིས་ཡིན་པ་སོགས་གསུངས་ཡོད། ལྷག་དོན་ཁོང་གིས་དེ་ནི་རྒྱལ་ཚོགས་ལ་སྣང་ཆུང་དང་ཛ་དྲག་གི་གནད་དོན་ཞིག་ཡིན་པ་མངོན་གསལ་གནང་བ་དང་འབྲེལ། རྒྱལ་སྤྱིའི་ཁྲོད་རང་དབང་དང་མང་གཙོར་དགའ་ཞེན་ཡོད་མཁན་རྒྱལ་ཁབ་རྣམས་ནས་རྒྱ་ནག་ལ་རྒྱལ་ཚོགས་ཐོག་གནོན་ཤུགས་དེ་ལྟར་སྤྲད་པར་བཀག་སྡོམ་དང་གདོང་ལེན་གནང་དགོས་པའི་འབོད་སྐུལ་ཞུས་འདུག རྩ་བའི་སུད་སི་གྲོང་ཁྱེར་ Geneva ནང་རྒྱལ་ཚོགས་ཀྱི་ཚོགས་འདུ་ཐོག་རྒྱ་གཞུང་མི་སྣས་བོད་མིའི་སྐུ་ཚབ་ལ་གཏམ་བཤད་གནང་མ་བཅུག་པར་རྙོང་ཟིང་བཟོ་བའི་གནས་ཚུལ་བྱུང་མྱོང་ཡོད་པ་རེད།

ཨ་རིའི་སྐད་ཡིག་རིག་གནས་ཚོགས་པས་བཀྲ་ཤིས་དབང་ཕྱུག་ལགས་གློད་བཀྲོལ་དགོས་པའི་འབོད་སྐུལ་གནང་འདུག

བོད་མི་སྐད་ཡིག་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་ཁ་བྲལ་རིང་ལུགས་བརྒྱུད་སྐུལ་བྱས་པའི་ཉེསའཛུགས་འོག་རྒྱ་གཞུང་གིས་འཛིན་བཟུང་བྱས་ནས་ད་ཆ་ལོ་ངོ་གཉིས་དང་ཟླ་བ་གསུམ་ཕྱིན་པའི་སྐབས་འདིར་ The linguistic society of America ཞེས་ཨ་རིའི་སྐད་ཡིག་རིག་གནས་ཚོགས་པས་རྒྱ་ནག་གཞུང་ལ་ཁོང་ཆ་རྐྱེན་གང་ཡང་མེད་པར་འཕྲལ་མར་གློད་བཀྲོལ་དགོས་པའི་འབོད་སྐུལ་གནང་འདུག དེ་ཡང་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ཨ་མི་རི་ཀའི་སྐད་ཡིག་རིག་གནས་ཚོགས་པ་དེ་ནི་ཚན་རིག་དང་མཐུན་པའི་སྐད་ཡིག་རིག་གནས་གོང་འཕེལ་གཏོང་མཁན་གྱི་ཚོགས་པ་ཞིག་ཡིན་པ་དང་།   ཚོགས་པ་དེས་རང་གི་ཚོགས་མི་དང་རྒྱལ་སྤྱིའི་ནང་ཡོད་པའི་སྐད་ཡིག་རིག་པའི་ཆེད་ལས་པ་རྣམས་ལ་རྒྱ་གཞུང་གི་ཁྲིམས་ཞིབ་བློན་ཆེན་དང་འབྲེལ་བ་བྱེད་ཐོག་བཀྲ་ཤིས་དབང་ཕྱུག་ལགས་འཕྲལ་མར་གློད་བཀྲོལ་ཡོང་བར་འབོད་སྐུལ་ཞུ་དགོས་པའི་རེ་སྐུལ་གནང་འདུག དེ་བཞིན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་རང་གི་སྨྲ་བརྗོད་རང་དབང་ལོངས་སུ་སྤྱད་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་དུ་གཏོང་བཞིན་པའི་སྐོར་གསུངས་པ་དེར་རྒྱ་གཞུང་གི་ངོས་ནས་ནག་ཉེས་ཤིག་ཏུ་ངོས་འཛིན་གྱིས་ཁོང་འཛིན་བཟུང་བྱས་པ་དེར་སྐྱོན་བརྗོད་ཤུགས་ཆེ་གནང་བ་མ་ཟད། རང་དབང་གི་སྒོ་ནས་བསམ་ཚུལ་བརྗེ་ལེན་ཆོག་པ་དང་མང་ཚོགས་དཀྱུས་མའི་ཉིན་རེའི་འཚོ་ཐབས་ལ་དོ་ཕོག་གཏང་གཞིའི་སྲིད་བྱུས་ལ་སྐྱོན་བརྗོད་བྱེད་ཆོག་པའི་རང་དབང་དེ་ང་ཚོས་ངེས་པར་དུ་སྲུང་སྐྱོབ་གནང་དགོས་ཞེས་གསུངས་ཡོད། རྩ་བའི་འདི་ལོའི་ཕྱི་ཟླ་ ༢ པའི་ནང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚན་པ་འདྲ་མིན་དྲུག་གི་ཆེད་ལས་པའི་ངོས་ནས་ཀྱང་ཡོངས་ཁྱབ་སྤྱི་བསྒྲགས་ཤིག་སྤེལ་བའི་ཐོག་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་གནད་དོན་ཐད་ལ་རྒྱ་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་གནང་བ་མ་ཟད། བཀྲ་ཤིས་དབང་ཕྱུག་ལགས་སུ་ཉེས་འཛུགས་གནང་ཁག་ཕྱིར་འཐེན་དང་འབྲེལ། རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་པའི་ཐོག་ནས་གློད་བཀྲོལ་གནང་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གིས་འབྲེལ་མཐུད་པ་བསྟན་འཛིན་འཇིགས་བྲལ་ལགས་ཀྱིས་ཚོགས་པ་དེས་སྤེལ་བའི་གསར་འགོད་གསལ་བསྒྲགས་ཐོག་བཀྲ་ཤིས་དབང་ཕྱུག་ལགས་གློད་བཀྲོལ་ཐོབ་པའི་རེ་འདུན་ཞུ་ས་གཙོ་བོ་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་རྒྱབ་སྐྱོར་ཆགས་ཀྱི་ཡོད་སྟབས། ད་ཆ་ཨ་མི་རི་ཀའི་སྐད་ཡིག་རིག་གནས་ཚོགས་པས་གནད་དོན་དེའི་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། རྒྱལ་སྤྱིའི་ཁྱོན་དུ་གནས་པའི་རྩོམ་པ་པོ་དང་སྐད་ཡིག་ལ་གཅེས་འཛིན་གནང་མཁན་ཡོངས་ནས་བཀྲ་ཤིས་དབང་ཕྱུག་ལགས་ཆ་རྐྱེན་གང་ཡང་མེད་པར་གང་མགྱོགས་གློད་བཀྲོལ་ཡོང་ཆེད་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།

ཁེ་ལི་ཕོ་ནི་ཡ་ཁུལ་གྱི་རྒྱ་རིགས་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་ཐུགས་རྗེ་ཆེ་ཞུའི་ལས་རིམ་ཚོགས་པ།

བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཕྱི་ལོ་ ༢༠༡༨ ལོ་འདི་རྒྱ་གར་གཙོ་བོར་གྱུར་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་ཐུགས་རྗེ་ཆེ་ཞུའི་ལོ་ཞེས་གཏན་འབེབས་གནང་དོན་ལྟར། ཉེ་ཆར་ཨ་རིའི་ California མངའ་ཁུལ་གྱི་ Bay Area ས་ཁུལ་དུ་མངའ་སྡེ་དེའི་ནང་གི་རྒྱ་རིགས་བོད་དོན་རྒྱབ་སྐྱོར་བ་ ༨༠ སྐོར་ཞིག་ལ་བོད་ཀྱི་རིག་གཞུང་འཁྲབ་སྟོན་དང་གསོལ་སྟོན་འདེགས་འབུལ་བཅས་ཞུ་ཐོག་ཐུགས་རྗེ་ཆེ་ཞུའི་ལས་རིམ་ཞིག་ཚོགས་གནང་འདུག དེ་ཡང་ཨ་རིའི་རྒྱལ་ས་ Washington DC ནང་རྟེན་གཞི་བྱས་པའི་ཨ་རིའི་སྐུ་ཚབ་དོན་ཁང་དང་བྱང་ཁེ་ལི་ཕོ་ནི་ཡ་བོད་རིགས་སྤྱི་མཐུན་ཚོགས་པ་གཉིས་ཟུང་འབྲེལ་ཐོག་ཟླ་ ༤ ཚེས་ ༡༤ ཉིན་རྒྱ་རིགས་གྲོགས་ཕོ་མོ་རྣམས་ལ་ཐུགས་རྗེ་ཆེ་ཞུའི་ལས་རིམ་ཞིག་ཚོགས་འདུག་པ་དང། མངའ་སྡེ་དེའི་ནང་ཡོད་པའི་ཡུན་རིང་ནས་བོད་དོན་ལ་དོ་སྣང་དང་རྒྱབ་སྐྱོར་གནང་མཁན་རྒྱ་རིགས་གཞོན་སྐྱེས་དང་རྩོམ་པ་པོ། མང་གཙོ་དོན་གཉེར་བ་དང་སློབ་གྲྭ་ཆེན་མོའི་སློབ་དཔོན་སོགས་ལས་རིགས་འདྲ་མིན་གཉེར་བཞིན་པའི་རྒྱ་རིགས་ཁྱོན་ ༨༠ ཙམ་གདན་ཞུ་གནང་འདུག ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་དང་ཨ་རི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲིས་ལགས། དེ་བཞིན་དོན་ཁང་གི་བོད་རིགས་འབྲེལ་མཐུད་པ་བསྟན་འཛིན་ཚེ་དཔག་ལགས་བཅས་ཆེད་ཕེབས་གནང་ཡོད་པ་རེད། དེ་སྔ་བོད་ནང་ལོ་མང་རིང་ཕྱག་ལས་གནང་མྱོང་མཁན་རྒྱ་རིགས་ཤིག་ནས་དེ་སྔ་བོད་མིར་གཟིགས་སྟངས་ངན་པ་དང་མཐོང་ཆུང་གནང་མྱོང་བར་བློ་འགྱོད་ཡོད་སྐོར་གསུངས་པ་དང་སྦྲགས་ཏེ་བོད་མི་རྣམས་ལ་དགོངས་སེལ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག རྒྱ་རིགས་སྒྱུ་རྩལ་བ་ Chen Weiming ལགས་ཀྱིས་ཚེས་ ༡༤ ཉིན་གྱི་ལས་རིམ་དེའི་ཐོག་ཁོང་རང་ཉིད་ནས་༸གོང་ས་མཆོག་གི་༸སྐུ་བརྙན་དཔར་རྩ་ཞིག་གསར་བཞེངས་གནང་ཡོད་པ་དེ་༸གང་ཉིད་མཆོག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་མཚོན་པ་བྱེད་རྒྱུ་ཡིན་ཞེས་གསུངས་པ་ལྟར་༸གོང་ས་མཆོག་གི་༸སྐུ་བརྙན་དེ་དབུ་འབྱེད་གནང་འདུག རྩ་བའི་ཐེངས་འདིའི་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ California ནང་ཕེབས་དོན་གཙོ་བོ་ནི་ས་ཁུལ་དེའི་བོད་རིགས་རྣམས་དང་མཇལ་འཕྲད་གནང་རྒྱུ་དེ་ཡིན་སྟབས། ཚེས་ ༡༥ ཉིན་ས་གནས་བོད་རིགས་མང་ཚོགས་དང་མཇལ་འཕྲད་ཀྱིས་གསུང་བཤད་གནང་འདུག དེ་བཞིན་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་དབུས་པའི་གྲོས་ཚོགས་འཐུས་མི་དང་ལས་བྱེད་ཁག་ཅིག་དང་མཇལ་འཕྲད་གནང་དང་གནང་མུས་རེད་འདུག

རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པས་གྲོས་ཆོད་དྲུག་གཏན་འབེབས་ཐོག་ཚོགས་འདུ་མཇུག་སྒྲིལ་གནང་བ།

ཟླ་བ་འདིའི་ཕྱི་ཚེས་ ༡༤ དང་ ༡༥ ཉིན་གྲངས་གཉིས་རིང་བཞུགས་སྒར་དུ་རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་སྐབས་བཞི་པའི་འགན་འཛིན་ལྷན་ཚོགས་ཐེངས་དང་པོ་ཚོགས་ཡོད་པ་ལྟར། དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་མཆོག་དང་མཇལ་མོལ་གནང་ཐོག་ཚོགས་འདུ་མཇུག་སྒྲིལ་གནང་སོང་། ཐེངས་འདིའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་བོད་པའི་ཚོང་པ་ཚོགས་པའི་རྒྱུན་ལས་ ༡༡ དང་བོད་མི་ཚོང་པ་ཚོའི་ཅ་དངོས་ཉོ་སའི་བསྟི་གནས་ Ludhiana དང་ Delhi གཉིས་ཀྱི་རྒྱ་གར་ཚོང་པ་ཚོགས་པའི་འཐུས་མི་དང་བཅས་ཚོང་པ་ཁྱོན་ ༢༡ ཙམ་ཕེབས་གནང་ཡོད་པ་རེད། ཚོང་པའི་ལྷན་ཚོགས་ནས་ཚོགས་ཆེན་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་གྱི་གྲོས་ཆོད་དང་། བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དང་ལུ་དྷི་ཡཱ་ནཱ་ཚོང་པའི་ཚོགས་གཙོ་དབར་དངོས་ཟོག་ཉེན་སྲུང་གི་གྲོས་ཆོད།  དེ་བཞིན་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ནས་སུད་ཚོང་བར་འབུམ་གཅིག་རེའི་རོགས་དངུལ་གནང་ཕྱོགས་དང་འབྲེལ་བའི་གྲོས་ཆོད་དོན་ཚན་དྲུག་ཅན་ཞིག་གཏན་འབེབས་གནང་ཡོད་པ་རེད། གཞི་རྩའི་ཐེངས་འདིའི་ཚོགས་འདུའི་ཐོག་ཕེབས་པའི་རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པ་དང་བོད་མི་དང་ལྷན་ཚོང་འབྲེལ་ཡོད་པའི་རྒྱ་གར་ཚོང་པ་རྣམས་ལ་ཕྱི་ཚེས་ ༡༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་མཆོག་གི་མཇལ་ཁ་དང་བཀའ་སློབ་གི་གོ་སྐབས་ཐོབ་ཡོད་པ་དང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་ཚོང་པ་ཚོའི་ངོས་ནས་དཔལ་འབྱོར་བཟོ་དགོས་གལ་ཡིན་པ་དང་དེ་མཚུངས་མ་འོངས་པར་གཞན་ལ་ཕན་པའི་ཕྱག་ལས་གནང་དགོས་གལ་ཡིན་པའི་ལམ་སྟོན་བསྩལ་ཡོད་པ་རེད།

གྲྭ་བཙུན་རྣམས་ཆབ་སྲིད་ཀྱི་འོས་བསྡུ་ནང་ཞུགས་རྒྱུ་དེ་ལེགས་ཉེས་གང་ཡིན་ལ་ཞིབ་འཇུག་གནང་དགོས་གལ་ཡིན་པ་གསུངས་པ།

བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་མང་གཙོ་དང་ཆིག་སྒྲིལ་ཐོག་གསུང་བཤད་གནང་བ་དང་སྦྲགས། གྲྭ་བཙུན་རྣམས་ཆབ་སྲིད་ཀྱི་འོས་བསྡུ་ནང་ཞུགས་རྒྱུ་དེ་ལེགས་ཉེས་གང་ཡིན་ལ་ཞིབ་འཇུག་གནང་དགོས་གལ་ཡིན་པ་གསུངས་སོང་། དེའང་ཟླ་ ༤ ཚེས་ ༡༣ རེས་གཟའ་པ་སངས་ཕྱི་དྲོ་ཚོུད་ ༥་༡༠ ཙམ་ལ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཞུགས་སྒར་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་དྷ་ས་ཁུལ་གྱི་སེར་སྐྱ་མང་ཚོགས་བརྒྱ་ཁྲག་ཁ་ཤས་ལ་མང་གཙོ་དང་ཆིག་སྒྲིལ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་རེད། སྐབས་དེར་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་འཛམ་གླིང་འདིའི་ཐོག་མིའི་སྤྱི་ཚོགས་ཀྱི་ཆབ་སྲིད་ཐབས་ལམ་གྱི་རིག་པའི་གཞུང་ལུགས་མང་གཙོའི་ལམ་སྲོལ་དེ་ཐོག་མ་ནུབ་ཕྱོགས་ནས་དར་བ་ཞིག་མ་ཡིན་པར་རྒྱ་གར་གྱི་ཡངས་པ་ཅན་ཚོགས་ཀྱི་གཙོ་བོ་ཞེས་པ་ནས་འགོ་བཙུགས་ཏེ་རིམ་བཞིན་དབུས་ཨེ་ཤ་ཡ་དང་ནུབ་ཕྱོགས་སུ་དར་འཕེལ་བྱུང་བ་ཞིག་ཡིན་སྐོར་ཞིབ་རྒྱས་ངོ་སྤྲོད་གནང་སོང་། རིན་པོ་ཆེ་མཆོག་གིས་ད་ལྟའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དེ་གྲོས་ཚོགས་དབུས་སུ་བཞག་པའི་བཅའ་ཁྲིམས་ཞིག་ཡིན་པ་དང་། མང་གཙོའི་རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་དེའི་ནང་གཞི་རིམ་རྩ་ཁྲིམས་སམ་ཁྲིམས་ཤིག་དགོས་ཀྱི་ཡོད་པ་ལྟར། ང་ཚོས་ཁྲིམས་གཞི་གཏན་འབེབས་སྐབས་བཙན་བྱོལ་སྒྲིག་འཛུགས་ཀྱི་གཞི་རིམ་བཅའ་ཁྲིམས་དགོངས་དོན་དང་མཐུན་པའི་ཐོག་ནས་ཕྱག་ལས་གནང་དགོས་གལ་ཡིན་པ་གསུངས་སོང་། རིན་པོ་ཆེ་མཆོག་གིས་ད་དུང་བོད་མི་ཚོའི་ངོས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་གནས་བབ་གང་ཡིན་གསལ་པོ་ཤེས་པ་ལ་ངེས་པར་དུ་བཅའ་ཁྲིམས་ཐོག་སློབ་གཉེར་གང་ཐུབ་གནང་དགོས་གལ་དང་། ལྷག་པར་བཅའ་ཁྲིམས་དེའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་ཁྲིམས་ཀྱི་ཆ་རྐྱེན་ལ་སྟོས་མི་དགོས་པར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་དང་བོད་མིའི་ངོ་བོ་དང་ཆིག་སྒྲིལ་གྱི་མཚོན་དོན། དེ་བཞིན་རང་དབང་ལྡན་པའི་མགྲིན་ཚབ་པ་ཞིག་ཡིན་སྐོར་བཀོད་ཡོད་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་ནི་མངོན་པར་མི་གསལ་བའི་གཞུང་གི་དབུ་ཁྲིད་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་ཅིག་ཡིན་པ་བསྟན་ཡོད་པའི་ཐོག་དོ་སྣང་གནང་གནད་ཡིན་སྐོར་གསུངས་སོང་། འདི་ག་རླུང་འཕྲིན་ཁང་གིས་གསར་འགོད་པས་བཀའ་བློན་ཁྲི་ཟུར་མཆོག་ལ་མང་གཙོའི་ལམ་ལུགས་ཀྱི་སྒྲོམ་གཞི་ལས་ཆབ་སྲིད་ཀྱི་སྒྲིག་འཛུགས་ནང་ཆོས་ཕྱོགས་ཀྱི་མི་སྣ་འམ་ཆོས་ཕྱོགས་ཀྱི་སྐུ་ཚབ་ཕེབས་པ་ཡིན་ན་ཆབ་སྲིད་ཀྱི་སྒྲིག་འཛུགས་དེ་མང་གཙོ་ཡང་དག་པ་ཞིག་ཆགས་ཀྱི་ཡོད་མེད་ཐད་ལ་བཀའ་འདྲི་ཞུས་པར་རིན་པོ་ཆེ་མཆོག་གིས་ཆོས་སྲིད་ཟུང་འབྲེལ་དང་མང་གཙོ་གཉིས་ལ་འགལ་བ་གང་ཡང་མེད་པ་དང་། ང་ཚོའི་གྲོས་ཚོགས་སུ་ཆོས་བརྒྱུད་སོ་སོའི་སྐུ་ཚབ་ཕེབས་པ་དེའང་མ་འགྲིག་པ་གང་ཡང་གཟིགས་ཀྱི་མེད་ཀྱང་། རབ་ཏུ་བྱུང་བ་ཚོ་ཉོན་མོངས་མངོན་འགྱུར་བའི་དབང་དུ་མ་སོང་བ་ཞིག་གནང་དགོས་གལ་དང་། ཁྱད་པར་དུ་མ་འོངས་པར་ཆོས་ཀྱི་གདན་ས་དེ་དག་འོས་ཤོག་གི་བང་མཛོད་ལྟ་བུ་ཆབ་སྲིད་ཀྱི་ལག་ཆར་འགྱུར་ཚེ་བསྟན་པ་ལ་གནོད་ངེས་ཡིན་སྐོར་གསུངས་པ་མ་ཟད། སྤྱིར་གྲྭ་བཙུན་རྣམས་ཆབ་སྲིད་ཀྱི་འོས་བསྡུ་ནང་ཞུགས་རྒྱུ་དེ་ལེགས་ཉེས་གང་ཡིན་ལ་ཞིབ་འཇུག་གནང་དགོས་གལ་ཡིན་པ་གསུངས་སོང་། གཞན་ཡང་རིན་པོ་ཆེ་མཆོག་གིས་ཆིག་སྒྲིལ་ཡོང་བར་ཕན་ཚུན་དབར་འདྲ་མཉམ་དང་ཡིད་ཆེས་བློ་འགེལ་བྱེད་དགོས་པ་མ་ཟད། ལས་དོན་དངོས་སུ་གཉེར་སྐབས་མི་སོ་སོའི་ཁམས་དང་མོས་པ། བསམ་ཚུལ་མི་མཐུན་པ་སོགས་ཡོང་ངེས་ཡིན་པ་ལྟར་གནད་དོན་གང་ཞིག་འཕྲད་ཀྱང་དེ་དག་ལས་དོན་རང་གི་ངོ་བོར་བཞག་པ་ལས་གང་ཟག་སྒེར་གྱི་ངོ་བོར་འཁྱེར་ན་མི་འགྲིག་ཚུལ་སོགས་གསུངས་སོང་། གཞི་རྩའི་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་ནི་གཞུང་འབྲེལ་མ་ཡིན་པའི་བོད་མིའི་ཆབ་སྲིད་ཚོགས་པ་གཅིག་པོ་དེ་ཡིན་ཞིང་། ཚོགས་པ་དེའི་ངོས་ནས་བཙན་བྱོལ་བོད་མིའི་གཞི་རིམ་མང་ཚོགས་སྤྱི་དང་སྒོས་སུ་མཐོ་སློབ་འགྲིམ་བཞིན་པའི་སློབ་མ་ཚོར་འགོ་ཁྲིད་ཀྱི་ཟབ་སྦྱོང་དང་མཁས་དབང་གདན་ཞུ་ཐོག་མང་གཙོ་དང་འབྲེལ་བགྲོ་གླེང་དང་གསུང་བཤད་གོ་སྒྲིག་ཞུ་རྒྱུ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན་ལྟར་ལོ་ལྔ་རེའི་མཚམས་སུ་བཀའ་སྤྱི་གཉིས་ཀྱི་འོས་མི་ངོ་སྤྲོད་དང་དྲིལ་བསྒྲགས་ཞུ་རྒྱུ། དེ་བཞིན་བོད་ཀྱི་བདེན་མཐའ་གསལ་བའི་འཐབ་རྩོད་ཀྱི་ལས་འགུལ་སྤེལ་རྒྱུ་བཅས་དོན་གནད་གསུམ་གྱི་ཐོག་ཕྱག་ལས་གནང་གི་ཡོད་པ་རེད།

དཔལ་འབྱོར་བཟོ་བ་དང་དེ་མཚུངས་མ་འོངས་པར་གཞན་ལ་ཕན་པའི་ཕྱག་ལས་གནང་དགོས་གལ་ཡིན་པའི་ལམ་སྟོན་བསྩལ་བ།

རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ངོས་ནས་༸གོང་ས་མཆོག་ལ་ཇི་ལྟར་གསོལ་བ་བཏབ་པ་བཞིན་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ་དེ་རིང་ཟླ་ ༤ ཚེས་ ༡༣ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་མཆོག་གིས་བོད་མིའི་ཚོང་པ་ཚོགས་པའི་རྒྱུན་ལས་རྣམས་ཀྱིས་གཙོས་བོད་མི་དང་ལྷན་ཚོང་འབྲེལ་ཡོད་པའི་རྒྱ་གར་ཚོང་པ་ཁག་ཅིག་ལ་མཇལ་ཁ་གནང་བ་མ་ཟད། སྐབས་དེར་ཚོང་པ་ཚོའི་ངོས་ནས་དཔལ་འབྱོར་བཟོ་དགོས་གལ་ཡིན་པ་དང་དེ་མཚུངས་མ་འོངས་པར་གཞན་ལ་ཕན་པའི་ཕྱག་ལས་གནང་དགོས་གལ་ཡིན་པའི་ལམ་སྟོན་བསྩལ་འདུག དེའང་བཞུགས་སྒར་དྷ་རྨ་ས་ལར་སང་ཟླ་ ༤ ཚེས་ ༡༤ དང་ ༡༥ བཅས་ཉིན་གྲངས་གཉིས་རིང་རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་སྐབས་བཞི་པའི་འགན་འཛིན་ལྷན་ཚོགས་ཐེངས་དང་པོ་ཚོགས་ཀྱི་ཡོད་པ་དང་བསྟུན། དེ་རིང་སྔ་དྲོ་བོད་མིའི་ཚོང་པ་རྣམས་ཀྱིས་གཙོས་པའི་རྒྱ་གར་ཚོང་པ་རྣམས་ནས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་འདུག ཐེངས་འདིའི་༸གོང་ས་མཆོག་གི་མཇལ་ཁ་ཞུ་བར་བཅར་མཁན་ Ludhiana ནང་གི་ Lala Tibetan Hosiery Association ཞེས་བོད་མིའི་ཚོང་པ་ཚོ་དང་ལྷན་ཚོང་འབྲེལ་གནང་མཁན་རྒྱ་གར་ཚོང་པ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Manjeet Kumar ལགས་སུ་བཅར་འདྲི་ཞུས་པར་བོད་མིའི་ཚོང་པ་ཚོ་དང་ལྷན་ཚོང་འབྲེལ་གནང་ནས་ལོ་ངོ་ ༤༠ ལྷག་ཕྱིན་ཟིན་པའི་དུས་ཡུན་དེའི་ཁྲོད་ཕན་ཚུན་དབར་ཤོག་བུ་ཆུང་ཆུང་ཞིག་གི་ཐོག་ཡི་གེ་ཁ་ཤས་བྲིས་ནས་ཡིད་ཆེས་གནང་བའི་ལམ་སྲོལ་ཞིག་ཆགས་ཡོད་པ་དེ་མུ་མཐུད་རྒྱུན་གནས་ཐུབ་པ་གནང་དགོས་གལ་ཡིན་པ་གསུངས་སོང་། རྒྱ་གར་གི་ཚོང་པ་ཚོགས་པ་གཞན་ཞིག་གི་ཚོགས་གཙོ་སྐུ་ཞབས་ Naveen Sood ལགས་ཀྱིས་ད་རེས་སླར་༸གོང་ས་མཆོག་གི་མཇལ་ཁ་ཞུ་རྒྱུའི་གོ་སྐབས་ཐོབ་པར་ཧ་ཅང་གི་དགའ་ཚོར་ཆེན་པོ་བྱུང་བ་དང། ཁོང་ནས་འདས་པའི་ལོ་ངོ་ ༢༥ ཙམ་ནས་བོད་མིའི་ལྷན་དུ་ཚོང་འབྲེལ་གནང་རྐྱེན་བོད་མི་དེ་དག་རང་ཉིད་ཀྱི་ནང་མི་ལྟ་བུའི་འདུ་ཤེས་ཡོང་གི་ཡོད་པ་སོགས་གསུངས་ཡོད། ལྷག་དོན་སྔ་ལོའི་ནང་བོད་མི་རྣམས་ལ་ GST ཞེས་དངོས་ཟོག་དང་ཞབས་ཞུའི་དཔྱ་ཁྲལ་ཀྱི་ངལ་བ་ཕྲད་སྐབས་བོད་མི་རྣམས་ལ་ཕྱག་རོགས་གང་ཐུབ་ཞུས་ཡོད་པ་དང། རྒྱ་གར་གཞུང་གིས་སླར་ཁྲལ་གསར་པ་ཞིག་སྤྲོད་པ་བཟོ་ཡོད་སྟབས། བོད་མི་ཚོང་པ་རྣམས་དང་ཚོགས་པའི་འགོ་ཁྲིད་རྣམས་ལ་ཁྲལ་དང་འབྲེལ་བའི་ཡིག་ཆ་རྣམས་སྔ་ས་ནས་གྲ་འགྲིག་གནང་སྟེ་མ་འོངས་པར་ཚོང་ཟོག་གཏང་སྐབས་ངལ་བ་མེད་པ་བཟོ་དགོས་པར་འབོད་སྐུལ་ཞུ་བཞིན་ཡོད་འདུག རྩ་བའི་ཐེངས་འདིའི་ཚོགས་ཆེན་ཐོག་བོད་པའི་ཚོང་པ་ཚོགས་པའི་རྒྱུན་ལས་ ༡༡ ཙམ་ཕེབས་ཡོད་པ་དང། བོད་མི་ཚོང་པ་ཚོའི་ཅ་དངོས་ཉོ་སའི་བསྟི་གནས་ Ludhiana དང་ Delhi གཉིས་ཀྱི་རྒྱ་གར་ཚོང་པ་ཚོགས་པའི་འཐུས་མི་དང་ཚོང་པ་ཁྱོན་ ༢༡ ཙམ་ཆེད་ཕེབས་གནང་འདུག དེ་རིང་སྔ་དྲོ་༸གོང་ས་མཆོག་གི་མཇལ་ཁ་གྲུབ་མཚམས་སུ་རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་རྒྱུས་ལས་དང་རྒྱ་གར་ཚོང་པ་དེ་དག་ནས་བོད་མིའི་སྒྲིག་འཛུགས་བསྟི་གནས་གངས་ཅན་སྐྱིད་གཤོངས་སུ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་དང་མཇལ་མོལ་གནང་ཡོད་པ་རེད།

དྷ་ས་བོད་མི་ཚོས་རླངས་འཁོར་བརྡབ་རྐྱེན་འོག་འདས་གྲོངས་སུ་གྱུར་བའི་རྒྱ་གར་གྱི་སློབ་ཕྲུག་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་མར་མེ་ཁྲོམ་སྐོར་གནང་བ།

ཉེ་སྔོན་རེས་གཟའ་ཟླ་བའི་ཉིན་ཧི་མཱ་ཅལ་མངའ་སྡེའི་ནུར་པུར་ཉེ་འགྲམ་དུ་སློབ་གྲྭའི་རླངས་འཁོར་ཞིག་བརྡབ་རྐྱེན་ཁྲོད་སློབ་ཕྲུག་གཙོ་གྱུར་མི་གྲངས་ ༢༧ འདས་གྲོངས་སུ་གྱུར་བར་གདུང་སེམས་མཉམ་བསྐྱེད་ཀྱི་མར་མེ་ཁྲོམ་སྐོར་གནང་སོང་། ཁ་སང་ཟླ་ ༤ ཚེས་ ༡༢ ཉིན་ཕྱི་དྲོ་ཚོུད་ ༦ ཡོལ་ཙམ་ལ་དྷ་ས་ཧིན་བོད་མཛའ་འབྲེལ་ཚོགས་པས་རྐང་འགན་བཞེས་ཐོག་བཞུགས་སྒར་དུ་བོད་མི་གཙོས་པའི་ས་གནས་རྒྱ་གར་ཡུལ་མི་བཅས་ཀྱིས་ཕྱག་ཏུ་སྒྲོན་མེ་བསྣམས་ནས་བྱང་ཆུབ་སེམས་མཆོག་གི་སྔོན་སྨོན་གསུང་འདོན་གནང་ཐོག་དྷ་ས་མེག་གྷན་ཁྲོམ་གཞུང་དུ་མར་མེ་ཁྲོམ་སྐོར་གནང་སོང་བ་མ་ཟད།  ལས་འགུལ་བ་རྣམས་ནས་མེག་ལོཌ་རླངས་འཁོར་བབ་ཚུགས་སུ་ཚང་འཛོམས་ཀྱིས་སྐར་མ་གཉིས་རིང་མྱ་ངན་གུས་བཏུད་ཀྱི་ངག་བཅད་གནང་བ་དང་སྦྲགས། ཉེ་སྔོན་སློབ་གྲྭའི་རླངས་འཁོར་བརྡབ་རྐྱེན་འོག་འདས་གྲོངས་སུ་གྱུར་བའི་སློབ་ཕྲུག་དེ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུས་ཡོད་པ་རེད།  སྐབས་དེར་དྷ་ས་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལགས་ཀྱིས་དོན་རྐྱེན་དེ་དང་འབྲེལ་ཏེ་ང་ཚོ་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་ཐོག་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་དགོས་པ་དང་། སྐྱེ་རྒ་ན་འཆིའི་སྡུག་བསྔལ་དེ་ང་ཚོ་ཚང་མར་ཡོང་རྒྱུ་ཡིན་པས་དེར་བསྔོ་སྨོན་གནང་དགོས་གལ་ཡིན་པ་གསུངས་ཡོད།  གནད་དོན་དེ་འབྲེལ་དྷ་ས་ས་གནས་བདེ་དོན་ལས་ཁུངས་ནས་གོ་སྒྲིག་ཞུ་ཐོག་ས་གནས་ཚོགས་ཁང་དུ་ཁ་སང་སྔ་དྲོ་ཚོུད་ ༡༠ ནས་ ༡༢ བར་མཆོད་འབུལ་སྨོན་ལམ་ཞིག་གནང་ཡོད་པ་ལྟར་དེ་རིང་ཡང་མུ་མཐུད་མཆོད་འབུལ་སྨོན་ལམ་གནང་གི་འདུག རྩ་བའི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Jai Ram Thakur མཆོག་གི་མཚན་ཐོག་ཏུ་གསུང་འཕྲིན་ཞིག་བསྩལ་བ་དང་དོན་རྐྱེན་འདི་དང་འབྲེལ་ཏེ་ཡིད་སྐྱོོའི་གནས་ཚུལ་ཐོན་པར་ཐུགས་ཕམ་ཆེན་པོས་ཐུགས་སྨོན་དང་སློབ་ཕྲུག་དེ་རྣམས་ཀྱི་ཤུལ་ལུས་ཕ་མ་གཙོས་པའི་ནང་མི་ཀུན་ལ་ཐུགས་གསོ་མཛད་ཡོད་པ་རེད།  དེ་འབྲེལ་མགོན་པོ་༸གང་ཉིད་མཆོག་གིས་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ཏཱ་ལའི་བླ་མའི་དགེ་རྩ་ཁང་གི་བརྒྱུད་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་དགེ་རྩར་ངལ་སེལ་རོགས་དངུལ་གསོལ་བསྩལ་མཛད་ཡོད་པ་རེད། དེ་དང་ཕྱོགས་མཚུངས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་མང་ཚོགས་སྤྱི་དང་སྒོས་འབྲེལ་ཡོད་ནང་མི་སྤུན་མཆེད་ཡོངས་ལ་གདུང་སེམས་མཉམ་བསྐྱེད་གནང་འདུག་པ་མ་ཟད། ཐེངས་འདིར་གོད་ཆག་འདི་ལྟ་བུ་བྱུང་སྐབས་སུ་ཡིད་གདུང་གི་ཚོར་བ་ཞིག་ངམ་ངམ་ཤུགས་ཀྱིས་སྐྱེ་བཞིན་ཡོད་པ་གསུངས་ཏེ་སློབ་ཕྲུག་དེ་རྣམས་ཀྱི་ཤུལ་ལུས་ཕ་མ་གཙོས་པའི་ནང་མི་ཀུན་ལ་ཐུགས་གསོ་དང་བསྔོ་སྨོན་གནང་འདུག དེ་དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཀྱང་བརྡབ་རྐྱེན་བྱུང་བའི་སློབ་ཕྲུག་དེ་དག་གི་ནང་མི་གཙོས་པའི་ཧི་མཱ་ཅལ་མི་མང་ཡོངས་ཀྱི་སེམས་ནང་ནམ་ཡང་བརྗེད་ཐབས་མེད་པའི་རྨ་ཁ་ཞིག་ཡིན་པ་མ་ཟད། ལྷག་དོན་ཧི་མཱ་ཅལ་མངའ་སྡེ་གཞུང་ལ་ཡང་གནད་དོན་དེའི་རྐྱེན་པས་གྱོང་གུད་ཆེན་པོ་ཕོག་ཡོད་སྐོར་གསུངས་པ་དང་ཆབས་ཅིག ཚེ་སྲོག་ཤོར་བའི་སློབ་ཕྲུག་དེ་དག་དང་ཤུལ་ལུས་ནང་མི་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་བསྔོ་སྨོན་གནང་འདུག

བཞུགས་སྒར་དུ་རྒྱལ་ཡོངས་རང་བཞིན་ལྡན་པའི་རྐང་སྤོལ་རྩེད་འགྲན་འཚོགས་རྒྱུ།

དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་གོ་སྒྲིག་ཞུ་ཐོག་འདི་ལོའི་ཕྱི་ཟླ་ ༦ པའི་ནང་བཞུགས་སྒར་དུ་རྒྱ་བལ་འབྲུག་གསུམ་གྱིས་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་མིའི་རྐང་སྤོལ་རུ་ཁག་ཕན་ཚུན་དབར་རྒྱལ་ཡོངས་རང་བཞིན་ལྡན་པའི་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཞིག་འཚོགས་རྒྱུ་རེད་འདུག དེའང་རིང་མིན་ཕྱི་ཟླ་ ༦ ཚེས་ ༡ ནས་ ༡༠ བར་བཞུགས་སྒར་དྷ་རྨ་ས་ལར་བསྐོང་ཚོགས་གནང་གཏན་འཁེལ་འདུག་པ་དང་། རྩེད་འགྲན་དེ་གཙོ་བོ་བཙན་བྱོལ་བོད་རིགས་གཞོན་སྐྱེས་ཕན་དབར་འབྲེལ་ལམ་དམ་ཟབ་དང་ཆིག་སྒྲིལ་གོང་འཕེལ། འཕྲོད་བསྟེན་གོ་རྟོགས་སྤེལ་ཆེད་ཡིན་པ་མ་ཟད། ལྷག་དོན་ལོ་འདི་ནི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མི་རྣམས་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་ནས་མི་ལོ་ ༦༠ ཧྲིལ་པོ་འཁོར་བའི་དུས་ཚིགས་དང་བསྟུན། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ Thank you India ཞེས་པའི་མཚན་བྱང་ཐོག་རྒྱལ་ཡོངས་རང་བཞིན་ལྡན་པའི་རྐང་སྤོལ་རྩེད་འགྲན་དེའི་བརྒྱུད་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་གནང་གི་འདུག རྩ་བའི་ཐེངས་འདིའི་རྐང་སྤོལ་རྩེད་འགྲན་གྱི་ཨང་དང་པོའི་རྒྱལ་ཁ་སོན་པའི་རུ་ཁག་ལ་བྱ་དགའ་ཧིན་སྒོར་འབུམ་གཅིག་དང་། ཨང་གཉིས་པར་སྟོང་ཕྲག་ལྔ་བཅུ་བཅས་གནང་རྒྱུ་རེད་འདུག

སྲིད་སྐྱོང་མཆོག་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གང་མགྱོགས་བསྐོ་གཞག་ཡོང་བའི་འབོད་སྐུལ་ཞུས་པ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མི་དང་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚན་པའི་འགན་འཛིན་སྐུ་ཞབས་ Bob Corker མཆོག་དང་མཇལ་འཕྲད་གནང་བ་དང་འབྲེལ། ཨ་རི་གཞུང་གི་ངོས་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གང་མགྱོགས་བསྐོ་གཞག་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་པ་མ་ཟད། ཨ་རིའི་གྲོས་ཚོགས་ཀྱི་ངོས་ནས་དེ་སྔ་ཡུལ་དེའི་གྲོས་ཚོགས་སུ་འདོན་སྤེལ་གནང་བའི་ Reciprocal access to Tibet act འམ་ཨ་རི་དང་རྒྱ་ནག་གཉིས་དབར་རང་དབང་འདྲ་མཉམ་ཐོག་མི་སྣ་འགྲོ་བསྐྱོད་ཆོག་པའི་གྲོས་ཆོད་དང་ཨ་རི་གཞུང་ནས་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ཁྲོད་བོད་ཀྱི་གནད་དོན་དེ་གལ་ཆེ་དོན་ཆེར་ངོས་བཞེས་དགོས་པའི་གྲོས་ཆོད་གཉིས་ངེས་པར་དུ་གཏན་འབེབས་ཡོང་རྒྱུར་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་འདུག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱལ་ས་ Washington DC ནང་གི་གཞུང་འབྲེལ་ཕྱོགས་ཕེབས་དེའི་ཁྲོད་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགོ་ལས་དང་ལྷན་དུ་ཨ་རིའི་གྲོས་ཚོགས་འཐུས་མི་དང་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚན་པའི་འགན་འཛིན་སྐུ་ཞབས་ Steve Daines མཆོག་དང་མཇལ་མོལ་གནང་འདུག སྐབས་དེར་གྲོས་ཚོགས་འཐུས་མི་སྐུ་ཞབས་ Steve Daines མཆོག་ནས་ཉེ་ཆར་ཁོང་བོད་ནང་གཞུང་འབྲེལ་འཚམས་གཟིགས་སྐབས་ཀྱི་མྱོང་བ་དང་། རྒྱ་ནག་གི་དཔོན་རིགས་ཚོ་དང་ལྷན་དུ་བོད་ནང་བོད་མིའི་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་ལ་དམ་དྲག་བྱེད་བཞིན་པའི་ཐོག་གླེང་སློང་གནང་ཡོད་པ་གསུངས་འདུག སྲིད་སྐྱོང་མཆོག་གིས་རྒྱ་གཞུང་གིས་གཏོར་བཤིག་གཏོང་བཞིན་པའི་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་སྒར། བོད་ནང་བོད་མིས་རང་ལུས་མེར་སྲེག་གནང་བའི་གནད་དོན་བཅས་སྙན་སེང་ཞུས་པ་དང་ཆབས་ཅིག་ཏུ་མ་འོངས་པར་སྐུ་ཞབས་ Steve Daines མཆོག་ལ་གོ་སྐབས་བྱུང་ཚེ་རྒྱ་ནག་གི་འགོ་ཁྲིད་དང་ལྷན་དུ་བོད་རྒྱའི་དཀའ་རྙོག་སེལ་བར་གཉིས་སྨན་དབུ་མའི་ལམ་གྱི་ཐོག་གླེང་སློང་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡོད་པ་རེད། རྩ་བའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཟླ་ ༤ ཚེས་ ༩ ནས་ཨ་རིའི་ Atlanta གྲོང་ཁྱེར་དང་རྒྱལ་ས་ Washington DC བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་ཡོད་པ་དང་། སྲིད་སྐྱོང་མཆོག་གིས་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དུ་ Berman Lecture ཞེས་པའི་དྲན་རྟེན་གསུང་བཤད་ལས་རིམ་ཐོག་བོད་དོན་གསུང་བཤད་གནང་ཡོད་པ་དང་། ཌི་སི་ཁུལ་དུ་རྟེན་གཞི་བྱས་པའི་ International Republication Institute ཚོགས་པའི་འབྲེལ་ཡོད་ལས་བྱེད་ཚོར་རྒྱ་ནག་སྟོབས་འབྱོར་རྒྱས་བཞིན་པའི་གནད་དོན་དང་། མང་གཙོའི་རིང་ལུགས་དར་འཕེལ། བོད་མིའི་སྒྲིག་འཛུགས་དང་བསྟི་གནས་ཁང་དེའི་དབར་འབྲེལ་ལམ་འཛུགས་ཕྱོགས་སོགས་གནད་དོན་འདྲ་མིན་ཐོག་བཀའ་བསྡུར་གནང་འདུག

Latest news