Tibetan Royal Year of 2151 | Year of the Wood Dragon

བོད།

ཆབ་སྲིད་བཙོན་ཟུར་སོག་མཁར་བློ་གྲོས་ལགས་བོད་སོག་རྫོང་གི་བཙོན་ཁང་དུ་བཀག་བསྐྱིལ་བྱེད་མུས་རེད་འདུག

ཉེ་ཆར་ཕྱི་ཟླ་ ༡ ཚེས་ ༢༨ ཉིན་བོད་ཀྱི་རྒྱལ་ས་ལྷ་ས་ནས་གར་སོང་ཆ་མེད་དུ་གྱུར་བའི་བོད་མི་ཆབ་སྲིད་བཙོན་ཟུར་སོག་མཁར་བློ་གྲོས་སམ་བློ་གྲོས་རྒྱ་མཚོ་ལགས་ཀྱིས་ཕོ་བྲང་པོ་ཏ་ལའི་མདུན་ནས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་གནང་བར་བརྟེན་རྒྱ་གཞུང་ཉེན་རྟོག་མི་སྣས་ཁོང་འཛིན་བཟུང་གིས་སོག་རྫོང་གི་བཙོན་ཁང་དུ་བཀག་བསྐྱིལ་བྱེད་མུས་རེད་འདུག དེ་ཡང་འབྲེལ་ཡོད་མི་སྣ་ཞིག་གིས་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་གནང་དོན། བློ་གྲོས་རྒྱ་མཚོ་ལགས་ཀྱིས་ཚེས་ ༢༨ ཉིན་ལྷ་སའི་ཕོ་བྲང་པོ་ཏ་ལར་སྐོར་ར་ཚར་གཅིག་ཕེབས་རྗེས་པོ་ཏ་ལའི་མདུན་དུ་ཞི་བའི་སྐད་འབོད་གནང་ཡོད་པ་དང་། སྐབས་དེར་ཁོང་གིས་སྐད་འབོད་གནང་བའི་འབོད་ཚིག་གང་ཡིན་ཤེས་རྟོགས་ཐུབ་མེད་ཀྱང་། རྒྱ་གཞུང་ཉེན་རྟོག་མི་སྣས་ཁོང་བཙན་ཁྲིད་ཀྱིས་ཕྱི་ཉིན་ཙམ་ལ་སོག་རྫོང་གི་བཙོན་ཁང་དུ་བཀག་བསྐྱིལ་བྱེད་བཞིན་ཡོད་པ་ཤེས་རྟོགས་བྱུང་འདུག ཕྱི་ཚེས་ ༢༨ ཉིན་བློ་གྲོས་རྒྱ་མཚོ་ལགས་ནས་སྐད་འབོད་མ་གནང་བའི་སྔོན་དུ་ཁོང་གིས་དུས་ཡུན་སྐར་མ་ ༡ དང་སྐར་ཆ་ ༤༢ ཡོད་པའི་བརྙན་ཐུང་ཞིག་གི་བརྒྱུད་ཁོང་ནས་ད་བར་འཛམ་གླིང་ཞི་བདེ་ཆེད་དུ་ལས་འགུལ་རྒྱུན་ཆད་མེད་པ་སྤེལ་བཞིན་ཡོད་པ་ལྟར། ད་ལན་ཕྱི་ཟླ་ ༡ ཚེས་ ༢༨ ནས་སླར་ཡང་འཛམ་གླིང་ཞི་བདེའི་ལས་འགུལ་ཞིག་དབུ་འཛུགས་ཞུ་རྒྱུ་ཡིན་ཞེས་སོགས་གསུངས་པ་ཕྱིར་འགྱར་བྱུང་འདུག རྩ་བའི་ད་ལྟ་རང་ལོ་ ༥༧ ཡིན་པའི་བློ་གྲོས་རྒྱ་མཚོ་ལགས་ནི་བོད་ནག་ཆུ་ས་ཁུལ་སོག་རྫོང་ཚ་དབྲོག་ཡུལ་ཚོའི་སོག་མཁར་གྲོང་སྡེ་བ་ནས་ཡིན་ཞིང་། ལོ་ངོ་ ༢༡ རིང་རྒྱ་གཞུང་གི་བཙོན་འཇུག་འོག་མི་སྤྱོད་ལས་འདས་པའི་མནར་སྤྱོད་ཚད་མེད་མྱངས་བའི་ཆབ་སྲིད་ཟུར་ཞིག་ཡིན་པ་རེད།

རྩོམ་པ་པོ་འགར་རྩེ་འཇིགས་མེད་ལགས་གློད་བཀྲོལ་བཏང་འདུག

ཕྱི་ལོ་ ༢༠༠༨ ལོ་དང་དེ་རྗེས་ནས་བཟུང་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་པོའི་སྲིད་བྱུས་ལག་བསྟར་འོག་བོད་ནང་བོད་མི་ཚོས་མ་བཟོད་པར་གཅིག་རྗེས་གཉིས་མཐུད་ཀྱིས་རང་བསྲེགས་གནང་བ་སོགས་ཀྱི་སྐོར་རྩོམ་ཡིག་སྤེལ་མཁན་བོད་མི་ཆབ་སྲིད་བཙོན་ཟུར་འགར་རྩེ་འཇིགས་མེད་ལགས་ཟླ་ ༢ ཚེས་ ༤ ཉིན་བཙོན་གྲོལ་བཏང་འདུག དེའང་དེ་རིང་བོད་ཀྱི་པེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ངོ་དེབ་ཐོག་འགར་རྩེ་འཇིགས་མེད་ལགས་གློད་བཀྲོལ་བཏང་བའི་གནས་ཚུལ་ཡོངས་བསྒྲགས་གནང་བའི་ནང་ཁོང་གི་འདྲ་པར་ཁག་ཅིག་ཕྱིར་འགྱུར་བྱུང་བའི་འགར་རྩེ་འཇིགས་མེད་ལགས་བཙོན་གྲོལ་ཐོབ་སྟེ་འགར་རྩེ་དགོན་པར་འབྱོར་བ་དང། དགོན་པའི་དགེ་འདུན་པ་རྣམས་ནས་ཁོང་ལ་དཀར་གཙང་མཇལ་དར་སྒྲོན་ནས་ཕེབས་བསུ་གཟབ་རྒྱས་ཞུ་བཞིན་པའི་རྣམ་པ་མངོན་རྒྱུ་འདུག རྩ་བའི་རྩོམ་པ་པོ་འགར་རྩེ་འཇིགས་མེད་ལགས་ནི། ད་ལྟ་རང་ལོ་ ༤༡ ཡས་མས་ཤིག་ཡིན་པ་དང་ཁོང་བོད་མདོ་སྨད་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་ཁོངས་མགོན་ཤུལ་ཚོ་བ་བཅུའི་ནང་ཚན་སྒར་བ་ནས་རེད་འདུག ཁོང་ཆུང་དུས་སྐབས་འགར་རྩེ་དགོན་པར་ཆོས་བཞུགས་གནང་ནས་བོད་བརྒྱུད་ནང་པའི་མདོ་བསྔགས་རིག་གནས་ལ་སློབ་གཉེར་གནང་ཞིང་། ཕྱི་ལོ་ ༢༠༠༢ ལོར་ཕར་ཕྱིན་རབ་བྱམས་པའི་དམ་བཅའ་བཞག་ཡོད་པ་དང། རིམ་བཞིན་རྩོམ་རིག་གི་ལས་ལ་བཞུགས་འདུག དེའི་ཁྲོད་ནས་ཁོང་གིས་སྦྲང་ཆར་དང་བླ་སྲོག བོད་ཀྱི་སློབ་གསོ་སོགས་དུས་དེབ་ཁག་གི་ཐོག་བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་དང་འབྲེལ་བའི་རྩོམ་ཡིག་ ༢༠༠ ལྷག་སྤེལ་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༥ ལོར་ཁོང་གིས་<<བསམ་གཞིགས་མྱུལ་བའི་ཟིན་ཐོ་>>ཞེས་པ་གསར་རྩོམ་བྱས་ཏེ་སྤྱི་ཚོགས་ཐོག་དགའ་བསུ་ཆེན་པོ་ཐོབ་འདུག དེ་རྗེས་ ༢༠༠༨ ལོར་ཁོང་གིས་བཙན་པོའི་སྙིང་སྟོབས་ཞེས་པའི་དེབ་ཕྲེང་དང་པོ་པར་འགྲེམས་བྱས་ནས་རྒྱ་གཞུང་གི་བཙན་གནོན་འོག་བོད་མི་རིགས་ལ་འཕྲད་བཞིན་པའི་དཀའ་སྡུག་གི་གནས་སྟངས་རྣམས་གསལ་འདོན་གནང་ཡོད་སྟབས། རྒྱ་གཞུང་གིས་ཁོང་ལ་སྔ་རྗེས་སུ་འདྲི་གཅོད་གནོན་ཤུགས་སྤྲད་མཐར་གློད་བཀྲོལ་བཏང་ཡོད། དེ་རྗེས་ཁོང་གིས་བཙན་པོའི་སྙིང་སྟོབས་ཀྱི་དེབ་ཕྲེང་གཉིས་པ་པར་འགྲེམས་ཞུས་པའི་ནང་བོད་ནང་གི་རང་ལུས་མེར་སྲེག་གི་གནད་དོན་གཙོ་གྱུར་རྒྱ་གཞུང་གིས་བོད་ས་ཡོངས་ལ་བཙན་གནོན་དབང་བསྒྱུར་བྱས་པ་ནས་བཟུང་བོད་ནང་བོད་མི་ཚོས་སྔ་རྗེས་སུ་ཞི་བའི་ངོ་རྒོལ་གྱི་གནས་སྟངས་སྤྱི་དང་། ལྷག་ཏུ་༸གོང་ས་མཆོག་དང་༸པཎ་ཆེན་རིན་པོ་ཆེ་མཆོག་རྣམ་གཉིས་དབུས་པའི་བོད་ཀྱི་བླ་མ་དང་དཔོན་པོ། མཁས་པ། རྩོམ་པ་པོ། གླུ་བ། ལས་བྱེད། སློབ་ཕྲུག་སོགས་ཀྱི་ཐོག་རྒྱ་གཞུང་གི་འཛིན་པའི་ཆབ་སྲིད་ཀྱི་ལྟ་སྟངས། དེ་བཞིན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་མི་རིགས་ཀྱི་སྐད་དང་རིག་གནས། རང་བྱུང་ཁོར་ཡུག་བཅས་ཀྱི་ཉམས་ཆག སྐབས་དེའི་བོད་ཀྱི་དགོན་སྡེ་དང་སློབ་གྲྭ། ཚོང་ལས་དཔལ་འབྱོར་བཅས་ཀྱི་ཡ་ང་བའི་གནས་སྟངས་སོགས་གསལ་བཏོན་གནང་ཡོད་པ་ལྟར། ཕྱི་ལོ་ ༢༠༡༣ ལོའི་ཕྱི་ཟླ་ ༡ ཚེས་ ༡ ཉིན་རྒྱ་གཞུང་གིས་འགར་རྩེ་འཇིགས་མེད་ལགས་ཀྱི་ཕྱག་དེབ་དེའི་ནང་ཁ་བྲལ་གྱི་བརྗོད་བྱ་ཡོད་པའི་ཉེས་འཛུགས་འོག་འཛིན་བཟུང་བཙན་ཁྲིད་བྱས་རྗེས་ལོ་དེའི་ཕྱི་ཟླ་ ༥ པའི་ནང་རྨ་ལྷོ་རྫོང་མི་དམངས་ཁྲིམས་ཁང་ནས་ཁོང་ལ་རྒྱལ་ཁབ་ཁ་བྲལ་གྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག་ལོ་ ༥ རིང་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། དེ་རིང་འབྲེལ་ཡོད་མི་སྣ་ཞིག་གིས་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་གནང་བར་འགར་རྩེ་འཇིགས་མེད་ལགས་བཙོན་གྲོལ་ཐོབ་རྗེས་རང་དགོན་དུ་ཕྱིར་ཕེབས་མི་ཆོག་པ་དང་། ཚོགས་པ་དང་གྲོང་པ་ཁག་གི་ནང་དུ་གཏམ་བཤད་དང་ཆབ་སྲིད་ཀྱི་ཕྱག་ལས་གང་ཡང་གནང་མི་ཆོག་པ་བཟོས་པ་མ་ཟད། ཁོང་ལ་ལྟ་རྟོག་བྱེད་མི་ཁ་ཤས་ཆེད་འཛུགས་བྱས་ཡོད་སྐོར་གསུངས་སོང་། ཁོང་ད་བར་ཟི་ལིང་ཁུལ་གྱི་བཙོན་ཁང་ཞིག་ཏུ་བཞག་ཡོད་པ་དེ་ནས་ཉེ་ཆར་བཙོན་གྲོལ་བཏང་ཡོད་པ་རེད་འདུག བཙོན་ཁང་དེར་བཙོན་པ་སྟོང་ཕྲག་ལྔ་དྲུག་ཞིག་ཡོད་པ་དང། བཙོན་འཇུག་རིང་མགར་རྩེ་འཇིགས་མེད་ལགས་ལ་ཟེ་མ་རང་མགོ་དང། གོས་བཟོ་རྒྱུ། དེ་བཞིན་སྐྲ་རྫུན་བཟོ་རྒྱུ་སོགས་ཀྱི་ལས་ཀ་མང་པོ་སྐུལ་བཞིན་ཡོད་པ་རེད་འདུག ཁོང་ལ་བཙོན་འཇུག་སྐབས་ལས་ཀ་མང་པོ་སྐུལ་རྐྱེན་གཟུགས་གཞིའི་གནས་སྟངས་ཞན་པོ་ཆགས་ཡོད་པ་དེ་ལྟར་ཡང། ཉེ་ཆར་བཙོན་གྲོལ་སྐབས་གཟུགས་གཞིའི་གནས་སྟངས་ཇི་ལྟར་ཡོད་མེད་ཀྱི་གནས་ཚུལ་གསལ་པོ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད་འདུག

རེབ་གོང་དུ་བོད་ཀྱི་སྲོལ་རྒྱུན་ལྟར་ལོ་གསར་གཏོང་དགོས་སྐོར་སྒྲིག་གཞི་གཏན་འབེབས།

འདི་ལོ་བོད་རྒྱལ་ལོ་ ༢༡༤༥ རབ་གནས་ས་ཁྱི་ལོའི་གནམ་ལོ་གསར་དུ་བཞེད་ལ་ཉེ་བ་དང་བསྟུན་བོད་མདོ་སྨད་རེབ་གོང་དང་རྩེ་ཁོག་རྫོང་སོགས་ཀྱི་སྡེ་བ་ཁག་ནང་སྡེ་དཔོན་དང་གྲོང་གི་སྐུ་ཚབ་རྣམས་ནས་རང་རང་སོ་སོའི་སྡེ་བའི་ནང་བོད་ཀྱི་ལོ་གསར་གཏོང་ཕྱོགས་སྐོར་གྱི་སྒྲིག་གཞིག་ཁག་ཅིག་གཏན་འབེབས་གནང་བ་དང་། མི་མང་ཚོར་རང་མི་རིགས་ཀྱི་སྲོལ་རྒྱུན་ལྟར་ལོ་གསར་གཏོང་དགོས་པ་ལས་རྒྱའིི་ལུགས་སྲོལ་ལྟར་ཁྲ་ཁྲ་ཟིང་ཟིང་དང་། ལུས་སེམས། འཕྲོད་བསྟེན། དེ་བཞིན་ཁོར་ཡུག་བཅས་པ་གནོད་པའི་ཟས་སྤྱོད་རིགས་སྤོང་དགོས་པའི་འབོད་སྐུལ་གནང་འདུག ལྷག་དོན་རེབ་གོང་སྒོ་མར་སྡེ་བའི་ལོ་གསར་སྐབས་བླང་དོར་ཀྱི་སྒྲིག་གཞི་དོན་ཚན་བཅུ་ཅན་ཞིག་གཏན་འབེབས་གནང་ཡོད་པ་རེད་འདུག སྒོ་དམར་སྡེ་བའི་ལོ་གསར་སྐབས་ཀྱི་གནང་སྒོ་དང་འབྲེལ་བའི་སྒྲིག་གཞི་ཁག་ནི། བླ་སྤྲུལ་སོགས་ལ་ལོ་གསར་ཕུལ་སྐབས་ཁ་བཏགས་མཉམ་དུ་སྒོར་མོ་དང་ཡང་ན་གོ་རེ་འབུལ་རྒྱུ་ལས་ཞོ་དང་འོ་མ། ཁུ་ནག་རིགས། ཤིང་ཏོག་སོགས་ཤོག་སྒམ་དང་ཤེལ་དམ་བཅས་ཀྱི་ནང་ཐུམ་བརྒྱབ་པའི་རིགས་ཕུལ་མི་ཆོག་པ། ཕ་མ་དང་ནང་མི་གྲོགས་པོ་སོགས་ལ་ལོ་གསར་འཚམས་འདྲི་ཞུ་བར་བསྐྱོད་སྐབས་ཁ་བཏགས་མཉམ་དུ་སྒོར་མོ་དང་ཡང་ན་ཚོད་མ་དང་གོ་རེ། ཆང་རག། ཐ་མག ཤོག་སྒམ་དང་ཤེལ་དམ་ནང་ཐུམ་བརྒྱབ་པའི་རིགས་འཁྱེར་མི་ཆོག་པ། ལོ་གསར་མེད་མཁན་ཚོར་ལོ་གསར་འཁྱེར་སྐབས་ཚེས་ ༣ ཉིན་ཁ་བཏགས་མཉམ་དུ་སྒོར་བཅུ་རེ་འཁྱེར་རྒྱུ་ལས་ཐུམ་བརྒྱབ་པའི་ཟས་རིགས་དང་བཏུང་བའི་རིགས་འཁྱེར་མི་ཆོག་པ། ལོ་གསར་ཚེས་ ༡ དང་བོད་ཟླ་ ༡༢ ཚེས་ ༢༤ དགོང་མོ་ཤོག་སྦག་རྒྱག་སྐབས་མེ་ཏོག་འགད་རྫས་རིགས་རྩ་བ་ཉིད་ནས་བརྒྱབ་མི་ཆོག་པ། ལོ་གསར་སྡེར་ཁ་སྒྲིག་སྐབས་འཕྲོད་བསྟེན་ལ་གནོད་པའི་ཟས་རིགས་དང་ཐུམ་བརྒྱབ་པའི་བཏུང་བའི་རིགས། དེ་བཞིན་ང་ཚོ་ནང་པ་སངས་རྒྱས་པ་ཞིག་ཡིན་པའི་ཆ་ནས་དཀོན་མཆོག་གི་རྟེན་དྲུང་དུ་ཤའི་སྡེར་ཁ་སྒྲིག་མི་དགོས་པར་རེ་སྐུལ་ཞུ་རྒྱུ། ལོ་གསར་སྐབས་དང་མི་མང་འཛོམས་སར་ངེས་པར་དུ་ཕོ་མོ་རྒན་གཞོན་ཚང་མས་བོད་ལྭ་གྱོན་དགོས་པ། ལོ་གསར་སྐབས་ཁྱིམ་ཕྱི་ནང་སོགས་ལ་འདྲ་པར་སྦྱར་སྐབས་བོད་རང་གི་ལུགས་སྲོལ་གཞིར་བཞག་གནང་དགོས་པ། ལོ་གསར་སྐབས་གླུ་ལེན་དང་གར་རྩེད་གནང་རྒྱུ་ལས་རྒྱན་འགྱེད་པ་སོགས་རྒྱན་པོ་རིགས་རྩ་བ་ཉིད་ནས་མི་བརྩེ་བ། རང་སྡེ་བའི་ནང་གི་ཚོང་ཁང་གི་བདག་པོ་དང་བདག་མོ་ཚོས་བྱིས་པའི་འཕྲོད་བསྟེན་ལ་གནོད་པའི་ཟས་རིགས་བཙོང་རྒྱུ་དང་། ཚོང་ཁང་གི་ཉེར་འཁོར་གད་རྙིགས་རྣམས་དོ་བདག་སོ་སོ་ནས་ཉར་ཚགས་གནང་རྒྱུ་དང་། ལོ་གསར་དང་གར་འཆམ་སྐབས་སུ་དགོན་པའི་ཉེ་འཁོར་དང་མཆོད་རྟེན་གཡས་གཡོན་བཅས་སུ་ཤ་རིགས་མེར་བསྲེགས་བཏང་ནས་མི་བཙོང་བ། དེ་བཞིན་ལོ་གསར་ཚེས་ ༡ ཉིན་དགོན་པར་བསང་གསོལ་གཏོང་སྐབས་རླུང་རྟ་མི་གཏོར་བ་མ་ཟད་མཆོད་རྟེན་མདུན་དུའང་མི་གཏོར་བ། ཅི་སྟེ་རླུང་རྟ་གཏོར་དགོས་ཚེ་རི་མགོར་སོང་ནས་གཏོར་དགོས་པ་བཅས་ཀྱི་སྒྲིག་གཞི་དོན་ཚན་བཅུ་ཅན་ཞིག་གཏན་འབེབས་གནང་ཡོད་པ་རེད། གཞི་རྩའི་དེང་སྐབས་བོད་ནང་བོད་རང་གི་སྲོལ་རྒྱུན་གཉེན་སྟོན་དང་ལོ་གསར་སོགས་བོད་མི་རང་གི་ཐུན་མིིན་སྲོལ་རྒྱུན་དགའ་སྟོན་གཉེར་སྲོལ་ལས་འདས་ཏེ་རྒྱའི་ལུགས་སྲོལ་མཉམ་སྲེ་གནང་ཤུགས་ཆེ་རུ་འགྲོ་བཞིན་ཡོད་སྟབས་གཞོན་སྐྱེས་མང་པོས་དེ་དག་ནི་བོད་མིའི་ལུགས་སྲོལ་ཡིན་ཤག་གནང་བཞིན་ཡོད་པར་བརྟེན་མ་འོངས་པར་བོད་མིའི་སྲོལ་རྒྱུན་གཉེན་སྟོན་དང་ལོ་གསར་སོགས་གནང་སྒོ་དེ་དག་རིམ་བཞིན་རྩ་བརླག་འགྲོ་ཉེན་ཡོད་པ་རེད་འདུག

ཨིན་ཡུལ་སྲིད་བློན་མཆོག་ལ་རྒྱ་ནག་གི་བརྙས་བཅོས་འོག་མགོ་སྒུར་རྒྱུ་མེད་པའི་ཞུ་འབོད།

ཨིན་ཡུལ་གྱི་སྲིད་བློན་ལྕམ་ Theresa May མཆོག་དེ་རིང་ནས་ཉིན་གྲངས་གསུམ་རིང་རྒྱ་ནག་ཏུ་གཞུང་འབྲེལ་འཚམས་གཟིགས་ཕེབས་ཀྱི་ཡོད་པ་དང་བསྟུན། ཁ་སང་ཨིན་ཡུལ་ནང་རྟེན་གཞི་བྱས་པའི་ Tibet Society དང་ Free Tibet བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ཀྱིས་གཙོས་ཨིན་ཡུལ་བོད་རིག་ཚོགས་པ། ཨ་རིར་ཡོད་པའི་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང། དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱིས་ཨིན་ཡུལ་སྲིད་བློན་མཆོག་གི་མཚན་ཐོག་ཏུ་ཞུ་སྙན་ཞིག་ཕུལ་བའི་བརྒྱུད་རྒྱ་ནག་གཞུང་གི་བརྙས་བཅོས་འོག་མགོ་སྒུར་རྒྱུ་མེད་སྐོར་ཞུས་འདུག དེ་ཡང་ཁ་སང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་དྲ་གནས་ཐོག་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་དག་གིས་ཨིན་ཡུལ་སྲིད་བློན་མཆོག་གི་མཚན་ཐོག་ལ་ཕུལ་བའི་ཕྱག་བྲིས་དེ་འདོན་སྤེལ་གནང་འདུག་པ་དང། དེའི་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་ནས་བོད་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང། རྒྱ་ནག་གཞུང་གི་ངོས་ནས་རྒྱལ་སྤྱིའི་གཞུང་ཚོགས་ཁག་ལ་གནད་དོན་དེ་དག་ཐོག་གླེང་སློང་མི་གནང་བར་གནོན་ཤུགས་ཆེས་སྤྲོད་བཞིན་ཡོད་པར་བློ་འཚབ་ཡོད་པ་འགྲེལ་བརྗོད་དང་སྦྲགས། ཨིན་ཡུལ་ནི་རྒྱ་ནག་གི་ཚོང་འབྲེལ་ཤུགས་ཆེ་བྱ་ཡུལ་རྒྱལ་ཁབ་ཡིན་པའི་ཆ་ནས་རྒྱ་ནག་ཐོག་གནོན་ཤུགས་སྤྲོད་ཐུབ་མཁན་གྱི་རྒྱལ་ཁབ་ཡིན་སྟབས། ལྕམ་སྐུ་མཆོག་ནས་གནས་བབ་དང་ནུས་པ་དེ་དག་དམ་འཛིན་གྱིས་སྲིད་འཛིན་ཞི་ཅིང་ཕིང་དབུས་པའི་རྒྱ་ནག་གི་འགོ་ཁྲིད་ཚོ་དང་ལྷན་འགྲོ་བ་མིའི་ཐོབ་ཐང་དང་བོད་ཀྱི་གནད་དོན་ཐོག་ལ་གླེང་སློང་ངེས་པར་དུ་གནང་དགོས་གལ་ཡིན་པ་མ་ཟད། དེ་ལྟར་མ་གནང་ཚེ་ཨིན་ཡུལ་རྒྱལ་ཁབ་ཀྱི་གཞི་རྩའི་རིན་ཐང་དང་མང་གཙོའི་ལངས་ཕྱོགས་ཀྱི་ཆེ་མཐོང་ལ་གནོད་རྒྱུ་ཡིན་པ་གསུངས་འདུག བོད་དོན་རྒྱབ་སྐྱོར་ཚོགས་པའི་ཕྱག་བྲིས་དེའི་ནང་ད་དུངསྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་དང་རྒྱ་རིགས་སྐུ་ཞབས་ Liu Xiaobo ལགས་གཉིས་རྒྱ་ནག་གི་བཙོན་འཇུག་འོག་སྐུ་གྲོངས་པ་དང། རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་འཁོད་པའི་བོད་མིའི་སྐད་ཡིག་རང་དབང་ཐོག་ཕྱག་ལས་གནང་མཁན་བཀྲིས་དབང་ཕྱུག་ལགས་ལ་ཉེས་མེད་ཉེས་འཛུགས་ཀྱིས་ཁྲིམས་བཤེར་བྱས་པའི་གནད་དོན་ཁག་འབུར་བཏོན་གྱིས་བོད་དང་ཤིན་ཅང་། རྒྱ་ནག་རྒྱལ་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་ལ་བརྩི་མེད་རྡོག་རོལ་ཤུགས་ཆེ་གཏོང་བཞིན་ཡོད་པ་མངོན་གསལ་གནང་ཡོད་པ་རེད། ལྷག་ཏུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཀྱི་འབྲུ་དོན་རྣམས་ཚོང་འབྲེལ་རྒྱལ་ཁབ་ཙམ་མ་ཟད་ཚོང་འབྲེལ་བྱ་ཡུལ་ས་གནས་ས་ཐོག་གི་མང་ཚོགས་ཡོངས་ལ་ཁྱབ་ཀྱི་ཡོད་སྟབས། ཨིན་ཡུལ་གཞུང་གི་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གནང་སྐབས་བོད་དང་ཤིན་ཅང་སོགས་ཀྱི་འགྲོ་བ་མིའི་ཐོབ་དང་སྤྱི་དམངས་ཀྱི་ཐོབ་ཐང་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་ཀྱི་ཡོད་མེད་ལ་ཞིབ་འཇུག་གནང་རྒྱུའི་འོས་འགན་ཡོད་པ་ནན་བརྗོད་གནང་འདུག

ལོ་ངོ་ཉི་ཤུ་ལྷག་བཙོན་འཇུག་ཁྲིམས་ཆད་ཕོག་པའི་ཆབ་སྲིད་བཙོན་ཟུར་ཞིག་ཉེ་ཆར་གར་སོང་ཆ་མེད་དུ་གྱུར་འདུག

ལོ་ངོ་ ༢༠ ལྷག་བཙོན་འཇུག་ཁྲིམས་ཆད་ཕོག་པའི་བོད་མི་ཆབ་སྲིད་བཙོན་ཟུར་སོག་མཁར་བློ་གྲོས་སམ་བློ་གྲོས་རྒྱ་མཚོ་ལགས་ཁ་ཉིན་ཕྱི་ཚེས་ ༢༨ ཉིན་བོད་ཀྱི་རྒྱལ་ས་ལྷ་ས་ནས་གར་སོང་ཆ་མེད་དུ་གྱུར་འདུག རྩ་བའི་བློ་གྲོས་རྒྱ་མཚོ་ལགས་ལ་དེ་སྔ་ཕྱི་ལོ་ ༡༩༩༣ ལོར་རྒྱ་གཞུང་གིས་མི་བསད་པའི་ནག་ཉེས་འོག་ལོ་བཅོ་ལྔ་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དེ་ལྟར་ཡང། ཕྱི་ལོ་ ༡༩༩༥ ལོར་ལྷ་སའི་གྲྭ་བཞི་བཙོན་ཁང་དུ་ཁོང་གི་༸རྒྱལ་བ་རིན་པོ་ཆེ་༸སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག་ཞེས་འཁོད་པའི་ཡིག་ཆ་འགྲེམས་སྤེལ་དང་སྐད་འབོད་གནང་རྐྱེན་སྲོག་གཅོད་ཀྱི་ཁྲིམས་ཆད་བཏང་འདུག འོན་ཏང་སྐབས་དེར་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་བཅས་ཀྱིས་གནོན་ཤུགས་སྤྲད་པའི་ཁྲོད་ཁོང་ལ་ལོ་དྲུག་གི་སྲོག་ཁྲིམས་ནར་འགྱངས་དང་ཆབ་སྲིད་ཀྱི་ཐོབ་ཐང་ལོ་གསུམ་འཕྲོག་ནས་མཐར་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢ ཉིན་ལོ་ ༢༠ ཙམ་བཙོན་གྲོལ་བཏང་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་ནས་ཕྱི་ལོ་ ༢༠༡༦ ལོར་གནས་ཚུལ་སྤེལ་བའི་ནང་བློ་གྲོས་རྒྱ་མཚོ་ལགས་ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༡༤ ཉིན་སླར་འཛིན་བཟུང་གནང་བའི་གནས་ཚུལ་ཞིག་སྤེལ་རྗེས་ཁོང་གི་གནས་སྟངས་ཇི་ཆགས་ཞིབ་ཕྲ་བཀོད་ཐུབ་མེད། ད་ལན་བོད་མི་ཞིག་གིས་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་གནང་བར་དེ་སྔ་ཕྱི་ལོ་ ༢༠༡༣ ལོར་བློ་གྲོས་རྒྱ་མཚོ་ལགས་ལ་བཙོན་གྲོལ་ཐོབ་རྗེས་ཁོང་བཟང་བཙོན་འོག་བཞག་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ལོར་རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཅིག་ཏུ་བོད་མི་ཚོར་བཙན་དབང་གིས་སྟག་གཟིག་གི་པགས་པ་གྱོན་བཅུག་པ་དང། གཞས་སྣ་འཁྲབ་སྟོན་ལ་བལྟ་བཅུག་པའི་གནད་དོན་དང། དེ་བཞིན་ཕྱི་ལོ་ ༢༠༡༦ ལོར་རྒྱ་གཞུང་གིས་བོད་པའི་ས་ཕྱོགས་གཞན་གྱི་ནང་དུ་སློབ་གཉེར་གནང་བཞིན་པའི་གྲྭ་བཙུན་མང་དག་ཞིག་རང་གི་ཕ་ཡུལ་དུ་ཕྱིར་ལོག་བྱེད་དུ་བཅུག་པ་མ་ཟད། དེ་ལྟར་མི་གནང་མཁན་གྱི་ནང་མིའི་འཚོ་བའི་ཡོངས་ཁུངས་མེད་པ་བཟོ་རྒྱུའི་རྡིག་ར་སྐུལ་བའི་གནད་དོན་ཁག་ལ་བློ་གྲོས་རྒྱ་མཚོ་ལགས་ཀྱིས་མ་བཟོད་པར་སྲིད་གཞུང་ལ་ཁྲིམས་འགལ་ཡིན་པའི་ཞུ་གཏུགས་གནང་བར་བརྟེན། ལོ་དེ་གཉིས་ནང་རྒྱ་གཞུང་གིས་ཁོང་ཐེངས་འགའ་འཛིན་བཟུང་བཀག་ཉར་བྱས་ཡོད་པ་གསུངས་སོང་། ཉེ་བའི་ཆར་བློ་གྲོས་རྒྱ་མཚོ་ལགས་ནས་གལ་ཏེ་ཁོང་མི་གཞན་དང་འདྲ་བར་ཆབ་སྲིད་ཀྱི་ཉེས་མེད་ཆགས་ཚེ་ཁོང་ནས་ལྷ་སར་ཞི་བདེའི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་པ་དང། དེའང་༸རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་བོད་ལ་མྱུར་དུ་ཕེབས་རྒྱུ་གཙོས། རྒྱ་ནག་དང་འཛིམ་གླིང་གི་དམག་དཔུང་རྣམས་མེད་པ་བཟོ་རྒྱུ་མ་ཟད་བོད་འདི་འཛམ་གླིང་ཞི་བདེའི་བསྟི་གནས་ཤིག་ཡོང་བར་སྐད་འབོད་གནང་རྒྱུ་ཡིན་ཞེས་ཡང་ཡང་གསུང་བཞིན་ཡོད་པ་རེད་འདུག ཉེ་ཆར་ཟླ་བ་འདིའི་ཕྱི་ཚེས་ ༢༨ ཉིན་བོད་མི་ཆབ་སྲིད་བཙོན་ཟུར་སོག་མཁར་བློ་གྲོས་སམ་བློ་གྲོས་རྒྱ་མཚོ་ལགས་བོད་ཀྱི་རྒྱལ་ས་ལྷ་ས་ནས་གར་སོང་ཆ་མེད་དུ་གྱུར་བ་ནི། ཁོང་གིས་དེ་སྔ་གསུངས་པ་བཞིན་ལྷ་སར་ངོ་རྒོལ་སྐད་འབོད་གནང་རྐྱེན་ཡིན་པར་ཚོད་དཔག་གནང་གི་འདུག འོན་ཀྱང་ད་བར་ཁོང་གི་སྐད་འབོད་གནང་ཐུབ་ཡོད་མེད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད།

བོད་གསེར་རྟ་བླ་རུང་ཆོས་སྒར་ལ་བཏང་འཛིན་བྱེད་མཁན་རྒྱ་ནག་དམར་ཤོག་ཚོགས་པའི་ལས་བྱེད་ ༢༠༠ ཙམ་བསྐོ་བཞག

རྒྱ་ནག་གཞུང་གིས་བོད་གསེར་རྟ་བླ་རུང་སྒར་གྱི་འཛིན་སྐྱོང་དང་བདེ་འཇགས། དཔལ་འབྱོར། སློབ་ཁྲིད་དང་སློབ་ཞུགས་སོགས་ཀྱི་ལས་དོན་ཡོངས་ལ་བཏང་འཛིན་ཆེད་རྒྱ་ནག་དམར་ཤོག་ཚོགས་པའི་ལས་བྱེད་ ༢༠༠ ཙམ་བསྐོ་བཞག་བྱས་ཡོད་པ་མངོན་གསལ་གནང་འདུག དེ་ཡང་ཉེ་ཆར་ཟླ་ ༡ ཚེས་ ༢༤ ཉིན་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་གནས་ཚུལ་སྤེལ་བར་ལྟ་ཞིབ་ཚོགས་པར་རྒྱ་ནག་གཞུང་འབྲེལ་ཡིག་ཆ་ཞིག་ལག་སོན་བྱུང་བའི་ནང་བླ་རུང་སྒར་དུ་གྲྭ་ཤག་གཏོར་བཤིག་དང་གྲྭ་བཙུན་ཕྱིར་ཕུད་ཀྱི་ལས་རིམ་ཡོངས་མཇུག་སྒྲིལ་རྗེས། མ་འོངས་པར་དགོན་པའི་འཛིན་སྐྱོང་དང་བདེ་འཇགས། དཔལ་འབྱོར། སློབ་ཁྲིད། སློབ་ཞུགས། དེ་བཞིན་སློབ་ཁྲིད་ཀྱི་ནང་དོན་གཏན་འབེབས་བཅས་ཀྱི་ལས་དོན་ཡོངས་རྫོགས་ཐོག་ལ་བཏང་འཛིན་བྱ་སླད་རྒྱ་ནག་དམར་ཤོག་ཚོགས་པའི་ལས་བྱེད་ ༢༠༠ ཙམ་བསྐོ་བཞག་བྱས་ཡོད་པ་བཀོད་འདུག སྔ་ལོའི་ཕྱི་ཟླ་ ༨ པའི་ནང་རྒྱ་གཞུང་གིས་བླ་རུང་སྒར་དང་འབྲེལ་བའི་ཡིག་ཆ་འདོན་སྤེལ་བྱས་ཡོད་པ་ལྟར་བླ་རུང་སྒར་དེ་ལྔ་རིག་ནང་བསྟན་སློབ་གླིང་དང་བླ་རུང་ཆོས་སྒར་ཞེས་དུམ་བུ་གཉིས་སུ་དབྱེ་རྒྱུ་དང། དུམ་བུ་གཉིས་པོའི་འཛིན་སྐྱོང་ཙམ་མ་ཟད། ཚོགས་སྡེ་ཆེ་ཆུང་ཡོངས་རྫོགས་ནང་དུ་ཚོགས་མི་བརྒྱ་ཆ་ ༥༠ དམར་ཤོག་ཚོགས་པའི་ལས་བྱེད་བཞག་རྒྱུ། ལྷག་ཏུ་ལྔ་རིག་ནང་བསྟན་སློབ་གླིང་གཅིག་པོའི་ནང་དུ་ལས་བྱེད་པ་ ༩༧ བཞག་རྒྱུ་ཡིན་པ་བཞིན་ཚོགས་སྡེ་ཆེ་ཆུང་ཚང་མའི་འགོ་འཛིན་གྱི་གནས་རིམ་མཐོ་ཤོས་སུ་རྒྱ་གཞུང་མི་སྣ་བཞག་ཡོད་པ་རེད། རྒྱ་གཞུང་གི་ཡིག་ཆའི་ནང་ཕྱིན་ཆད་བླ་རུང་སྒར་དུ་ཟི་ཁྲོན་ཞིང་ཆེན་ཁོངས་ནས་ཡིན་པ་མ་གཏོགས་ཕྱི་ཕྱོགས་ནས་སློབ་མ་འཛུལ་ཞུགས་མི་ཆོག་པ་དང་། ནང་བསྟན་སློབ་གླིང་དུ་འཛིན་གྲྭ་ཁྱོན་ཡོངས་ཀྱི་བརྒྱ་ཆ་ ༤༠ ཆབ་སྲིད་དང་ཆོས་ཐོག་འབྲེལ་མེད་གནད་དོན་གཞན་གྱི་ཐོག་སློབ་ཁྲིད་བྱ་རྒྱུ་དང་། དེ་བཞིན་སློབ་གཉེར་བ་གསར་ཞུགས་སྐབས་ཆབ་སྲིད་ཀྱི་ལངས་ཕྱོགས་དང། རྒྱལ་ཁབ་ལ་ཞེན་ཁོགས། རྒྱ་ནག་གི་རིག་གཞུང་དང་དམར་ཤོག་ཚོགས་པའི་ལྟ་གྲུབ་ལ་ངོས་ལེན་གནང་མིན་དེ་ཆ་རྐྱེན་གལ་ཆེ་ཞིག་ཆགས་རྒྱུ་ཡིན་པ་སོགས་འཁོད་འདུག འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་ངེས་སྟོན་པ་ལྕམ་ Sophie Richardson ལགས་ཀྱིས་རྒྱ་ནག་གཞུང་གིས་བླ་རུང་སྒར་གྱི་བཏང་འཛིན་དང་འབྲེལ་བའི་བསྒྱུར་བཅོས་དེ་དག་བོད་མིའི་ཆོས་དད་རང་དབང་དང་ཡོངས་སུ་དངོས་འགལ་ཆགས་ཡོད་པ་མ་ཟད། དེས་མང་ཚོགས་ཀྱི་ངོས་ནས་གཞུང་ལ་མི་དགའ་བའི་ཚོར་ཤུགས་ཆེ་རུ་གཏང་ངེས་ཡིན་པ་མངོན་གསལ་གནང་འདུག ད་དུང་ཁོང་གིས་རྒྱ་གཞུང་གིས་དེ་ལྟར་བྱེད་བཞིན་ཡོད་པ་དེས་གྲྭ་བཙུན་ཕྱིར་ཕུད་ཙམ་མ་ཟད་ཆོས་སྒར་གྱི་ལས་དོན་ཡོངས་ཀྱི་ཐོག་བཏང་འཛིན་དོ་ནན་དང་ཐེ་བྱུས་བྱ་རྒྱུར་ཆེད་དམིགས་ཀྱིས་ལས་དོན་སྤེལ་བ་ཞིག་ཡིན་པ་གསུངས་འདུག་པ་དང་ཆབས་ཅིག མ་འོངས་པར་རྒྱ་ནག་གི་མི་སེར་ཡོངས་རྫོགས་ཀྱི་ཆོས་དད་རང་དབང་ལ་དྲག་གནོན་གྱི་ཉེན་ཁ་ཆེ་རུ་འགྲོ་རྒྱུ་ཡིན་པ་མངོན་གསལ་ཆགས་ཡོད་པ་གསུངས་འདུག རྩ་བའི་བོད་གསེར་རྟ་བླ་རུང་སྒར་དུ་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༦ ལོའི་ཕྱི་ཟླ་ ༧ པ་ནས་བཟུང་གྲྭ་ཤག་གཏོར་བཤིག་དང་གྲྭ་བཙུན་ཕྱིར་ཕུད་ཀྱི་ལས་གཞི་སྤེལ་བའི་ཁྲོད། བླ་རུང་ཆོས་སྒར་གྱི་གྲྭ་ཤག་ ༤༧༠༠ ལྷག་གཏོར་བཤིགས་བཏང་ཟིན་པ་དང་། བླ་རུང་སྒར་དང་ཡར་ཆེན་སྒར་གཉིས་ནས་གྲྭ་བཙུན་དང་སློབ་གཉེར་བ་ཁྱོན་ ༤༨༠༠ ལྷག་ཕྱིར་ཕུད་བཏང་ཡོད་པ་རེད།

ཧྥ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་བཅུ་བཞིས་བཀྲིས་དབང་ཕྱུག་ལགས་ལ་དྲང་བདེན་དང་ཕྱི་གསལ་ནང་གསལ་གྱི་ཁྲིམས་བཤེར་དགོས་པའི་ཞུ་འབོད་གནང་འདུག

ཕ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་བཅུ་བཞིས་རྒྱ་གཞུང་གིས་བོད་མི་སྐད་ཡིག་སྲུང་སྐྱོབ་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་ལ་རྒྱལ་སྤྱིའི་ཁྲིམས་ཀྱི་འབྲུ་དོན་ལྟར་དྲང་བདེན་དང་ཕྱི་གསལ་ནང་གསལ་གྱི་ཁྲིམས་བཤེར་དགོས་པ་མ་ཟད། ལྷག་དོན་དུ་ཁོང་གི་ཐུགས་འདོད་ལྟར་ཁྲིམས་རྩོད་པ་གླ་རྒྱུ་དང་རང་ཉིད་ཀྱི་ནང་མི་དང་ལྷན་རྒྱུན་ལྡན་བཞིན་ཐུག་འཕྲད་གནང་བཅུག་དགོས་པའི་ཞུ་འབོད་གནང་འདུག དེའང་ཕ་རན་སིའི་གྲོས་ཚོགས་གོང་མའི་ནང་གི་བོད་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Michel Raison ལགས་ཀྱི་མཚན་ཐོག་ཏུ་ཁ་སང་ཕྱི་ཚེས་ ༢༣ ཉིན་སྤྱི་བསྒྲགས་ཤིག་འདོན་སྤེལ་གནང་ཡོད་པ་དང། དེའི་ཐོག་སྐུ་ཞབས་ Raison ལགས་དང་ཚོགས་གཙོ་གཞོན་པ་ Annick Billon ལགས། Patricia Morhiet-Richaud ལགས། Andre Gattolin ལགས་བཅས་དབུས་པའི་ཁྱོན་གྲོས་ཚོགས་འཐུས་མི་ ༡༤ ནས་རྒྱབ་སྐྱོར་མཚན་རྟགས་བཀོད་འདུག གཞི་རྩའི་བཀྲིས་དབང་ཕྱུག་ལགས་ལ་འདི་ལོ་ཟླ་ ༡ ཚེས་ ༤ ཉིན་རྒྱ་གཞུང་གིས་དབྱེ་བའི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་ཁོང་གི་ནག་ཉེས་དང་འབྲེལ་གཏུགས་བཤེར་ཚོུད་ ༤ ཙམ་གནང་ཡོད་ཀྱང་ཁྲིམས་ཁང་ནས་སྐབས་དེར་ཁོང་གི་གྱོད་གཞིའི་ཐོག་ཐག་གཅོད་གང་ཡང་བྱུང་མེད་པ་མ་ཟད། དེ་ཉིན་ཨ་རི་དང་འཇར་མ་ནི། དབྱིན་ཡུལ། ཁེ་ན་ཌ། དེ་བཞིན་ཡུ་རོབ་མཐུན་ཚོགས་བཅས་ཀྱི་གཞུང་ཚབ་ལས་ཁང་ནས་བཀྲིས་དབང་ཕྱུག་ལགས་ཀྱི་གཏུགས་བཤེར་ཐོག་བཅར་རྒྱུའི་ཆེད་དུ་ཡུལ་ཤུལ་བར་ཕེབས་ཡོད་ཀྱང་རྒྱ་གཞུང་གིས་ཁྲིམས་བཤེར་དངོས་ཀྱི་ཐོག་བཅར་བཅུག་མེད་པ་རེད། ཕ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་ ༡༤ རྣམས་ཀྱིས་སྤེལ་བའི་སྤྱི་བསྒྲགས་དེའི་ནང་དེ་སྔོན་ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༠ ཉིན་མོ་སྟེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་བསྟུན་ཡོ་རོབ་མཐུན་ཚོགས་ཚོགས་མི་རྒྱལ་ཁབ་ ༢༨ སོ་སོའི་རྒྱ་ནག་གི་གཞུང་ཚབ་རྣམས་ནས་བཀྲིས་དབང་ཕྱུག་ལགས་གློད་བཀྲོལ་དགོས་པའི་ཡོངས་ཁྱབ་སྤྱི་བསྒྲགས་སྤེལ་ཡོད་པ་མ་ཟད་སྔ་ལོའི་ཟླ་ ༢ པའི་ནང་མཉམ་འབྲེལ་རྒྱལ་ཚོགས་གྱི་དམིགས་བསལ་རྟོག་ཞིབ་པ་ལྔ་དང་གཞན་ཡང་རྒྱལ་ཚོགས་ཀྱི་གང་བྱུང་བཀག་ཉར་རྟོག་ཞིབ་ལས་དོན་ཚོགས་ཆུང་ནས་ཀྱང་ཁོང་ལ་སེམས་འཚབ་ཡོད་སྐོར་གསུངས་ཡོད་པ་ལུང་འདྲེན་དང་འབྲེལ། ཕ་རན་སི་གྲོས་ཚོགས་ནང་གི་བོད་དོན་ཚོགས་ཆུང་གིས་ཀྱང་དེ་དག་ལ་རྒྱབ་སྐྱོར་ཞུ་རྒྱུ་མ་ཟད། རྒྱ་གཞུང་གི་ངོས་ནས་ད་རེས་བཀྲིས་དབང་ཕྱུག་ལགས་སུ་རྒྱལ་སྤྱིའི་ཁྲིམས་ཀྱི་འབྲུ་དོན་བཞིན་དྲང་བདེན་དང་ཕྱི་གསལ་ནང་གསལ་གྱི་ཁྲིམས་བཤེར་བྱེད་དགོས་ཞེས་གསུངས་འདུག

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནང་བོད་ཡིག་ཚད་ལྡན་བཀོལ་སྤྱོད་དགོས་པའི་བརྡ་ཁྱབ།

ཉེ་ཆར་མཚོ་སྔོན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་ཞེས་པའི་མིང་ཐོག་ནས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནང་བོད་ཡིག་དང་རྒྱ་ཡིག་གཉིས་བེད་སྤྱོད་དང་དོ་དམ་ལ་ཤུགས་སྣོན་དང་ཚད་ལྡན་བཟོ་བ།  སྤྱི་ཚོགས་ཁྲོམ་རའི་ནང་བོད་རྒྱ་སྐད་ཡིག་གཉིས་འདྲ་མཉམ་བེད་སྤྱོད་ཚད་ལྡན་ཅན་དུ་སྐུལ་འདེད་བཅས་ཀྱི་ཆེད་དུ་རྒྱ་ནག་གི་རྩ་ཁྲིམས་དང་མི་རིགས་མངའ་ཁོངས་རང་སྐྱོང་བཅའ་ཁྲིམས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རང་སྐྱོང་སྲོལ་ཡིག དེ་བཞིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བོད་སྐད་ཡིག་བྱ་བའི་སྲོལ་ཡིག་བཅས་ཀྱི་གཏན་འབེབ་གཞིར་བཟུང་སྟེ་བོད་སྐད་ཡིག་བེད་སྤྱོད་ཚད་ལྡན་བྱེད་དགོས་པའི་སྐོར་དོན་ཚན་ ༡༣ ཡོད་པའི་བརྡ་ཁྱབ་གཅིག་བཏང་ཡོད་པ་རེད།   དོན་ཚན་ ༡༣ པོ་དེ་དག་ནང་གཞུང་དང་སྤྱི་ཚོགས། སྡེ་ཚན་ཁག་གི་མིང་ཡོད་ཚད་བོད་ཡིག་ཐོག་བྲི་དགོས་པ་འཁོད་འདུག་པ་དང་། དེ་ཡང་ལས་ཁུངས་དང་མི་དམངས། ཚོགས་པ། དྲག་ཆས་སྟོབས་ཤུགས། ཁེ་ལས་དང་ལས་དོན་ལས་ཁུངས་བཅས་ཀྱི་སྒོ་བྱང་། གཞུང་ཐམ། གཞུང་ཡིག་གི་ཁ་བྱང་། དཔང་ཡིག ཚོགས་འདུའི་རྟགས་བྱང་། རས་བྱང་། རྒྱང་སྒྲོག་བརྙན་འཕྲིན་དང་གཙོ་རྒྱུགས་དྲྭ་ཚིགས། ཚགས་པར། དུས་དེབ། དཔེ་དེབ། སྒྲ་བརྙན་ཐོན་རྫས་སོགས་པར་སྐྲུན་བྱ་བའི་རིགས། རང་བྱུང་ས་ཁམས་ཀྱི་མིང་དང་། ས་མིང་། ས་གནས་ཀྱི་མིང་། ལུས་རྩལ། གནས་སྐོར། དུས་སྟོན་སོགས་བྱ་འགུལ། གནས་སྐོར་མཚོན་རྟགས་དང་མཛེས་ལྗོངས་རྟགས། འགྲིམ་འགྲུལ་ལམ་བྱང་དང་རླངས་འཁོར་ས་ཚིགས་སོགས་ཀྱི་མཚོན་རྟགས།  འཕྲུལ་སྒུལ་འཁོར་ལོའི་སྒོ་བྱང་། དེ་བཞིན་གཞུང་སྒེར་གྱི་བཟོ་ཚོང་ཁང་ཁག་གི་མིང་། ས་གནས་ཀྱི་ཚོང་རྫས་ཀྱི་མིང་དང་ཚོང་རྟགས། ཕྱི་ཐུམ། གསལ་བཤད། ཕྱི་རོལ་གྱི་གློག་རྡུལ་འཆར་ངོས་དང་ཕྱི་རོལ་གྱི་སྤྱི་ཕན་རང་བཞིན་གྱི་འགྲེམས་བརྡ། དངུལ་འཛིན་སྣ་ཚོགས་སོགས་ཀྱི་ཐོག་བོད་ཡིག་བཀོལ་སྤྱོད་དགོས་པ་འཁོད་ཡོད་པ་རེད། ལྷག་དོན་དོན་ཚན་ ༦ པའི་ནང་་བོད་ཡིག་འབྲི་བ་དང་དཔར་བ། བརྐོ་བ། བྱུགས་པ་སོགས་ངེས་པར་དུ་ཚད་ལྡན་དང་ཡང་དག་ཡིན་དགོས་ཤིང་། བྱང་ངོས་གྲལ་དག་དང་འོས་འཚམ། མཛེས་པ་ཡིན་དགོས། ཡིག་ནོར་དང་ཡིག་ཆད། རང་སྐྱོང་ཁུལ་གྱི་སྣང་བརྙན་ལ་ངན་ཤུགས་ཐེབས་པའི་ནོར་འཁྲུལ་ཤོར་བ་གཏན་འགོག་བྱེད་དགོས་ཞེས་གསལ་འདུག ལྷག་པར་དུ་བོད་ནང་གི་ས་གནས་བོད་མི་ཞིག་གིས་དེ་ནི་དེང་སྐབས་བོད་ནང་སྤྱི་པའི་སྒོ་བྱང་དང་ཡིག་བྱང་སོགས་མང་པོ་ཞིག་གི་སྟེང་ཡི་གེ་ཆད་ལྷག་དང་དོན་ནོར། ཡང་ན་འབྲེལ་བ་རྩ་བ་ནས་མེད་པ་དེ་འདྲ་བྲིས་ཡོད་པ་ཧ་ཅང་མངོན་གསལ་དོད་པོ་མཐོང་ཆོས་ཡོད་པ་དེ་དག་དྲ་རྒྱའི་བརྒྱུད་ལམ་ཁག་གི་ནང་ཁྱབ་ཏེ་སྤྱི་ཚོགས་ཁྱོན་ཡོངས་ནས་མི་འདོད་པའི་དགོངས་འཆར་གནང་མཁན་མང་དག་བྱུང་ཡོད་པར་དམིགས་ནས་དོན་ཚན་དེ་ཆེད་དུ་གལ་ཆེ་དོན་ཆེར་བརྩི་བ་ཞིག་ཡིན་པ་གསུངས་ཡོད། གཞན་ཡང་བོད་ཡིག་དང་རྒྱ་ཡིག་མཉམ་དུ་འབྲི་དགོས་ཚེ་ཡི་གེ་གོང་འོག་དང་ཆེ་ཆུང་སོགས་ཚད་གཞི་སྒྲིག་སྟངས་ཐོག་སྒྲིག་སྲོལ་དེ་ནང་འཁོད་དོན། བོད་རྒྱ་ཡིག་རིགས་གཉིས་ཀྱི་བཟོ་བྱེད་རྒྱུ་སྤུས་གཅིག་མཚུངས་ཡིན་དགོས་པ་དང་། ཆེ་ཆུང་ཚད་གཞིའང་འོས་མཐུན་ཡིན་དགོས་པ་མ་ཟད་བོད་རྒྱ་ཡིག་རིགས་གཉིས་མཉམ་འབྲི་བྱེད་སྐབས་བོད་རྒྱ་ཡིག་རིགས་གཉིས་ཀ་སོ་སོ་ཡིག་བྱང་རེ་རེའི་སྟེང་འབྲི་ཚེ་བོད་ཡིག་ཡིག་བྱང་གཡས་སུ་འགེལ་བ་དང་རྒྱ་ཡིག་ཡིག་བྱང་གཡོན་དུ་འགེལ་བ། ཡང་ན་བོད་ཡིག་ཡིག་བྱང་གོང་དུ་འགེལ་བ་དང་རྒྱ་ཡིག་ཡིག་བྱང་ཞོལ་ཏུ་འགེལ་བ། ཡིག་རིགས་གཉིས་མཉམ་དུ་འཕྲེད་འབྲི་བྱེད་སྐབས་བོད་ཡིག་གོང་དུ་འཇོག་པ་དང་རྒྱ་ཡིག་ཞོལ་ཏུ་འཇོག་པ། བོད་ཡིག་སྔུན་དང་རྒྱ་ཡིག་གཞུག་ཏུ་འཇོག་དགོས། མཉམ་དུ་ཐུར་རུ་འབྲི་སྐབས་བོད་ཡིག་གཡས་དང་རྒྱ་ཡིག་གཡོན་དུ་འཇོག་པ།ཟླུམ་དབྱིབས་ལྟར་འབྲི་སྐབས་གཡོན་ཕྱོགས་ནས་གཡས་ཕྱོགས་སུ་བོད་ཡིག་ཕྱི་སྐོར་དུ་འཇོག་པ་དང་རྒྱ་ཡིག་ནང་སྐོར་དུ་འཇོག་པ། ཡང་ན་བོད་ཡིག་གཡས་ཕྱོགས་ཀྱི་ཟླུམ་ཕྱེད་དང་རྒྱ་ཡིག་གཡོན་ཕྱོགས་ཀྱི་ཟླུམ་ཕྱེད་དུ་འཇོག་དགོས། ཕྱི་རྒྱལ་གྱི་ཡིག་རིགས་སམ་ཡང་ན་གྲངས་ཉུང་མི་རིགས་གཞན་པའི་ཡི་གེ་དང་མཉམ་དུ་འབྲི་སྐབས།བོད་ཡིག་དང་རྒྱ་ཡིག དེ་ནས་ཕྱི་ཡིག་གམ་གྲངས་ཉུང་མི་རིགས་ཀྱི་ཡི་གེའི་གོ་རིམ་ལྟར་སྒྲིག་དགོས་པར་གཏན་འབེབ་བྱས་ཡོད་པ་རེད། ལྷག་དོན་དུ་གལ་ཏེ་དེ་ལྟར་ལག་བསྟར་མ་གནང་བའམ་ལག་བསྟར་བྱེད་པར་འགོག་རྐྱེན་བཟོ་ཚེ་ཁྲིམས་སྒྲིག་ལྟར་ཉེས་ཆད་གཅོད་རྒྱུའི་སྒྲིག་གཞི་ཁག་གཅིག་ཀྱང་གཏན་འབེབས་བྱས་འདུག ད་རེས་བོད་ཡིག་བཀོལ་སྤྱོད་གནང་སྟངས་ཀྱི་སྒྲིག་སྲོལ་གསར་པ་དེར་ས་གནས་མང་ཚོགས་དང་ལྷག་དོན་དྲ་རྒྱ་ཁག་ཐུ་ཕྱི་ནང་བོད་རིགས་མང་པོས་ཡི་རང་བསྔགས་བརྗོད་ཞུས་པ་མ་ཟད་དོན་དངོས་སུ་དེ་ལྟར་ལག་བསྟར་བྱ་ཐུབ་དགོས་པ་སོགས་ཀྱི་དགོངས་ཚུལ་ཕུལ་ནས་གླེང་སློང་གནང་བཞིན་འདུག

བོད་རིགས་རང་སྐྱོང་ས་ཁུལ་ཁག་གི་དྲྭ་ཐོག་ཏུ་བོད་ཡིག་བཀོལ་སྤྱོད་གནང་དགོས་པའི་ཞུ་སྙན་ཕུལ་བ།

ཉེ་ཆར་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཁག་གཅིག་ནས་རྒྱ་ནག་ཆེས་མཐོའི་ཁྲིམས་ཁང་ལ་ཞུ་སྙན་ཞིག་ཕུལ་ཏེ་བོད་རིགས་རང་སྐྱོང་ས་ཁུལ་ཁག་གི་མི་དམངས་ཁྲིམས་ཁང་གི་གཞུང་འབྲེལ་དྲ་རྒྱའི་སྟེང་བོད་ཡིག་བཀོལ་སྤྱོད་མི་གནང་བའི་གནས་སྟངས་ཐོག་སེམས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་འདུག དེ་ཡང་བོད་མིའི་ཁྲིམས་གླེང་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། དྲ་རྒྱ་དེའི་རྩོམ་སྒྲིག་པ་དང་ཁྲིམས་རྩོད་པ་ཕྱི་སྡོད་བོད་མི་སྒྲོལ་མ་སྐྱབས་ལགས་ཀྱིས་གཙོས་པའི་བོད་ཕྱི་ནང་གི་བོད་མི་ ༡༡༨ ལྷག་གིས་ཉེ་ཆར་རྒྱ་ནག་གི་ཆེས་མཐོའི་ཁྲིམས་ཁང་ལ་ཞུ་སྙན་ཞིག་ཕུལ་བའི་བརྒྱུད། བོད་རང་སྐྱོང་ལྗོངས་དང་བོད་རིགས་རང་སྐྱོང་ཁུལ། དེ་ཁོངས་རྫོང་དང་གྲོང་ཁྱེར་བཅས་ཀྱི་མི་དམངས་ཁྲིམས་ཁང་གི་དྲ་རྒྱའི་ནང་བསམ་བཞིན་དུ་ཡིན་མིན་ལ་ལྟོས་མེད་བོད་ཡིག་གཏན་ནས་བཀོལ་སྤྱོད་མི་གནང་བ་དེར་སེམས་འཚབ་དང་འབྲེལ། དེ་ནི་འབྲེལ་ཡོད་ཁྲིམས་ཁང་སོ་སོའི་རྩ་ཁྲིམས་དང་སྒྲིག་སྲོལ་གྱི་དགོངས་དོན་ཁག་ལ་ཆེད་མངགས་སྣང་མེད་དུ་བཞག་པ་ཞིག་མཚོན་གྱི་ཡོད་སྐོར་སྐྱོན་བརྗོད་དང་། ལྷག་དོན་རྒྱལ་ཁབ་ཀྱི་སྲིད་བྱུས་དང་ཁྲིམས་ལུགས་ཤེས་བྱ་ཁག་ལ་རྒྱུས་ལོན་གཏན་ནས་བྱེད་ཐུབ་ཀྱི་མེད་སྟབས། རང་ཉིད་ལ་ཁྲིམས་ལུགས་ཀྱི་གནང་བའི་ཐོབ་ཐང་ཁག་ལ་སྲུང་སྐྱོབ་བྱེད་ཐུབ་ཀྱི་མེད་པ་མངོན་གསལ་གནང་འདུག ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་ཁྲིམས་ཁང་རྩ་འཛུགས་ཁྲིམས་ཀྱི་དོན་ཚན་ ༦ པའི་ནང་དུ་གྲངས་ཉུང་མི་རིགས་རང་སྐྱོང་ས་ཁུལ་གྱི་མི་དམངས་ཁྲིམས་ཁང་གིས་བཅད་ཁྲ་དང་གསལ་བསྒྲགས། དེ་བཞིན་གཞུང་གི་ཡིག་ཆ་གང་ཞིག་སྤེལ་སྐབས་རང་སྐྱོང་ས་ཁུལ་དེའི་སྤྱི་སྤྱོད་སྐད་ཡིག་བཀོལ་སྤྱོད་བྱེད་དགོས་ཞེས་བཀོད་ཡོད་ནའང་། དོན་དངོས་ཐོག་བོད་རིགས་རང་སྐྱོང་ས་ཁུལ་གྱི་རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་གི་དྲ་རྒྱ་ཡོངས་རྫོགས་སྟེང་དུ་བོད་ཡིག་གཏན་ནས་བཀོལ་སྤྱོད་གནང་མེད་སྟབས། ཆེས་མཐོའི་ཁྲིམས་ཁང་ལ་དེ་འབྲེལ་དྲི་བ་ཕུལ་ཁག་ལ་ལན་ཞིག་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་འདུག ཆེས་མཐོའི་ཁྲིམས་ཁང་ལ་ཕུལ་བའི་དྲི་བ་དེ་དག་ཁོངས་སུ་བོད་ཀྱི་སྐད་ཡིག་དེ་བོད་རིགས་རང་སྐྱོང་ས་ཁུལ་གྱི་མི་དམངས་ཁྲིམས་ཁང་གི་དྲ་རྒྱའི་སྟེང་བཀོལ་མི་རུང་བའི་ཡིག་རིགས་ཤིག་ཡིན་ན། དེ་ལ་ཁྲིམས་ལུགས་ཀྱི་རྒྱབ་རྟེན་ཅི་ཡོད་དམ་ཞེས་དང་བོད་ཀྱི་སྐད་ཡིག་དེ་བོད་རིགས་རང་སྐྱོང་ས་ཁུལ་ཁག་གི་མི་དམངས་ཁྲིམས་ཁང་ལ་དགོས་གལ་མེད་པར་གཟིགས་ཀྱི་འདུག་གམ། ཡང་ན་བོད་ཁུལ་གྱི་རྒྱ་ཡིག་བཀླག་མི་ཐུབ་མཁན་རྒྱ་ཆེའི་བོད་རིགས་འབྲོག་པ་མང་ཚོགས་ནས་རང་གི་མི་དམངས་ཁྲིམས་ཁང་གི་དྲ་རྒྱའི་ནང་དུ་ཡོད་པའི་བཅད་ཁྲ་དང་གསལ་བསྒྲགས་སོགས་བཀླག་མ་ཐུབ་རྐྱེན་ཁོང་ཚོའི་ཐོབ་ཐང་ལ་གོད་ཆག་བྱུང་ན་དེ་ནི་མང་ཚོགས་ནས་རྒྱ་ཡིག་མ་ཤེས་པའི་དབང་གིས་སོ་སོའི་གྱོང་གུད་ཡིན་ནམ། ཡང་ན་ཁྲིམས་ཁང་གི་ཁྲིམས་མ་བསྲུང་དབང་གི་ཡིན་ནམ་ཞེས་དྲི་བ་ཁག་གསུམ་བཏང་འདུག དེ་མིན་བོད་མི་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་ཀྱི་གནད་དོན་གསལ་བཏོན་དང་འབྲེལ། ཁོང་གིས་དེ་སྔོན་ཡུལ་ཤུལ་མི་དམངས་ཁྲིམས་ཁང་དང་སྲིད་གཞུང་སོགས་ལ་བོད་ཡིག་བཀོལ་སྤྱོད་བྱེད་ཀྱི་མེད་པའི་ཞུ་སྐུལ་གནང་བ་ཙམ་གྱིས་ཁྲིམས་འཛིན་ལས་ཁུངས་སོགས་ཀྱིས་ཁོང་འཛིན་བཟུང་བཙོན་འཇུག་བྱས་ཏེ་ལོ་གཉིས་རིང་ཁྲིམས་ཐག་མ་བཅད་པར་བཀག་ཉར་བྱས་རྗེས་ཉེ་དུས་ཁོང་ལ་ཐག་གཅོད་ཀྱིས་དཔྱད་ཁྲ་གང་ཡང་མ་བཏང་པར་མུ་མཐུད་བཀག་ཉར་འོག་བཞག་ཡོད་པ་རེད། ཁོང་དེ་སྔ་འཛིན་བཟུང་བྱས་པའི་སྐབས་སུའང་ཡུལ་ཤུལ་མི་དམངས་ཁྲིམས་ཁང་དང་སྲིད་གཞུང་གི་དྲ་རྒྱའི་ནང་དུ་དེའི་སྐོར་བོད་ཡིག་ཡིག་འབྲུ་གཅིག་ཀྱང་བྲིས་མེད་སྐོར་འགྲེལ་བརྗོད་དང་འབྲེལ། ཆེས་མཐོའི་མི་དམངས་ཁྲིམས་ཁང་ནས་བོད་ནང་གི་གནད་དོན་དེ་འབྲེལ་ཐོག་དོ་སྣང་བྱ་རྒྱུའི་དུས་ལ་བབ་ཡོད་སྐོར་ནན་བརྗོད་གནང་འདུག

Latest news