Tibetan Royal Year of 2151 | Year of the Wood Dragon

བོད།

སྟོབས་རྒྱལ་ལགས་ཨོ་རྩེད་སླད་ཨི་ཐོ་པི་ཡར་སྦྱོང་བརྡར་གནང་བཞིན་པ།

ཁ་སང་རྒྱ་ནག་གི་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ཚོགས་མི་ཁག་ཅིག་ཨ་ཕི་རི་ཀའི་གླིང་ཕྲན་ཁྱབ་ཁོངས་སུ་གཏོགས་པའི་ Ethiopia རུ་ཕྱིན་ནས་ཕྱི་ལོ་ ༢༠༡༩ ནང་གི་ཉི་ཧོང་གི་ཨོ་ལམ་པིག་རྩེད་འགྲན་གྱི་འབྲིང་རྒྱུག་དང་རྒྱང་རྒྱུག་ལ་སྦྱོང་བརྡར་སྤྲོད་བཞིན་ཡོད་པ་དང་། ཐེངས་འདིའི་རྩེད་འགྲན་པའི་ཁྲོད་དུ་བོད་ཀྱི་རྒྱང་རྒྱུག་པ་སྟོབས་རྒྱལ་ལགས་ཀྱིས་གཙོ་པའི་བོད་རིགས་གསུམ་ནས་མཉམ་ཞུགས་གནང་འདུག དེ་རིང་རྒྱ་ནག་གི་གསར་ཁང་ CGTN ཞེས་པས་རྒྱ་ནག་གི་རུ་ཁག་དེའི་ནང་བོད་ཀྱི་རྩེད་འགྲན་པ་སྟོབས་ལགས་ཀྱིས་གཙོ་པའི་རྒྱ་ནག་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ཚོགས་མི་ ༨ ཡོད་པ་དང་། ཁོང་རྣམ་པས་ཨི་ཐོ་པི་ཡར་ཁྱོན་ཟླ་བ་གསུམ་གྱི་རིང་རྩེད་སྦྱོང་གནང་གི་འདུགཐེངས་འདིའི་རྩེད་འགྲན་སྦྱོང་བརྡར་གྱི་རུ་དཔོན་སྐུ་ཞབས་སྐལ་བཟང་ཚེ་རིང་ལགས་ཀྱིས་བརྗོད་པར་ལོ་རྗེས་མིའི་ཨོ་རྩེད་འགྲན་བསྡུར་གྱི་ཆེད་དུ་སྐབས་འདིའི་རྩེད་འགྲན་སྦྱོང་བརྡར་རྨིད་ ༥༠༠༠ ནས་ ༡༠༠༠ ཅན་གྱི་འབྲིང་རྒྱུག་དང་རྒྱང་རྒྱུག་གཉིས་ཡིན་པ་ལྟར་ཨོ་རྩེད་འགྲན་བསྡུར་ཐོག་གྲུབ་འབྲས་ཆེན་པོ་ལེན་རྩིས་ཡོད་པར་བརྗོད་འདུག དེ་བཞིན་རྩེད་རིགས་དོ་དམ་ལྟེ་གནས་ཁང་གིས་གོ་སྒྲིག་གི་འོག་ཐེངས་འདིའི་རྩེད་འགྲན་སྦྱོང་བརྡར་དེ་བོད་རིགས་རྩེད་འགྲན་པ་ཁུལ་དེའི་ནང་སྦྱོང་བརྡར་གནང་བའི་སྐབས་དྲུག་པ་དེ་ཆགས་ཡོད་པ་དང་འབྲེལ། ད་ཆ་མཚོ་སྔོན་དང་ཡོ་ནན་སོགས་ནས་བོད་རིགས་རྩེད་འགྲན་པ་གྲགས་ཅན་ ༦ འབུར་དུ་འཐོན་བཞིན་ཡོད་པར་ངོ་སྤྲོད་བྱས་འདུགརྩ་བའི་བོད་རིགས་རྩེད་འགྲན་པ་སྟོབས་རྒྱལ་ལགས་ནི་རྒྱལ་སྤྱིའི་ཨོ་རྩལ་འགྲན་བསྡུར་ལ་ཞུགས་མྱོང་མཁན་ཞིག་ཡིན་པ་མ་ཟད། ཕྱི་ལོ་ ༢༠༡༧ ལོར་ཁོང་གིས་གྲོང་ཁྱེར་ཐེན་ཅཱན་དུ་ཚོགས་པའི་རྒྱ་ནག་རྒྱལ་ཡོངས་ཀྱི་རྨིད་ ༡༠༠༠༠ ལྷག་གི་རྒྱང་རྒྱུག་འགྲན་བསྡུར་ནས་རྣམ་པར་རྒྱལ་ཏེ་གྲུབ་འབྲས་ཆེན་པོ་བླངས་ཡོད་པ་རེད། ཐེངས་འདིའི་ཟླ་བ་གསུམ་གྱི་རིང་རྩེད་འགྲན་སྦྱོང་བརྡར་གནང་བཞིན་པ་དེ་ཕྱི་ལོ ༢༠༡༩ ཟླ་ ༣ ནང་མཇུག་སྒྲིལ་གྱི་ཡོད་པ་དང་། ཁོང་སླར་རྒྱལ་སྤྱིའི་ཨོ་རྩལ་འགྲན་བསྡུར་ལ་ཞུགས་རྒྱུ་རེད་འདུག དེ་བཞིན་འདི་ལོར་བོད་རིགས་བུད་མེད་ཤེས་རབ་མཚོ་ལགས་ཀྱིས་ཀྱང་ Argentina ནང་གི་རྒྱལ་སྤྱིའི་ན་གཞོན་ཨོ་རྩལ་འགྲན་ཚོགས་ནང་འགྲོས་རྩལ་འགྲན་བསྡུར་ནང་དུ་ཨང་རིམ་དང་པོ་སོན་ནས་གསེེར་གྱི་རྟགས་མ་ཐོབ་པ་ལྟར། བོད་མཐོ་སྒང་དུ་ན་གཞོན་སྐྱེས་རྩེད་འགྲན་པ་མང་པོ་བྱུང་ཡོད་པ་ཟད། རྒྱལ་སྤྱིའི་ཨོ་རྩེད་འགྲན་བསྡུར་དུ་ཡང་མཉམ་ཞུགས་གྱིས་གྲུབ་འབྲས་མི་དམན་པ་བླངས་དང་ལེན་བཞིན་པ་རེད།

རྒྱ་ནག་གིས་སྐད་འཕྲིན་བརྒྱུད་ནས་ངན་པ་ཚར་གཅོད་ཟེར་བའི་གསལ་བསྒྲགས་སྤེལ་བ།

རྒྱ་གཞུང་གིས་སྐད་འཕྲིན་བརྒྱུད་ནས་ངན་པ་ཚར་གཅོད་ཟེར་བའི་ལས་འགུལ་འོག་བོད་ནང་གི་སྐད་འཕྲིན་ཚོགས་པ་སོ་སོས་གཟབ་ནན་དགོས་པའི་དོན་ཚན་བརྒྱད་ཅན་གྱི་གསལ་བསྒྲགས་ཤིག་བརྒྱུད་སྐུལ་བྱེད་བཞིན་འདུག དེའང་མཐོ་སྒང་གི་རེ་གསར་འཕྲིན་སྟེགས་ཐོག་སྒྲ་འཇུག་བྱས་པའི་གསལ་བསྒྲགས་དེའི་ནང་གསལ་ལྟར་ན། སྲིད་གཞུང་གི་ཚོགས་འདུའི་དགོངས་དོན་ལྟར།  དུས་ཚོད་དང་ས་གནས་གང་དུ་ཡིན་རུང་ཏང་དང་རྒྱལ་ཁབ་ལ་གནོད་པ་དང་། ཡང་ན་ཁྲིམས་འགལ་གྱི་ཆ་འཕྲིན་སྐུར་མི་ཆོག་པར་དོ་དམ་དགོས་པ་མ་ཟད། གལ་སྲིད་སྐད་འཕྲིན་ནང་དུ་ཏང་དང་རྒྱལ་ཁབ། སྤྱི་ཚོགས་སོགས་ལ་གནོད་པའི་ཆ་འཕྲིན་སོགས་བསྐུར་ཚེ་ངན་པ་ཚར་གཅོད་ཀྱི་ལས་འགུལ་ནང་ཐག་གཅོད་ནན་པོ་བྱས་ཏེ་སྐད་འཕྲིན་ཚོགས་པ་དང་མི་སྒེར་ལ་ཁྲིམས་ཆད་ཕོག་རྒྱུ་ཡིན་སྐོར་བརྗོད་པ་དང་འབྲེལ། སྐད་འཕྲིན་ཚོགས་ཁག་སོ་སོས་རང་གི་ཚོགས་མི་ཡོངས་ལ་བླང་བྱ་ནན་པོའི་ངང་ནས་རང་རང་གི་ཁ་དང་ལག་པ་བདག་པོ་བརྒྱབ་ནས་གཏམ་འཆལ་ལ་ཡིད་ཆེས་མི་བྱེད་པ་དང་། དཀྲོག་གཏམ་བཟོ་སྐུར་མི་ཆོག ཅི་སྟེ་དེ་ལས་འགལ་ན་མཇུག་འབྲས་ལ་རང་ཉིད་ཀྱིས་འགན་ཁུར་དགོས་པ་མ་ཟད་རྒྱལ་ཁབ་ཀྱི་ཁྲིམས་ལས་འགལ་མཁན་ཚོ་ལོ་ངོ་ ༡ ནས་ ༨ བར་དུས་བཀག་བཙོན་འཇུག་བྱ་རྒྱུ་དང་། ཚོགས་པ་དེའི་ཚོགས་གཙོས་འགན་འཁྲི་མཉམ་ཁུར་དགོས་ཞེས་བཀོད་འདུག གསལ་བསྒྲགས་དེའི་ནང་ད་ནས་བཟུང་དྲྭ་རྒྱ་དང་འབྲེལ་བའི་བདེ་འཇགས་ལ་ཞིབ་བཤེར་ནན་པོ་བྱས་ཏེ་མི་གྲངས ༡༠ ལས་གྲུབ་པའི་སྐད་འཕྲིན་ཚོགས་པར་དྲྭ་རྒྱའི་ཉེན་རྟོག་པས་རང་འགར་ཞིབ་བཤེར་གྱིས་དོ་དམ་བྱེད་བཞིན་པར་བརྗོད་ཡོད་པ་མ་ཟད། སྲིད་གཞུང་གི་དྲིལ་བསྒྲགས་དེ་བོད་སྐད་ནང་ཕབ་བསྒྱུར་ཀྱིས་སྒྲ་སྒམ་བཟོས་ནས་བོད་རིགས་ནང་ཁུལ་དུ་བརྒྱུད་སྐུར་དགོས་པའི་སྐུལ་མ་བཏང་འདུག མི་མང་གིས་བརྒྱུད་སྐུར་མི་ཆོག་པའི་དོན་ཚན་བརྒྱད་ནི་ཆབ་སྲིད་ཐད་ཀྱི་ཚོར་སྐྱེན་གླེང་གཞི་མི་སྐུར་བ་དང་། གཏམ་འཆལ་ལ་ཡིད་ཆེས་དང་བརྒྱུད་སྐུར་མི་བྱེད་པ། རྒྱ་ནག་ནང་ལོགས་ཀྱི་དཔྱད་གཞིའི་ཡིག་ཆ་མི་སྐུར་བ། འཆལ་གཏམ་དང་གཏུམ་སྤྱོད། འཇིགས་སྐུལ་སོགས་ཀྱི་འཕྲིན་མི་སྐུར་བ། ཧོང་ཀོང་དང་ཨའོ་མན། ཐེ་ཝན་སོགས་ཀྱི་གསར་འགྱུར་སྐོར་གཞུང་ཕྱོགས་ཀྱི་དྲྭ་ཚིགས་ཐོག་ཡོངས་བསྒྲགས་མ་བྱས་གོང་མི་སྐུར་བ་དང་། དམག་དོན་དཔྱད་གཞིའི་གསར་འགྱུར་དང་རྒྱལ་ཁབ་ཀྱི་གསང་བའི་འབྲེལ་ཡོད་ཡིག་ཆ་སོགས་མི་སྐུར་བ། དེ་བཞིན་ཞིབ་བསྡུར་མ་བྱས་གོང་གི་རྣམ་པ་འདྲ་མིན་གྱི་ཞལ་འདེབས་སྐོར་མི་སྐུར་བ་བཅས་ཡིན་པ་རེད་འདུག

ཨ་མཆོག་ཁུལ་དུ་སྤྱི་ཚོགས་བདེ་འཇགས་བཅོས་སྐྱོང་གི་ཉིན་བརྒྱའི་ལས་འགུལ།

ཉེ་ཆར་ཕྱི་ཟླ་ ༡༡ ཚེས་ ༡༣ ཉིན་བོད་མདོ་སྨད་ཨ་མཆོག་བསང་ཆུ་རྫོང་གི་ཁྲིམས་དོན་ལས་ཁུངས་ཁག་ཐུན་མོང་ཐོག་སྤྱི་ཚོགས་བདེ་འཇགས་བཅོས་སྐྱོང་གི་ཉིན་བརྒྱའི་ཆེད་དོན་བྱ་འགུལ་སྤེལ་བ་ཞེས་དོན་ཚན་ ༡༤ ཅན་གྱི་བརྡ་ཁྱབ་བཏང་བའི་བརྒྱུད་ཨ་མཆོག་ཁུལ་གྱི་མི་མང་ལ་རྒྱ་གཞུང་གིས་མངའ་ཁུལ་ནང་དུ་བདེ་འཇགས་ལ་ཉེན་ཁ་བཟོ་ཉེན་ཡོད་པའི་ཁྲིམས་འགལ་ནག་ཆེན་དཔུང་ཚོགས་ཟེར་བ་རྩ་མེད་བཟོ་རྒྱུའི་ལས་འགུལ་སྤེལ་རྒྱུའི་གསལ་བསྒྲགས་སྤེལ་འདུག ཨིན་ཡུལ་ནང་རྟེན་གཞི་བྱས་པའི་ Free Tibet བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་མདོ་སྨད་ཨ་མཆོག་བསང་ཆུ་རྫོང་གི་མི་མང་ཁྲིམས་ཁང་དང། མི་མང་ཞིབ་དཔྱོད་ཁང་། རྫོང་སྤྱི་བདེ་ལས་ཁུངས། དེ་བཞིན་རྫོང་ཁྲིམས་འཛིན་ལས་ཁུངས་བཅས་ས་གནས་ཀྱི་ཁྲིམས་དོན་ལས་ཁུངས་ཁག་ཐུན་མོང་ཐོག་བརྡ་ཁྱབ་ཀྱི་ལས་འགུལ་སྤེལ་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༡༥ ནས་འགོ་བཙུགས་ནས་ལོ་རྗེས་མའི་ཕྱི་ཟླ་ ༢ ཚེས་ ༢༥ བར་ཉིན་གྲངས་བརྒྱའི་རིང་སྤེལ་རྒྱུ་ཡིན་པ་དང། དོན་ཚན་ ༡༤ ཡོད་པའི་ཁྲིམས་ཡིག་བརྡ་ཁྱབ་ནང་ཁྲིམས་འགལ་ནག་ཚོགས་རྩ་མེད་ཀྱི་ལས་འགུལ་ཟེར་བའི་འོག་སྲིད་གཞུང་གི་ཁྲིམས་འགལ་ལ་ངོས་འཛིན་བྱེད་བཞིན་པའི་བྱ་སྤྱོད་སྤེལ་མཁན་དེ་དག་འབྲེལ་ཡོད་སྡེ་ཚན་ལ་འཐེར་འདོན་བྱེད་པ་འམ་ཡང་ན་གསང་བརྡ་བྱེད་མཁན་ཚོར་རྒྱ་སྒོར་ ༥༠༠ ནས་ཁྲི་ ༣ བར་གྱི་བྱ་དགའ་སྤྲད་རྒྱུ་ཡིན་པ་དང། གནས་ཚུལ་འཐེར་འདོན་བྱེད་མཁན་ཚོའི་ཐད་འབྲེལ་ཡོད་ལས་ཁུངས་ནས་གསང་རྒྱ་དམ་པོ་བྱེད་རྒྱུར་ཁས་ལེན་བྱས་འདུག དེ་བཞིན་བརྡ་ཁྱབ་དེའི་ནང་ཁྲིམས་འགལ་དུ་ངོས་འཛིན་པའི་དོན་ཚན་ ༡༤ ནང་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་ལམ་ལུགས་ཀྱི་བདེ་འཇགས། སྲིད་དབང་གི་བདེ་འཇགས་ལ་འཇིགས་སྐུལ་བྱས་པ། ལྷག་པར་དུ་ཕྱི་ཕྱོགས་ཀྱི་ཁྲིམས་འགལ་ནག་ཚོགས་དང་ལྐོག་འབྲེལ་བྱས་ནས་རྒྱལ་ཁབ་དང་མི་མང་གི་ཁེ་ཕན་ལ་གནོད་སྐྱོན་བཟོ་ཐབས་དང། སྐད་འཕྲིན་སོགས་བརྒྱུད་ཏང་དང་རྒྱལ་ཁབ་ལ་གནོད་པའི་འཆལ་གཏམ་སྤེལ་མཁན་དང་གནས་ཚུལ་བརྒྱུད་སྐུར་བྱ་རྒྱུར་བཀག་འགོག་བྱེད་དགོས་པ་བཀོད་འདུག Free Tibet བོད་དོན་རྒྱབ་སྐྱོར་ཚོགས་པས་ད་རེས་རྒྱ་གཞུང་གིས་ཨ་མཆོག་བསང་ཆུ་རྫོང་ཁུལ་དུ་ཉིན་གྲངས་བརྒྱའི་ལས་འགུལ་ཟེར་བ་ཁྱབ་བསྒྲགས་སྤེལ་བ་དེ་ནི་ཕྱི་ལོ་ ༢༠༠༨ ལོར་བོད་ས་ཁྱོན་ཡོངས་སུ་ཁྱབ་པའི་བོད་མིའི་ས་བྱི་ཞི་རྒོལ་ཆེན་མོའི་གནད་དོན་བྱུང་བ་ནས་བཟུང་རྒྱ་གཞུང་གི་ཁ་བྲལ་བའི་འདོད་ཚུལ་འཛིན་མཁན་གྱི་དོགས་གཞི་བྱ་ཡུལ་བོད་མི་ཚོར་དྲག་གནོན་བྱེད་བཞིན་པའི་བྱ་སྤྱོད་དང་ཡོངས་སུ་མཚུངས་པ་མ་ཟད་རྒྱ་གཞུང་གི་དྲག་པོའི་བྱ་སྤྱོད་དེ་ད་ཆ་གཞི་རྒྱ་ཆེ་བ་དང། གཏིང་ཟབ་ཏུ་བཏང་ཡོད་པ་མངོན་རྒྱུ་ཡོད་སྐོར་གསུངས་འདུག

བོད་ཀྱི་རྒྱལ་ས་ལྷ་སར་བོད་ཡིག་གི་ཡིག་ཆ་སོགས་པར་སློག་རྒྱག་མི་ཆོག་པ།

ཕྱི་ཟླ་ ༡༢ ཚེས་ ༢༢ ཉིན་བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བར་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་དེང་སྐབས་རྒྱ་ཡིག་གི་ཡིག་ཆ་པར་སློག་གང་ནས་བྱེད་ཆོག་ཀྱང་། བོད་ཡིག་གི་ཡིག་པར་རྒྱག་ས་རག་གི་མེད་པ་རེད་འདུག དེའང་རྒྱ་མི་ཡིག་པར་རྒྱག་མཁན་ཚོས་བོད་ཡིག་གི་ཡིག་པར་གཏན་ནས་རྒྱག་གི་མེད་པའི་སྒང་ལ་རྒྱ་གཞུང་གི་འབྲེལ་ཡོད་གོང་རིམ་ནས་ཁོང་ཚོར་བོད་ཡིག་གི་ཡིག་པར་རྒྱག་མི་ཆོག་པའི་བཙན་བཀའ་འབྱོར་ཡོད་པ་རེད་འདུག པར་ཁང་དང་གློག་ཀླད་ཀྱི་ཡིག་དཔར་རྒྱག་མཁན། ཡིག་བཤུ་བྱེད་མཁན་བཅས་སྒེར་གཉེར་གྱི་ལས་རིགས་ཚང་མའི་ནང་བོད་ཡིག་གི་ལས་ཀ་བྱེད་མི་ཆོག་པ་བཟོས་ཡོད་པ་དང་། ཐ་ན་ཁང་པ་ཞིག་ཁང་གླ་གཏང་རྒྱུ་ཡོད་པའི་བརྡ་ཁྱབ་ཀྱང་བོད་ཡིག་ཐོག་བྲི་མི་ཆོག་པ་བཟོས་འདུག རྒྱལ་ཁབ་རྩ་ཁྲིམས་དང་གྲངས་ཉུང་མི་རིགས་ཀྱི་བཅའ་ཁྲིམས་ནང་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་དང་མཐོང་ཆེན་བྱེད་དགོས་པ་འཁོད་ཡོད་ཀྱང་། དེ་ནི་རྩ་ཁྲིམས་དང་བཅའ་ཁྲིམས་སུ་ཡིག་ཐོག་འཁོད་པ་ཙམ་ལས་དོན་དངོས་ཐོག་བོད་ཡིག་དང་འབྲེལ་བའི་གོ་སྐབས་གཏན་ནས་སྤྲད་ཀྱི་མེད་པ་ནི་རྩ་ཁྲིམས་དང་ཡོངས་སུ་འགལ་ཡོད་སྐོར་གསུངས་སོང་། སྤྱིར་བོད་ནང་གི་ཤེས་ཡོན་ཅན་བརྒྱ་ལྷག་གིས་རྒྱ་ནག་གི་ཁྲིམས་ཁང་སོགས་ཀྱི་དྲྭ་ཚིགས་ཐོག་བོད་ཡིག་བཀོལ་སྤྱོད་བྱེད་ཀྱི་མེད་པ་དེས་སྲིད་གཞུང་དང་རྒྱལ་ཁབ་ཀྱི་གནས་ཚུལ་གཞི་རིམ་མི་མང་ནས་ཤེས་རྟོགས་ཐུབ་རྒྱུར་དཀའ་ངལ་འཕྲད་པ་མ་ཟད། རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཁྲིམས་ཡིག་དང་ཡོངས་སུ་དངོས་འགལ་ཡོད་པ་རེད་ཅེས་སེམས་ཚོར་ཆེན་པོས་བརྗོད་བཞིན་འདུག

ཨ་ཉ་སེང་སྒྲ་ལགས་གློད་བཀྲོལ་དགོས་པའི་འབོད་སྐུལ།

རྒྱ་གཞུང་གིས་མཚོ་སྔོན་ཞིང་ཆེན་མགོ་ལོག་དགའ་བདེ་རྫོང་རྐྱང་ཆད་ནས་ཡིན་པའི་ལྐོག་ཟ་རུལ་སུངས་ཐེར་འདོན་གནང་མཁན་གྱི་བོད་མི་ལས་འགུལ་བ་ཨ་ཉ་སེང་སྒྲ་ལགས་སྤྱི་ཚོགས་དཀྲུག་པའི་ཉེས་འཛུགས་འོག་བཀག་བསྐྱིལ་བྱས་པ་དང་སྦྲགས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཁོང་གིས་ལྐོག་ཟ་རུལ་སུངས་ཐེར་འདོན་གནང་བ་དེ་ནག་ཉེས་མིན་པས་ཁོང་དེ་འཕྲལ་མར་གློད་བཀྲོལ་དགོས་པ་གསུངས་སོང་། ཁ་སང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་འདོན་སྤེལ་གནང་བའི་སྙན་ཐོའི་ནང་འདི་ལོའི་ཟླ་ ༩ ཚེས ༤ ཉིན་དགའ་བདེ་རྫོང་སྤྱི་བདེ་མི་སྣས་ཁོང་སྤྱི་ཚོགས་དཀྲུག་རྐྱེན་བཟོས་པའི་ཉེས་འཛུགས་འོག་འཛིན་བཟུང་གྱིས་ཟི་ལིང་བརྒྱུད་གྲོ་ཚང་གི་ལྟ་སྲུང་ཁང་དུ་བཀག་ཉར་བྱས་ཡོད་པ་དང་། འདི་ལོའི་ཟླ་ ༡༡ ཚེས་ ༡༢ ནང་སྤེལ་བའི་སྤྱི་བདེ་ལས་ཁུངས་ཀྱི་གསལ་བསྒྲགས་ཐོག་ཨ་ཉ་སེང་སྒྲ་ལགས་ནས་སྤྱི་ཚོགས་དཀྲུག་པའི་གྱོད་དོན་དང་། ཉེས་ཅན་གཞན་ཡང་ཡོད་སྲིད་པའི་དོགས་གཞི་ལ་བརྟེན་ནས་བཀག་ཉར་གྱི་དུས་ཡུན་ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས ༡༢ བར་ཕྱིར་འགྱངས་བྱས་ཡོད་པ་བཀོད་འདུག གཞི་རྩའི་ལོ་ན་ ༤༧ ལ་སོན་པའི་ཨ་ཉ་སེང་སྒྲ་ལགས་ནས་སྔ་ལོ་ཕྱི་ལོ་ ༢༠༡༤ ལོར་ཁོང་དང་ལྷན་དུ་མི་བཅུ་གཙོ་གྱུར་ས་གནས་སྲིད་གཞུང་ལ་ལྐོག་ཟ་རུལ་སུངས་ཐེར་འདོན་དང་། མང་ཚོགས་དབུལ་ཕོངས་ཀྱི་དཀའ་སྡུག་གི་གནས་སྟངས་བཅས་གནད་དོན་ ༧ ལྷག་ཡོད་པའི་ཞུ་སྙན་ཞིག་ཕུལ་བ་དང་། དེའི་ནང་འབྲོག་མིའི་སྡོད་ཁང་འཛུགས་སྐྲུན་གྱི་རོགས་དངུལ་ཆད་པ་དང་། རྐྱང་ཆད་ཁུལ་དུ་འབྲོག་མི་གནས་སྤོས་ཟིན་པ་ཚོར་ཁང་པ་མེད་པའི་རྒྱུ་མཚན། འབྲོག་མིའི་སྡོད་ཁང་འཛུགས་སྐྲུན་གྱི་དངུལ་ཆད་པའི་གནད་དོན། རྫོང་འགྲིམ་གྲུལ་ལས་ཁུངས་ཀྱིས་རྐྱང་ཆའི་ཡུལ་མཚོའི་རུ་ཆེན་གོང་འོག་བར་གསུམ་སོགས་སུ་ཟམ་པ་འཛུགས་སྐྲུན་བྱས་ཡོད་མེད་ཀྱི་གནད་དོན་ཁག་ཆེད་བཀོད་གནང་ཡོད་པ་རེད། ཁོང་གི་ཁྲིམས་རྩོད་པ་ལིན་ཆི་ལེ་དང་བཟའ་ཟླ་དབྱངས་སྐྱིད་གཉིས་བཙོན་འཇུག་ཁང་དུ་ཐུག་འཕྲད་དུ་བཅར་ཀྱང་ས་གནས་སྤྱི་བདེ་མི་སྣས་ཐུག་འཕྲད་གནང་མ་བཅུག་པ་དང་།  ཟླ་ ༩ ཚེས་ ༢༢ ཉིན་དགའ་བདེ་རྫོང་སྤྱི་བདེ་ལས་ཁུངས་ཀྱི་ཆོག་མཆན་བརྒྱུད་ཁྲིམས་རྩོད་པ་ཨ་ཉ་སེང་སྒྲ་ལགས་དང་ཐུག་བཅུག་པ་དང་། སྐབས་དེར་སྤྱི་བདེ་མི་སྣས་ཁོང་ས་བབ་མཐོ་ས་ནས་དམའ་སར་བཀག་ཉར་བྱས་རྐྱེན་ས་ཆུ་མ་འཕྲོད་པས་གྲོད་ཁོག་ཤལ་ནས་ལུས་སྟོབས་ཧ་ཅང་ཞན་པོ་ཆགས་ཡོད་པ་རེད་འདུག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཆོ་མོ་ལགས་ཀྱིས་ཨ་ཉ་སེང་སྒྲ་ལགས་ནས་ས་གནས་སྲིད་གཞུང་གི་དབང་ཆ་ལོག་སྤྱོད་དང་ལྐོག་ཟ་རུལ་སུངས་ཐེར་འདོན་གནང་བ་དེ་ཁྲིམས་འགལ་ཡིན་ལུགས་ཀྱི་ནག་ཉེས་བཙུགས་པ་དེས་རྒྱ་གཞུང་གིས་ལྐོག་ཟ་རུལ་སུངས་གཙང་སེལ་གྱི་ལས་འགུལ་དེ་སྟོང་བཤད་ཡིན་པ་གསལ་སྟོན་གནང་སྐོར་གསུངས་ཡོད། འདི་ག་རླུང་འཕྲིན་ཁང་ནས་ལྟེ་གནས་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་སུ་དེ་འབྲེལ་བཅར་འདྲི་ཞུས་པར་ཨ་ཉ་སེང་སྒྲ་ལགས་ཀྱིས་མི་མང་གི་བདེ་འཇགས་ལ་གཞིགས་ནས་ལྐོག་ཟ་རུལ་སུངས་ཐེར་འདོན་གནང་བ་དེ་ནག་ཉེས་མིན་པས་འཕྲལ་མར་གློད་བཀྲོལ་དགོས་པ་སོགས་གསུངས་སོང་།

གྷོ་གྷལ་ཚོང་ལས་ཁང་ནས་ Dragonfly འཚོལ་བྱེད་མ་ལག་གི་ལས་གཞི་མཚམས་འཇོག

Google ཚོང་ལས་ཁང་གི་ལས་བྱེད་ནང་ཁུལ་དང་བོད་མི། ཡུ་གུར་བ་གཙོ་གྱུར་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་གནོན་ཤུགས་དུ་མ་སྤྲོད་བཞིན་པའི་ཁྲོད་ཚོང་ལས་ཁང་དེའི་ངོས་ནས་ Dragonfly ཞེས་རྒྱ་ནག་དང་ལྷན་གསང་བའི་འཚོལ་བྱེད་མ་ལག་གསར་བཟོ་བྱེད་བཞིན་པའི་ལས་གཞི་དེ་རེ་ཞིག་མཚམས་འཇོག་བྱས་འདུག དེ་ཡང་ཁ་སང་ The Intercept བརྒྱུད་ལམ་གྱིས་སྙན་མཐོ་ཞིག་འདོན་སྤེལ་གནང་བའི་ནང་མིང་གསལ་མེད་པའི་གནས་ཚུལ་ཡོང་ཁུངས་གཉིས་ཀྱིས་བརྗོད་པ་ལུང་འདྲེན་དང་འབྲེལ། ཚོང་ལས་ཁང་དེའི་འགོ་གཙོ་རྣམས་ནས་ལས་གཞི་དེ་གནས་སྐབས་རིང་མཚམས་འཇོག་བྱས་ཡོད་ཚོད་དང། ལས་གཞི་དེའི་ཐོག་ཕྱག་ལས་གནང་མཁན་གྱི་ཆེད་ལས་པ་རྣམས་ཨུ་རུ་སུ་དང་བྷར་སིལ། ཨིན་ཌོ་ནེ་ཤ་ཡ་སོགས་རྒྱལ་ཁབ་གཞན་ཁག་གཅིག་དང་འབྲེལ་བའི་ལས་གཞི་གཞན་ནང་གནས་སྤོས་བྱས་འདུག ཉེ་ཆར་ཟླ་ ༡༢ ཚེས་ ༡༡ ཉིན་ཨ་རིའི་རྒྱལ་ས་ Washington DC ནང་རྟེན་གཞི་བྱས་པའི་ཨ་རིའི་གྲོས་ཚོགས་འོག་མའི་ཁྲིམས་ཞིབ་ཚོགས་ཆུང་གི་ཉན་ཞིབ་ལས་རིམ་ཐོག་ Google ཚོང་ལས་ཁང་གི་གཙོ་འཛིན་ Sundar Pichai ལགས་ཀྱིས་རྒྱ་གཞུང་གི་དགོས་མཁོ་དང་མཚུངས་པའི་བཀག་སྡོམ་ཅན་གྱི་འཚོལ་བཤེར་མ་ལག་གི་ལས་གཞི་དེ་ལག་བསྟར་བྱ་རྒྱུའི་འཆར་གཞི་མེད་པ་དང། གལ་ཏེ་དེ་འབྲེལ་གནད་དོན་བྱུང་ཚེ་ཚོང་ལས་ཁང་གི་ངོས་ནས་ལམ་སྟོན་སློབ་གསོ་རྒྱ་གང་ཆེ་ཞུས་པ་དང་འབྲེལ་ཕྱི་གསལ་ནང་གསལ་གནང་རྒྱུ་ཡིན་སྐོར་གསུངས་ཡོད། འོན་ཀྱང་ཁོང་གིས་དེ་སྔོན་ཕྱི་ཟླ་ ༡༠ པའི་ནང་ལས་གཞི་དེ་ཕྱི་ལོ་ ༢༠༡༩ ལོ་སྟོད་དུ་ལག་བསྟར་བྱ་རྒྱུ་ཡིན་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད།གཞི་རྩའི་ Google ཚོང་ལས་ཁང་ནས་འདི་ལོའི་ཟླ་ ༧ ནང་རྒྱ་ནག་གཞུང་དང་མཉམ་འབྲེལ་གྱིས་དྲུག་བཞིའི་དོན་རྐྱེན་དང་རང་དབང། མང་གཙོ་སོགས་གཞུང་གི་འདོད་བློ་དང་མི་མཐུན་པའི་བརྡ་ཆད་མང་པོ་ཞིག་བཀག་སྡོམ་བྱས་པའི་འཚོལ་བཤེར་མ་ལག་ཅིག་གསང་བའི་ཐོག་བཟོ་སྐྲུན་བྱས་པའི་གནས་ཚུལ་ཕྱིར་གྱར་བྱུང་རྗེས་འདི་ལོའི་ཟླ་ ༨ ནང་གྷོ་གྷལ་གྱི་ལས་བྱེད་ ༡༤༠༠ ཙམ་གྱིས་ཡིག་ཐོག་སྙན་ཞུ་བྲིས་སྟེ་ངོ་རྒོལ་བྱས་པ་མ་ཟད། གནད་དོན་དེ་དང་འབྲེལ་ཟླ་ ༡༢ ཚེས་ ༡༡ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཁྲིམས་ཞིབ་ཚོགས་ཆུང་གི་ཉན་ཞིབ་ལས་རིམ་ཐོག Google ཚོང་ལས་ཁང་གི་གཙོ་འཛིན་ Sundar Pichai ལགས་ཆེད་བཅར་ཞུ་སྐབས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འཐུས་མི་དང་དང་ཡུ་གུར་ལས་འགུལ་བ་གཙོ་གྱུར་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་ཁག་གཅིག་ནས་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད།

བོད་ནང་འཇིགས་སྐུལ་འགོག་རྒོལ་གྱི་དམིགས་བསལ་དམག་སྦྱོང་།

རྒྱག་ནག་གི་གསར་ཁང་ Ecns.cn ཞེས་པས་རྒྱ་ནག་ནང་གི་དམིགས་བསལ་གྱི་སྐོར་སྲུང་དམག་མིས་བོད་ལྷོ་ནུབ་ཁུལ་དུ་འཇིགས་སྐུལ་འགོག་རྒོལ་གྱི་དམག་སྦྱོང་བྱེད་བཞིན་ཡོད་པ་རེད་འདུག ཟླ་ ༡༢ ཚེས་ ༡༥ ཉིན་ནས་བཟུང་དམག་སྦྱོང་དེ་དངོས་སུ་འགོ་ཚུགས་ཡོད་པ་དང་། ཐེངས་འདིའི་དམག་སྦྱོང་ནང་སྦྱོང་བརྡར་གྱི་ལས་རིམ་མི་འདྲ་བ་ཁག་ ༥༠ ལྷག་གཏན་ཁེལ་ཡོད་པ་དང་། བོད་ཀྱི་ས་ཁུལ་ཁག་ ༡༥ ལ་སྐོར་བསྐྱོད་བྱས་ནས་རྙོག་འཛིང་རང་བཞིན་གྱི་གནས་སྟངས་སྐབས་སུ་ཇི་ལྟར་མགྱོགས་མྱུར་ལྡན་པའི་ངང་ནས་ཕར་རྒོལ་བྱེད་དགོས་བའི་དམིགས་ཡུལ་གཙོར་བཟུང་བྱས་ཡོད་པ་བཀོད་འདུགརྩ་བའི་རྒྱ་ནག་གིས་བོད་ནང་གནས་ཚུལ་འདྲ་མིན་ཁ་ལ་ཁྱེར་ནས་དམག་སྦྱོང་རིགས་མང་དག་ཅིག་སྤེལ་བཞིན་ཡོད་པ་རེད། འདི་ལོའི་ཟླ་ ༧ ནང་དུའང་རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་ཁུལ་དུ་དམག་སྦྱོང་གི་ལས་གཞི་འདྲ་མིན་ཞིག་སྤེལ་ཡོད་པ་དང་། སྐབས་དེར་ཆེད་མཁས་པ་དག་གིས་དེ་ནི་རྒྱ་ནག་གི་མཐའ་མཚམས་སྲུང་སྐྱོབ་ལ་དམིགས་པ་ཞིག་ཡིན་པར་འགྲེལ་བརྗོད་བྱས་ཡོད། འོན་ཀྱང་རྒྱ་ནག་གིས་དམག་སྦྱོང་སྤྲད་པ་དེས་ས་གནས་ཀྱི་བོད་རིགས་ཚོར་འཇིགས་སྐུལ་གྱི་རྣམ་པའི་ཐོག་ནས་ཉེན་བརྡ་སྤྲོད་བཞིན་པ་ཞིག་ཆགས་ཡོད་པ་རེད།

བོད་ཀྱི་རྒྱལ་ས་ལྷ་སར་བོད་རིགས་རླངས་འཁོར་ལས་རྒྱ་རིགས་རླངས་འཁོར་ལྡབ་ལྔ་ལྷག་མང་བ།

བོད་ཀྱི་རྒྱལ་ས་ལྷ་ས་ནང་དེང་སྐབས་བོད་རིགས་ཧ་ཅང་གྲངས་ཉུང་འགྱུར་བཞིན་ཡོད་པ་མ་ཟད་བོད་རིགས་རླངས་འཁོར་ལས་རྒྱ་རིགས་རླངས་འཁོར་ལྡབ་ལྔ་ལྷག་མང་བ་ཆགས་འདུག བོད་རིགས་རླངས་འཁོར་གཏོང་མཁན་དེ་དག་ལ་འགྲིམ་འགྲུལ་གྱི་ནོར་འཁྲུལ་ཕྲན་བུ་ཙམ་ཤོར་ཚེ་རྒྱ་སྒོར་ ༢༠༠ ནས་ ༣༠༠ བར་གྱི་ཉེས་ཆད་བཏང་བ་དང་། ལག་འཁྱེར་ནས་སྐར་གྲངས་གཅོག་པ་མ་ཟད། དེ་འབྲེལ་སློབ་གཉེར་བྱེད་པར་འགྲོ་དགོས་པ་སོགས་ཀྱི་ཉེས་ཆད་འདྲ་མིན་གཏོང་བཞིན་ཡོད་ཀྱང་རྒྱ་རིགས་རླངས་འཁོར་གཏོང་མཁན་ལ་དམིགས་བསལ་ཡོད་པ་རེད་འདུག རྒྱ་རིགས་རླངས་འཁོར་གྱི་ཨང་གྲངས་ཚང་མ་རྒྱ་ནག་ནང་ཁུལ་ནས་བཟོས་པ་ཤ་སྟག་ཡིན་སྟབས་ཁོང་ཚོར་ཆད་པ་ཕོག་གི་མེད་པ་རེད་འདུག དེང་སྐབས་བོད་ནང་སྔར་ལྷག་དམ་དྲག་ཇེ་ཆེར་འགྲོ་བཞིན་ཡོད་པ་མ་ཟད་སྔ་ལམ་ཡོད་ཚད་ལ་དམག་གི་རླངས་འཁོར་དང་དམག་མི་རུ་སྒྲིག་གིས་མང་ཚོགས་ལ་འཇིགས་སྐུལ་དཔུང་ངོམས་བྱེད་བཞིན་ཡོད་པ་མ་ཟད། འདི་གར་གནས་ཚུལ་མཁོ་སྤྲོད་གནང་མཁན་ཁོང་རང་ཉིད་ལའང་རྒྱ་གཞུང་གིས་དོགས་པའི་འོག་ལྟ་སྲུང་བྱེད་མུས་ཡིན་སྟབས་གནས་ཚུལ་མང་པོ་ངོ་སྤྲོད་གནང་ཐབས་མི་འདུག་ཅེས་འགྲེལ་བརྗོད་གནང་སོང་།

གྲྭ་སངས་རྒྱས་རྒྱ་མཚོ་ལགས་ཀྱིས་རང་བསྲེགས་གནང་བ་མིན་པར་ཞི་རྒོལ་གནང་འདུག

རྔ་པ་ཀིརྟི་དགོན་གྱི་གྲྭ་གཞོན་སངས་རྒྱས་རྒྱ་མཚོ་ལགས་ཀྱིས་རྒྱ་གཞུང་གི་དྲག་སྤྱོད་ལ་ངོ་རྒོལ་གྱིས་སྲང་ལམ་དུ་ཞི་བའི་སྐད་འབོད་གནང་བར་བརྟེན་རྒྱ་གཞུང་གིས་ཁོང་འཕྲལ་མར་འཛིན་བཟུང་བྱས་འདུག ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་གྲྭ་བློ་བཟང་ཡེ་ཤེས་ལགས་དང་གྲྭ་ཀ་ཉག་ཚེ་རིང་ལགས་རྣམ་གཉིས་ཀྱིས་དེ་རིང་འདིར་གནང་བའི་གནས་ཚུལ་ལྟར་ན། ཁ་སང་བོད་ནང་གྲྭ་གཞོན་སངས་རྒྱས་རྒྱ་མཚོ་ལགས་ཀྱིས་རང་བསྲེགས་གནང་ཡོད་པའི་གནས་ཚུལ་ཞིག་ཁྱབ་སྤེལ་གནང་བཞིན་ཡོད་ཀྱང་། ཁོང་གིས་རང་བསྲེགས་གནང་བ་མིན་པར་ཞི་བའི་སྐད་འབོད་གནང་རྐྱེན་རྒྱ་གཞུང་གིས་བཙན་ཁྲིད་བྱས་ཡོད་པ་གསུངས་སོང་། འདི་རླུང་འཕྲིན་ཁང་གིས་གྲྭ་ཀ་ཉག་ཚེ་རིང་ལགས་སུ་གྲྭ་སངས་རྒྱ་མཚོ་ལགས་ཀྱི་གནད་དོན་དང་འབྲེལ་བཅའ་འདྲི་ཞུས་པར་ཁོང་གིས་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༠ ཉིན་ཨ་མདོ་རྔ་པ་ཀིརྟི་དགོན་གྱི་གྲྭ་གཞོན་སངས་རྒྱས་རྒྱ་མཚོ་ལགས་ཀྱིས་རྔ་པའི་རྫོང་མཁར་གྱི་གཞུང་ལམ་དུ་བོད་ལ་རང་དབང་དགོས་པའི་སྐད་འབོད་གནང་བཞིན་གོམ་བགྲོད་གནང་སྟབས་དེ་མ་ཐག་ཏུ་རྒྱ་གཞུང་གི་ཉེན་རྟོག་མི་སྣ་སོགས་ཀྱིས་མི་མང་གི་མཐོང་སར་ཁོང་ལ་གཅར་རྡུང་གཏོང་བཞིན་བཙན་ཁྲིད་བྱས་ཡོད་ཀྱང་། ད་ཏཱི་ཆར་ཁོང་གང་དུ་བཀག་བསྐྱིལ་བྱས་ཡོད་མེད་སོགས་ཞིབ་ཕྲའི་གནས་སྟངས་གང་ཡང་ཤེས་རྟོགས་ཐུབ་མེད་པ་རེད་འདུག གྲྭ་སངས་རྒྱས་རྒྱ་མཚོ་ལགས་ནི་དགུང་ལོ་ ༡༧ ཡིན་ཞིང་ཕ་ཡུལ་ཆོས་རྗེ་མ་ཡུལ་ཚོ་སོ་རུ་མ་སྡེ་བ་ནས་ཡིན་པ་དང་། ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་གནང་བ་མ་ཟད་དེང་སྐབས་སྔོན་འགྲོའི་འཛིན་གྲྭ་དགུ་པ་རེད་འདུག ཕ་མིང་ལ་རྗེས་དཀར་བཟོད་པ་དང་མ་མིང་ལ་དབང་ཁོ་ཡིན་པར་འགྲེལ་བརྗོད་གནང་ཡོད། གྲྭ་སངས་རྒྱས་རྒྱ་མཚོ་ལགས་ཀྱི་ཞི་རྒོལ་གྱི་གནས་ཚུལ་ཙམ་མ་ཡིན་པར་ཨ་མདོ་རྔ་པའི་ནང་གནས་ཚུལ་གཞན་པ་རེ་བྱུང་ཡོད་ཚུལ་འདུག་ཀྱང་། ད་ལྟའི་ཆར་རྒྱ་གཞུང་གི་དྲག་གནོན་རྐྱེན་པས་ཇི་བཞིན་གསལ་རྟོགས་གནང་ཐབས་མི་འདུག་ཅེས་འཁོད་འདུག རྩ་བའི་འདི་ག་རླུང་འཕྲིན་ཁང་ལ་ཁ་སང་གནས་ཚུལ་ཡོང་ཁུངས་ཤིག་གིས་བོད་རྔ་པའི་ནང་ཉིན་ཤས་གོང་དུ་དགེ་འདུན་རྒྱ་མཚོ་ལགས་དང་ཆོས་ཀྱི་རྒྱ་མཚོ་ལགས་གཉིས་ཀྱིས་རང་ལུས་མེར་བསྲེགས་གནང་ཡོད་སྐོར་འགྲེལ་བརྗོད་གནང་བ་མ་ཟད། བརྒྱུད་ལམ་གཞན་ཁག་གཅིག་ཏུའང་གནས་ཚུལ་དེ་ལྟར་ཕྱིར་བསྒྲགས་བྱས་ཡོད་ཀྱང་། ཆོས་ཀྱི་རྒྱ་མཚོ་ལགས་ནི་ཉེ་སྔོན་ཟླ་བ་འདིའི་ཟླ་སྟོད་དུ་རང་ལུས་མེར་བསྲེགས་གནང་བའི་སྐྱ་བོ་འབྲུག་ཁོ་ལགས་ཀྱི་ཆོས་མིང་ཡིན་སྟབས་མི་གཅིག་ཡིན་པར་འཁྲུལ་ཡོད་པ་རེད་འདུག  

Latest news