Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

ངོས་ཀྱི་སྐྱེས་སྐར་རྟེན་འབྲེལ་གྱི་ལག་རྟགས་ཡག་ཤོས་ནི་སེམས་པ་བཟང་པོ་བྱ་རྒྱུ་དེ་ཡིན་ཞེས་བཀའ་བསྩལ་འདུག

ཁ་སང་ཟླ་ ༦ ཚེས་ ༢༦ ཉིན་ཐེ་ཝན་དུ་དགའ་ལྡན་ཤར་རྩེ་ནང་ཆོས་སློབ་གཉེར་ཁང་གི་ཆོས་ཚོགས་དང་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གཉིས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་སྔ་སྣུར་གྱིས་སྲུང་བརྩི་ཞུས་འདུག ཐེ་ཝན་ནང་རྟེན་གཞི་བྱས་པའི་ Dr. Sun Yat Sen དྲན་རྟེན་ཚོགས་ཁང་དུ་མི་མང་སྟོང་ཕྲག་ལྷག་མཉམ་འཛོམས་ཀྱིས་༸གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༣ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་པ་སྦྲགས། ཐེ་ཝན་བོད་བརྒྱུད་ནང་བསྟན་དགའ་ལྡན་ཤར་རྩེ་ནང་ཆོས་སློབ་གཉེར་ཁང་གི་ཆོས་ཚོགས་ནས་མགོན་པོ་༸གང་ཉིད་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན།  ༸གང་ཉིད་མཆོག་གིས་དྲྭ་ལམ་ཐད་གཏོང་བརྒྱུད་ཐེ་ཝན་དད་ལྡན་མང་ཚོགས་ཚོར་བཀའ་སློབ་དང་བཀའ་འདྲིར་བཀའ་ལན་མཛད་པ་དང་འབྲེལ། ངོས་ཀྱི་སྐྱེས་སྐར་རྟེན་འབྲེལ་གྱི་ལག་རྟགས་ཡག་ཤོས་ནི་ཁྱེད་རྣམ་པས་བྱམས་པ་དང་སྙིང་རྗེའི་ཐོག་ནས་གཞན་ལ་སེམས་པ་བཟང་པོ་བྱ་རྒྱུ་དང་།  ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ།   དེ་བཞིན་མཉམ་རུབ་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་གཅེས་སྐྱོང་བྱ་དགོས་ཞེས་དང་ལྷག་དོན་ཁྱེད་རྣམས་ངོས་ཀྱི་གྲོགས་པོ་ཡིན་ན་ངོས་ནས་ཤད་པ་དེ་ལག་ལེན་བསྟར་དགོས་ཞེས་བཀའ་བསྩལ་འདུག ༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་དང་འབྲེལ་ཐེ་ཝན་མི་མང་ནས་མགོན་པོ་མཆོག་༸སྐུ་ཚེ་༸ཞབས་པད་བརྟན་པ་དང་༸གང་ཉིད་མཆོག་གི་མཛད་འཕྲིན་མཐའ་དག་ཡར་ངོས་ཟླ་ལྟར་འཕེལ་བར་ཐུགས་སྨོན་དང་བཅས་༸གོང་ས་མཆོག་གི་མཚན་ཐོག་ཏུ་སྨན་ཁང་ཁག་ལ་ནད་པ་འདྲེན་བྱེད་ཀྱི་འགྲུལ་འཁོར་ཞལ་འདེབས་ཕུལ་འདུག གཞན་ཡང་རིང་མིན་ཟླ་བ་ ༧ ཚེས་ ༡ ཉིིན་ཐེ་ཝན་སྐུ་ཚབ་དོན་གཅོད་ཁང་ནས་རྐང་འགན་བཞེས་ཐོག་ཐེ་ཝན་དུ་གནས་བཞུགས་བོད་མི་རྣམས་དང་།   དགའ་ལྡན་ཤར་རྩེ་ཆོས་ཚོགས་ཀྱི་ཚོགས་གཙོ་སོགས་གདན་ཞུས་ཀྱིས་༸གང་ཉིད་མཆོག་གི་༸སྐུའི་འཁྲུངས་སྐར་དགའ་སྟོན་གྱི་རྟེན་འབྲེལ་དང་། སྨོན་ལམ་གསོལ་འདེབས་ཀྱི་ལས་རིམ་འཚོགས་རྒྱུ་རེད་འདུག དེ་དང་ཕྱོགས་མཚུངས་ཕྱི་ལོ་ ༢༠༡༨ ལོ་དེ་བཞིན་བཀའ་ཤག་ནས་བཙན་བྱོལ་བོད་མི་རྣམས་ནས་རང་ཉིད་ཀྱི་གནས་ཡུལ་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་དགོས་པའི་ལམ་སྟོན་གནང་བ་ལྟར་འདི་ལོ་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གསར་འཛུགས་གནང་ནས་ལོ་ངོ་ ༢༠ འཁོར་བ་དང་བསྟུན་ཐེ་ཝན་སྐུ་ཚབ་དོན་གཅོད་ཁང་ནས་འགྲིམ་འགྲུལ་སྣུམ་འཁོར་ངོས་སུ་ཐེ་ཝན་གཞུང་མང་གཉིས་ནས་ད་བར་བོད་མི་ཚོར་གཡོ་བ་མེད་པའི་རྒྱབ་སྐྱོར་གནང་བར་བཀྲིན་རྗེས་དྲན་ཞུས་འདུག གཞན་ཡང་འདི་ལོའི་ལོ་ཐོ་འདོན་སྤེལ་དང་བོད་གཞུང་ཟློས་གར་ཚོགས་པས་རིག་གཞུང་དང་འབྲེལ་བའི་གཞས་སྣ་ཁག་ཅིག་གཟིགས་འབུལ་བརྒྱུད་ཐུགས་རྗེ་ཆེ་ཞུ་གནང་རྒྱུ་རེད་འདུག

ནང་པའི་སེམས་ཁམས་རིག་པ་དང་དེང་རབས་ཀྱི་དབང་རྩའི་ཚན་རིག་དབར་བགྲོ་གླེང་གནང་བ།

དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཚན་རིག་སྡེ་ཚན་དང་རྗེ་ཀླུ་འབུམ་ཁང་ཚན་ཐུན་མོང་ནས་གོ་སྒྲིག་གནང་ཐོག་ཁ་སང་ཚེས་ ༢༦ ཕྱི་དྲོ་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་འདུ་ཁང་དུ་ནང་པའི་དགེ་བཤེས་མཁས་དབང་དང་དེང་རབས་ཚན་རིག་མཁས་དབང་དབར་ནང་པའི་སེམས་ཁམས་རིག་པ་དང་དེང་རབས་དབང་རྩའི་ཚན་དབར་གཞི་རྒྱ་ཆེ་བའི་བགྲོ་གླེང་ཞིག་ཚོགས་གནང་ཡོད་པ་རེད། དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཚན་རིག་སྡེ་ཚན་དང་རྗེ་ཀླུ་འབུམ་ཁང་ཚན་ཐུན་མོང་ནས་གོ་སྒྲིག་གནང་བའི་ནང་པའི་སེམས་ཁམས་རིག་པ་དང་དེང་རབས་ཀྱི་དབང་རྩའི་ཚན་རིག་དབར་གྱི་བགྲོ་གླེང་ཐོག་ཤར་བྱང་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་པ་གཉིས་ཀྱིས་གཙོས་དབུ་ཆོས་རྣམ་པ། དཔེ་ཁྲིད་དགེན་རྣམ་པ། ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་འཆར་དབྱར་ཁའི་ཟབ་སྦྱོང་ཐོག་ཆེད་ཕེབས་གནང་བའི་ནུབ་ཕྱོགས་པའི་ཚན་རིག་དགེ་རྒན་ཆེན་མོ་རྣམས། དེ་བཞིན་བཙུན་མ་རྣམ་པ། མོན་གྷོ་གཏན་སློབ་ཀྱི་སློབ་མ་རྣམས། གཞན་ཡང་དགེ་འདུན་འདུས་མང་དང་བཅས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་མཉམ་ཞུགས་གནང་འདུག དགའ་ཤར་དགེ་བཤེས་ལྷ་རམས་པ་བྱམས་པ་ཤེས་རབ་ལགས་ཀྱིས་ཀླད་པ་ལས་འདས་པའི་སེམས་ཀྱི་གནས་ལུགས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ་དང་། ཚན་རིག་དགེ་རྒན་ལྕམ་རི་ཆར་ཇཱེ་ཀོབ་སི་ལགས་ཀྱིས་ཀླད་པ་གཙོ་བོར་འཛིན་པའི་ཀླད་རྩའི་རྣམ་གཞག། དགའ་བྱང་ལྷ་རམས་པ་རྒན་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ནང་པའི་སེམས་ཁམས་རིག་པ་ལས་བྱུང་བའི་མིག་ཤེས་ཀྱི་ངོ་བོ་དང་དེ་ཡུལ་ལ་འཇོག་ཚུལ།  ཚན་རིག་དགེ་རྒན་སྦི་རི་ཌི་ལྦ་སྦལ་ལགས་ནས་དེང་རབས་ཚན་རིག་ལས་མཐོང་ཚོར་མ་ལག་དང་འབྲེལ་བའི་སྒོ་ནས་ཡུལ་ལ་འཇུག་ཚུལ་བཅས་ཀྱི་ཐོག་གསུང་བཤད་གནང་བ་མ་ཟད་དེ་འབྲེལ་བརྗོད་གཞིའི་ཐོག་དྲི་བ་དྲིས་ལན་ཡང་གནང་ཡོད་པ་རེད། རྩ་བའི་དགའ་ལྡན་རྗེ་ཀླུ་འབུམ་ཁང་ཚན་དང་བྱང་རྩེ་གྲྭ་ཚང་ཐོུང་ནས་ད་བར་ཚན་རིག་བགྲོ་གླེང་ཐེངས་གསུམ་གནང་ཡོད་པ་དང་ད་རེས་ཐེངས་བཞི་པ་དེ་ཆགས་ཀྱི་འདུག

ས་གནས་འགོ་འཛིན་འཛིན་སྐྱོང་ལྷན་ཚོགས་ཐེངས་བཅིུས་པ་མཇུག་སྒྲིལ།

ཟླ་བ་འདིའི་ཚེས་ ༢༢ ཉིན་ནས་ཁ་སང་ཚེས་ ༢༦ བར་ཁྱོན་ཉིན་གྲངས་ལྔའི་རིང་བཞུགས་སྒར་དུ་ཚོགས་པའི་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་རྒྱ་བལ་འབྲུག་གསུམ་ནང་གནས་འཁོད་བོད་མིའི་ས་གནས་འགོ་འཛིན་རྣམ་པའི་འཛིན་སྐྱོང་ཚོགས་ཆེན་ཐེངས་བཅུ་གཉིས་པ་མཇུག་སྒྲིལ་གནང་སོང་། ཚོགས་ཆེན་ཐོག་ཕེབས་པའི་རྒྱ་བལ་འབྲུག་གསུམ་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ ༤༥ནས་ཁྱོན་ས་གནས་འགོ་འཛིན་ ༤༣ འདུ་འཛོམས་བྱུང་ཡོད་པ་དང། ཉིན་གྲངས་ལྔའི་རིང་ཚོགས་པའི་ཚོགས་ཆེན་ཐོག་ཚོགས་བཅར་བ་རྣམས་ནས་༸གོང་ས་མཆོག་གི་༸སྐུ་ཕྱྭའི་སྲུང་སྐྱོབ་དང་། སྔ་ལོའི་ཚོགས་ཆེན་གྲོས་ཆོད་ལ་བསྐྱར་ཞིབ། ༢༠༡༤ ལོའི་སྐྱབས་བཅོལ་བོད་མིའི་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ད་བར་ས་གནས་ག་ཚོད་ནང་ལག་བསྟར་གནང་ཐུབ་ཡོད་པ་དང་དེའི་གྲུབ་འབྲས་སྐོར། ལྔ་དང་ལྔ་བཅུའི་སྲིད་བྱུས་དགོངས་དོན་ལྟར་གཞིས་ཆགས་སྲ་བརྟན་དང་ས་གནས་འགོ་འཛིན་ཀྱི་ལས་ཁུངས་ཁག་རང་ཁ་རང་གསོ་ཡོང་ཐབས། འབྱུང་འགྱུར་ལོ་གསུམ་ནང་ཛ་དྲག་གི་གལ་ཆེའི་ལས་འཆར་སྤེལ་རྒྱུ། བོད་ནས་བྱེས་སུ་ཕེབས་པའི་བོད་མིར་སྡོད་ཁང་མེད་པའི་དཀའ་ངལ་སེལ་ཐབས་བྱ་རྒྱུའི་སྐོར། དེ་བཞིན་གཞིས་ཆགས་ཁག་གི་མཉམ་འབྲེལ་དང་སྤྱི་མཐུན་མཉམ་འབྲེལ། བཟོ་ཚོགས་བཅས་ཀྱི་གནས་སྟངས་སྐོར་ཐོག་མའི་དམིགས་ཡུལ་བཞིན་ཇི་ཙམ་བསྒྲུབ་ཐུབ་ཡོད་མེད་བཅས་གྲོས་གཞི་ཁག་མི་འདྲ་བ་བདུན་གྱི་ཐོག་བཀའ་བསྡུར་གནང་ཡོད་པ་རེད། རྩ་བའི་ཁ་སང་ཕྱི་དྲོ་ཚོགས་འདུའི་མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དེང་སྐབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་དེ་སྔ་དཀའ་སྡུག་མང་པོ་འཕྲད་པའི་སྐྱབས་བཅོལ་བའི་སྤྱི་ཚོགས་ཤིག་ནས་གྲུབ་འབྲས་གཟེངས་སུ་ཐོན་པའི་སྤྱི་ཚོགས་ཤིག་ཆགས་ཡོད་པ་གསུངས་སོང་། ལྷག་དོན་བེུད་ནུས་སྟོབས་ཀྱི་གལ་གནད་དང་འབྲེལ་ད་ཆ་བཙན་བྱོལ་བོད་མིའི་ཁྲོད་ཤེས་ཡོན་གྱི་ཆ་ནས་འཛིན་རིམ་བཅིུས་ཐོན་མཁན་དང་མཐོ་སློབ་ལ་བསྐྱོད་མཁན། དེ་བཞིན་འབུམ་རམས་པའི་སློབ་གཉེར་བྱེད་མཁན་གྱི་བརྒྱ་ཆ་ལ་གཞིགས་ཚེ་བེུད་མང་བ་ཡོད་པ་དང། སྲི་ཞུ་བའི་ཁོངས་སུའང་ལོ་རེ་བཞིན་བེུད་འཛུལ་ཞུགས་བྱེད་མཁན་མང་དུ་ཕྱིན་ཡོད་སྐོར་གསུངས་པ་མ་ཟད། ཉེ་བའི་ཆར་དྲྭ་ལམ་ཐོག་བེུད་ལ་བཙན་གཡེམ་བྱས་པའི་གནད་དོན་ཞིག་ཐོན་བཞིན་ཡོད་པ་ནི་ཐབས་སྐྱོ་བའི་གནས་སྟངས་ཤིག་ཡིན་པ་དང། མ་འོངས་པར་གནས་ཚུལ་དེ་རིགས་ས་གནས་སུ་བྱུང་ཚེ་ངེས་པར་དུ་ས་འགོ་འཛིན་རྣམས་ཀྱིས་བཟོད་སྲན་སྤུ་ཙམ་མེད་པར་རྒྱ་གར་གྱི་ཁྲིམས་ལ་གཏུགས་དགོས་པར་ནན་སྐུལ་གནང་ཡོད་པ་རེད།

རི་མོ་བྲིས་འགྲེམས་བརྒྱུད་རྒྱལ་སྤྱིའི་མནར་གཅོད་འགོག་རྒོལ་ཉིན་མོ་སྲུང་བརྩི་ཞུས་པ།

དེ་རིང་ཟླ་ ༦ ཚེས་ ༢༦ ཉིན་མོ་འདི་ནི་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ནས་གཏན་འབེབས་གནང་བའི་ International Day in Support of Victims of Torture འམ་རྒྱལ་སྤྱིའི་མནར་གཅོད་འགོག་རྒོལ་ཉིན་མོ་ཡིན་པ་དང་བསྟུན། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ་རྨི་ལམ་གྱི་ཡོལ་བ་ཞེས་པའི་བརྗོད་གཞིའི་ཐོག་མནར་གཅོད་དང་འབྲེལ་བའི་རི་མོ་བྲིས་འགྲེམས་བརྒྱུད་སྲུང་བརྩི་ཞུས་སོང་། ལས་རིམ་ཐོག་གཙོ་བོ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་བདུན་པའི་སློམ་མ་ཡོངས་ནས་མཉམ་ཞུགས་གནང་ཡོད་པ་དང་། སྐབས་དེར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་རྒྱུན་ལས་བསོད་ནམས་རྡོ་རྗེ་ལགས་ནས་དེ་རིང་གི་ཉིན་མོ་སྲུང་བརྩི་དང་འབྲེལ་བའི་གསར་འགོད་བསྒྲགས་གཏམ་སྙན་སྒྲོན་གནང་བའི་བརྒྱུད་བོད་ཀྱི་མདོ་དབུས་ཁམས་གསུམ་གྱི་ས་གནས་གང་སར་རྒྱ་གཞུང་ནས་དམག་མི་བཀྲམ་པ་དང་། གསང་བའི་པར་ཆས་བཙུགས་ཏེ་བོད་མིའི་འགྲོ་སྡོད་སྤྱོད་གསུམ་ལ་སོ་ལྟ་བྱས་པ་དང་། བོད་ཀྱི་དགོན་སྡེ་དང་གཞི་རིམ་གྲོང་གསེབ་ཁག་ཏུ་རྒྱ་གཞུང་གི་ལས་དོན་ཚོགས་ཆུང་ཟེར་བ་ཆེད་བཙུགས་ཀྱིས་བོད་མི་ཞི་རྒོལ་བ་རྣམས་བཙོན་འཇུག་མུ་མཐུད་བྱེད་བཞིན་པ་སོགས་འགྲེལ་བརྗོད་དང་སྦྲགས། རྒྱ་གཞུང་གི་བཙན་གནོན་དང་སྡུག་རྩུབ་འོག་འདས་གྲོངས་སུ་ཕྱིན་པ་དང་འདི་བཞིན་ད་ལྟ་མུ་མཐུད་ནས་མནར་གཅོད་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་། ལྷག་དོན་མནར་གཅོད་མྱོང་བཞིན་པ་རྣམས་མུན་ནག་གི་བཙོན་ཁང་ནས་གྲོལ་ཏེ་རང་དབང་གི་མཁའ་དབུགས་རྔུབ་ལེན་ཐུབ་པའི་རེ་སྨོན་ཞུ་བཞིན་ཡོད་པ་གསུངས་ཡོད། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ངོས་ནས་དེང་སྐབས་འཛམ་བུ་གླིང་འདིའི་ཐོག་མནར་གཅོད་དང་སྡུག་རྩུབ་མྱོང་བཞིན་པའི་གྲངས་འབོར་སྔར་ལྷག་མང་དུ་འགྲོ་བཞིན་ཡོད་པ་དང་། ལྷག་པར་དུ་མི་རིགས་དབྱེ་འབྱེད་དང་ཆོས་ལུགས་དབྱེ་འབྱེད། ཕོ་མོ་དབྱེ་འབྱེད། སྐད་ཡིག་དབྱེ་འབྱེད་སོགས་ཀྱི་གནས་ཚུལ་ལའང་ཛ་དྲག་ཏུ་འགྲོ་བཞིན་ཡོད་སྟབས། ཚང་མས་དེ་རིང་གི་ཉིན་མོ་འདི་བཞིན་འཆར་ཅན་ཙམ་མ་ཡིན་པར་འཛམ་གླིང་འདི་བཙན་གནོན་དང་མནར་གཅོད་མེད་པའི་འཛམ་གླིང་ཞིག་ཆགས་ཐབས་སུ་འབད་བརྩོན་དང་དམ་བཅའ་གསར་པ་ཞིག་འཇོག་དགོས་གལ་ཡིན་པ་གསུངས་ཡོད། དེ་བཞིན་སྐབས་དེར་འཛིན་རིམ་བདུན་པའི་སློབ་མ་རྣམས་ནས་རང་ཉིད་ཀྱི་འཆར་སྣང་ཐོག་རས་གཞི་དཀར་པོའི་སྟེང་དུ་རྨི་ལམ་གྱི་ཡོལ་བ་ཞེས་པའི་བརྗོད་གཞིའི་ཐད་རྒྱ་གཞུང་གི་སྲིད་བྱུས་འོག་བོད་མི་རྣམས་མི་སྤྱོད་ལས་འདས་པའི་མནར་གཅོད་མྱོང་སྟངས་དང་འབྲེལ་བའི་བཙོན་ཁང་གི་གནས་སྟངས་དང་། མེ་མདའ། དེ་བཞིན་བོད་ཀྱི་རྒྱལ་དར་དང་བོད་རྒྱའི་དབར་ལག་པ་གཏོང་བཞིན་པ་སོགས་རི་མོ་མི་འདྲ་བ་ལྔ་བཅུ་ལྷག་བྲིས་ནས་འགྲེམས་སྟོན་གནང་ཡོད་པ་རེད། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་སློབ་ཕྲུག་དེ་དག་ལ་བོད་མིའི་ཆབ་སྲིད་བཙོན་པའི་ལོ་རྒྱུས་དང་རང་ལུས་མེར་སྲེག་དང་འབྲེལ་བའི་བརྙན་ཐུང་ཞིག་ཀྱང་གཟིགས་འབུལ་ཞུས་ཡོད་སྟབས། སྐབས་དེར་སློབ་མ་ཁག་ཅིག་ནས་རང་སྲེག་ལས་གཞན་པའི་ཤེས་ཡོན་རང་གི་ཐོག་ནས་བོད་ཀྱི་བདེན་དོན་གསལ་ཐབས་གནང་དགོས་གལ་ཡིན་པའི་དགོངས་འཆར་ཕུལ་སོང་།

བོད་ཀྱི་མཛངས་པ་ཉི་མ་ལགས་གོ་ལའི་མཛངས་པ་འགྲན་བསྡུར་ནང་བདམས་ཐོན།

ཆེས་ཐོག་མའི་ཕྱི་ལོ་ ༢༠༡༧ ལོའི་བོད་ཀྱི་མཛངས་པ་འགྲན་སྡུར་ཁྲོད་ནས་ཨང་དང་པོའི་རྒྱལ་ཁ་ཐོབ་མཁན་སྦེང་ལོར་ཁྲིམས་ལུགས་རིག་པའི་ཐོག་སློབ་གཉེར་གནང་བཞིན་པ་བོད་པའི་གཞོན་སྐྱེས་ཉི་མ་ལགས་འདི་ལོ་ཕྱི་ལོ་ ༢༠༡༨ ལོའི་ཕྱི་ཟླ་ ༧ ཚེས་ ༡༢ ནས་ ༢༡ བར་ཐེ་ལན་གྱི་རྒྱལ་ས་སྦེང་ཀོག་ནང་འཚོགས་རྒྱུའི་སྐབས་ལྔ་པའི་ Mister Global འམ་མཛངས་པའི་འགྲན་བསྡུར་ནང་བདམས་ཐོན་བྱུང་འདུག ཐེངས་འདིའི་གོ་ལའི་མཛངས་པ་འགྲན་བསྡུར་ནང་རང་བཙན་ཡོད་པའི་སྟོབས་ཆེན་རྒྱལ་ཁབ་རྒྱ་ནག་དང་།  རྒྱ་གར། སྦར་ཛིལ་སོགས་རྒྱལ་ཁབ་ ༤༠ ལྷག་གི་ནང་ནས་མི་གྲངས་༤༠ ལྷག་མཉམ་ཞུགས་གནང་གི་འདུག

སྲིད་སྐྱོང་མཆོག་ཨིས་རེལ་ནང་གཞུང་འབྲེལ་འཚམས་གཟིགས་གནང་བ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་འཛམ་གླིང་དཀྱིལ་ཤར་ཁུལ་གྱི་རྒྱལ་ཁབ་ Israel ནང་ཆེད་ཕེབས་ཀྱིས་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་དང་ཐུགས་འཕྲད་གནང་བ་མ་ཟད་འདི་བཞིན་ Israel གྱི་གྲོང་ཁྱེར་ Jerusalem ནང་ཇིའུ་མི་རིགས་ཚོས་གནས་ཆེན་ཞིག་ཏུ་ངོས་འཛིན་གནང་བའི་ Wailing Wall  གྱང་ངོས་སུ་བོད་དོན་བདེན་མཐའ་གསལ་ནས་བོད་མི་རྣམས་ལ་རང་དབང་ཐོབ་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རང་ཡུལ་བོད་དུ་ཕྱིར་གང་མགྱོགས་ཕེབས་ཐུབ་པར་ཐུགས་སྨོན་གནང་འདུག སྲིད་སྐྱོང་མཆོག་ནས་ཨིས་རེལ་གཞུང་འབྲེལ་གྱི་གསར་ཁང་ IBA གསར་འགོད་པ་སྐུ་ཞབས་ Yaakov Ahimeir ལགས་དང་རང་དབང་ཅན་གྱི་གསར་ཁང་ The Jerusalem Post སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ལྕམ་ Tovah Lazaroff ལགས་རྣམ་གཉིས་སོ་སོའི་བཅར་འདྲི་དང་ལན་གནང་ཐོག་བོད་མི་རྣམས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་རྒྱ་གཞུང་གི་རྩ་ཁྲིམས་ནང་གསལ་བའི་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་རྩོད་བཞིན་ཡོད་པ་དང་། འཐབ་རྩོད་ཀྱི་ངོ་བོ་དེ་འཚེ་བ་མེད་པ་དང་གྲོས་མོལ་གྱི་ལམ་ནས་འབད་བརྩོན་གནང་བཞིན་ཡོད་སྟབས། ཨ་རིའི་སྲིད་གཞུང་གི་ངོས་ནས་ཀྱང་བོད་མིའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་མུས་ཡིན་པ་ལྟར། ཨིས་རེལ་རྒྱལ་ཁབ་ཀྱི་འགོ་ཁྲིད་རྣམས་ནས་ཀྱང་དེའི་ཐོག་རྒྱབ་སྐྱོབ་གནང་འོས་པ་ཞིག་རེད་ཅེས་གསུངས་འདུག ལྷག་པར་དུ་སྲིད་སྐྱོང་མཆོག་མཆོག་གིས་ The Jerusalem Post གསར་ཁང་གི་བཅར་འདྲིར་འདས་པའི་ལོ་རྒྱུས་ནང་ཆབ་སྲིད་ཀྱི་དཀའ་རྙོག་འོག་ཇིའུ་མི་རིགས་མང་པོའི་ཚེ་སྲོག་ཤོར་བ་དང་། རང་ཉིད་ཀྱི་ངོ་བོ་དང་རིག་གཞུང་སྲུང་སྐྱོབ་གནང་རྒྱུའི་ཐད་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་ལྟར་འདས་པའི་ལོ་ངོ་དྲུག་ཅུ་ལྷག་སོང་རིང་བོད་ཀྱི་གནས་སྟངས་ཁྲོད་ལ་ཡང་བོད་མི་བརྒྱ་ཕྲག་མང་པོའི་ཚེ་སྲོག་ཤོར་ཡོད་པ་མ་ཟད། རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་འོག་བོད་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་སྲུང་སྐྱོབ་གནང་རྒྱུའི་ཐོག་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། དཀའ་ངལ་དེ་དག་ཇིའུ་མི་རིགས་རྣམས་ནས་རེ་བ་དང་སེམས་ཤུགས་མ་ཆག་པར་སེལ་ཐུབ་པ་བྱུང་ཡོད་སྟབས། ང་ཚོ་བོད་མིའི་ངོས་ནས་ཀྱང་ཇིའུ་མི་རིགས་ཀྱི་སེམས་ཤུགས་དང་སྙིང་སྟོབས་ལ་རེ་ལྟོས་ཐོག་བོད་ཀྱི་དཀའ་ངལ་དེ་དག་སེལ་བར་གདོང་ལེན་གནང་ཚེ་དེ་ལྟར་ཐུབ་ངེས་ཡིན་པ་གསུངས་འདུག སྲིད་སྐྱོང་མཆོག་ནས་ཕྱི་ལོ་ ༢༠༠༩ ལོ་ནས་ད་བར་བོད་ཕྱི་ནང་གཉིས་སུ་བྱུང་བའི་རང་སྲེག་གི་གནད་དོན་དང་ཨ་རིའི་རང་དབང་ཁང་པའི་ལོ་འཁོར་སྙན་ཐོའི་ནང་བོད་འདི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་སྡུག་ཤོས་གྲས་སུ་ཐེར་བཏོན་གནང་བའི་གནས་ཚུལ་ཁག་ཅིག་ལུང་འདྲེན་དང་འབྲེལ། ད་ལྟའི་ཆར་རྒྱ་ནག་གཞུང་གི་དྲག་པོའི་སྲིད་བྱུས་འོག་བོད་ནང་གི་བོད་མི་ཚོར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མེད་པ་དང་། རྒྱ་གཞུང་གི་འཛུགས་སྐྲུན་ལས་གཞི་འོག་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གནོད་འཚེ་དང་གཏོར་སྐྱོན་ཆེན་པོ་གཏོང་བཞིན་ཡོད་པ་སོགས་འགྲེལ་བརྗོད་གནང་འདུག ལྷག་པར་དུ་རྒྱ་ནག་གཞུང་ནས་རྒྱལ་སྤྱིའི་གསར་འགོད་པ་རྣམས་བོད་ནང་རང་དབང་ཐོག་འགྲོ་བསྐྱོད་གནང་རྒྱུར་བཀག་སྡོམ་རིགས་བྱེད་བཞིན་ཡོད་སྟབས། བོད་ནང་གི་དངོས་ཡོད་གནས་ཚུལ་ཕྱིར་ཐོན་དཀའ་བ་ཆགས་ཡོད་པ་འགྲེལ་བརྗོད་དང་འབྲེལ། ཨིས་རེལ་གཙོས་པའི་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ནས་རྒྱ་ནག་སྤྱིའི་གནས་སྟངས་ངོ་མ་དེ་ཤེས་དགོས་ཚེ་དང་ཐོག་བོད་ཀྱི་ལོ་རྒྱུས་དང་ད་ལྟའི་བོད་ཀྱི་གནས་སྟངས་ངོ་མ་དེ་དག་ཤེས་དགོས་གལ་ཡིན་པ་གསུངས་འདུག གཞི་རྩའི་ཐེངས་འདིའི་འཚམས་གཟིགས་ཁྲོད་སྲིད་སྐྱོང་མཆོག་ནས་ཡུལ་དེའི་ཆབ་སྲིད་ཀྱི་འགོ་ཁྲིད་དང་གནད་ཡོད་མི་སྣ་སོགས་དང་མཇལ་མོལ་གནང་རྒྱུའི་འཆར་གཞི་མེད་ཀྱང་། ཁ་སང་བཅར་འདྲི་དེའི་བརྒྱུད་སྲིད་སྐྱོང་མཆོག་ནས་རིམ་པས་མ་འོངས་པར་ཡུལ་དེའི་ནང་ཆབ་སྲིད་དང་འབྲེལ་བའི་ཐོག་ནས་འཚམས་གཟིགས་གནང་སྐབས། Israel གཞུང་དང་གྲོས་ཚོགས་འཐུས་མི་རྣམས་ནས་རྒྱ་གཞུང་གི་གནོན་ཤུགས་འོག་མ་སོང་པར་མང་གཙོ་དང་འཚེ་བ་མེད་པའི་ཐབས་ལམ། འགྲོ་བ་མིའི་ཐོབ་ཐང་བཅས་གཙོ་བཟུང་ཐོག་ཐུག་འཕྲད་གནང་མཁན་ཇི་ཙམ་བྱུང་ཡོད་མེད་བལྟ་རྒྱུ་རེད་ཅེས་གསུངས་འདུག

ས་གནས་འགོ་འཛིན་ལྷན་འཛོམས་ཀྱིས་འཛིན་སྐྱོང་ཚོགས་ཆེན་ཐེངས་༡༢ པ་དབུ་བཛུགས།

དེ་རིང་ནས་འགོ་བཛུགས་ཀྱིས་ཕྱི་ཚེས་ ༢༦ བར་ཉིན་གྲངས་ལྔའི་རིང་བཙན་བྱོལ་བོད་མིའི་བསྟི་གནས་བཞུགས་སྒར་རྡ་རམ་ས་ལར་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་རྒྱ་བལ་འབྲུག་གསུམ་ནང་དུ་ཡོད་པའི་བོད་མིའི་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་ལྷན་འཛོམས་ཀྱིས་འཛིན་སྐྱོང་ལས་དོན་དང་འབྲེལ་བའི་ཚོགས་ཆེན་ཐེངས་ ༡༢ པ་དབུ་འཛུགས་གནང་སོང་། སྔ་དྲོ་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༢ པའི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གཙོ་བཞུགས་ཐོག་ལྷན་ཁང་ཁག་གི་བཀའ་བློན་རྣམ་པ་དང་། དྲུང་ཆེ། དེ་བཞིན་ཚོགས་ཆེན་ཐོག་ཕེབས་པའི་རྒྱ་བལ་འབྲུག་གསུམ་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ ༤༥ ནས་ཁྱོན་ས་གནས་འགོ་འཛིན་ ༤༣ ཆེད་ཕེབས་གནང་འདུག ཐེངས་འདིའི་ས་གནས་འགོ་འཛིན་གྱི་འཛིན་སྐྱོང་ཚོགས་ཆེན་ཐོག༸གོང་ས་མཆོག་གི་༸སྐུ་ཕྱྭའི་སྲུང་སྐྱོབ་དང་། སྔ་ལོའི་ཚོགས་ཆེན་གྲོས་ཆོད་ལ་བསྐྱར་ཞིབ། ༢༠༡༤ ལོའི་སྐྱབས་བཅོལ་བོད་མིའི་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ད་བར་ས་གནས་ག་ཚོད་ནང་ལག་བསྟར་གནང་ཐུབ་ཡོད་པ་དང་དེའི་གྲུབ་འབྲས་སྐོར། ལྔ་དང་ལྔ་བཅུའི་སྲིད་བྱུས་དགོངས་དོན་ལྟར་གཞིས་ཆགས་སྲ་བརྟན་དང་ས་གནས་འགོ་འཛིན་ཀྱི་ལས་ཁུངས་ཁག་རང་ཁ་རང་གསོ་ཡོང་ཐབས། འབྱུང་འགྱུར་ལོ་གསུམ་ནང་ཛ་དྲག་གི་གལ་ཆེའི་ལས་འཆར་སྤེལ་རྒྱུ། བོད་ནས་བྱེས་སུ་ཕེབས་པའི་བོད་མིར་སྡོད་ཁང་མེད་པའི་དཀའ་ངལ་སེལ་ཐབས་བྱ་རྒྱུའི་སྐོར། དེ་བཞིན་གཞིས་ཆགས་ཁག་གི་མཉམ་འབྲེལ་དང་སྤྱི་མཐུན་མཉམ་འབྲེལ། བཟོ་ཚོགས་བཅས་ཀྱི་གནས་སྟངས་སྐོར་ཐོག་མའི་དམིགས་ཡུལ་བཞིན་ཇི་ཙམ་བསྒྲུབ་ཐུབ་ཡོད་མེད་བཅས་གྲོས་གཞི་ཁག་མི་འདྲ་བ་བདུན་གྱི་ཐོག་བཀའ་བསྡུར་གནང་རྒྱུ་རེད་འདུག

བོད་པའི་གཞོན་སྐྱེས་ཚོ་མ་འོངས་འགོ་ཁྲིད་བཟང་པོ་ཞིག་བྱེད་རྒྱུ་གལ་ཆེན་པོ་རེད།

དེ་རིང་ཕྱི་ཚེས་༡༨ ཉིན་གྱི་སྔ་དྲོ་ཆུ་ཚོད་དགུ་པ་ཡོལ་ཙམ་ལ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་ཚན་པས་གོ་སྒྲིག་འོག་བཞུགས་སྒར་ཉེ་འདབ་སུ་རྟེན་གཞི་བྱས་པའི་དབུས་སྣེ་ལེན་ཁང་གི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱ་གར་གྱི་མཐོ་སློབ་འདྲ་མིན་ནང་སློབ་གཉེར་གནང་བཞིན་པའི་བོད་རིགས་གཞོན་སྐྱེས་ལྔ་བཅུ་ལྷག་ལ་འགོ་ཁྲིད་ཀྱི་ཟབ་སྦྱོང་ཞིག་གནང་འགོ་བཙུགས་སོང་། སྐབས་དེར་ཟབ་སྦྱོང་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་ནས་ད་ལྟའི་ཆ་ལ་འཛམ་བུ་གླིང་འདིའི་ཐོག་འགྲོ་བ་མི་ཐེར་འབུམ་བདུན་ལྷག་ཡོད་པའི་ནང་ནས་ཐེར་འབུམ་གཉིས་ལྷག་གཞོན་སྐྱེས་ལོ་ན་༡༨ ནས་༢༩ བར་ཆགས་ཀྱི་ཡོད་སྟབས། རྒྱ་སྤྱིའི་ཉམས་ཞིབ་པ་དང་མཁས་པ་མང་པོ་ཞིག་ནས་གཞོན་སྐྱེས་ཚོས་བཟང་ངན་ག་རེ་གནང་པ་ཡིན་ན་དེས་སྤྱི་ཚོགས་ཐོག་ལ་ནུས་པ་ཆེན་པོ་ཐོན་གྱི་ཡོད་སྐོར་གསུང་བཞིན་པ་འགྲེལ་བརྗོད་དང་སྦྲགས། གཞོན་སྐྱེས་རྣམས་ལ་སྤྱི་ཚོགས་བཟང་པོ་ཞིག་བསྐྲུན་རྒྱུའི་དམིགས་བསལ་གྱི་འགན་ཡོད་པ་དང་། ལྷག་པར་དུ་བོད་པའི་གཞོན་སྐྱེས་རྣམས་ལ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེས་ལམ་བསྟོན་ཕེབས་དོན་ལྟར། ཆེ་ས་ནས་འཛམས་གླིང་ཐོག་ཞི་བདེ་ཁྱབ་སྤེལ་གནང་ཐུབ་མཁན་གྱི་ན་གཞོན་འགོ་ཁྲིད་ཅིག་བྱེད་དགོས་ཀྱི་རེད་ཅེས་གསུངས་ཡོད། མ་ཟད་བཀའ་བློན་མཆོག་ནས་སྤྱིར་འགོ་ཁྲིད་ཀྱི་ཁྱད་ཆོས་དང་འབྲེལ། རང་ཉིད་ཀྱི་གཤམ་ལ་ཡོད་པའི་མི་མང་ལ་སྐད་ཆ་བཤད་རྒྱུའི་གོ་སྐབས་སྤྲོད་ཐུབ་པ་དང་། ཁོང་རྣམས་པས་གང་གསུངས་པ་དེ་དག་ཉན་ཐུབ་པ། དེ་ནས་གནད་དོན་ཐོག་བསམ་བློ་དང་དཔྱད་པ་གནང་ཐུབ་པ་ཙམ་མ་ཟད། གནད་དོན་རྣམས་གོ་བདེ་པོའི་ཐོག་ནས་མི་མང་ལ་འགྲེལ་བཤད་རྒྱབ་ཐུབ་པ། དེ་བཞིན་གནས་ཚུལ་གང་འདྲ་ཞིག་ཡིན་ཡང་བཟང་ཕྱོགས་ནས་ལྟ་ཐུབ་མཁན་སོགས་ཀྱི་ཁྱད་ཆོས་ལྡན་པས་མ་འོངས་བོད་པའི་འགོ་ཁྲིད་བཟང་པོ་ཞིག་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་གསུངས་སོང་།   གཞན་ཡང་བཀའ་བློན་མཆོག་ནས་རང་ཉིད་སྒེར་གྱི་མྱོང་བ་ཁག་ཅིག་དྲན་གསོ་དང་སྦྲགས། གཞོན་སྐྱེས་སློབ་མ་རྣམས་ནས་མཐོ་སློབ་ཀྱི་དུས་ཡུན་དེ་སྟངས་འཛིན་གནང་རྒྱུ་གལ་ཆེན་པོ་ཡིན་པ་དང་། ལྷག་པར་དུ་མཐོ་སློབ་ཀྱི་གུང་གསེང་སྐབས་སུ་རང་ཉིད་ཀྱི་ཤེས་ཡོན་དང་འབྲེལ་བའི་ཉམས་ཞིབ་ཀྱི་སློབ་ཚན་ཐོག་ལ་དོ་སྣང་དང་གྲོས་བསྡུར་གནང་རྒྱུ། དེ་བཞིན་སྤྱི་ཚོགས་ལ་ཕན་པའི་དང་ལངས་ཀྱི་ཞབས་ཞུ་གནང་རྒྱུ་གལ་ཆེན་པོ་ཡིན་པ་སོགས་ཀྱི་ལམ་སྟོན་ཡང་གནང་ཡོད། གཞི་རྩའི་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་ཚན་པས་གོ་སྒྲིག་འོག་ལོ་ལྟར་སློབ་གྲྭར་འགྲིམས་བཞིན་པའི་འཛིན་རིམ་བཅུ་པ་དང་གཅུ་གཉིས་ཀྱི་སློབ་མ། དེ་བཞིན་སློབ་གྲྭའི་རྒན་བདག་བཅས་ལ་འགོ་ཁྲིད་ཀྱི་ནུས་པ་བསྐྱེད་སྲིང་གནང་ཕྱོགས་སོགས་དང་འབྲེལ་བའི་ཟབ་སྦྱོང་ཁག་ཅིག་གནང་མུས་ཐོག ཉེས་དུས་ནས་མཐོ་སློབ་འགྲིམས་བཞིན་པའི་གཞོན་སྐྱེས་ཚོ་ལ་ཡང་འགོ་ཁྲིད་ཟབ་སྦྱོང་གནང་འགོ་འཙུགས་ཏེ། དེ་རིང་གི་ཟབ་སྦྱོང་དེ་ཐེངས་གསུམ་པ་དེ་ཆགས་ཀྱི་ཡོད་པ་རེད།

སུད་ཌེན་ཁྲིམས་ཁང་གིས་རྡོ་རྗེ་རྒྱལ་མཚན་ལ་ཟླ་བ་ ༢༢ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་པ།

ཡོ་རོབ་རྒྱལ་ཁབ་སུད་ཌིན་ནང་གནས་སྡོད་བྱེད་མཁན་བོད་མི་རྡོ་རྗེ་རྒྱལ་མཚན་ཟེར་བ་ཞིག་རྒྱ་གཞུང་གི་གསང་ཉུལ་བའི་ལས་སྣེ་ཐོག་ཡུལ་དེའི་སྐྱབས་བཅོལ་བོད་མིའི་གནས་ཚུལ་ཁག་རྒྱ་གཞུང་ལ་མཁོ་སྤྲོད་བྱས་པ་ར་འཕྲོད་བྱུང་སྟབས་སུད་ཌེན་གཞུང་གི་ཁྲིམས་ཁང་གིས་ཟླ་བ ༢༢ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་ཁ་སང་ཚེས་ ༡༥ ཉིན་ Sodertorn རྫོང་གི་ཁྲིམས་ཁང་ནས་རང་ལོ་ ༤༩ ཡིན་པ་བོད་མི་རྡོ་རྗེ་རྒྱལ་མཚན་གིས་རྒྱ་གཞུང་གི་གསང་ཉུལ་བའི་ལས་སྣེ་ཐོག་ཕྱི་ལོ་ ༢༠༡༥ ཟླ་ ༧ ནས་ཕྱི་ལོ་ ༢༠༡༧ ཟླ་ ༢ བར་གསང་ཉུལ་བའི་ཁྲིམས་འགལ་ལས་དོན་གཉེར་ཡོད་པ་ར་འཕྲོད་བྱུང་ཡོད་པ་རེད། སུད་ཌེན་གཞུང་གི་ཁྲིམས་རྩོད་པ་སྐུ་ཞབས་ Daniel Eriksson ལགས་ཀྱིས་ Sweden གཞུང་གི་གསང་བའི་ལས་ཁུངས་ནས་ཞིབ་འཇུག་མཐིལ་ཕྱིན་གནང་ཐོག་བོད་མི་དེས་ཁུལ་དེའི་ནང་གནས་སྡོད་སྐྱབས་བཅོལ་བའི་འགྲོ་སྡོད་སྤྱོད་གསུམ་གྱི་སྐོར་དང་། ས་གནས་བོད་མིའི་ཚོགས་འདུ་དང་ཆབ་སྲིད་ཀྱི་ལས་དོན་སོགས་ཀྱི་གནས་ཚུལ་ཁག་གསང་བའི་ངང་ Poland ནང་ཡོད་པའི་རྒྱ་གཞུང་གི་འབྲེལ་ཡོད་ལས་བྱེད་ལ་མཁོ་སྤྲོད་བྱས་ཡོད་པ་ར་འཕྲོད་བྱུང་འདུག་པ་དང་། མི་དེས་བྱ་ངན་སྤེལ་རྐྱེན་སུད་ཌེན་རྒྱལ་ཁབ་ནང་གནས་སྡོད་སྐྱབས་བཅོལ་བོད་མི་གཙོ་གྱུར་རྒྱལ་ཁབ་གཞན་ཁག་ཏུ་གནས་སྡོད་སྐྱབས་བཅོལ་བོད་མི་ཚོར་གནོད་གཞི་ཆེན་པོ་བྱུང་ཡོད་སྲིད་པ་རེད་ཅེས་བཅས་གསུངས་འདུག དེ་སྔོན་སུད་ཌེན་བརྒྱུད་ལམ་ཐོག་རྡོ་རྗེ་རྒྱལ་མཚན་གྱིས་གནས་ཚུལ་མཁོ་སྤྲོད་བྱས་པར་ཨ་སྒོར་ ༦༠༠༠ ཙམ་རག་སོན་བྱུང་ཡོད་པ་བཀོད་ཡོད་ཀྱང་། རྡོ་རྗེ་རྒྱལ་མཚན་གྱི་ཁྲིམས་རྩོད་པ་ Mikael Soderberg ལགས་ཀྱིས་སུད་ཌེན་གཞུང་གིས་ཁོ་པར་ཆད་པ་བཅད་པ་དེ་ངོས་ལེན་བྱས་མེད་པར་མ་ཟད་ཁྲིམས་ཁང་གོང་མར་ཞུ་གཏུག་བྱ་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་འདུག རྩ་བའི་སུད་ཌེན་ནང་གནས་སྡོད་བྱེད་མཁན་བོད་མི་རྡོ་རྗེ་རྒྱལ་མཚན་ཟེར་བ་དེར་ཕྱི་ལོ ༢༠༡༧ ཟླ་ ༢ ནང་ Sweden གསང་བའི་ལས་ཁུངས་ནས་རྒྱ་གཞུང་གི་གསུང་མྱུལ་བའི་དོགས་གཞིའི་ཐོག་འཛིན་བཟུང་བྱས་པའི་གསལ་བསྒྲགས་ཤིག་གནང་བ་ལས་ཞིབ་ཕྲའི་གནས་ཚུལ་གང་ཡང་སྤེལ་མེད་པ་རེད། ལོ་འདིའི་ཟླ་ ༤ པའི་ནང་སླར་ཡང་འཛིན་བཟུང་གྱིས་གསང་མྱུལ་བའི་མིང་དང་ལོ་ན་བཅས་ཁ་གསལ་བཏོན་བྱས་ཡོད་པ་རེད།

Latest news