Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

བྱང་ཆུབ་ཆེན་པོའི་མཆོད་རྟེན་གྱི་གནས་གཟིགས་རྒྱལ་སྒོ་ཕྱེ་རྒྱུ།

ཁ་ཉིན་ཕྱི་ཚེས་ ༨ ཉིན་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་གྱི་དྲུང་ཆེའི་མཚན་ཐོག་ནས་སྤྱི་བསྒྲགས་ཤིག་སྤེལ་བར་ཟླ་ ༦ ཚེས་ ༡༠ ནས་བཟུང་ཆ་རྐྱེན་དོན་ཚན་ ༡༦ གི་ཐོག་བྱང་ཆུབ་ཆེན་པོའི་མཆོད་རྟེན་ལ་ གནས་གཟིགས་ཞུ་ཕྱིར་སྒོ་ཕྱེ་རྒྱུ་ཡིན་པ་བཀོད་འདུགབྱང་ཆུབ་ཆེན་པོའི་མཆོད་རྟེན་ལ་མཆོད་མཇལ་གྱི་དུས་ཚོད་སྔ་དྲོ་ཚོུད་ ༥ ནས་ ༩ བར་དང་ཉིན་རྒྱབ་ཚོུད་  ༤ ནས་དགོང་མོ་ཚོུད་ ༨ བར་སྒོ་ཕྱེ་གནང་གི་འདུག སྔ་དྲོ་ ༥ ནས་ ༥༌༣༠ བར་གཙང་བཟོ་གནང་རྒྱུ་དང་དེ་རྗེས་སྔ་དྲོ་ ༥༌༣༠ ནས་ ༦ དང་ཕྱི་དྲོ་ཚོུད་ ༦ ནས་ ༧ བར་ཞལ་འདོན་གསོག་སྒྲུབ་གནང་རྒྱུ་ཡིན་པ་ཡོངས་གྲགས་གནང་འདུག དད་ལྡན་མང་ཚོགས་རྣམས་ནས་མཆོད་རྟེན་རིན་པོ་ཆེར་མཆོད་མཇལ་དང་ཞབས་སྐོར་ཕེབས་རྒྱུའི་དུས་ཡུན་ནི་སྔ་དྲོ་ཚོུད་ ༦ ནས་ ༩ དང་དེ་བཞིན་ཕྱི་དྲོ་ཚོུད་ ༤ ནས་ ༦ བཅས་རེད་འདུགམཆོད་རྟེན་རིན་པོ་ཆེར་གནས་གཟིགས་སུ་ཕེབས་སྐབས་ངེས་པར་དུ་མཇལ་མི་ཚོའི་དབར་རྒྱང་ཐག་ཕི་ཊི་ ༦ འཇོག་དགོས་པ་དང་། ཁ་རས་བརྒྱབ་ནས་རྒྱལ་སྒོར་འཇོག་པའི་དུག་སེལ་སྨན་ཆུ་ངེས་སྤྱད་ཀྱིས་ཕྱག་གཙང་མ་བཟོ་དགོས་པ། དེ་བཞིན་མཆོད་རྟེན་རིན་པོ་ཆེའི་གཡས་གཡོན་དུ་ཁ་ལུད་གང་སར་གཡུག་ན་འཕྲོད་བསྟེན་ལ་གནོད་པ་མ་ཟད། ལོ་ངོ་ ༦༥ ཡན་གྱི་རྒན་རབས་དང་ལོ་ངོ་ ༡༠ མན་གྱི་བྱིས་པ་རྣམས་མཆོད་རྟེན་ཆེན་མོར་མཆོད་མཇལ་སླད་མ་ཕེབས་རོགས་ཞེས་སོགས་ཆ་རྐྱེན་དོན་ཚན་ ༡༦ ཆེད་བཏོན་གནང་འདུགརྩ་བའི་རྒྱ་གར་དབུས་གཞུང་གི་ལམ་སྟོན་ལྟར་ན་ཟླ་ ༦ ཚེས་ ༨ ཉིན་ནས་བཟུང་མི་མང་ཚོ་གསན་གཟིགས་ཞུ་ཡུལ་ལྟེ་གནས་ཁག་སྒོ་ཕྱེ་ཆོག་པའི་གསལ་བསྒྲགས་གནང་བ་ལྟར། རྒྱ་གར་གྱི་ས་གནས་ཁག་གི་ཧིཾ་དུའི་དགོན་པ་དང་ཡེ་ཤུའི་དགོན་པ་སོགས་ཆོས་ལུགས་ཁག་གི་མཆོད་མཇལ་ཞུ་ཡུལ་གཙོ་གྲས་རྣམས་རིམ་བཞིན་སྒོ་འབྱེད་བཞིན་ཡོད་པ་རེད།  འོན་ཀྱང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གཙོས་བཙན་བྱོལ་ནང་གི་དགོན་སྡེ་ཁག་གིས་དུས་ཚོད་ངེས་མེད་བར་དུ་སྒོ་རྒྱག་རྒྱུའི་གསལ་བསྒྲགས་རིམ་པ་གནང་ཡོད་པ་རེད།

སློབ་ཕྲུག་རང་ལོ་ ༡༢ ཅན་ཞིག་ལ་ཏོག་དབྱིབས་གཉན་རིམས་ཕོག་འདུག

རྒྱ་གར་གྱི་ས་གནས་ཁག་ཅིག་ཏུ་རིམ་པས་རྒྱ་ནག་ནས་ཁྱབ་གདལ་སོང་བའི་ཏོག་དབྱིབས་གཉན་རིམས་ཕོག་མཁན་གྱི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་པའི་ཁྲོད་འདིར་ཉེ་ཆར་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་ཆགས་པའི་ཊུ་ཊིང་བོད་མིའི་གཞིས་ཆགས་སུ་རང་ལོ་ ༡༢ སོན་པའི་བོད་ཕྲུག་ཞིག་ལ་ཏོག་དབྱིབས་གཉན་རིམས་དེ་ཕོག་འདུགརླུང་འཕྲིན་ཁང་གིས་ཊུ་ཊིང་ས་གནས་འགོ་འཛིན་རིག་འཛིན་རྡོ་རྗེ་ལགས་སུ་ཞལ་པར་བརྒྱུད་གནས་ཚུལརྒྱུས་ལོན་ཞུས་པར་རང་ལོ་ ༡༢ སོན་པའི་བོད་ཕྲུག་ཁོང་ནི་མ་སུ་རི་བོད་ཁྱིམ་དུ་འཛིན་རིམ་གསུམ་པར་སློབ་སྦྱོང་བྱེད་མུས་ཡིན་པ་ཞིག་ཆགས་ཀྱི་ཡོད་པ་དང་། འདས་པའི་ཟླ་བ་གཉིས་ལྷག་གི་གོང་ལ་རྒྱ་གར་རྒྱལ་ཡོངས་སུ་ཐེམ་སྤང་གི་བཀག་རྒྱ་བསྡམས་ཏེ་འགྲོ་སྐྱོད་ཀྱི་བརྒྱུད་ལམ་ཡོངས་རྫོགས་བཀག་ཡོད་སྟབས། ཁོང་རྒྱལ་ས་ལྡི་ལི་ལ་ཟླ་བ་གཉིས་ཙམ་རིང་ལུས་འདུག་པ་དང་། ད་རེས་འགྲོ་སྐྱོད་ཆོག་པའི་གུ་ཡངས་ཕྲན་བུ་གནང་བ་དང་བསྟུན་སོ་སོའི་གཞིས་ཆགས་ལ་ཕྱིར་ལོག་གནང་རྗེས་ས་གནས་སུ་བརྟག་དཔྱད་གནང་འབྲས་ཏོག་དབྱིབས་གཉན་རིམས་ཕོག་པ་ཤེས་རྟོགས་བྱུང་འདུག ད་ལྟའི་ཆ་ལ་ས་གནས་མངའ་སྡེའི་སྒྲིག་གཞི་ལྟར་ཁོང་ Tuting བོད་མིའི་གཞིས་ཆགས་ནས་རྒྱང་ཐག་ཀི་ལོ་མི་ཀྲར་ ༡༥༠ ཙམ་གྱི་སར་ཆགས་པའི་ Yinkiong ཞེས་པའི་ས་གནས་སུ་ཟུར་བཀག་འོག་བཞུགས་བཞིན་ཡོད་པ་དང་། ཁོང་གི་ཕྱག་རོགས་སུ་པཱ་ལགས་དང་ནང་མི་ཁག་ཅིག་ཡོད་མུས་ཡིན་པ་དང་། ད་ལྟའི་ཆར་བོད་ཕྲུག་ཁོང་ལ་གཉན་རིམས་དེ་ཕོག་ཡོད་ཀྱང་ལུས་ཀྱི་ཚ་བ་འཕར་བ་སོགས་ཀྱི་ནད་རྟགས་གང་ཡང་ཐོན་མི་འདུགགཞི་རྩའི་འདས་པའི་ཉིན་ཤས་གོང་ལ་རྒྱ་གར་བྱང་ཕྱོགས་ཌལ་ཧོར་ཁུལ་དུ་ལྡི་ལི་ནས་ཕྱིར་ལོག་བྱུང་བའི་བོད་མི་ལོ་ན་ ༦༣ ཅན་གྱི་བུད་མེད་ཅིག་ལ་ཏོག་དབྱིབས་གཉན་རིམས་ཕོག་པ་ཤེས་རྟོགས་བྱུང་སྟེ་ད་ལྟའི་ཆར་སྨན་བཅོས་གནང་མུས་ཡིན་པ་དང་། རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་བོད་སྒར་བསམ་ཡས་གླིང་གི་བོད་མི་རང་ལོ་ ༦༢ ལ་ཕེབས་པ་ཞིག་ཏོག་དབྱིབས་གཉན་རིམས་ཕོག་རྐྱེན་འདས་གྲོངས་སུ་གྱུར་ཡོད་པ་རེད། ད་ཆ་ཁོང་དང་གྲོགས་འདྲིས་ཡོད་པའི་ནང་མི་དགའ་གཉེན་སྤུན་མཆེད་སོགས་ས་གནས་གཞུང་གི་ལམ་སྟོན་ལྟར་ཟུར་བཀག་ཏུ་བཞུགས་མུས་རེད་འདུགད་ལྟའི་ཆ་ལ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་གྲངས་ཐོ་ལྟར་བྱས་ན་རྒྱལ་སྤྱི་ཁྱོན་ཡོངས་སུ་ཏོག་དབྱིབས་གཉན་རིམས་ཕོག་པ་མི་ ༦༧༩༩༧༡༣ དང་འདས་གྲོངས་སུ་ཕྱིན་པ་ ༣༩༧༣༨༨ ཆགས་ཀྱི་འདུག བོད་མིའི་སྒྲིག་འཛུགས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ཛ་དྲག་ངལ་སེལ་ཚོགས་ཆུང་གི་གྲངས་ཐོ་ལྟར་བྱས་ན་ད་བར་རྒྱ་བལ་འབྲུག་གསུམ་ཕུད་པའི་ཕྱི་རྒྱལ་ཁག་ཏུ་བོད་མི་ ༢༡༣ ལ་གཉན་རིམས་དེ་ཕོག་སྟེ་བོད་མི་ ༨ འདས་གྲོངས་སུ་ཕྱིན་ཡོད་པ་གསལ་བ་མ་ཟད། རྒྱ་གར་ནང་ལ་མཚོན་ན་ད་བར་ཡོངས་གྲགས་སུ་ཤེས་རྟོགས་བྱུང་བའི་ཁོངས་སུ་བོད་མི་ཏོག་དབྱིབས་གཉན་རིམས་ཕོག་པ་ ༤ དང་དེའི་ཁོངས་ནས་ ༢ འདས་གྲོངས་སུ་ཕྱིན་ཡོད་པ་རེད།

ལྡི་ལི་བསམ་ཡས་གླིང་བོད་སྒར་གྱི་བོད་མི་ཞིག་ཏོག་དབྱིབས་གཉན་རིམས་རྐྱེན་གྱིས་འདས་གྲོངས།

རྒྱ་གར་རྒྱལ་ས་ལྡི་ལི་ནང་ལ་ཆགས་པའི་བསམ་ཡས་གླིང་བོད་མིའི་གཞིས་སྒར་འམ་ཡོངས་གྲགས་སུ་ Majnu Ka Tilla ཞེས་པའི་ནང་གནས་བཞུགས་གནང་མཁན་བོད་མི་ཞིག་ཟླ་ ༦ ཚེས་ ༢ ཉིན་ Escort སྨན་ཁང་དུ་འདས་གྲོངས་སུ་གྱུར་ཡོད་པ་དང་། སྨན་ཁང་གིས་བརྟག་དཔྱད་གནང་འབྲས་སུ་བོད་མི་དེ་ཉིད་ཏོག་དབྱིབས་གཉན་རིམས་ཕོག་རྐྱེན་འདས་གྲོངས་སུ་གྱུར་ཡོད་པར་ར་འཕྲོད་བྱུང་འདུགབསམ་ཡས་གླིང་བོད་མིའི་གཞིས་སྒར་གྱི་ས་གནས་འགོ་འཛིན་ཕུན་ཚོགས་སྟོབས་རྒྱས་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བར་རང་ལོ་ ༦༢ ལ་ཕེབས་པའི་འདས་པོ་ཁོང་ཐོག་མར་སྙིང་ནད་ཀྱི་དོགས་གཞིའི་འོག་ཚེས་ ༣༠ ཉིན་སྨན་ཁང་དུ་བསྐྱལ་བ་ཞིག་ཡིན་པ་དང་། ཁ་སང་དགོང་དྲོ་སྨན་ཁང་གིས་བརྟག་དཔྱད་གནང་འབྲས་སུ་བོད་མི་དེ་ཉིད་ཏོག་དབྱིབས་གཉན་རིམས་རྐྱེན་པས་འདས་གྲོངས་སུ་གྱུར་ཡོད་པར་ར་འཕྲོད་བྱུང་རྗེས། འདས་པོ་ཁོང་གི་ནང་མིས་གཙོས་པའི་འབྲེལ་ཡོད་མི་སྣ་ ༡༣ ཙམ་ད་ལྟའི་ཆར་ཟུར་བཀག་འོག་བཞག་པ་དང་འབྲེལ་ས་གནས་སུ་རྒྱ་གར་གྱི་ལམ་སྟོན་གནང་དོན་ལྟར་སྔོན་འགོག་གི་ལས་གཞི་སྤེལ་མུས་རེད་འདུགརྩ་བའི་ཉེ་སྔོན་བསམ་ཡས་གླིང་གི་སྔགས་པ་གྲྭ་ཚང་དུ་ཕྱག་ལས་གནང་མཁན་རྒྱ་གར་ཞིག་གི་ཁྱིམ་དུ་བཞུགས་མཁན་རྒྱ་གར་གྱི་བེུད་ཅིག་ལ་ཏོག་དབྱིབས་གཉན་རིམས་ཕོག་པའི་གནས་ཚུལ་བྱུང་ཡོད་པ་ལྟར། གནད་དོན་དེའི་རྐྱེན་གྱིས་སྔགས་པ་གྲྭ་ཚང་གི་དགེ་འདུན་པ་གཉིས་དང་རྒྱ་གར་བ་ཁག་ཅིག་ད་ལྟའི་ཆར་ཟུར་བཀག་ཏུ་བཞུགས་མུས་ཡིན་པ་རེད། གཤམ་ལ་འདི་གའི་གསར་འགོད་པ་དཔའ་ཆེན་རྡོ་རྗེ་ལགས་ཀྱིས་བསམ་ཡས་གླིང་གི་ས་གནས་འགོ་འཛིན་ཕུན་ཚོགས་སྟོབས་རྒྱས་ལགས་ལ་བཅར་འདྲི་ཞུས་པ་ཞིག་གསན་གནང་ཡོང་བ་ཞུ།

རྒྱ་གར་གྱི་གནད་ཡོད་མི་སྣ་ཚོས་རྒྱ་ནག་གི་ཅ་དངོས་ཉོ་རྒྱུར་མི་མང་དཀྱུས་མར་སེམས་འགུལ་སྤེལ་རྒྱུ་མེད།

རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་ནད་དུག་ཀྱི་གནད་དོན་སྤྱི་དང་རྒྱ་དཀར་ནག་གཉིསཀྱི་ས་མཚམས་ཀྱི་གནད་དོན་དང་འབྲེལ་ནས་ལ་དྭགས་ནས་ཡིན་པའི་ཚན་རིག་པ་བསོད་ནམས་དབང་ཕྱུག་ལགས་ཀྱིས་རྒྱ་ནག་གི་ཅ་དངོས་བེད་སྤྱོད་བྱ་རྒྱུ་ལས་གཙོ་བོ་ཉོ་རྒྱུ་མཚམས་འཇོག་དགོས་པའི་བཀའ་མོལ་ཞིག་ཁྱབ་སྤེལ་ཆེན་པོ་ཕྱིན་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཁ་སང་རྒྱ་གར་གྱི་བརྒྱུད་ལམ་ཞིག་གི་ཐོག་རྒྱ་གར་གྱི་གནད་ཡོད་མི་སྣ་ཚོས་རྒྱ་ནག་གི་ཅ་དངོས་ཉོ་རྒྱུར་མི་མང་དཀྱུས་མ་རྣམས་ལ་སེམས་འགུལ་སྤེལ་རྒྱུ་མེད་པ་གསུངས་སོང་།རྒྱ་གར་གྱི་བརྒྱུད་ལམ་ Aaj Tak ཡི་བཅར་འདྲི་ལེ་ཚན་ཐོག་སྲིད་སྐྱོང་མཆོག་ལ་རྒྱ་ནག་གི་ཅ་དངོས་ཉོ་རྒྱུ་གཙོས་བཀོལ་སྤྱོད་བྱ་རྒྱུ་མཚམས་འཇོག་དང་འབྲེལ་བའི་དྲི་བར་མི་མང་དཀྱུས་མ་ཕལ་མོ་ཆེའི་ཅ་དངོས་སྤྱོད་སྐབས་རིན་གོང་ཆུང་བ་དེ་ཉོ་རྒྱུ་ཡིན་པ་ནི་ཐག་ཆོད་པ་རེད། འོན་ཀྱང་རྒྱ་གར་གྱི་གནད་ཡོད་མི་སྣ་ཚོས་མི་མང་དཀྱུས་མ་རྣམས་ལ་རྒྱ་ནག་གི་ཅ་དངོས་ཉོ་རྒྱུའི་སླད་དུ་སེམས་འགུལ་སྤེལ་ཐབས་གནང་རྒྱུ་མེད་པར་གསུངས་སོང་། དེ་བཞིན་ཁ་སང་གི་ལེ་ཚན་དེའི་ཐོག་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་བརྒྱུད་གཅིག་ལམ་གཅིག་གི་སྲིད་བྱུས་དེ་འཛམ་གླིང་གང་སར་སྤེལ་ཐབས་བྱེད་བཞིན་ཡོད་པ་ལྟར་ཆེས་ཐོག་མར་རྒྱ་ནག་དང་བོད་ཀྱི་དབར་ལ་བརྒྱུད་གཅིག་ལམ་གཅིག་གི་སྲིད་བྱུས་དང་འབྲེལ་ནས་བོད་དུ་ཡར་རྒྱས་དང་མཐུན་སྒྲིལ་གོང་མཐོར་གཏང་རྒྱུར་བསྙད་དེ་མཐར་བོད་བཙན་བཟུང་བྱས་ཡོད་པར་འགྲེལ་བརྗོད་དང་སྦྲགས། རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་པ་ལྟར་ཁྱིམ་མཚེས་རྒྱལ་ཁབ་ཚོ་ལའང་དེ་ལྟར་ཡོང་སྲིད་པའི་བརྡ་ལན་སྤྲོད་མུས་ལྟར་རྒྱ་གར་གཞུང་གི་མགོ་ལས་རྣམ་པས་སློབ་གསོ་དེ་ངེས་པར་དུ་དང་བཞེས་གནང་དགོས་གལ་ཡིན་པ་གསུངས་ཡོད།རྒྱ་ནག་གཞུང་གིས་བོད་གཙོས་ཧོང་ཀོང་དང་ཐེ་ཝན། དེ་བཞིན་ལ་དྭགས་བཅས་ནི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་བརྗོད་ཀྱི་ཡོད་ཀྱང་། ཏོག་དབྱིབས་ནད་ཡམས་དེ་རྒྱ་ནག་གི་མིན་པར་འགྲེལ་བརྗོད་བྱེད་བཞིན་ཡོད་པ་དེ་གཞན་ལ་གཉའ་གནོན་བྱ་རྒྱུའི་ཐབས་བྱུས་ཤིག་ཡིན་སྐོར་གསུངས་པ་མ་ཟད། རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་གདོང་ཐུག་དང་འབྲེལ་བའི་དྲི་བར་ལ་དྭགས་ཀྱིས་གཙོས་པའི་རྒྱ་གར་བྱང་ཤར་ཁུལ་དུ་ཆགས་པའི་ཨ་རུ་ནཱ་ཅལ་དང་། འབྲས་ལྗོངས་བཅས་ནི་རྒྱ་གར་གྱི་ཆ་ཤས་རེད་ཅེས་བོད་མིའི་སྒྲིག་འཛུགས་ཀྱིས་ངོས་ལེན་གནང་བ་དང་བཞེངས་ཕྱོགས་དེར་འགྱུར་མེད་པར་བསྐྱར་ནན་གནང་འདུགརྩ་བའི་རྒྱ་ནགགི་ཅ་དངོས་ཉོ་རྒྱུ་དང་བཀོལ་སྤྱོད་བྱ་རྒྱུ་མཚམས་འཇོག་ཀྱི་གནད་དོན་དང་འབྲེལ་རྒྱ་གར་གྱི་གསར་ཁང་ཁག་ཅིག་གིས་བོད་རང་བཙན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་གདན་ཞུས་ཀྱིས་བགྲོ་གླེང་ལེ་ཚན་ཁག་ཅིག་གནང་བར་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་རྒྱ་ནག་གཞུང་གིས་མི་མང་དཀྱུས་མ་རྣམས་ལ་གཉའ་གནོན་གཏོང་བཞིན་པ་གཙོས་བོད་དང་ཤར་ཏུར་ཀིས་སི་ཐན། སོག་པོ་བཅས་ཀྱི་ས་ཚིགས་རྣམས་བཙན་བཟུང་བྱས་ཏེ་རིན་མེད་ཀྱི་གཏེར་ཁ་སྔོག་འདོན་བྱས་པ་མ་ཟད་ཅ་དངོས་བཟོ་སྐྲུན་གྱིས་རིན་གོང་ཆུང་བར་ཚོང་འགྲེམས་བྱས་དང་བྱེད་མུས་ཡིན་སྐོར་གསུངས་པ་དང་འབྲེལ། ང་ཚོས་རྒྱའི་ཅ་དངོས་ཉོ་རྒྱུ་དང་བཀོལ་སྤྱོད་བྱ་རྒྱུ་མཚམས་འཇོག་བྱ་ཐུབ་རྒྱུ་ཡོད་པ་ཞིག་རེད། དེས་ན་ངེས་པར་དུ་རྒྱའི་ཅ་དངོས་ཉོ་རྒྱུ་མཚམས་འཇོག་བྱེད་དགོས། ཅི་སྟེ་རྒྱའི་ཅ་དངོས་ཀྱི་རིན་གོང་ལ་གཟིགས་ནས་མངགས་ཉོ་གནང་ཚེ་ཁྱེད་ཀྱི་དངུལ་དེ་རྒྱའི་དམག་མི་ཆེད་འགྲོ་ཡི་ཡོད་པ་དང་། རྒྱ་དམག་དེ་དག་གིས་དངུལ་དེ་རྣམས་སྤྱོད་དེ་ས་མཚམས་བརྒལ་བའི་གནད་ོན་ཡོང་གི་ཡོད་པ་གསུངས་འདུག

བོད་ཀྱི་གནད་དོན་སེལ་བའི་ཐོག་ནས་རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་སེལ་ཐུབ་རྒྱུ་ཡིན་པ་རེད།

དེང་སྐབས་ལ་དྭགས་ཁུལ་དུ་ཡོད་པའི་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ས་ཁུལ་དུ་གདོང་ཐུག་གི་མཚམས་སུ་བསླེབས་ཡོད་པའི་གནས་སྟངས་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་ཀྱི་གནད་དོན་སེལ་བའི་ཐོག་ནས་རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་སེལ་ཐུབ་རྒྱུ་ཡིན་པ་གསུངས་འདུགདེ་རིང་ India Today བརྒྱུད་ལམ་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་གླེང་མོལ་ཞུས་པའི་གནས་ཚུལ་ཞིག་སྤེལ་འདུག་པ་དང་། དེའི་ནང་སྲིད་སྐྱོང་མཆོག་གིས་དེ་སྔ་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་དེབ་ཐེར་ཁག་ཏུ་བོད་དང་རྒྱ་གར་དབར་གྱི་ས་མཚམས་དེ་འཁོད་ཡོད་པ་དེ་ལྟར་ཡང་། རྒྱ་ནག་དང་རྒྱ་གར་དབར་གྱི་ས་མཚམས་ཆགས་པ་ནས་བཟུང་རྩོད་རྙོག་དེ་ཇེ་མང་དང་ཇེ་ཆེར་ཕྱིན་ཡོད་པ་ལྟར། གནད་དོན་སྙིང་པོ་དེ་བོད་ཀྱི་གནད་དོན་ཆགས་ཀྱི་ཡོད་སྐོར་གསུངས་པ་དང་འབྲེལ་ཏེ་དེ་སྔོན་བོད་རང་བཙན་ཡིན་པའི་སྐབས་སུ་རྒྱ་གར་གཞུང་ལ་ས་མཚམས་སྲུང་སྐྱོབ་ཐོག་ཨ་སྒོར་ཐེར་འབུམ་ ༦༠ ཙམ་གྱི་འགྲོ་གྲོན་སོགས་གཏང་དགོས་དོན་མེད་སྟབས། བོད་དེ་དམག་ཤུགས་འགྲེམས་འཇོག་མེད་པའི་ས་ཁུལ་དང་ཞི་བདེའི་ལྟེ་གནས་ཞིག་ཏུ་འགྱུར་ཐུབ་ཚེ་འཛམ་གླིང་ནང་གི་མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་གཉིས་དབར་དོན་དམ་གྱི་ཞི་བདེ་བསྐྲུན་ཐུབ་རྒྱུ་ཡིན་པ་གསུངས་འདུགདེ་བཞིན་སྲིད་སྐྱོང་མཆོག་གིས་དེ་སྔ་རྒྱ་གར་དང་བོད་དབར་བཞག་པའི་སིམ་ལ་ཆིངས་ཡིག་འོག་ནས་གཏན་ཁེལ་བའི་ McMohan Line ཞེས་པའི་ས་མཚམས་རྒྱས་བཅད་ཀྱི་ས་ཐིག་ཐོག་ནས་རྒྱ་གར་བྱང་ཤར་མོན་རྟ་ཝང་དེ་རྒྱ་གར་གྱི་ཆ་ཤས་ཡིན་པ་བཞིན་ལ་དྭགས་ནང་གི་རྩོད་རྙོག་ཅན་གྱི་ས་ཁུལ་དེ་དག་ཀྱང་རྒྱ་གར་གྱི་ཆ་ཤས་ཡིན་པར་འགྲེལ་བརྗོད་དང་འབྲེལ། ཕྱོགས་གཉིས་ནས་ས་མཚམས་རྒྱས་བཅད་ཀྱི་ས་ཐིག་དེར་དང་ལེན་ཞུ་དགོས་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་མཛད་པ་བཞིན་ས་ཁུལ་དེ་དག་དམག་ཤུགས་མེད་པའི་ཞི་བའི་ས་ཁུལ་ཞིག་ཏུ་འགྱུར་དགོས་པ་དང་། དེ་ནི་ད་ལྟའི་དུས་སྐབས་འདིར་ཕྱོགས་གཉིས་ཀྱི་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་བཟང་ཤོས་དེ་ཡིན་པ་གསུངས་འདུག རྒྱ་ནག་གཞུང་གིས་རྒྱལ་ཁབ་གཞན་དང་ལྷན་དུ་འབྲེལ་ལམ་ཁྲོད་བོད་ཀྱི་གནད་དོན་དེ་རྒྱ་ནག་གི་གནད་དོན་སྙིང་པོ་ཞིག་ཡིན་པ་བཤད་ཀྱི་ཡོད་པ་ལྟར་བཙན་བྱོལ་བོད་མིའི་གྲངས་འབོར་མང་ཤོས་གནས་ས་རྒྱ་གར་ནས་ཀྱང་རྒྱལ་སྤྱིའི་གླེང་སྟེགས་ཐོག་བོད་ཀྱི་གནད་དོན་དེ་རྒྱ་གར་གྱི་གནད་དོན་སྙིང་པོ་ཞིག་ཡིན་སྐོར་གསུངས་དགོས་པ་དང་། དེང་སྐབས་འཛམ་གླིང་ཁྱོན་ཡོངས་སུ་རྒྱ་ནག་གི་བྱ་སྤྱོད་གང་ཡིན་ཐོག་ངེས་པ་རྙེད་བཞིན་པའི་དུས་སྐབས་འདིར་རྒྱ་གར་གྱིས་ཀྱང་གོ་སྐབས་བླངས་ནས་བོད་ཀྱི་གནད་དོན་སེལ་རྒྱུའི་སྐོར་གླེང་དགོས་པ་གསུངས་འདུགལྷག་པར་དུ་སྲིད་སྐྱོང་མཆོག་གིས་ཏོག་དབྱིབས་རིམས་ནད་ཀྱི་གནད་དོན་དང་འབྲེལ། དེང་སྐབས་འཛམ་གླིང་རྒྱལ་ཁབ་ ༡༣༠ ལྷག་གི་མཚན་རྟགས་ཆེད་བཀོད་ཀྱིས་རྒྱ་ནག་དེ་རིམས་ནད་དེའི་འབྱུང་ཁུངས་ཡིན་མིན་རྩད་གཅོད་བྱེད་དགོས་པ་སོགས་ཀྱི་གནོན་ཤུགས་སྤྲོད་མུས་ཁྲོད་རྒྱ་ནག་གཞུང་གི་ལྷོ་རྒྱ་ནག་རྒྱ་མཚོའི་ས་ཁུལ་དུ་རྩོད་རྙོག་གླེང་བ་དང་རྒྱ་གར་དང་ལྷན་དུ་ས་མཚམས་རྩོད་རྙོག་གླེང་བ་དེ་དག་རྒྱ་ནག་མང་ཚོགས་ཀྱིས་གཞུང་ལ་སྐྱོན་བརྗོད་དང་དོ་སྣང་ཆེན་པོ་གནང་བཞིན་པ་དེ་ཁ་སྒྱུར་ཐབས་ཀྱི་ཐབས་ཤེས་ཡིན་སྐོར་དང་འབྲེལ། རྒྱ་ནག་གཞུང་གིས་རང་གི་བཟོས་པའི་རིམས་ནད་ཀྱི་བདག་དབང་རྩོད་རྒྱུ་ལས་ལྡོག་ནས་བོད་དང་ཐེ་ཝན། ཨ་རུ་ནཱ་ཅལ་དང་ལ་དྭགས་སོགས་རང་ཁོངས་མིན་པའི་ས་ཁུལ་གྱི་བདག་དབང་རྩོད་བཞིན་པར་ཐེར་འདོན་གནང་འདུག ཉེ་སྔོན་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྩོད་རྙོག་དང་འབྲེལ་རྒྱ་གར་གཞུང་གི་ Kyrgyzstan ཁུལ་གྱི་གཞུང་ཚབ་ཟུར་པ་ཕུན་ཚོགས་སྟོབས་ལྡན་གྱིས་༸གོང་ས་མཆོག་ནས་གནད་དོན་དེའི་ཐོག་གང་ཡང་བཀའ་གནང་ཕེབས་མེད་པར་སྐྱོན་བརྗོད་དང་སྐུར་འདེབས་ཞུས་སྐོར་དྲི་བར་ལན་འདེབས་ཀྱིས་༸གོང་ས་མཆོག་གིས་ལ་དྭགས་དེ་བཞིན་རྒྱ་གར་གྱི་མངའ་ཁོངས་ཡིན་པ་དེ་སྔ་ནས་བཀའ་གསལ་པོ་བསྩལ་ཟིན་ཡོད་ཀྱང་། ལ་དྭགས་ནས་ཡིན་པའི་རྒྱ་གར་དཔོན་རིགས་ཤིག་གིས་དངོས་ཡོད་གནས་ཚུལ་ཤེས་རྟོགས་མེད་པ་ལྟ་བུའི་དེ་ལྟར་སྐུ་འདེབས་ཞུས་པར་བློ་ཕམ་ཆེན་པོ་ཡོད་པ་གསུངས་འདུག དེ་བཞིན་སྲིད་སྐྱོང་མཆོག་གིས་རྩ་བའི་དེ་སྔོན་ལ་དྭགས་ནང་ཚོགས་པའི་དུས་འཁོར་དབང་ཆེན་སྐབས་སྐུ་ཞབས་ཕུན་ཚོགས་སྟོབས་ལྡན་ལགས་ཀྱིས་སྲིད་སྐྱོང་མཆོག་གདན་ཞུས་ལྟར་ཁོང་གིས་ཆེད་འཛུགས་གནང་བའི་ལ་དྭགས་རྒྱལ་སྤྱིའི་བསྟི་གནས་ཁང་ལ་ཕེབས་མྱོང་ཡོད་པར་འགྲེལ་བརྗོད་དང་འབྲེལ། སྐབས་དེར་ཁོང་ནས་༸གོང་ས་མཆོག་ལ་གུས་ཞབས་ཆེན་པོ་ཡོད་པའི་རྣམ་པ་བསྟན་ཡོད་ཀྱང་ད་ཆ་ཁོང་གིས་བཀའ་མོལ་གནང་བ་དེ་དག་ཚད་ལས་འགལ་བ་དང་ཡིད་རྨུགས་གྱུར་བ་ཡིན་པར་གསུངས་འདུགརྩ་བའི་ཉེ་ཆར་སྐུ་ཞབས་ཕུན་ཚོགས་སྟོབས་ལྡན་ལགས་ཀྱིས་རྒྱ་གར་གྱི་ Aj tak གསར་འགྱུར་བརྒྱུད་ལམ་གྱི་གླེང་མོལ་ལེ་ཚན་ཞིག་གི་ཐོག་༸གོང་ས་མཆོག་དྷ་སར་སྐུ་བཞུགས་གནང་ནས་དགེ་སྦྱོར་དང་གསུང་ཆོས་བསྩལ་བ་ལས། ས་ཚིགས་དེ་བོད་ཀྱི་མིན་པ་དང་རྒྱ་གར་གཞུང་གི་ཡིན་པ་སོགས་ཀྱི་བཀའ་གང་ཡང་མི་བསྩལ་བར་བཞུགས་དོན་གང་ཡིན་ནམ། ཡང་ན་རྒྱ་ནག་དང་ལག་སྦྲེལ་ཡོད་པ་རེད་དམ་ཞེས་སྐུར་འདེབས་ཞུས་པའི་རྗེས་སུ་ལ་དྭགས་ནང་ཚོགས་དང་དགོན་ཚོགས། གཞོན་ནུ་ཚོགས་པ། ཨ་མ་ཚོགས་པ། དེ་བཞིན་ཁྲིགས་སེ་རིན་པོ་ཆེ་མཆོག ཚོགས་སྒེར་ཁག་ཅིག་གིས་ངོ་རྒོལ་ཤུགས་ཆེ་གནང་བ་དང་དེ་འབྲེལ་བསྒྲགས་གཏམ་སྤེལ་བ་མ་ཟད། ལ་དྭགས་ཁུལ་གྱི་ཁ་ཆེའི་ཚོགས་སྒེར་ནས་ཀྱང་ཕུན་ཚོགས་སྟོབས་ལྡན་གྱིས་ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་ལ་གུས་ཞབས་མེད་པའི་གཏམ་དེ་ལྟར་བརྗོད་པར་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་རེད། ད་དུང་ཁ་སང་གོང་གི་ཚོགས་སྡེ་ཁག་གི་གསར་འགོད་གསལ་བསྒྲགས་ལ་རྒྱབ་སྐྱོར་དང་ཕུན་ཚོགས་སྟོབས་ལྡན་ལ་ངོ་རྒོལ་མཚོན་ཆེད་ལ་དྭགས་ནང་པ་ཚོགས་འདུའི་གཞོན་ནུ་ཚོགས་པ་དང་ཚོང་པ་ཚོགས་པའི་བཀོད་ཁྱབ་འོག་ལ་དྭགས་ས་གནས་ཡོངས་ཀྱི་ཚོང་ཁང་སྒོ་རྒྱག་པ་མ་ཟད། སྐུ་ཞབས་ཕུན་ཚོགས་སྟོབས་ལྡན་གྱིས་བརྙན་ཐུང་བརྒྱུད་ཁོང་རང་ཉིད་རྒྱ་གར་རྒྱལ་སྲུང་ཀྱི་གནད་དོན་ཐོག་རྒྱ་གར་རྒྱལ་ཡོངས་དང་རྒྱལ་སྤྱིའི་ཐོག་ངོས་འཛིན་ཡོད་པའི་མི་སྣ་ཞིག་ཡིན་པའི་ཆ་ནས་རྒྱ་གར་རྒྱལ་ཁབ་ཀྱི་མཐའ་མཚམས་སྲུང་སྐྱོབ་ཀྱི་གནད་དོན་དང་འབྲེལ་བའི་ཛ་དྲག་རང་བཞིན་ཐོག་ནས་ཁོང་གི་བཀའ་མོལ་དེ་དག་གསུངས་ཡོད་པ་དང་། དེ་མིན་དམིགས་ཡུལ་དང་ཀུན་སློང་གཞན་གང་ཡང་མེད་སྐོར་གསུངས་པ་དང་སྦྲགས། ཁོང་གི་བཀའ་མོལ་དེ་ལ་བརྟེན་ནས་མི་གཞན་ལ་གནོད་ཕོག་ཐུག་བྱུང་ཡོད་ཚེ་སྙིང་དབུས་ནས་དགོངས་སེལ་ཞུ་རྒྱུ་ཡིན་པ་དང་། ལྷག་དོན་༸གོང་ས་མཆོག་ལ་དད་གུས་ཞུ་མཁན་ཞིག་ཡིན་པའི་ཆ་ནས་༸གོང་ས་མཆོག་ལ་དགོངས་སེལ་དང་བཟོད་གསོལ་ཞུ་རྒྱུ་ཡིན་པ་གསུངས་འདུག

 ཨ་རིའི་ཁྲིམས་འཆར་གྱི་ཁོངས་སུ་བོད་ཆོལ་ཁ་གསུམ་འཇུག་དགོས་བའི་བསྒྲགས་གཏམ་སྤེལ་སོང་།

དེ་རིང་སྔ་དྲོ། བཞུགས་སྒར་དུ་རྟེན་གཞི་བྱས་པའི་དབུས་བོད་ཀྱི་གཞོན་ནུ་ལྷནཚོགས་ཀྱི་ཚོགས་ཁང་གི་ནང་དུ། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཉིས་མཉམ་རུབ་ཀྱི་ཐོག་ནས་བསྒྲགས་གཏམ་ཞིག་སྤེལ་ཏེ།  ཉེ་ཆར་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Scott Perry ལགས་ཀྱིས་ཨ་རིའི་ངོས་ནས་བོད་རང་སྐྱོང་ལྗོངས་ནི་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་དགོས་བའི་ཁྲིམས་འཆར་ཞིག་བཏོན་པར་དགའ་བསུ་དང་ལྷན་དུ།  ཁྲིམས་འཆར་དེའི་ཁོངས་སུ་བོད་རང་སྐྱོང་ལྗོངས་ཙམ་མ་ཡིན་པར་བོད་ཆོལ་ཁ་གསུམ་པོ་ཚུད་དགོས་བའི་སྙན་ཞུ་ཕུལ་ཡོད་པ་ལྟར། སྐུ་ཞབས་ Scott Perry ལགས་ཀྱིས་ཀྱང་ཞལ་བཞེས་ཐོབ་ནས་ཁྲིམས་འཆར་དེའི་ཚིག་དོན་ལ་བསྐྱར་ཞིབ་བྱ་འཆར་ཡོད་པར་བསྒྲགས་སོང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་ཀྱིས་བོད་ཡིག་གི་བསྒྲགས་གཏམ་སྒྲོག་སྦྱངས་བྱས་པ་དང་།  བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྤྱི་ཁྱབ་འགན་འཛིན། རྡོ་རྗེ་ཚེ་བརྟན་ལགས་ཀྱིས་དྲ་ཐོག་བརྒྱུད་ནསདབྱིན་ཡིག་གི་ལམ་ནས་དེ་རིང་གི་བསྒྲགས་གཏམ་སྒྲོག་སྦྱང་བྱས་སོང་།   བསྒྲགས་གཏམ་གྱི་ནང་དུ།  ཁྲིམས་འཆར་འདི་ནི་ལོ་ངོ་བདུན་ཅུའི་རིང་བོད་མིས་རང་དབང་རང་བཙན་གྱི་འཐབ་རྩོད་བྱས་པའི་ལོ་རྒྱུས་ཀྱི་རྒྱལ་ཁ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་ལ།  ཨ་རིའི་མི་མང་གིས་བོད་རང་བཙན་ལ་རྒྱབ་སྐྱོར་དང་བོད་མིའི་བདེན་དོན་ལ་ངོས་འཛིན་ཞུས་པ་ནི་གལ་ཆེའི་གྲུབ་འབྲས་ཤིག་དང་ལོ་རྒྱུས་རང་བཞིན་ཅན་ཞིག་ལ་འགྱུར་ངེས་ཡིན་པར་བསྒྲགས་འདུག བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་ཀྱིས།  རྒྱ་ནག་གིས་བོད་འདི་ཡུལ་མཐའ་འཁོབ་ཅིག་ཡིན་པར་བརྟེན་མི་རབས་ཁ་ཤས་ཤིག་གི་རྗེས་སུ། བོད་འདི་རྒྱལ་སྤྱིའི་སྒང་ནས་རྩ་བརླགས་སུ་འགྲོ་རྒྱུའི་རེ་བ་རྒྱག་གི་ཡོད་ནའང་།  གཞིས་བྱེས་བོད་མིའི་འཐབ་རྩོད་ཀྱི་ཁྲོད་ནས། བོད་དོན་འདི་རྒྱལ་སྤྱིའི་ཁྲོད་ཁྱབ་ཆེ་རུ་འགྲོ་བཞིན་པར་ངོ་སྤྲོད་གནང་བ་དང་སྦྲགས།  ཁྲིམས་འཆར་དེའི་ཚིག་དོན་ལ་བསྐྱར་ཞིབ་ཀྱིས་ཆོལ་གསུམ་བོད་ཁམས་ཡོངས་སུ་ཁྲིམས་འཆར་དེར་འཁོད་རྒྱུའི་འབད་བརྩོན་གནང་གི་ཡོད་པར་གསུངས་སོང་། དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྤྱི་ཁྱབ་འགན་འཛིན། རྡོ་རྗེས་ཚེ་བརྟན་ལགས་ཀྱིས་ཐེངས་འདིའི་ཁྲིམས་འཆར་འདི་ནི་བོད་མི་རྣམས་ལ་མཚོན་ན་ཆེས་རྩ་ཆེ་བའི་གོ་སྐབས་ཤིག་ཡིན་པར་བརྟེན། བོད་མི་ཡོངས་ཀྱིས་ཨ་རིའི་འོས་བསྡུ་མ་རན་གྱི་བར་དུ་མཉམ་རུབ་ཀྱི་ཐོག་ནས་ཤུགས་རྒྱབ་ཏེ་བོད་དོན་གྱི་ཁྲིམས་འཆར་འདིར་རྒྱབ་སྐྱོར་ཐོབ་ཐབས་གནང་རྒྱུའི་དུས་ལ་བབ་ཡོད་པར་འདི་ལྟར་ངོ་སྤྲོད་གནང་སོང་། གཞི་རྩའི་ཟླ་འདིའི་ཚེས་༡༩ ཉིན།  ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Scott Perry ལགས་ཀྱིས་བོད་རང་སྐྱོང་ལྗོངས་ཞེས་པ་དེ་ཐ་དད་དུ་རང་བཙན་ལྡན་པའི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་དགོས་པའི་ཁྲིམས་འཆར་གསར་པ་ཞིག་ཆེད་འདོན་གནང་སྟེ། ཨ་རིའི་སྲིད་འཛིན་མཆོག་ནས་བོད་རང་སྐྱོང་ལྗོངས་ཞེས་པ་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་དགོས་པ་འཁོད་ཡོད་པ་རེད། ཉེ་སྔོན་འདི་ག་རླུང་འཕྲིན་ཁང་ནས་ཁྲིམས་འཆར་དེ་དང་འབྲེལ་ནས་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་མཆོག་ལ་བཀའ་འདྲི་ཞུས་སྐབས།  ཁོང་གིས། སྐུ་ཞབས་པེ་རི་ལགས་ཀྱིས་ཆེད་འདོན་གནང་བའི་ཁྲིམས་འཆར་དེ་སྐུ་ཚབ་དོན་གཅོད་ཁང་ནས་ཞུ་གཏུགས་གནང་བ་ཞིག་མིན་པ་དང་།  སྤྱིར་ཁྲིམས་འཆར་དེ་བསྣམས་པ་ཙམ་གྱིས་བོད་དོན་ཐད་རྒྱབ་སྐྱོར་མཚོན་གྱི་ཡོད་སྟབས་དོན་གཅོད་ཁང་ངོས་ནས་དེར་དགའ་བསུ་ཞུ་རྒྱུ་ཡིན་ཡང་། བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་ལངས་ཕྱོགས་དེ་དབུ་མའི་ལམ་གཞིར་བཟུང་བོད་མིར་མིང་དོན་མཚུངས་པའི་རང་སྐྱོང་གི་ཁེ་དབང་རྩོད་རྒྱུ་དེ་ཡིན་སྟབས་ང་ཚོའི་རྩ་བའི་ལངས་ཕྱོགས་ལ་འགྱུར་བ་མེད་སྐོར་གསུངས་གནང་སོང་།

༸གོང་ས་མཆོག་ལ་མཚན་སྨད་ཞུས་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་གསལ་བཤད་གནང་འདུག

ཉེ་ལམ་སྤྱི་ཟུར་སྤྲུལ་སྐུ་ཨ་རྒྱན་སྟོབས་རྒྱལ་གྱིས་༸གོང་ས་མཆོག་ལ་མཚན་སྨད་ཞུས་པའི་གནད་དོན་དང་འབྲེལ་ཏེ་༸གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་སུ་ཡིན་ཡང་ངོ་རྒོལ་མཐའ་གཅིག་ཏུ་ཡོད་པ་དང་དེ་བཞིན་སྲིད་སྐྱོང་དང་བཀའ་ཤག་གི་བཞེངས་ཕྱོགས་གང་ཡིན་གསལ་བཤད་གནང་འདུགབོད་མིའི་སྒྲིག་འཛུགས་ཀྱི་སྒྲ་བརྙན་གཏད་གཏོད་ལས་རིམ་བརྒྱུད་ཁ་སང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་༸གོ་ས་མཆོག་ལ་མཚན་སྨད་ཞུ་མཁན་ལ་ངོ་རྒོལ་མཐའ་གཅིག་ཏུ་ཡོད་པ་དང་སྲིད་སྐྱོང་དང་བཀའ་ཤག་གི་བཞེངས་ཕྱོགས་དེ་སྔ་ཡོད་པ་བཞིན་ད་ལྟའང་གནས་ཡོད་པ་དང་མ་འོངས་པར་ཡང་མུ་མཐུད་གནས་རྒྱུ་ཡིན་པ། འདི་ལོ་བཀའ་ཤག་གི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། ༸གོང་ས་མཆོག་གིས་དགུང་ལོ་ ༡༦ ནས་བཟུང་སྟེ་ད་བར་ བོད་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཀྱི་ཐུགས་འགན་བཞེས་གནང་བ། མགོན་པོ་གང་ཉིད་ཀྱི་ཐུགས་རྗེའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་མགོ་ཁྱག་ཁྱག་བྱ་རྒྱུ་བྱུང་ཡོད་སྐོར་དྲན་བསྐུལ་གནང་བ་དང་སྦྲགས། ༸གོང་ས་མཆོག་ནི་བསྟན་པ་དར་སྤེལ་གནང་མཁན་ཞིག་ལས་བསྟན་པ་བཤིག་མཁན་ཞིག་རྩ་བ་ནས་མིན་པ་སོགས་གསུངས་པ་མ་ཟད། ད་ལན་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུས་པ་དེར་ཧ་ལས་པའི་བློ་ཕམ་ཡོད་པ་དང་། མཐའ་གཅིག་ཏུ་ངོ་རྒོལ། མོས་མཐུན་རྩ་བ་ཉིད་ནས་མེད་པ་མ་ཟད། ལྷག་དོན་ཨོ་རྒྱན་སྟོབས་རྒྱལ་ནས་ཀྱང་༸གོང་ས་མཆོག་གི་བཀའ་དྲིན་བསམ་ཤེས་བྱེད་པའི་ཐོག་ནས་བཟོད་གསོལ་ཞུ་དགོས་པ་གསུངས་འདུགརྩ་བའི་ཐེངས་འདིའི་གནད་དོན་དང་འབྲེལ་བོད་མི་མང་ཚོགས་ནས་ཡིག་ངག་གཉིས་ཐོག་བློ་ཕམ་དང་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེ་ཆེད་བཏོན་གནང་བཞིན་པ་མ་ཟད། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་།  སྟོད་རྒྱུད་གྲྭ་ཚང། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས། གཞུང་ཞབས་ཟུར་པ། སྤྱི་འཐུས་ཚོགས་གཙོ་ཟུར་པ་སོགས་ཚོགས་སྒེར་ཀུན་ནས་སྤྱི་ཟུར་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱིས་༸གོང་ས་མཆོག་ལ་མཚན་སྨད་ཞུས་པར་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེད་བཏོན་གན་ངབ་མ་ཟད། དེའི་ཐོག་ཆོས་རིག་བཀའ་བློན་གྱིས་གསལ་བཤད་ཅིག་ཕེབས་ཡོད་པ་དེས་སྤྱི་ཟུར་ཁོང་གིས་་༸གོང་ས་མཆོག་ལ་མཚན་སྨད་ཞུས་པར་ངོ་རྒོལ་བྱེད་རྒྱུ་ལས་ལྡོག་ཏེ་ཁོང་ལ་དག་འབུད་བྱ་ཐབས་བྱེད་བཞིན་པར་སྐྱོན་བརྗོད་ཤུགས་ཆེ་གནང་བ་དང་འབྲེལ་ཏེ། མང་པོ་ཞིག་ནས་བཀའ་ཤག་ལ་ཐད་ཀར་ཕྱག་བྲིས་ཕུལ་བ་བརྒྱུད་ཆོས་རིག་བཀའ་བློན་ལས་གནས་ནས་དགོངས་པ་ཞུ་དགོས་པའི་དགོས་འདུན་གནང་མཁན་ཡང་མང་དག་ཅིག་ཡོང་བཞིན་ཡོད་པ་རེད། གང་ལྟར་ད་ལྟའི་ཆར་ཐད་ཀར་ཕྱག་བྲིས་ཕུལ་བ་དང་། བསྒྲགས་གཏམ་སྤེལ་བ། དེ་བཞིན་དྲྭ་རྒྱའི་བརྒྱུད་ལམ་སོགས་ཀྱི་ཐོག་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་ལ་སྐྱོན་བརྗོད་དང་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེན་པོ་འདོན་བཞིན་པའི་ཁྲོད། ཁག་ཅིག་གིས་སྙིང་རྗེ་བསྒོམ་ཐོག་གནད་དོན་དེར་གཟིགས་ཕྱོགས་མཁན་ཡང་འདུག དཔེར་ན་དེ་རིང་༸གོང་ས་མཆོག་གི་དྲྭ་ཐོག་བཀའ་ཆོས་དེ་ཞུ་བར་ཆེད་མངགས་ལ་དྭགས་བྱང་ཐང་ས་ཁུལ་ནས་རྒྱལ་ས་གླེ་རུ་དྲྭ་རྒྱའི་ཆ་རྐྱེན་སོགས་ལེགས་པར་དགོངས་ཏེ་ཕེབས་པའི་བོད་མི་རྒན་གྲས་ཤིག་གིས་སྤྲུལ་སྐུ་ཨུ་རྒྱན་སྟོབས་རྒྱལ་གྱིས་༸གོང་ས་མཆོག་ལ་མཚན་སྨད་ཞུས་པའི་གནད་དོན་དེ་ཐོས་སྐབས་སྤྲུལ་མིང་པ་ཁོང་ལ་སྙིང་རྗེ་ཚད་མེད་སྐྱེས་པའི་ཚོར་བ་བྱུང་ཞེས་གསུངས་པ་ད་ཆ་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཁྱབ་སྤེལ་འགྲོ་བཞིན་འདུག

སྤྱི་ཟུར་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱིས་༸གོང་ས་མཆོག་ལ་མཚན་སྨད་ཞུས་པར་བཀའ་ཤག་ནས་བློ་ཕམ་ཚད་མེད་ཡོད་ཅེས་གསུངས་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་འདིའི་ཚེས་ ༢༩ དང་ ༣༠ བཅས་ཉིན་གཉིས་ཀྱི་རིང་ཏོག་དབྱིབས་གཉན་རིམས་རྐྱེན་པས་ཁྱིམ་སྡོད་བཀའ་རྒྱའི་འོག་གནས་པའི་བོད་མི་གཙོས་བོད་བརྒྱུད་ནང་བསྟན་རརྗེས་འཇུག་རྣམས་ལ་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀྲིན་བསྩལ་གཏན་འཁེལ་ཡོད་པའི་ཁྲོད་ཉེ་ལམ་བཞུགས་སྒར་དྷརྨ་ས་ལའི་ཉེ་འགྲམ་སྦིར་གཞིས་ཆགས་ནང་གནས་སྡོད་སྤྱི་ཟུར་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱིས་མགོན་པོ་༸གང་ཉིད་མཆོག་ནས་དྲྭ་ལམ་ཐད་གཏོང་བརྒྱུད་བཀའ་དབང་བསྩལ་རྒྱུ་དེ་ནི་གསང་སྔགས་ཁྲོམ་བསྒྲགས་གནང་བར་འགྲེལ་བརྗོད་དང་འབྲེལ་དེ་ནི་བསྟན་པ་བཤིག་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་སྐོར་བརྗོད་རྗེས། བོད་མི་མང་ཚོགས་ཁྲོད་ནས་གནད་དོན་དེའི་ཐོག་བློ་འཚབ་དང་བཅས་ཁ་སང་ནས་བཟུང་སྤྱི་ཚོགས་དྲྭ་རྒྱའི་ཐོག་ཚོར་ཤུགས་ཆེན་པོས་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་ལ་ངོ་རྒོལ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་མཚན་སྙན་སྲུང་སྐྱོབ་ཞུ་དགོས་པ་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་འགན་གཙོ་བོ་ཞིག་ཡིན་པའི་བསམ་ཚུལ་ཤུགས་ཆེ་སྤེལ་མཁན་ཡོད་པ་རེད།བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་དེ་རིང་ཉིན་རྒྱབ་དེ་གའི་བོད་ཡིག་དྲྭ་གནས་ཐོག་གསལ་བསྒྲགས་ཤིག་སྤེལ་བར་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་ནས་སྤྱི་ཚོགས་དྲྭ་ལམ་བརྒྱུད་༸གོང་ས་མཆོག་གིས་དྲྭ་བརྙན་བརྒྱུད་བཀའ་དབང་བསྩལ་རྒྱུ་དེ་དཔེར་བཟུང་ནས་བླ་ཆེན་རྣམ་པས་སྤྱི་ཚོགས་དྲྭ་ལམ་ཐོག་བཀའ་དབང་དང་བྱིན་རླབས་གནང་བ་དེ་དག་བསྟན་པ་ཉམས་པ་དང་བཤིག་པའི་རྒྱུ་རྐྱེན་དུ་འགྲོ་ཚུལ་དང་བཅས་མཚན་སྨད་ཞུས་པར་བོད་མིའི་སྒྲིག་འཛུགས་བཀའ་ཤག་ལ་བློ་ཕམ་ཚད་མེད་དང་བྱ་སྤྱོད་དེ་བཞིན་ནོར་འཁྲུལ་དུ་ངོས་འཛིན་ཞུ་ཡི་ཡོད་ཅེས་གསུངས་འདུག བཀའ་ཤག་གིས་ད་དུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མི་ཙམ་མ་ཟད་འཛམ་གླིང་སྤྱི་དང་ལྷག་དོན་རྒྱ་ནག་སྐམ་ས་ཆེན་མོའི་ནང་བོད་བརྒྱུད་ནང་བསྟན་ལ་དོ་དབྱིངས་ཡོད་མཁན་ཚོའི་ངོས་ནས་གུས་བརྩི་ཆེན་པོ་ཞུ་ཡུལ་ཞིག་ཡོད་སྟབས་དེང་གཉན་འཕྲང་གི་དུས་དང་བསྟུན་དུས་ཀྱི་དགོས་མཁོ་ལ་ཆེད་དམིགས་ཀྱིས་ཐུགས་བརྩེ་ཆེན་པོས་ཕྱི་ནང་གི་དད་ལྡན་ཡོངས་ལ་བཀའ་དབང་དང་བྱིན་རླབས་བསྩལ་བར་སྙིང་དབུས་ནས་བཀྲིན་བླ་མེད་དུ་ཆེ་ཞེས་ཞུས་འདུག་པ་དང་འབྲེལ། སྒོ་རྒྱ་བསྡམས་པའི་དུས་འདིར་ཕྱི་ནང་གི་དད་ལྡན་སེར་སྐྱ་མང་ཚོགས་དང་བཀའ་ཤག་མཚན་འཁོད་ཞུ་སྙན་འབུལ་ལམ་ཞུས་པ་ལྟར་ས་ག་ཟླ་བའི་དུས་ཆེན་དང་བསྟུན་བཀའ་དབང་བཀྲིན་བསྩལ་རྒྱུའི་བཀའ་བཞེས་བཟང་པོ་སྨིན་བསྩལ་མཛད་པ་འདི་ནི་སྐལ་བཟང་གི་གོ་སྐབས་རིན་ཐང་བྲལ་བ་ཞིག་ཡིན་པ་གསུངས་འདུགརྩ་བའི་སྤྱི་ཟུར་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱི་བཀའ་མོལ་དེ་ནི་ཉེ་ལམ་ཁོང་གིས་སྤྱི་ཚོགས་དྲྭ་རྒྱའི་ཐོག་གཏེར་སྟོན་མཆོག་གྱུར་གླིང་པའི་མཛད་རྣམ་ངོ་སྤྲོད་དང་སྦྲགས་ཏེ་གསུངས་ཡོད་པ་ཞིག་དང་། དྲྭ་ལམ་ཐོག་བོད་མི་རྣམས་ནས་དེར་སྐྱོན་བརྗོད་ཤུགས་ཆེན་པོ་བྱས་པ་དང་། ཆབས་ཅིག་ཏུ་འཛིན་སྐྱོང་བཀའ་ཤག་དང་ཆོས་ལུགས་སྤྱི་འཐུས་རྣམས་ནས་ཞལ་བཙུམ་ཏེ་བཞུགས་ན་འགྲིག་གི་མེད་པར་འགྲེལ་བརྗོད་གནང་མཁན་བྱུང་བ་མ་ཟད། ཁ་སང་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་གྱི་མཚན་ཐོག་ནས་གནད་དོན་དེའི་ཐོག་གསལ་བཤད་ཅིག་སྤེལ་བའི་ནང་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་ནི་ནམ་རྒྱུན་རང་ནས་གཟིགས་ཚོར་ཇི་བྱུང་འཛེམ་ཟོན་མེད་པར་གསུང་མཁན་ཞིག་དང་རང་ལ་ཐུགས་ཚོར་གང་བྱུང་བ་རྣམས་ཞལ་ནས་ཐལ་བ་ཞིག་ཡིན་པ་ལས་རྒྱབ་ལྗོངས་ཀྱི་དམིགས་ཡུལ་གཞན་ཞིག་ཡོད་པར་ཡིད་ཆེས་མེད་ཀྱང་། དེར་རྟེན་མང་ཚོགས་ཁྲོད་དོན་མེད་བློ་ཕམ་དང་བསམ་ཚུལ་མི་ཉུང་བ་ཞིག་ཡོང་གཞིར་གྱུར་བར་འགྲེལ་བརྗོད་དང་འབྲེལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བླ་ཆེན་གཞན་སུ་དང་སུས་དྲྭ་བརྙན་བརྒྱུད་དབང་དང་བྱིན་རླབས་གནང་སྐབས་དྲྭ་ཐོག་ནས་ཉན་མཁན་དང་ལྟ་མཁན་ཚང་མར་དབང་དང་བྱིན་རླབས་ངོ་མ་ཐོབ་པར་དགོངས་མཁན་དང་གསུང་མཁན་ཕལ་ཆེར་སུའང་མེད། ཉན་མཁན་སོ་སོའི་དབང་པོ་དང་དད་པས་ལྕོགས་ན་བླ་མའི་ཐུགས་རྗེ་དང་ཆོས་ཀྱི་བག་ཆགས་གཉིས་ལ་བརྟེན་ནས་དབང་དངོས་གཞི་མ་ཐོབ་ཀྱང་བྱིན་རླབས་ཁྱད་པར་ཅན་རེ་འཇུག་ཐུབ་པར་ཐེ་ཚོམ་དང་རྩོད་མེད་ཡིན་པ་མ་ཟད། གསང་སྔགས་ཁྲོམ་བསྒྲགས་མི་བྱེད་པའི་གསང་སྔགས་ཀྱི་དམ་ཚིགས་ཡོད་པ་བདེན་ནའང་། དེ་དག་ཐད་དུས་རབས་མང་པོའི་སྔོན་རོལ་ནས་འགལ་འཛོལ་ཉམས་ཆག་ཅི་ཆད་སོང་བཞིན་ཡོད་པ་དང་དེ་ལ་བརྟེན་ནས་བསྟན་པ་ལ་གནོད་སྐྱོན་ཡང་ཅི་ཆེ་བྱུང་ཡོད་དེ་ལྟར་ཡང་དེ་དག་གི་ལེ་ཁག་དང་ཉེས་འགན་ཐབས་ཅད་༸གོང་ས་མཆོག་གིས་དབུས་པའི་ད་ལྟའི་བསྟན་བདག་རྣམ་པར་དཀྲི་རྒྱུ་ནི་ལོ་རྒྱུས་དང་རྒྱུ་མཚན་གནས་སྟངས་གང་ལ་གཞིགས་ཀྱང་འོས་འཚམས་ཤིག་རྩ་བ་ནས་མ་རེད་ཅེས་སོགས་འགྲེལ་བརྗོད་གནང་ཡོད་པ་རེད།ཆོས་རིག་བཀའ་བློན་མཆོག་གིས་གསལ་བཤད་དེ་སྤེལ་མ་ཐག་ཏུ་བོད་མི་རྣམས་ནས་གསལ་བཤད་དེ་ནི་༸གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་ལ་དག་འབུད་བྱེད་པ་བཞིན་དུ་ངོས་འཛིན་གྱིས་བོད་མིའི་སྒྲིག་འཛུགས་ཀྱི་གནང་ཕྱོགས་ལ་སྐྱོན་བརྗོད་ཤུགས་ཆེ་གནང་རྗེས། ཆོས་རིག་བཀའ་བློན་མཆོག་གིས་སླར་ཡང་ཆོས་རིག་ལས་ཁུངས་ཀྱི་ངོ་དེབ་ཐོག་གསལ་བསྒྲགས་འཕར་མ་ཞིག་སྤེལ་སྟེ་སྐུ་ཉིད་ནད་དགོངས་ཐོག་ཡོད་པ་དང་ད་རེས་ཆོས་ཕྱོགས་དང་འབྲེལ་བའི་གནས་ཚུལ་ཚབས་ཆེན་ཞིག་གློ་བུར་ཐོན་པ་དེ་སེམས་ཀྱིས་མ་བཟོད་པར་སྐབས་འབྲེལ་ཆོས་ཕྱོགས་ཀྱི་གླེང་གཞི་གང་ཡིན་དེ་ཁོ་ནའི་ཐོག་ལ་གསལ་བཤད་གནད་བསྡུས་ཤིག་ཆོས་རིག་བཀའ་བློན་གྱི་མཚན་ཐོག་ནས་སྤེལ་བ་ལས་དེ་འབྲེལ་གྱི་གནད་དོན་གཞན་གྱི་ཐོག་བཀའ་ཤག་ནས་ལན་འདེབས་གནང་ངེས་དང་། གསལ་བསྒྲགས་དང་པོ་དེ་ནི་ཆོས་རིག་བཀའ་བློན་སྒེར་གྱི་གསལ་བསྒྲགས་ཞིག་ཡིན་པར་འགྲེལ་བརྗོད་གནང་ཡོད་པ་རེད། དེའི་བར་ན་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱིས་ཆོས་རིག་བཀའ་བློན་མཆོག་གི་མཚན་ཐོག་ཁོ་པས་བཤད་པའི་སྐད་ཆ་དེ་དག་མི་གཞན་གྱིས་བཅད་གཏུབ་མང་པོ་བྱས་ནས་དྲྭ་རྒྱའི་བརྒྱུད་ལམ་ཁག་ཏུ་སྤེལ་བ་ཞིག་ཡིན་པ་དང་། རིང་མིན་༸གོང་ས་མཆོག་གིས་སྤྱན་རས་གཟིགས་ཀྱི་བཀའ་དབང་གི་སྟ་གོན་དང་དངོས་གཞི་བཅས་སོ་སོར་བསྩལ་བསྩལ་གཏན་འཁེལ་ཡོད་སྟབས་མ་འོངས་པར་དབང་གནང་མཁན་ཚོས་དེར་མིག་དཔེ་བལྟས་ན་རྒྱུད་སྡེ་ཁག་གི་དགོངས་དོན་དང་མི་མཐུན་པར་བསམ་ནས་བསམ་འཆར་ཙམ་ཞུས་པ་ཡིན་སྐོར་གསུངས་ཡོད་པ་རེད། གང་ལྟར་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱི་བཀའ་མོལ་དེར་བོད་མི་ཁག་ཅིག་གིས་སྐྱོན་བརྗོད་དང་བཅས་ཏེ་ཁོང་གིས་དབང་གི་ཆོ་ག་བསྩལ་ཕྱོགས་དང་འབྲེལ་བའི་སྐོར་བསམ་ཚུལ་མི་མཐུན་པ་བཤད་ཆོག་ཀྱང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བསྟན་བཤིག་ཞེས་མཚན་སྨད་ཞུས་པ་དེ་བློ་ཡུལ་ལ་མ་ཤོང་པ་ཞིག་ཏུ་འགྲེལ་བརྗོད་གནང་མཁན་ཡོད་པ་དང་། དེ་བཞིན་སེར་མོ་བ་མང་དག་ཅིག་གིས་སྒེར་སོ་སོའི་ཉམས་རྟོགས་ཀྱིས་དཔྱད་ནས་དྲྭ་ལམ་བརྒྱུད་དབང་བསྩལ་ན་ཆོག་པའི་དག་སེལ་གནང་མཁན་འབྱུང་བཞིན་པ་མ་ཟད། ཁག་ཅིག་གིས་དེ་སྔ་༸གོང་ས་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་སྐབས་སྔར་བཅོམ་ལྡན་འདས་ཞལ་བཞུགས་པའི་ཁ་ཐུག་ལ་འཕྲིན་གྱི་སྒོ་ནས་བསྙེན་པར་རྫོགས་ཆོག་པའི་བཀའ་སློབ་བསྩལ་བ་ལུང་འདྲེན་གྱིས་ཚོར་ཤུགས་ཆེན་པོས་ཁུངས་སྐྱེལ་གནང་མཁན་ཡོད་པ་དང་ཆབས་ཅིག ཕྱོགས་གཞན་ཞིག་ནས་བོད་མི་ཉུང་ཤས་ཤིག་གིས་ད་རེས་ཀྱི་གནད་དོན་དང་འབྲེལ་མང་གཙོའི་སྤྱི་ཚོགས་ནང་གི་འདྲ་མཉམ་གྱི་གནས་བབ་དང་སྨྲ་བརྗོད་རང་དབང་སྐོར་ལ་དྲི་བ་གནང་མཁན་ཡང་འདུག  

དྷརྨ་ས་ལའི་ཁུལ་དུ་བོད་མི་ལྔ་བཅུ་ང་བཞི་ཙམ་འགོག་དབྱེ་ཟུར་འཇོག་ཏུ་བཞུགས་མུས།

བོད་མིའི་སྒྲིག་འཛུགས་ཀྱིས་ཏོག་དབྱིབས་གཉན་རིམས་སྔོན་འགོག་དང་འབྲེལ་བཞུགས་སྒར་དྷརྨ་ས་ལའི་གཡས་གཡོན་དུ་ཕྱི་ཕྱོགས་ནས་ཕེབས་པའི་བོད་མི་རྣམས་ཟུར་འཇོག་གནང་སའི་ས་ཚིགས་གསུམ་ཙམ་གྲ་སྒྲིག་གནང་བའི་ནང་ད་ལྟའི་ཆར་ཁྱོན་བོད་མི་ ༥༤ ཙམ་གནས་བཞུགས་མུས་ཡིན་པ་དེ་ལྟར་ཡང་། ས་ཚིགས་དེ་དག་ནང་གཏན་བཞུགས་གནང་མཁན་བོད་མི་ཁག་ཅིག་གིས་རང་ཉིད་ཀྱི་བདེ་འཇགས་ཐད་བློ་འཚབ་ཀྱི་རྣམ་པ་ཆེད་བཏོན་གནང་བཞིན་འདུགས་ཁུལ་གཞན་ནང་ལ་ལུས་པའི་ཧི་མཱ་ཅལ་མངའ་སྡེའི་ཡུལ་མི་རྣམས་རང་གནས་སུ་ཕྱིར་ལོག་ཆོག་པའི་བཀའ་རྒྱ་ཡོངས་བསྒྲགས་གནང་བ་དང་འབྲེལ། བཞུགས་སྒར་དྷརྨ་ས་ཁུལ་དུ་ཕྱིར་ལོག་གནང་བའི་བོད་མི་རྣམས་རང་ཁྱིམ་དུ་མ་ཕེབས་གོང་དུ་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་གནང་བའི་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་དགོས་པ་ལྟར་དེང་ཆར་གངས་སྐྱིད་ཉེ་འདབས་སུ་ཡོད་པའི་ཤུག་གསེབ་ལས་ཤག་ཏུ་གོ་སྒྲིག་གནང་བའི་འགོག་དབྱེ་ཟུར་འཇོག་ཁང་དུ་བོད་མི་ ༢༠ དང་ཤེས་རབ་དགའ་ཚལ་སློབ་གླིང་གྱི་བུ་མོའི་ཉལ་ཁང་དུ་གོ་སྒྲིག་གནང་དོན་བཞིན་སློབ་ཕྲུག་ ༢༥ དེ་བཞིན་དབུས་སྣེ་ལེན་ཁང་དུ་བོད་མི་ ༩ བཅས་ཁྱོན་བོད་མི་ ༥༤ ཙམ་ཞིག་འགོག་དབྱེ་ཟུར་འཇོག་ཁང་ཁག་གསུམ་པོར་བཞུགས་བཞིན་འདུགདེ་རིང་ཕྱི་ཟླ་ ༥ ཚེས་ ༢༥ ཉིན་བོད་མའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་གཙོས་འགོག་དབྱེ་ཟུར་འཇོག་ཁང་གི་འབྲེལ་མཐུད་པ་བསྟན་འཛིན་ཀུན་བཟང་ལགས། དེ་བཞིན་དྷ་ས་ས་གནས་འགོ་འཛིན་ཀུན་དགའ་ཚེ་རིང་ལགས་བཅས་བོད་མིའི་སྒྲིག་འཛུགས་ཀྱིས་མཐུན་འགྱུར་བསྐྲུན་ཡོད་པའི་ཤེས་རབ་དགའ་ཚལ་སློབ་གླིང་འགོག་དབྱེ་ཟུར་འཇོག་ཁང་དེར་ཆེད་ཕེབས་ཀྱིས་ད་ལྟ་བྷ་རོ་ཌ་མཐོ་སློབ་ཀྱི་སློབ་མ་གྲངས་ ༡༥ དང་སེ་ལ་ཁུའི་སློབ་ཕྲུག་གྲངས་ ༣ དེ་བཞིན་ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་མ་གྲངས་ ༧ བཅས་བོད་པའི་སློབ་མ་ཁྱོན་མི་གྲངས་ ༢༥ ཡོད་པ་དེ་དག་དང་ཐུག་འཕྲད་གནང་སྟེ། ཁོང་རྣམ་པའི་གནས་སྟངས་རྒྱུས་ལོན་གནང་བ་དང་ཆབས་ཅིག སློབ་ཕྲུག་རྣམས་ལ་ད་རེས་ཀྱི་དུས་ཡུན་ཁྲོད་གཙོ་བོ་སློབ་སྦྱོང་ལ་འཐུས་ཤོར་མི་འགྲོ་བ་གནང་དགོས་གལ་ཡིན་པར་ལམ་སྟོན་གནང་བ་མ་ཟད། གསར་འགོད་པའི་བཅར་འདྲི་ཞུས་པར་དང་ལེན་གྱིས་བོད་མི་སུ་འདྲ་ཞིག་རྒྱ་གར་གྱི་ས་གནས་གང་དུ་བཞུགས་ཡོད་པ་དེར་སོར་བཞུགས་དགོས་པ་ལས་འགྲིམ་འགྲུལ་རིགས་མ་རོགས་ཞེས་འབོད་སྐུལ་གནང་སོང་། སྐབས་དེར་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་ཀྱང་སློབ་ཕྲུག་ཚོའི་ངོས་ནས་དུས་ཚོད་ཆུད་ཟོས་སུ་མ་བཏང་བར་འབད་དགོས་སྐོར་སོགས་གསུངས་པ་དང་། ལྷག་དོན་ཟུར་བཞུགས་ཀྱི་དུས་སྐབས་དམ་འཛིན་གྱིས་རང་མི་རིགས་ཀྱི་སྐད་ཡིག་ཡར་རྒྱས་གཏོང་དགོས་གལ་ཡིན་པ་སོགས་ལམ་སྟོན་གནང་ཡོད་པ་རེད། རྩ་བའི་ཉེ་སྔོན་གནས་ཚུལ་ཐོན་ཁག་ལ་གཞིགས་ཚེ་བཞུགས་སྒར་ཁུལ་དུ་ཕྱི་ཕྱོགས་ནས་ཕེབས་མཁན་བོད་མི་མང་རུ་འགྲོ་བཞིན་པ་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱིས་འགོག་དབྱེ་ཟུར་འཇོག་ཁང་གསུམ་གོ་སྒྲིག་ཡོད་ཀྱང་། སློབ་ཁག་ནས་ཡོང་བའི་སློབ་ཕྲུག་རྣམས་ཀྱི་ཆེད་དུ་དྷ་ཤོད་བོད་ཁྱིམ་དུ་འགོག་དབྱེ་ཟུར་འཇོག་ཆེད་མཐུན་རྐྱེན་སྦྱར་འཆར་ཡོད་སྐོར་གསུངས་སོང་། འོན་ཀྱང་ད་ལྟའི་ཆར་སློབ་གྲྭ་ནང་དགེ་ལས་སློབ་ཕྲུག་བཅས་མི་གྲངས་ ༡༥༠ ཙམ་བཞུགས་མུས་ཡིན་སྟབས། དེར་ཟུར་འཇོག་ཁང་ཆེད་འཛུགས་གནང་ཚེ་དེར་བཞུགས་ཚོར་ཉེན་ཁ་ཡོད་པར་ཐུགས་ཁྲལ་གནང་མཁན་ཁག་ཅིག་ཡོད་པའི་ཐོག་ཉེ་འཁོར་གྱི་རྒྱ་གར་ཡུལ་མི་ཚོས་ཀྱང་དེར་གདོང་ལེན་གནང་བཞིན་པའི་གནད་དོན་ཞིག་ཐོས་རྒྱུ་ཡོད་པ་མ་ཟད། ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མའི་ཁྲོད་ནས་ཀྱང་ཁོང་རྣམས་ཕལ་མོ་ཆེ་བ་བོད་ནས་ཕེབས་མཁན་ཤ་སྟག་ཡིན་པ་དང་། ཅི་སྟེ་ཁོང་རྣམས་ལ་རིམས་ནད་ཕོག་པ་སོགས་ཀྱི་གནད་དོན་འབྱུང་ཚེ་ངལ་བ་ཆེན་པོ་འཕྲད་ཉེན་ཡོད་པར་སེམས་ཁྲལ་གནང་བཞིན་འདུགསྲིད་སྐྱོང་མཆོག་གིས་དེ་རིང་འགོག་དབྱེ་ཟུར་འཇོག་ཁང་གཉིས་ཀྱི་ནང་གཟིགས་སྐོར་དང་དེར་བཞུགས་བོད་མི་དག་ལ་མཇལ་འཕྲད་སོགས་གནང་བ་དང་འབྲེལ། དབུས་སྣེ་ལེན་ཁང་དུ་གོ་སྒྲིག་གནང་བའི་ Covid Care Center ཞེས་མ་འོངས་པར་བཞུགས་སྒར་ཁུལ་དུ་བོད་མིར་ཏོག་དབྱིབས་རིམས་ནད་ཕོག་མཁན་འབྱུང་ཚེ་ཟུར་བཀག་འོག་སྨན་བཅོས་གནང་ཡུལ་ཁང་དེ་ལའང་གཟིགས་སྐོར་གནང་བ་མ་ཟད། དེ་རྗེས་དྷ་ཤོད་བོད་ཁྱིམ་དུ་ཆེད་ཕེབས་ཀྱིས་ཟུར་འཇོག་ཁང་ཆེད་འཛུགས་གནང་འཆར་དང་འབྲེལ་བའི་གྲོས་བསྡུར་གནང་ཡོད་པ་རེད།

Latest news