Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

འབྱུང་འགྱུར་བོད་ཀྱི་མདུན་ལམ་དང་འབྲེལ་བའི་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་དབུ་འཛུགས།

དེ་རིང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་འོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དབུ་བཞུགས་ཐོག་བཞུགས་སྒར་ཉེ་འདབས་སུ་ Khanyara ས་ཁུལ་དུ་རྟེན་གཞི་བྱས་པའི་ Imperial གསོལ་མགྲོན་ཁང་དུ་འབྱུང་འགྱུར་བོད་ཀྱི་མདུན་ལམ་དང་འབྲེལ་བའི་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་དེ་དབུ་འཛུགས་གནང་སོང་། དེ་ཡང་དེ་རིང་ཉིན་རྒྱབ་ཕྱག་ཚོད་ ༢།༣༠ ཐོག་ Imperial གསོལ་མགྲོན་ཁང་གི་ཚོགས་ཁང་ནང་དུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། དེ་བཞིན་ཐེངས་འདིའི་ཚོགས་འདུའི་ཐོག་མཉམ་ཞུགས་གནང་མཁན་རྒྱ་བལ་འབྲུག་གསུམ་དབུས་པའི་འཛམ་གླིང་ཡུལ་གྲུ་འདྲ་མིན་ ༡༥ ཙམ་ནས་ཕེབས་པའི་བོད་པའི་གཞོན་སྐྱེས་ཁྱོན་མི་གྲངས་ ༡༠༠ ཙམ་བཅས་ལྷན་འཛོམས་ཐོག་ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོ་ཚོགས་གནང་སོང་། སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དེ་རིང་གི་ཚོགས་འདུ་དེའི་གལ་གནད་སྐོར་གསུངས་པ་དང་འབྲེལ། འབྱུང་འགྱུར་སྲིད་སྐྱོང་མཆོག་གི་ལས་ཡུན་ལོ་གསུམ་ལྷག་ཡོད་པའི་ནང་དུ་ལས་དོན་གཙོ་བོ་གཅིག་དེ། མ་འོངས་བོད་ཀྱི་གཞོན་སྐྱེས་འགོ་ཁྲིད་སྐྱེས་བསྲིངས་བྱ་རྒྱུ་དེ་ཡིན་པ་དང་། དེ་རིང་གི་ཚོགས་ཁང་དེའི་ནང་དུ་མ་འོངས་པའི་སྲིད་སྐྱོང་ཡང་ཡོད་སྲིད་པའི་སྐོར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག་བོད་པའི་གཞོན་སྐྱེས་ཚོས་ངོས་ནས་བོད་དོན་འཐབ་རྩོད་ཀྱི་འགན་ཁུར་བཞེས་དགོས་པ་གསུངས་སོང་། སྲིད་སྐྱོང་མཆོག་གི་ད་དུང་སྔ་ལོའི་ཕྱི་ཟླ་ ༡༠ པའི་ནང་དུ་མཁས་དབང་གི་ ༥ དང་ ༥༠ ཚོགས་ཆེན་རྗེས་ད་རེས་ཀྱི་ཚོགས་འདུ་དེ་བཞིན་ ༥ དང་ ༥༠ འཆར་སྣང་གི་རིམ་པ་གཉིས་པ་དེ་ཡིན་པ་དང་། དེའི་ཐོག་གཞོན་སྐྱེས་རྣམས་ནས་བོད་མིའི་རང་དབང་འཐབ་རྩོད་དེ་ཤུགས་ཆེ་རུ་གཏང་རྒྱུའི་ཐབས་ལམ་འཚོལ་རྒྱུ་དང་། རང་ཉིད་ཀྱི་དགོངས་ཚུལ་བཤད་རྒྱུ་དང་བསམ་ཚུལ་བརྗེ་རེས་སོགས་ཀྱི་བརྒྱུད་ནས་མ་འོངས་བོད་མིའི་འཐབ་རྩོད་སྐོར་གྲོས་བསྡུར་གནང་རྒྱུའི་གོ་སྐབས་བཟང་པོ་ཞིག་ཡིན་པ་གསུངས་སོང་། དེ་བཞིན་དམིགས་གསལ་སྐུ་མགྲོན་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ལོ་ངོ་ཁྲི་ ༥ ལྷག་གི་ལོ་རྒྱུས་ཡོད་པའི་བོད་མི་རིགས་དེ་བཞིན་རྒྱ་གཞུང་གི་དྲག་གནོན་དང་མི་རིགས་རྩ་གཏོར་གྱི་སྲིད་བྱུས་འོག་རྩ་བརླག་འགྲོ་བཞིན་པའི་གཉན་ཕྲང་ཅན་གྱི་དུས་སྐབས་ཞིག་ཆགས་ཡོད་པ་ལྟར། ད་བར་བོད་མི་ ༡༥༢ ལྷག་གི་རང་ལུས་མེར་བསྲེགས་བཏང་མཁན་རྣམས་ཀྱི་གཙོས་པའི་བོད་ཀྱི་དཔའ་བོ་དཔའ་མོ་མང་པོས་སྲོག་གི་འགྲོ་སོང་བཏང་ནས་བོད་མིའི་འཐབ་རྩོད་དེ་རྒྱུན་སྐྱོང་བྱེད་བཞིན་ཡོད་པ་ལྟར། མ་འོངས་བོད་མིའི་ཆབ་སྲིད་ཀྱི་འགན་ཁུར་བཞེས་མཁན་གཞོན་སྐྱེས་རྣམས་ནས་ཀྱང་བོད་མི་དཔའ་བོ་དཔའ་མོ་དེ་དག་གི་གློད་བཏང་རྣམས་ཆུད་ཟོས་སུ་མི་འགྲོ་བར་ལམ་ལྷོང་ལྡན་པ་བཟོ་རྒྱུའི་འབད་རྩོན་གནང་དགོས་གལ་ཡིན་པ་གསུངས་སོང་། ལྷག་པར་དུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་གཞི་བཞིན། མང་གཙོའི་སྒྲིག་འཛུགས་འདི་མུ་མཐུད་གནས་དགོས་རྒྱུ་གལ་ཆེན་པོ་ཡིན་སྟབས་གཞོན་སྐྱེས་རྣམས་ནས་དེའི་ཐོག་དགོངས་པ་ངེས་པར་དུ་བཞེས་དགོས་པ་དང་། ལྷག་པར་དུ་རང་མི་རིགས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་རྣམས་སྲུང་སྐྱོབ་བྱེད་རྒྱུའི་ཐད་ཚང་མས་འགན་ངེས་པར་དུ་བཞེས་དགོས་པའི་སྐུལ་མ་གནང་སོང་། དེ་རིང་ཕྱི་ཟླ་ ༨ པའི་ཚེས་ ༡༧ ནས་དབུ་འཛུགས་ཀྱིས་ཚེས་ ༢༠ བར་ཉིན་གྲངས་བཞིའི་རིང་གི་ཚོགས་འདུ་དེའི་ཐོག་ ༡༽བོད་དང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དབར་གྱི་ལོ་རྒྱུས་ཐོག་འབྲེལ་ལམ་གྱི་གལ་གནད་དང་དོན་ཕན་གྱི་འབྲེལ་ལམ་དང་གྲོས་མོལ་བསྐྲུན་ཐབས་དང། ༢༽བོད་ཕྱི་ནང་གཉིས་ཀྱི་བོད་མི་ཐུན་མོང་ནས་བོད་ཀྱི་གནད་དོན་ཐོག་ཡ་ལན་བྱེད་ཕྱོགས། ༣༽བོད་མིའི་རང་དབང་འཐབ་རྩོད་ཐོག་ན་གཞོན་རྣམས་ཀྱི་ལས་འགན། ༤༽དེ་བཞིན་ལྔ་དང་ལྔ་བཅུའི་འཆར་སྣང་ཐད་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ནས་འགན་ཁུར་བཞེས་ཕྱོགས་དང། འཆར་སྣང་ལྡན་པའི་དབུ་ཁྲིད་བསྐྲུན་ཐབས་དང། ནུས་པ་མཉམ་སྤུང་ཅེས་གཙོ་བོ་བརྗོད་གཞིའི་ལྔའི་ཐོག་གཏམ་བཤད་དང་ཚོགས་བཅར་བ་ཕན་ཚུན་གྲོས་བསྡུར་སྦྱང་ཤེས་གནང་རྒྱུ་ཡིན་པ་རེད།

སྲིད་བློན་ཟུར་པ་ Vajpayee མཆོག་དགོངས་པ་རྫོགས་པར་མྱ་ངན་གུས་བཏུད་དང་འབྲེལ་གཞུང་འབྲེལ་མཆོད་འབུལ་གནང་བ།

ཁ་སང་ཕྱི་ཟླ་ ༨ ཚེས་ ༡༦ ཉིན་གྱི་ཕྱི་དྲོར་རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་ Atal Bihari Vajpayee མཆོག་དགུང་ལོ་ ༩༣ ཐོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་དང་བསྟུན། དེ་རིང་སྔ་དྲོ་ཚོུད་ ༩།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་བཀའ་ཤག་གི་ཚོགས་ཁང་གསར་པའི་ནང་གནས་ཆུང་སྒྲ་དབྱངས་གླིང་གི་དགེ་འདུན་པ་ཁག་ཅིག་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སྲི་ཞུ་ལས་བྱེད་ཡོངས་ནས་སྲིད་བློན་དམ་པ་ཁོང་ལ་མྱ་ངན་གུས་བཏུད་ཞུ་ཕྱིར་ལྷན་འཛོམས་ཀྱིས་བསྔོ་སྨོན་གསུང་འདོན་གནང་བ་མ་ཟད། དེ་རིང་གི་ཉིན་མོར་དབུས་ལས་ཁུངས་ཁག་ནས་ལས་མཚམས་བཞག་ཡོད་པ་རེད། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དམ་པ་དེ་ཉིད་ནི་བོད་དོན་ལ་རྒྱབ་སྐྱོར་ཚད་མཐོ་བོ་གནང་མཁན་ཞིག་ཡིན་པ་དང་འབྲེལ། རྒྱ་གར་གྲོས་ཚོགས་ཀྱི་ནང་མི་ལོ་ ༤༠ ལྷག་ཕྱག་ལས་གནང་བའི་རིང་གྲོས་ཚོགས་སུ་བོད་དོན་སྐོར་རྟག་ཏུ་གླེང་མཁན་གྱི་མི་སྣ་ཞིག་ཡིན་པ་མ་ཟད། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་སྐབས་རྒྱ་གར་སྲིད་བློན་ལ་གནད་དོན་དེའི་ཐོག་དྲི་རྩད་དང་བོད་ཀྱི་རང་དབང་དང་རྒྱ་གར་གྱི་བདེ་འཇགས་གཉིས་ཐད་ཀར་འབྲེལ་བ་ཡོད་སྐོར་ཞུ་མྱོང་ཡོད་པ་སོགས་བོད་མིར་ཧ་ཅང་བཀྲིན་ཆེ་བའི་རླབས་ཆེན་སྐྱེ་བོ་ཞིག་ཡིན་པ་འགྲེལ་བརྗོད་དང་འབྲེལ། དམ་པ་དེ་ཉིད་ཀྱི་ཆེད་དུ་ཐུགས་སྨོན་གནང་རོགས་ཞེས་གསུངས་སོང་། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་ཀྱང་སྐུ་ཞབས་ Vajpayee མཆོག་གི་ཤུལ་ལུས་ནང་མི་རྣམས་ལ་ཐུགས་གསོའི་གསུངས་འཕྲིན་བསྩལ་བའི་ནང་དམ་པ་དེ་ཉིད་ཀྱིས་ཕྱི་ལོ་གཅིག་སྟོང་དགུ་བརྒྱ་ལྔ་བཅུ་ང་གྲངས་ནས་བོད་དོན་ལ་ཐུགས་བརྩེ་བ་ཆེན་པོས་རྒྱབ་སྐྱོར་གནང་བའི་བཀའ་དྲིན་རྣམས་ནམ་ཡང་དྲན་བཞིན་ཡོད་སྐོར་བརྗོད་འདུག རྩ་བའི་དགུང་གྲངས་ ༩༣ ལ་ཕེབས་པའི་རྒྱ་གར་སྲིད་བློན་ཟུར་པ་སྐུ་ཞབས་དམ་པ་ Atal Bihari Vajpayee མཆོག་ཁ་སང་ཕྱི་ཟླ་༨ ཚེས་ ༡༦ ཉིན་གྱི་ཕྱི་དྲོ་ཕྱག་ཚོད་ ༥ པའི་ཐོག་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ AIMS སྨན་ཁང་དུ་སྨྱུང་གཞིའི་རྐྱེན་པས་དགོངས་པ་རྫོགས་ཡོད་པ་རེད། དམ་པ་ཁོང་སྐུ་འཚོ་བཞུགས་སྐབས་རྒྱ་གར་སྲིད་བློན་ཐེངས་གསུམ་གནང་མྱོངས་ཡོད་པ་དང་། རྒྱ་གར་ཕྱི་སྲིད་བློན་ཆེན་དང་རྒྱ་གར་གྲོས་ཚོགས་སུ་མི་ལོ་༤༠ རིང་ཕྱག་ལས་གནང་ཡོད་པ་མ་ཟད། ལྷག་པར་དུ་༸གོང་ས་མཆོག་དང་ལྷན་དུ་ལན་མང་མཇལ་མོལ་གནང་མྱོང་ཡོད་པ་དང་། བོད་དོན་ལ་ཐུགས་བརྩེ་བ་ཆེན་པོས་རྒྱབ་སྐྱོར་གནང་མཁན་གྱི་མི་སྣ་གལ་ཆེན་ཞིག་ཡིན་པ་རེད།  

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་སྲུང་བརྩི་ཞུས་པ།  

བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དབུ་བཞུགས་ཐོག་རྒྱ་གར་རྒྱལ་ཁབ་འདི་དབྱིན་ཇིའི་མངའ་འོག་ནས་རང་བཙན་གཙང་མ་ཐོབ་ནས་ད་བར་མི་ལོ་ ༧༢ འཁོར་བའི་ཉིན་མོ་སྲུང་བརྩི་ཞུས་པ་དང་འབྲེལ། བོད་མི་དང་བོད་ཀྱི་གནད་དོན་ཐོག་རྒྱ་གར་གཞུང་མང་གཉིས་ལས་ལྷག་པའི་བཀྲིན་ཆེ་བ་གཞན་སུ་ཡང་མེད་ཅེས་གསུངས་སོང་། རྩ་བའི་ཕྱི་ཟླ་ ༨ ཚེས་ ༡༥ སྟེ་དེ་རིང་གི་ཉིན་མོ་འདི་ནི་ཕྱི་ལོ་ ༡༩༤༧ ལོར་རྒྱ་གར་དབྱིན་ཇིའི་མངའ་འོག་ནས་རང་བཙན་གཙང་མ་ཐོབ་པའི་དུས་ཚིགས་ཁྱད་པར་ཅན་ཞིག་ཡིན་པ་དང་། ཉིན་མོ་འདིར་རྒྱ་གར་རྒྱལ་ཡོངས་གཙོས་པའི་འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་རྒྱ་གར་མི་མང་ཡོངས་ཀྱིས་སྲུང་བརྩི་གཟབ་རྒྱས་ཞུ་བཞིན་ཡོད་པ་རེད། དེ་རིང་སྔ་དྲོ་ཚོུད་ ༩༌༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་ཕྱག་སྦྲེལ་བཀའ་བློན་རྣམ་པ་དང་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ་བཅས་བཀའ་ཤག་གི་མདུན་ཐང་དུ་ལྷན་འཛོམས་ཐོག་ཆེས་ཐོག་མར་རྒྱ་གར་གྱི་རྒྱལ་གླུ་དབྱངས་སུ་གྱེར་བ་དང་སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་གནང་སྟེ་ཉིན་མོ་འདི་སྲུང་བརྩི་ཞུས་སོང་། སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་རང་བཙན་ཉིན་མོར་གཞུང་མང་ཡོངས་ལ་འཚམས་འདྲི་གནང་བ་དང་འབྲེལ། རྒྱ་གར་རྒྱལ་ཁབ་འདི་ད་ཆ་ཡིག་རྨོངས་སེལ་བའི་བརྒྱ་ཆ་ ༧༤ ལྷག་ཆགས་ཡོད་པ་ དང་། ཆབ་སྲིད་དང་དཔལ་འབྱོར་སོགས་གང་ཅིའི་ཐད་ནས་འཛལ་གླིང་ཐོག་གི་སྟོབས་ཆེན་རྒྱལ་ཁབ་གཙོ་གྲས་ ཁོངས་སུ་སླེབས་ཀྱི་ཡོད་པ་བཅས་ནི་རང་བཙན་ཐོབ་ནས་མི་ལོ་ ༧༠ ལྷག་སོང་བའི་རིང་གི་གྲུབ་འབྲས་རླབས་ཆེན་ཞིག་སོན་པར་ཡི་རངས་བསྔགས་བརྗོད་གནང་བ་དང་ཆབས་ཅིག་ཏུ་རྒྱ་གར་གཞུང་མང་གཉིས་ནས་བོད་དང་བོད་མིའི་ཐོག་རྒྱབ་སྐྱོར་དང་མཐུན་འགྱུར་གནང་བ་བཞིན་བོད་དང་བོད་མིའི་ཐོག་བཀྲིན་ཆེ་བའི་རྒྱལ་ཁབ་གཞན་སུ་ཡང་མེད་ཅེས་གསུངས་པ་མ་ཟད། བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་རྒྱ་གར་གཞུང་མང་གཉིས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་གསུངས་སོང་། དེ་བཞིན་སྲིད་སྐྱོང་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྣམ་ཀུན་ནས་རྒྱ་གར་གྱི་དཔལ་ནཱ་ལེནྡཱའི་ལྟ་གྲུབ་དེ་དག་བསྐྱར་གསོ་གནང་དགོས་གལ་ཡིན་པར་ལམ་སྟོན་བཀའ་ཕེབས་ལྟར་བོད་མི་ཚོས་ལོ་ངོ་སྟོང་ཕྲག་ལྷག་གི་རིང་ནས་ཉམས་བཞེས་གནང་ཐོག་འཛིན་སྐྱོང་སྤེལ་གསུམ་གནང་ཡོད་པ་རེད། ད་ཆ་བོད་མི་ཚོས་རྒྱ་གར་རང་གི་ནང་དུ་དེ་དག་དར་སྤེལ་གནང་དགོས་གལ་ཡིན་པ་བཞིན་དེའི་ཐོག་ཐུགས་སྣང་གནང་རོགས་ཞེས་གཞེན་སྐུལ་གནང་སོང་། རྩ་བའི་དེ་རིང་གི་ཉིན་མོ་འདི་དང་བསྟུན་བཞུགས་སྒར་དྷ་རྨ་ས་ལའི་བོད་མིའི་སྒྲིག་འཛུགས་ཙམ་མ་ཟད། རྒྱ་གར་གྱི་ས་གནས་འདྲ་མིན་ནང་དུ་ཡོད་པའི་བོད་པའི་སློབ་གྲྭ་ཁག་དང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་ནས་ཀྱང་རྒྱ་གར་གཞུང་མང་གཉིས་དགའ་བསུའི་འཚམས་འདྲི་དང་བཀྲིན་རྗེས་དྲན་ཞུ་རྒྱུའི་བྱེད་སྒོ་སྣང་མང་སྤེལ་ཐོག་ཉིན་མོ་དེ་སྲུང་བརྩི་གཟབ་རྒྱས་ཞུ་མུས་ཡིན་པ་རེད། ལྷག་དོན་རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པས་གོ་སྒྲིག་འོག་རྒྱ་གར་ Ludhiana ནང་སྐུ་མགྲོན་གཙོ་བོ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེེས་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཱ་ཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་རྣམ་གཉིས་ཀྱིས་དབུས་པའི་ཧིན་བོད་ཚོང་པ་ཚོགས་པའི་ཚོགས་གཙོ། ས་གནས་གྲོས་ཚོགས་འཐུས་མི། ལུ་དི་ཡ་ནའི་ས་གནས་རྒྱ་གར་ཚོང་པ་ཚོགས་པ། གྲེང་སྡེ་སྤྱི་ཁྱབ་པ་སོགས་ལྷན་འཛོམས་ཐོག་རྒྱ་གར་རང་བཙན་ཐོབ་པའི་ཉིན་མོར་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་ནས་སྲུང་བརྩི་ཞུ་ཡོད་སྐོར་ཚོགས་གཙོ་ཆོས་རྒྱལ་མཚན་ལགས་སུ་བཅར་འདྲི་ཞུས་ཡོད།

ཕྱི་རྒྱལ་དུ་གནས་སྡོད་བོད་ཕྲུག་ཚོས་རང་ཉིད་བོད་པ་ཡིན་པ་བརྗེད་རྒྱུ་མེད།

དེ་རིང་ཟླ་ ༨ ཚེས་ ༢ ཉིན་སྔ་དྲོ་ཚོུད་ ༡༠ ཐོག་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཕྱི་རྒྱལ་ཡུལ་གྲུ་འདྲ་མིན་ཁག་ནས་དབྱར་ཁའི་སློབ་དུས་ཐོག་བཅར་བའི་བོད་ཕྲུག་སློབ་མ་ ༧༠ སྐོར་ཞིག་ལ་ཚོུད་གཉིས་ཙམ་རིང་ལ་བོད་མི་རིགས་ཀྱི་ངོ་བོ་དང་རྒྱལ་རབས་སོགས་ཀྱི་ཐད་གསུང་བཤད་གནང་སོང་། སྐབས་དེར་སྲིད་སྐྱོང་མཆོག་གིས་ཕྱི་རྒྱལ་དུ་འཚར་ལོངས་བྱུང་བའི་བོད་ཕྲུག་ཚོས་རང་ཉིད་ཀྱི་ངོ་བོ་གང་ཡིན་འགྲེལ་བརྗོད་གདེང་འཁེལ་བ་ཞིག་གནང་ཐུབ་ཀྱི་མེད་སྟབས། ཁྱེད་ཅག་རང་ཉིད་སོ་སོའི་གནས་ཡུལ་རྒྱལ་ཁབ་གང་ཡིན་དེ་དག་གི་མི་སེར་ཆགས་ཀྱི་ཡོད་པ་ལྟར་རྒྱལ་ཁབ་དེའི་ཁྲིམས་སྒྲིག་ཁག་བརྩི་སྲུང་བྱེད་དགོས་ཀྱང་། རང་ཉིད་ཀྱི་ངོ་བོ་དེ་བོད་མི་ཞིག་ཡིན་པ་དུས་ནམ་ཡང་བརྗེད་རྒྱུ་མེད་སྐོར་གསུངས་ཡོད། དེ་བཞིན་སྲིད་སྐྱོང་མཆོག་གིས་འཛམ་གླིང་ནང་ནང་པ་སངས་རྒྱས་པའི་ཆོས་ལུགས་ཉམས་ལེན་གནང་མཁན་རྒྱལ་ཁབ་མང་དག་ཞིག་ཡོད་ཀྱང་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོས་གསུངས་པའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཡོད་པ་དེ་དག་ཚང་ལ་མ་ནོར་བ་བོད་ཡིག་ཁོ་ནའི་ཐོག་ལ་ཡོད་པ་ལས་སྐད་ཡིག་གཞན་ནང་མེད་སྟབས། སློབ་ཕྲུག་ཁྱེད་ཅག་ནས་སྔར་འབྱོན་བོད་ཀྱི་ལོ་ཙྰ་བ་རྣམས་ཀྱི་བཀྲིན་དྲན་ཞིང་གནའ་དེང་གཉིས་ཀྱི་ཤེས་ཡོན་ཐོག་ཧུར་བརྩོན་བྱེད་དགོས་གནད་ཡིན་པར་ལམ་སྟོན་གནང་སོང་། སྲིད་སྐྱོང་མཆོག་གིས་བོད་ཕྲུག་སློབ་མ་རྣམས་ལ་གསུང་བཤད་གནང་གྲུབ་མ་ཐག་སློབ་ཕྲུག་འགས་བཀའ་འདྲི་ཁག་ཅིག་ཞུས་ཡོད་པ་ལྟར། སློབ་ཕྲུག་ཞིག་གིས་བོད་དེ་ད་ཆ་རྒྱ་གཞུང་གིས་བཙན་བཟུང་འོག་ཡོད་པ་དང་རྒྱུ་མཚན་དེར་བརྟེན་བོད་དེ་རྒྱ་ནག་གི་ཆ་ཤས་ཆགས་སམ་ཞེས་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས་བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཞིག་དང་ང་ཚོར་སོ་སོའི་རྒྱལ་དངུལ་དང་དཔྱ་ཁྲལ། དེ་བཞིན་ཁྲིམས་སྒྲིག་སོགས་ཡོད་སྐོར་གསུངས་སོང་། རྩ་བའི་དབྱར་ཁའི་སློབ་དུས་དེ་ཕྱི་རྒྱལ་གནས་བཞུགས་བོད་ཕྲུག་རྣམས་རང་སྐད་དང་བྲལ་ནས་གཞན་གྱི་རིག་གཞུང་གིས་ཤུགས་རྐྱེན་ཐེབས་ཀྱི་ཡོད་སྟབས། སོ་སོའི་རིག་གཞུང་དང་བོད་མིའི་ངོ་བོ་རྩ་བརླག་འགྲོ་བའི་ཉེན་ཁར་གཟིགས་ཏེ་བཀའ་ཟུར་༸རྗེ་བཙུན་པདྨ་མཆོག་གི་དགོངས་བཞེས་དང་ཕྱི་རྒྱལ་གནས་བཞུགས་བོད་ཕྲུག་ཚོའི་ཕ་མ་རྣམས་ཀྱི་དགོངས་འཆར་གནང་བར་བརྟེན་ཆེད་མངགས་བོད་ཕྲུག་ཁྱིམ་སྡེར་བོད་ཀྱི་རིག་གཞུང་དང་ཡུལ་གོམས་གཤིས་ལུགས་སོགས་ལ་བསླབ་པ་སློབ་གཉེར་ཆེད་དབྱར་ཁའི་སློབ་དུས་དེ་བཙུགས་པ་རེད།

ཨ་རུ་ནཱ་ཅལ་ནང་གནས་སྟངས་ཞི་འཇམ་ཡོད་པས་ཐུགས་འཚབ་གནང་མི་དགོས།

ཉེ་ཆར་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་ས་གནས་ཡུལ་མིའི་སློབ་ཕྲུག་ཚོགས་པའི་ཚོགས་མི་ཁག་ཅིག་ནས་ཁུལ་དེར་གནས་སྡོད་བོད་མི་དང་རྒྱ་གར་དབུས་གཞུང་གིས་བོད་མིར་དམིགས་གསལ་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ལ་མི་འདོད་པའི་ངོ་རྒོལ་བྱས་ཡོད་པ་དང་འབྲེལ། དེ་རིང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དབུ་བཞུགས་ཐོག་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཐོག་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་བོད་མི་དང་ས་གནས་བོད་མི་རྣམས་ཞི་འཇམ་དང་འཆམ་མཐུན་ཐོག་གནས་མུས་ཡིན་སྟབས་བོད་མི་རྣམས་དེའི་ཐོག་ཐུགས་འཚབ་གནང་མི་དགོས་ཞེས་གསུངས་སོང་། དེ་རིང་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ཡང་སྟེང་ཚོགས་ཁང་དུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་ཨ་རུ་ནཱ་ཅལ་མངའ་སྡེ་གཞུང་གི་ཆོས་རིག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་འཇམ་དཔལ་དབང་འདུས་ལགས། ནང་སྲིད་དྲུང་འཕར་ཤོ་ཟུར་ཚེ་དབང་སྒྲོལ་མ་ལགས་བཅས་ཆེད་ཕེབས་ཐོག་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚིགས་གནང་བ་དང་། སྲིད་སྐྱོང་མཆོག་གིས་རྒྱ་གར་དབུས་གཞུང་དང་ཨ་རུ་ནཱ་ཅལ་མངའ་སྡེའི་གཞུང་གི་ངོས་ནས་ཁུལ་དེར་གནས་སྡོད་བོད་མི་ ༥༠༠༠ ཙམ་གྱི་བདེ་འཇགས་དང་སྲུང་སྐྱོབ་ཐད་མཐུན་འགྱུར་གང་ལེགས་གནང་མུས་ཡིན་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། མངའ་སྡེའི་ནང་བོད་མིའི་གཞིས་ཆགས་ཁག་ ༤ ཙམ་ཡོད་པའི་ནང་བོད་མི་དང་ས་གནས་ཡུལ་མིའི་དབར་ཞི་འཇམ་དང་འཆམ་མཐུན་ངང་གནས་མུས་ཡིན་པ་དང། བོད་མི་རྣམས་ནས་ཀྱང་ཡུལ་ཁྲིམས་ལ་བརྩི་སྲུང་ཞུ་ཐོག་ཞི་བའི་ངང་ནས་ཚོར་བར་རོལ་དགོས་གལ་ཡིན་པ་གསུངས་སོང་། སྐབས་དེར་ནང་སྲིད་དྲུང་འཕར་ཤོ་ཟུར་ཚེ་དབང་སྒྲོལ་མ་ལགས་ནས་གནད་དོན་དེའི་ཐོག་ནང་སྲིད་ལས་ཁུངས་ཀྱི་ངོས་ནས་དོ་ཁུར་ཆེ་བཞེས་ཐོག་དོ་སྣང་གནང་མུས་ཡིན་པ་དང། རྩ་བའི་དེ་འབྲེལ་ས་གནས་འགོ་འཛིན་ལས་ཁུངས་ནས་གནས་སྟངས་ལྷིང་འཇགས་ཡོང་བར་དབུས་ནང་སྲིད་ལས་ཁུངས་ནས་མི་སྣ་ཆེད་ཕེབས་དགོས་པའི་གནས་སྟངས་མེད་སྐོར་གསུངས་མིན་ལ་ལྟོས་མེད་བཀའ་ཤག་གི་བཀའ་དགོངས་བཞིན་ནང་སྲིད་དྲུང་ཆེ་འཆི་མེད་རིག་འཛིན་ལགས་ཨ་རུ་ནཱ་ཅལ་ཁུལ་དུ་ཆེད་བསྐྱོད་གནང་མུས་ཡིན་པ་ལྟར། དེ་སྔ་ས་གནས་འགོ་འཛིན་ནས་གསུང་པ་བཞིན་ས་གནས་སུ་གནས་སྟངས་ཞི་འཇམ་ཡོད་སྟབས་ཐུགས་འཚབ་གནང་དགོས་པའི་གནད་དོན་གང་ཡང་མེད་པར་ནན་བརྗོད་གནང་སོང་། རྩ་བའི་ཟླ་བ་འདིའི་ཕྱི་ཚེས་ ༣ ཙམ་ནས་ AAPSU དང་ SUMAA ཞེས་པའི་ཨ་རུ་ནཱ་ཅལ་མངའ་སྡེའི་སློབ་ཕྲུག་ཚོགས་པ་དང། ས་གནས་གདོད་མའི་མི་རིགས་ཚོགས་པ་སོགས་ནས་རྒྱ་གར་དབུས་གཞུང་གིས་གཏན་འབེབས་གནང་བའི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་གནང་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ ཞེས་པ་དེ་མངའ་སྡེའི་ནང་ལག་བསྟར་བྱེད་རྒྱུ་མཚམས་འཇོག་དགོས་པ་དང་བོད་མི་རྣམས་ལ་ཚོགས་སྡེའི་ལག་ཁྱེར་ཐོབ་པ་དང། ཚོང་གཉེར་གནང་ཆོག་པའི་ལག་ཁྱེར་སྤྲད་པ་རྣམས་ཕྱིར་བསྡུ་དགོས་པ། བོད་མི་རྣམས་བཅད་མཚམས་ལྡན་པའི་ས་གནས་གཞན་ལ་ཕྱིར་ཕུད་གཏོང་དགོས་པ་སོགས་ཀྱི་དགོས་འདུན་ཆེད་བཏོན་བྱས་ཡོད་པ་དང་། ལྷག་པར་དུ་ཚེས་ ༡༢ དང་ ༡༣ ཉིན་ངོ་རྒོལ་ཚོགས་པ་དེ་དག་གི་ཚོགས་མི་ཁག་ཅིག་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་ལས་ཁུངས་སུ་ཡོང་ནས་བསྟན་འཛིན་སྒང་གཙོས་པའི་མོན་ཏ་དབང་དང་འབུམ་སྡེ་ལ་སོགས་མངའ་སྡེའི་ནང་གནས་སྡོད་བྱེད་བཞིན་པའི་བོད་མི་རྣམས་ཁྲིམས་འགལ་བ་ཡིན་སྐོར་སོགས་བརྗོད་ནས་ས་གནས་དེ་ནས་ཕྱིར་ཐོན་དགོས་པའི་སྡིག་ར་དང་ངོ་རྒོལ་སྐད་འབོད་བྱས་པ་མ་ཟད་ས་གནས་བོད་མིར་སུན་གཙེར་བཟོས་པའི་གནད་དོན་སོགས་བྱུང་ཡོད་པ་རེད།དེ་བཞིན་ཨ་རུ་ནཱ་ཅལ་མངའ་སྡེ་གཞུང་གི་ཆོས་རིག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་འཇམ་དཔལ་དབང་འདུས་ལགས་ཀྱིས་ཉེ་ཆར་ས་གནས་སུ་བློ་ཕམ་གྱི་གནད་དོན་དེ་བྱུང་ཡོད་པ་ལྟར། རྒྱ་གར་དབུས་གཞུང་དང་མངའ་སྡེ་གཞུང་གི་ངོས་ནས་དེའི་ཐོག་འགན་ཁུར་ཆེ་བཞེས་ཀྱིས་ཕྱག་ལས་གནང་མུས་ཡིན་པ་དང། ད་ལྟའི་ཆར་གནས་སྟངས་ཞི་འཇམ་ཡོད་པ་བཞིན་མ་འོངས་པར་གནས་དོན་དེ་རིགས་མི་ཡོང་བའི་ཆེད་རིང་མིན་ཕྱི་ཟླ་ ༨ ཚེས་ ༡༢ ཉིན་ས་གནས་སློབ་ཕྲུག་ཚོགས་པ་མང་དག་ཞིག་ཡོད་པ་རྣམས་ཀྱི་སྐུ་ཚབ་དང། ས་གནས་མོན་མཐུན་ཚོགས་དང་གཞུང་འབྲེལ་མི་སྣ་བཅས་ཚང་འཛོམས་ཐོག་ཚོགས་འདུ་ཆེན་པོ་ཞིག་འཚོགས་གཏན་ཁེལ་ཐོག་མོན་ཡུལ་དང་བོད་དབར་དུས་རབས་ ༧ པ་ནས་བཟུང་སྟེ་མཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་གི་འབྲེལ་བ་ཡོད་པ་དེ་མི་རབས་རྒན་གྲས་རྣམས་ནས་མཁྱེན་གྱི་ཡོད་ཀྱང། གཞོན་སྐྱེས་ཚོར་དེའི་སྐོར་ཤེས་ཀྱི་མེད་རྐྱེན་དེ་དག་ལ་གོ་རྟོག་སྤེལ་རྒྱུ་སོགས་ཀྱི་བརྒྱུད་སླད་མར་དེ་ལྟར་མི་ཡོང་བའི་ཐབས་ལམ་ཚོལ་འཆར་ཡོད་པ་གསུངས་སོང་། རྩ་བའི་སྐུ་ཞབས་འཇམ་དཔལ་དབང་འདུས་ Jampel Wangdue ལགས་ནི་ཨ་རུ་ནཱ་ཅལ་མངའ་སྡེ་དང་བོད་མིའི་སྒྲིག་འཛུགས་གཉིས་དབར་རིག་གཞུང་བརྗེ་རེས་ཀྱི་ལས་གཞི་ཞིག་དབུ་ཚུགས་ཡོད་པའི་ཁྲོད་ཨ་རུ་ནཱ་ཅལ་གྱི་སློབ་ཕྲུག་བཅུ་ལ་བོད་ཀྱི་ཟློས་སྒར་ཚོགས་པར་ཟླ་བ་གསུམ་རིང་བོད་པའི་གཞས་སྣ་འཁྲབ་སྟོན་གྱི་སྦྱོང་བརྡར་སྤྲོད་བཞིན་ཡོད་པ་དང་འབྲེལ་ནས་བཞུགས་སྒར་དུ་ཆེད་ཕེབས་གནང་བ་ཞིག་རེད་འདུག

སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་བོད་དོན་ཞུ་འབོད་གནང་བཞིན་པ།

རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་ཆར་དུས་གྲོས་ཚོགས་འཚོགས་བཞིན་པ་དང་བསྟུན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱ་ཙཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་སྣེ་ཁྲིད་འོག་སྤྱི་འཐུས་རྒྱུན་ལས་ཚོགས་ཆུང་ཞིག་ནས་ཟླ་ ༧ ཚེས་ ༢༣ ཉིན་དབུ་འཛུགས་ཀྱིས་རྒྱ་གར་རྒྱལ་ས་ལྡི་ལིར་བོད་དོན་ཞུ་འབོད་གནང་བཞིན་འདུག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ནས་ཁ་སང་རེས་གཟའ་ཟླ་བ་ནས་དེ་རིང་སྔ་དྲོ་བར་དུ་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་གསར་པ་ ༢༢ ལྷག་དང་མཇལ་འཕྲད་གནང་ཐོག་བོད་དོན་ཞུ་འབོད་གནང་ཐུབ་པ་བྱུང་འདུག རྒྱ་གར་གྲོས་ཚོགས་འཐུས་མི་ཚོ་ལ་ད་བར་དུ་རྒྱ་གར་གཞུང་མང་གཉིས་ནས་བོད་དོན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་གཡོ་བ་མེད་པ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་ཏུ་བོད་ཀྱི་གནད་དོན་ཐད་མུ་མཐུད་ནས་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུས་འདུག་པ་མ་ཟད། ད་ཆ་འཚོགས་བཞིན་པའི་ཆར་དུས་གྲོས་ཚོགས་ནང་བོད་དོན་སྐོར་གླེང་སློང་གནང་སྐྱོང་ཡོང་བ་དང་སྒོས་རྒྱ་དཀར་ནག་གཉིས་ཀྱི་ཚོགས་འདུ་ནམ་ཚོགས་ལ་བོད་ཀྱི་གནད་དོན་གཞི་རྩར་བཞག་ཐོག་བོད་ཀྱི་དཀའ་རྙོག་སེལ་བར་ཞུ་འབོད་གནང་ཡོད་པ་རེད་འདུག ཐེངས་འདིའི་ཞུ་སྐུལ་ཐོག་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་དུ་སྐུ་ལུས་མེར་སྲེག་གནང་མཁནབོད་མི་ ༡༥༢ རྣམས་ཀྱི་སྐོར་དང་ཁོང་རྣམས་ཀྱིས་བཞག་པའི་ཞལ་ཆེམས་ཕྱོགས་བསྡུས་ཀྱི་ཕྱག་དེབ་དབྱིན་ཇི་དང་ཧིན་དི་སྐད་ཡིག་ནང་ཡོད་པ་ཚེ་སྲོག་གི་འབོད་སྒྲ་ཞེས་པ་ཕུལ་བ་མ་ཟད་བོད་ནས་བསྐུར་བའི་རྒྱ་ནག་གི་བོད་མིའི་ཐོག་དྲག་གནོན་བྱས་པའི་དངོས་ཡོད་གནས་སྟངས་མཚོན་པའི་པར་དང་བོད་ས་ཁུལ་ནང་རྒྱ་གཞུང་གིས་དམག་འཐབ་སྦྱོང་བརྡར་བྱས་དང་བྱེད་བཞིན་པ་སོགས་ཀྱི་གནད་དོན་སྐོར་ཡིག་ངག་གཉིས་ཐོག་ནས་ཞུ་འབོད་གནང་འདུག རྩ་བའི་ཐེངས་འདིའི་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་སྐུ་ཚབ་ཚོགས་ཆུང་གིས་རྒྱ་གར་གྱི་གྲོས་ཚོགས་འཐུས་མིར་བོད་དོན་ཞུ་འབོད་གནང་བའི་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱ་ཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་སྣེ་ཁྲིད་འོག་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང་སྤྱི་འཐུས་ཀརྨ་དགེ་ལེགས་ལགས་བཅས་ཡོད་པ་རེད།

མྱོས་རྫས་ངན་གོམས་སུ་ལྷུང་བའི་བོད་རིགས་གཞོན་སྐྱེས་ཁག་ཅིག་ལ་བོད་ཀྱི་སྨན་རྩིས་ཁང་ནས་ལས་ཀའི་གོ་སྐབས་གནང་བ།

བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དབུ་བཞུགས་ཐོག་དབུས་བོད་ཀྱི་སྨན་རྩིས་ཁང་ནས་མྱོས་རྫས་ངན་གོམས་སུ་ལྷུང་བའི་བོད་རིགས་གཞོན་སྐྱེས་ཁག་ཅིག་ལ་ལས་ཀའི་གོ་སྐབས་གནང་སོང་། ཁ་སང་བཞུགས་སྒར་དབུས་སྣེ་ལེན་ཁང་གི་ཉེ་འཁྲིས་སུ་ཆགས་པའི་ཀུན་ཕན་ལས་ཁང་གི་ནད་གསོ་ཁང་གསར་པའི་ནང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་དབུས། བོད་ཀྱི་སྨན་རྩིས་ཁང་གི་དབུ་འཛིན་ཚེ་རིང་བཀྲིས་ལགས་དང་༸སྐུའི་སྨན་པ་ཚེ་དབང་རྟ་མགྲིན་ལགས། དེ་བཞིན་འཕྲོད་བསྟེན་ལས་ཁུངས་ཀྱི་ཟུང་དྲུང་སོགས་ལྷན་ཞུགས་ཐོག་ནད་གསོ་དེར་གཟིགས་ཞིབ་གནང་བ་དང་འབྲེལ། བོད་ཀྱི་སྨན་རྩིས་ཁང་གི་མྱོས་རྫས་ངན་གོམས་སྔོན་འགོག་བྱ་ཐབས་ཀྱི་ལས་གཞིའི་འོག་ནས་ནད་གསོ་ཁང་དེའི་ནང་སྨན་བཅོས་གནང་བཞིན་པའི་བོད་རིགས་གཞོན་སྐྱེས་ཚོའི་གནས་བབ་ལ་གཞིགས་པའི་གླ་ཡོད་ཀྱི་ལས་ཀ་ཚུང་ཚགས་རིགས་གནང་རྒྱུ་ཆེད་ལས་ཁུངས་གསར་པ་ཞིག་དབུ་འབྱེད་གནང་སོང་། སྐབས་དེར་འཕྲོད་བསྟེན་བཀའ་བློན་མཆོག་གིས་བོད་རིགས་གཞོན་སྐྱེས་དེ་དག་ལ་མི་ཚེ་གསར་པ་ཞིག་སྐྱེལ་རྒྱུ་ཐད་བློ་སྟོབས་སྐྱེས་དགོས་པ་དང་ལྷན་སོ་སོའི་ནུས་པར་དཔག་པའི་སྤྱི་ཚོགས་ལ་ཞབས་ཕྱི་ཞུ་ཐུབ་ན་དགེ་མཚན་ཡོད་པའི་ལམ་སྟོན་གནང་སོང་བ་མ་ཟད། བོད་ཀྱི་སྨན་རྩིས་ཁང་གི་དབུ་འཛིན་ཚེ་རིང་བཀྲིས་ལགས་དང་༸སྐུའི་བླ་སྨན་པ་རྟ་མགྲིན་ལགས་རྣམ་གཉིས་ནས་ཀྱང་གཙོ་བོ་ཀུན་སློང་ཡག་པོ་འཁྱེར་བའི་ཐོག་ནས་སྨན་རྣམས་གཙང་མ་བཟོ་ཚེ་ནད་པར་ཕན་ཐོགས་ཆེ་བ་དང་དེ་བཞིན་སྨན་གྱི་ནུས་པ་ཆེ་རུ་འགྲོ་ངེས་ཡིན་པ་སོགས་གསུངས་སོང་། འདི་གའི་གསར་འགོད་པས་འཕྲོད་བསྟེན་བཀའ་བློན་མཆོག་ལ་བཙན་བྱོལ་བོད་མིའི་མི་འབོར་ལ་གཞིགས་པའི་མྱོས་རྫས་ངན་གོམས་ཀྱི་དཀའ་ངལ་དེ་ཛ་དྲག་ཇི་ཙམ་ཞིག་ལ་ངོས་འཛིན་གནང་མིན་ཐད་བཅའ་འདྲི་ཞུས་པར་བཀའ་བློན་མཆོག་གིས་བཙན་བྱོལ་བོད་མིའི་མི་འབོར་ལ་གཞིགས་པའི་དཀའ་ངལ་དེ་གང་ཙམ་ཆེན་པོ་ཆགས་ཀྱི་ཡོད་པ་དང་དཀའ་ངལ་དེ་སེལ་ཐབས་སུ་དམིགས་བསལ་ཚན་པ་ཞིག་ཆེད་འཛུགས་བརྒྱུད་འདས་པའི་ལོ་གཉིས་ནང་མྱོས་རྫས་ངན་གོམས་སུ་ལྷུང་བའི་བོད་རིགས་གཞོན་སྐྱེས་མི་གྲངས་ ༥༠ ཙམ་ཞིག་བོད་པ་དང་རྒྱ་གར་རྒྱལ་ཡོངས་ཀྱི་མྱོས་རྫས་ངན་གོམས་བཅོས་ཐབས་ལྟེ་གནས་ཁང་ཁག་ཏུ་ཆེད་གཏོང་བྱས་ཡོད་པ་མ་ཟད། ཀུན་ཕན་ལས་ཁང་དང་ཞི་བདེ་ཁང་གསར་གཙོས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་སོགས་དང་མཉམ་འབྲེལ་གྱིས་མྱོས་རྫས་ངན་གོམས་ཀྱི་དཀའ་ངལ་དེ་སེལ་ཐབས་སླད་འབད་བརྩོན་གནང་མུས་དང་ལྷག་དོན་ལང་ཚོ་དར་ལ་བབ་པའི་ན་གཞོན་ཁྲོད་དཀའ་ངལ་དེ་འགོག་ཐབས་སླད་དམིགས་བསལ་གོམ་པ་མདུན་སྤོ་གནང་མུས་ཡིན་པ་གསུངས་སོང་།

ཅོན་ཏ་ར་སྨན་རྩིས་ཁང་གི་དཔར་སྐྲུན་སྡེ་ཚན་གསར་པ་དབུ་འབྱེད་གནང་བ།

རྒྱ་གར་བྱང་ཕྱོགས་བཞུགས་སྒར་དུ་རྟེན་གཞི་བྱས་པའི་དབུས་སྨན་རྩིས་ཁང་གི་ཡན་ལག་ཅོན་ཏ་ར་སྨན་རྩིས་ཁང་གི་དཔར་སྐྲུན་སྡེ་ཚན་གསར་པ་དབུ་འབྱེད་གནང་སོང་། རྩ་བའི་ཅོན་ཏ་ར་སྨན་རྩིས་ཁང་དུ་བོད་ཀྱི་གསོ་བ་རིག་པའི་སློབ་གཉེར་ཁང་དང་ཉམས་ཞིབ་ཁང་། སྨན་རྩྭ་འདེབས་ལས་ཁང་། སྨན་རྩིས་ཁང་གི་རྒྱ་སྐད་སྡེ་ཚན་བཅས་ཡོད་པའི་ཐོག་དེ་རིང་སྨན་རྩིས་ཁང་གི་དཔར་སྐྲུན་སྡེ་ཚན་དབུ་འབྱེད་གནང་ཡོད་པ་རེད།

སློབ་གྲྭ་ཁག་གི་འགན་འཛིན་རྣམས་ལ་ལང་ཚོ་དར་བབ་ཀྱི་འཕྲོད་བསྟེན་ཟབ་སྦྱོང་དབུ་འཛུགས།

དེ་རིང་ཕྱི་ཟླ་ ༧ ཚེས་ ༡༧ ཉིན་སྔ་དྲོ་ཚོུད་ ༩ ཡོལ་ཙམ་ལ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་གོ་སྒྲིག་གནང་ཐོག་བཞུགས་སྒར་ཉེ་འདབས་སུ་རྟེན་གཞི་བྱས་པའི་དབུས་སྣེ་ལེན་ཁང་གི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱ་གར་ནང་ལ་ཡོད་པའི་བོད་པའི་སློབ་གྲྭ་ཁག་ ༢༦ གི་སློབ་སྤྱི་དང་འགན་འཛིན་རྣམས་ལ་ལང་ཚོ་དར་བབ་ཀྱི་འཕྲོད་བསྟེན་དང་འབྲེལ་བའི་ཟབ་སྦྱོང་ཞིག་དབུ་འཛུགས་གནང་སོང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་དབུས་པའི་འཕྲོད་བསྟེན་དྲུང་ཆེ་ཚེ་རྒྱལ་ལགས་དང་འབྲེལ་ཡོད་ལས་བྱེད། དེ་བཞིན་སློབ་གྲྭ་ཁག་གི་སློབ་སྤྱི་དང་འགན་འཛིན་བཅས་ནས་མཉམ་ཞུགས་གནང་འདུག སྐབས་དེར་འཕྲོད་བསྟེན་བཀའ་བློན་མཆོག་གིས་བར་སྐབས་ནས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནས་ལོ་ན་བཅུ་ནས་བཅུ་དགུའི་བར་གྱི་མིའི་འཚར་ལོངས་ཁྲོད་ལ་ཕྱིའི་གཟུགས་པོ་དང་ཀུན་སྤྱོད་སོགས་ཀྱི་འགྱུར་བ་ཆེན་པོ་ཐེབས་བཞིན་ཡོད་སྟབས། Adolescent Health འམ་ལང་ཚོ་དར་བབ་ཀྱི་འཕྲོད་བསྟེན་ཐོག་དམིགས་བསལ་དོ་སྣང་གནང་བཞིན་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། ང་རང་ཚོ་བོད་པའི་སྤྱི་ཚོགས་ནང་ལ་ཆ་མཚོན་ན་བུ་མོ་ལོ་ཆུང་ལ་མངལ་ཆགས་པ་དང་། ནད་གཞི་འདྲ་མིན་ཕོག་པ། དེ་བཞིན་མྱོ་རྫས་ངན་གོམས་ལ་ལང་ཤོར་བ། སེམས་ངལ་ནད་གཞི་ཕོག་པ་སོགས་ལང་ཚོ་དར་བབ་ཀྱི་འཕྲོད་བསྟེན་དང་འབྲེལ་བའི་དཀའ་ངལ་ཕྲན་བུ་འཕྲད་བཞིན་ཡོད་སྟབས། དེ་དག་དང་འབྲེལ་ཡོད་ཕ་མ་དང་དགེ་ལས་རྣམས་ནས་གོ་རྟོགས་ཡོད་ཐོག་སློབ་མ་ཚོར་སློབ་གསོ་དང་དགོས་ངེས་ཀྱི་རོགས་རམ་གང་ཐུབ་གནང་གལ་ཡིན་པ་གསུངས་སོང་། ལོ་ན་བཅུ་ནས་བཅུ་གུའི་བར་གྱི་བྱིས་པ་མང་ཆེ་བ་འཚར་ལོངས་བྱུང་ས་སློབ་གྲྭ་ཁག་ཆགས་ཀྱི་ཡོད་སྟབས། ཐེངས་འདིའི་ཟབ་སྦྱོང་ཐོག་སློབ་གྲྭ་ཁག་གི་སློབ་སྤྱི་དང་འགན་འཛིན་རྣམས་ནས་ལང་ཚོ་དར་བབ་ཀྱི་འཕྲོད་བསྟན་དང་འབྲེལ་སློབ་གྲྭ་ཁག་ཏུ་འཕྲོད་བསྟེན་ཚོགས་ཆུང་ཆེད་འཛུགས་གནང་རྒྱུ་དང་། སློབ་མ་རྣམས་ལ་དེ་འབྲེལ་སློབ་ཁྲིད་གནང་སྟངས་ཀྱི་རྩ་འཛིན་ཡིག་ཆ་གཏན་འབེབས་གནང་སྟངས་སོགས་ཀྱི་ཐད་གྲོས་བསྡུར་ལྷུག་པོ་གནང་གལ་ཡིན་པའང་གསུངས་ཡོད། དེ་བཞིན་སྐབས་དེར་འཕྲོད་བསྟེན་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་ངག་དབང་བསྟན་འཛིན་ལགས་སུ་ཟབ་སྦྱོང་གི་གལ་གནད་དང་འབྲེལ་བཅར་འདྲི་ཁག་ཅིག་ཞུས་པར་ཁོང་གིས་ད་བར་འཕྲོད་བསྟེན་ལས་ཁུངས་ནས་སློབ་གྲྭ་ཁག་གི་དགེ་ལས་དང་སྨན་ཞབས་པ་ཚོར་ལང་ཚོ་དར་བབ་ཀྱི་འཕྲོད་བསྟེན་ཐོག་ཟབ་སྦྱོང་ཕུལ་བ་རྣམས་དངོས་སུ་སློབ་གྲྭའི་ནང་ལག་བསྟར་གནང་སྐབས་སློབ་སྤྱི་དང་འགན་འཛིན་རྣམས་ནས་རྒྱབ་སྐྱོར་དང་ལམ་སྟོན་དགོས་གལ་ཡིན་སྟབས་དེ་རེས་དགོས་དམིགས་དེ་དག་ལ་ཆེད་དམིགས་ཀྱིས་གནང་བ་ཞིག་ཡིན་སྐོར་སོགས་གསུངས་སོང་།

Latest news