Tibetan Royal Year of 2151 | Year of the Wood Dragon

བོད།

བོད་མདོ་སྨད་རྔ་བའི་སྐྱ་སེར་ཕོ་མོ་བཅུ་ཙམ་ལ་ལོ་ལྔ་ནས་བཅུ་བཞིའི་བར་གྱི་བཙོན་འཇུག་ཁྲིམས་ཐག་འདྲ་མིན་བཅད་པ།

རྒྱ་གཞུང་གིས་སྔ་ལོ་ ༢༠༡༥ ལོར་བོད་དོན་ཆབ་སྲིད་ཀྱི་གནད་དོན་ཡོད་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ་རྒྱ་ནག་ཝུན་ཁྲེན་ཞེས་པའི་བཙོན་ཁང་དུ་བཙོན་འཇུག་བྱས་པའི་བོད་མདོ་སྨད་རྔ་བའི་སྐྱ་སེང་མང་ཚོགས་ཁག་ཅིག་ལ་ཁ་སང་ཚེས་ ༦ ཉིན་རྔ་བ་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ལོ་ ༥ ནས་ ༡༤ བར་གྱི་བཙོན་འཇུག་ཁྲིམས་ཐག་འདྲ་མིན་བཅད་འདུག འདི་ག་རླུང་འཕྲིན་ཁང་ལ་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་གྲྭ་བློ་བཟང་ཡེ་ཤེས་ལགས་ཀྱིས་བོད་གནས་འགྲེལ་བརྗོད་གནང་དོན། བོད་ནས་གནས་ཚུལ་ཐོན་ཁག་ནང་བོད་མི་ ༡༡ ལ་ཁྲིམས་ཐག་བཅད་པ་གསལ་ཡོད་ཀྱང་། ད་ལྟའི་ཆར་བོད་མི་ ༡༡ དེ་དག་སུ་དང་སུ་ཡིན་མིན་སོགས་ཞིབ་ཕྲའི་གནས་ཚུལ་ཁ་གསལ་ཤེས་རྟོགས་ཐུབ་ཀྱི་མེད་པ་དང་། ཁྲིམས་ཐག་བཅད་པ་ཤེས་རྟོགས་བྱུང་བ་ལས་བོད་མི་ ༡༠ པོ་དེ་དག་གི་ཁོངས་ནས་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་ ༤ དང་རྔ་བ་ཁུལ་གྱི་བོད་མི་སྐྱ་ ༥ དེ་བཞིན་བེུད་གཅིག་བཅས་ཡོད་འདུག རང་ལོ་ ༥༠ ཡིན་པའི་རྔ་བ་ཀིརྟི་དགོན་པའི་གྲྭ་འབྲུག་སྒྲ་ལགས་ལ་ལོ་ ༡༤ ཁྲིམས་ཐག་བཅད་འདུག་པ་དང་། རང་ལོ་ ༤༤ སོན་པའི་གྲྭ་བློ་བཟང་མཁས་གྲུབ་ལགས་ལ་ལོ་ ༡༣ དང་། རང་ལོ་ ༢༩ ཡིན་པའི་གྲྭ་བློ་བཟང་དགེ་འཕེལ་ལགས་ལ་ལོ་ ༡༢ རང་ལོ་ ༤༡ སོན་པའི་གྲྭ་བློ་གྲོས་ལགས་ལ་ལོ་ ༩ རང་ལོ་ ༤༨ ཡིན་པའི་རྔ་བ་ཁུལ་གྱི་བེུད་བོན་ཁོ་སྐྱིད་ལགས་ལ་ལོ་ ༧ རང་ལོ་ ༣༥ སོན་པའི་ཨ་རྒྱ་རྒྱ་ལགས་ལ་ལོ་ ༨ དང་དེ་བཞིན་མི་སྐྱ་ཏཱ་རེ་དང་སྤྲོ་ཚིག་ཚུལ་ཁྲིམས། ཙན་འདྲ། ཚུལ་ཏེ་འམ་ཚུལ་ཁྲིམས་ལགས་བཅས་ལ་ལོ་ ༥ ནས་ ༨ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག ཁོང་རྣམས་ལས་མང་ཆེ་བ་སྔ་ལོའི་ཕྱི་ཟླ་ ༡༡ དང་ཁག་ཅིག་སྔ་ལོའི་ལོ་འཇུག་ཏུ་འཛིན་བཟུང་བྱས་ཡོད་པ་ཤ་སྟག་རེད་འདུག ཤེས་རྟོགས་བྱུང་བར་གཞིགས་ན། བོད་མི་བཅུ་པོ་དེ་དག་གི་ཁོངས་ནས་ཀིརྟི་དགོན་པའི་དགེ་འདུན་པ་བཞི་དང། ཀིརྟི་དགོན་པའི་གྲྭ་ཟུར་ཨ་རྒྱ་རྒྱ་ལགས་བཅས་དེ་སྔོན་ཡང་འཛིན་བཟུང་བྱས་ནས་ལོ་ ༡ དང་ཟླ་བ་ ༤ ནས་ལོ་ ༥ བར་གྱི་བཙོན་འཇུག་ཁྲིམས་བཅད་མྱོང་ཡོད་པ་དང་། དེ་བཞིན་བེུད་བོན་ཁོ་སྐྱིད་ལགས་དེ་སྔོན་ཐེངས་གཉིས་ཙམ་རིང་འཛིན་བཟུང་གིས་ཟླ་ཁ་ཤས་བཀག་ཉར་བྱས་འདུག གཞི་རྩའི་རྒྱ་ནག་ཝུན་ཁྲེན་ཞེས་པའི་བཙོན་ཁང་དུ་བཙོན་འཇུག་བྱས་པའི་བོད་མདོ་སྨད་རྔ་བ་ཁུལ་ཀིརྟི་དགོན་པའི་དགེ་འདུན་པ་དང་ས་གནས་མང་ཚོགས་ཁག་ཅིག་ལ་ཁ་སང་ཚེས་ ༦ ཉིན་ཁྲིམས་ཐག་གཅོད་རྒྱུ་དང་ལ་ལ་ཞིག་གློད་གྲོལ་གཏོང་རྒྱུ་ཡིན་སྐོར་ཁོང་རྣམ་པའི་ནང་མིར་བརྡ་ལན་སྤྲད་འདུག དེར་བརྟེན་དེ་དག་གི་ནང་མི་རྣམས་བརྡ་ཐོ་འབྱོར་རྗེས་རྒྱ་ནག་ཝུན་ཁྲེན་ཕྱོགས་སུ་བསྐྱོད་འདུག་ཀྱང་། ཁོང་རྣམས་ལ་ཁྲིམས་རྩོད་པའི་ཐོབ་ཐང་དང་ཁྲིམས་ར་ཚོགས་རྒྱུ་སོགས་ལུགས་མཐུན་གང་ཡང་བྱུང་མེད་པ་རེད། བོད་མི་དེ་དག་རྣམས་ལས་མང་ཆེ་བ་སྔ་ལོའི་ནང་༸སྐུའི་གྱ་སྟོན་གྱི་གནད་དོན་དང་འབྲེལ་ཏེ་རང་ཤག་ནས་གློ་བུར་དུ་འཛིན་བཟུང་གིས་བཙན་ཁྲིད་བྱས་པ་ཆགས་ཀྱི་འདུག རྩ་བའི་བོད་མདོ་སྨད་རྔ་བ་ཁུལ་དུ་ཕྱི་ལོ་ ༢༠༠༨ ལོར་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བ་ནས་བཟུང་རྒྱ་གཞུང་གིས་དྲག་ཆས་དམག་མི་འགྲེམས་འཇོག་བྱས་པ་གཙོས་བོད་མིའི་ཐོག་འགྲོ་སྡོད་སྤྱོད་གསུམ་གྱི་རང་དབང་ལ་དམ་བསྒྲགས་ཀྱིས་ཚོད་འཛིན་ཤུགས་ཆེ་བྱེད་མུས་ཡིན་པ་དང་། ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༢ ཚེས་ ༢༧ ཉིན་རྔ་བ་ཀིརྟི་དགོན་པའི་གྲྭ་སྐྲ་སྦེ་ལགས་ཀྱིས་རྒྱ་གཞུང་གི་བོད་ཐོག་འཛིན་པའི་དྲག་པོའི་སྲིད་བྱུས་ལ་ཞི་རྒོལ་གྱི་རང་ལུས་མེར་བསྲེགས་གནང་པ་ནས་བཟུང་ད་བར་བོད་ནང་བོད་མི་ ༡༤༤ ནས་རང་ལུས་མེར་བསྲེགས་གནང་ཡོད་པ་རེད། རྔ་བ་ཀིརྟི་དགོན་གཅིག་པུ་ནས་དགེ་འདུན་པ་ ༡༧ ཙམ་གྱིས་རང་ལུས་མེར་སྲེགས་གནང་པ་གཙོས་རྔ་བ་ཁུལ་ནས་ཁྱོན་མི་གྲངས་ ༦༠ མིན་ཙམ་ནས་རང་ལུས་མེར་བསྲེགས་གནང་ཡོད་སྟབས། རྒྱ་གཞུང་གིས་ཁུལ་དེར་ཉིན་མཚན་ལྟོས་མེད་དྲག་ཆས་དམག་མི་འགྲེམས་འཇོག་བྱས་པ་གཙོས་བོད་མིའི་ཐོག་འགྲོ་སྡོད་སྤྱོད་གསུམ་གྱི་རང་དབང་ལ་དམ་བསྒྲགས་ཀྱིས་ཚོད་འཛིན་ཤུགས་ཆེ་བྱེད་བཞིན་ཡོད་པ་དང་། བོད་མི་སྒར་གྱི་མི་ཚེ་འཁྱོལ་ཐབས་དཀའ་བའི་སྡུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་རིམ་པ་བྱས་ཡོད། ལྷག་དོན་ཕྱི་ལོ་ ༢༠༡༠ ལོ་ནས་ད་བར་ས་ཁུལ་དེ་དག་གི་ནང་དུ་པར་ཆས་གཙོ་བོར་གྱུར་པའི་འཕྲུལ་ཆ་མང་དག་ཞིག་དང་དམག་མིའི་རླངས་འཁོར་ཆེ་ཆུང་སྣ་མང་ཆེད་འགྲེམས་ཀྱིས་བོད་མིར་སུན་བཙིར་བཟོ་བཞིན་པའི་གནས་སྟངས་ཆགས་ཡོད་པ་རེད། སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་བོད་མིའི་ཁྲོད་ནས་ཁོང་རྣམ་པའི་གནས་སྟངས་ལ་ཆེས་བློ་འཚབ་དང་སེམས་གསོའི་འཕྲིན་མཆན་བཀོད་མཁན་མང་པོ་འདུག

རྔ་བ་ཁུལ་གྱི་བོད་མི་ཁག་ཅིག་ལ་དེ་རིང་ཁྲིམས་ཐག་གཅོད་རྒྱུ་རེད་འདུག

དེ་ཡང་རྒྱ་གཞུང་གིས་སྔ་ལོ་ ༢༠༡༥ ལོར་བོད་དོན་ཆབ་སྲིད་ཀྱི་གནད་དོན་ཡོད་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ་རྒྱ་ནག་ཝུན་ཁྲེན་ཞེས་པའི་བཙོན་ཁང་དུ་བཙོན་འཇུག་བྱས་པའི་བོད་མདོ་སྨད་རྔ་བ་ཁུལ་ཀིརྟི་དགོན་པའི་དགེ་འདུན་པ་དང་ས་གནས་མང་ཚོགས་ཁག་ཅིག་ལ་དེ་རིང་ཟླ་ ༡༢ ཚེས་ ༦ ཉིན་ཁྲིམས་ཐག་གཅོད་རྒྱུ་དང་ལ་ལ་ཞིག་གློད་གྲོལ་གཏོང་རྒྱུ་ཡིན་སྐོར་ཁོང་རྣམ་པའི་ནང་མིར་བརྡ་ལན་སྤྲད་འདུག དེར་བརྟེན་དེ་དག་གི་ནང་མི་རྣམས་བརྡ་ཐོ་འབྱོར་རྗེས་རྒྱ་ནག་ཝུན་ཁྲེན་ཕྱོགས་སུ་བསྐྱོད་ཡོད་པ་རེད་འདུག ཁྲིམས་ཐག་གཅོད་རྒྱུའི་མི་སྣ་དེ་དག་ཁོངས་སུ་རྔ་བ ་ཀིརྟི་དགོན་པའི་དགེ་འདུན་པ་འབྲུག་སྒྲ་ལགས་དང་། བློ་བཟང་དགེ་འཕེལ་ལགས། བློ་བཟང་མཁས་གྲུབ་ལགས། མི་སྐྱ་ཨ་རྒྱ་རྒྱ་སོགས་མི་སྣ་ཁག་ཅིག་ཡོད་པ་ཤེས་རྟོགས་བྱུང་བ་ལས་སུ་དང་སུ་བཙོན་གྲོལ་གཏོང་མིན་ཞིབ་ཕྲ་བརྡ་ཐོ་དེའི་ནང་བཀོད་མེད་པ་རེད་འདུག བོད་མི་དེ་དག་ནས་རྔ་བ་ཀིརྟི་དགོན་པའི་སྨན་པ་གྲྭ་ཚང་གི་གཉེར་པ་གྲྭ་བློ་བཟང་དགེ་འདུན་ལགས་ནི་དེ་སྔ་ ༢༠༡༡ ལོའི་ཟླ་ ༥ པའི་ནང་འཛིན་བཟུང་བྱས་ནས་ཡུན་རིང་བཀག་ཉར་འོག་འདྲི་བརྩད་བྱས་མཐར་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་རྗེས་ ༢༠༡༣ ལོ་འཇུག་ཏུ་ཟླ་ཤས་སྔ་སྣུར་གྱིས་གློད་གྲོལ་བཏང་ཡོད་པ་དང་། དེ་རྗེས་སླར་ ༢༠༡༥ ཟླ་ ༡༡ ཚེས་ ༣༠ མཚན་མོར་རྒྱ་གཞུང་གི་དྲག་ཆས་དམག་མིས་རྒྱུ་མཚན་གང་ཡིན་གསལ་བཤད་མེད་པར་གློ་བུར་དུ་རང་ཤག་ནས་འཛིན་བཟུང་བྱས་ཡོད་པ་རེད། དེ་མཚུངས་སུ་རྔ་བ་ཀིརྟིའི་དགོན་པའི་གྲྭ་འབྲུག་གྲགས་ལགས་ཀྱང་ ༢༠༡༥ ལོའི་ཟླ་ བཅུ་པ་དང་བཅིུག་ཙམ་ཞིག་ལ་རང་ཤག་ནས་འཛིན་བཟུང་བྱས་ཡོད་པ་རེད། ཁོང་ཡང་དེ་སྔོན་ཕྱི་ལོ་ ༢༠༠༨ ལོར་འཛིན་བཟུང་གིས་ལོ་གཅིག་དང་ཟླ་བ་བཞི་ཙམ་རིང་བཙོན་འཇུག་བྱས་ནས་གློད་གྲོལ་བཏང་བ་ཞིག་ཆགས་ཀྱི་ཡོད་པ་རེད། གཞན་ཡང་གོང་གསལ་ཁྲིམས་ཐག་གཅོད་རྒྱུའི་མི་སྣ་དེ་དག་གི་ཁོངས་སུ་སྔ་ལོའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གྱ་སྟོན་སྐབས་རྟེན་འབྲེལ་གྱི་བྱེད་སྒོ་སྤེལ་བ་ནག་ཉེས་སུ་བརྩིས་ཏེ་འཛིན་བཟུང་བྱས་པའི་བོད་མི་སེར་སྐྱ་ཁག་ཅིག་ཀྱང་ཡོོད་འདུག

དཀོན་མཆོག་ཚེ་བརྟན་ལགས་ཀྱིས་ཞུགས་འབུལ་གནང་པ་དང་འབྲེལ་བའི་ཆབ་སྲིད་བཙོན་པ་གཉིས་གློད་གྲོལ་བཏང་འདུག

དེའང་ ༢༠༡༣  ལོར་བོད་མདོ་སྨད་རྔ་པ་རྨེའུ་རུ་མའི་ནང་རྒྱལ་གཅེས་པ་དཀོན་མཆོག་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་པའི་གནད་དོན་དང་འབྲེལ་ཏེ་འཛིན་བཟུང་བཙོན་འཇུག་བྱས་པའི་བོད་མི་ཆབ་སྲིད་བཙོན་པ་སྒྲོལ་མ་མཚོ་ལགས་དང་དཀོན་མཆོག་བློས་གྲོས་སམ་ཀུན་མེད་ལགས་རྣམ་གཉིས་ཁ་སང་ཕྱི་དྲོ་བཙོན་གྲོལ་ཐོབ་འདུག ཁོང་རྣམ་པ་གཉིས་ནི་དེ་སྔ་ ༢༠༡༣  ཟླ་ ༡༢  ཚེས་ ༣  ཉིན་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་ཁྲོམ་གཞུང་དུ་རྒྱལ་གཅེས་པ་དཀོན་མཆོག་ཚེ་བརྟེན་ལགས་ཀྱིས་རྒྱ་གཞུང་གི་དྲག་པོའི་དབང་བསྒྱུར་ལ་ངོ་རྒོལ་གྱིས་རང་ལུང་མེར་བསྲེགས་གནང་སྐབས་འདས་པོ་ཁོང་གི་སྐུ་ཕུང་རླངས་འཁོར་ནང་འཇོག་རོགས་སོགས་གནང་རྐྱེན་འཛིན་བཟུང་བྱས་ཏེ་ཁྱོན་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་ཞིག་ཡིན་པ་རེད། རྩ་བའི་སྒྲོལ་མ་མཚོ་ལགས་ནི་དེ་སྔ་ ༢༠༡༣  ཟླ་ ༡༢ ཚེས་ ༣  ཉིན་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་ཁྲོམ་གཞུང་དུ་རྒྱལ་གཅེས་པ་དཀོན་མཆོག་ཚེ་བརྟེན་ལགས་ཀྱིས་རྒྱ་གཞུང་གི་དྲག་པོའི་དབང་བསྒྱུར་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་པར་བརྟེན་འདས་པོ་ཁོང་གི་སྐུ་ཕུང་རླངས་འཁོར་ནང་འཇོག་རོགས་རྐྱེན་ཁོང་འཛིན་བཟུང་བྱས་ཏེ་ཟླ་བ་ ༡༡ རིང་བཀག་ཉར་ཁང་དུ་གཅར་རྡུང་སྣ་ཚོགས་བཏང་ཡོད་པ་རེད། དེ་རྗེས་ ༢༠༡༤  ཟླ་ ༡༡ ཚེས་ ༣ ཉིན་རྒྱ་གཞུང་གིས་ཁོང་ལ་མི་བསད་པའི་ཉེས་མིང་འོག་ལོ་གསུམ་རིང་བཙོན་འཇུག་ཁྲིམས་ཐག་བཅད་དོན་ལྟར་ཟི་ཁྲོན་མེ་ཡན་བཙོན་ཁང་དུ་བཙོན་འཇུག་བྱས་པ་མ་ཟད། སྔ་ལོ་ཟླ་ ༡༢ ནང་ཁྲིམས་ཁང་གིས་ཁོ་མོའི་ནང་མིར་ཡི་གེ་སྔ་ཕྱི་གཉིས་བཏང་ཏེ་སྒྲོལ་མ་མཚོར་ཛ་དྲག་གི་བཤག་བཅོས་གཏོང་དགོས་སྐོར་བྲིས་ནས་ནང་མི་ཚོའི་དེར་མིང་རྟགས་བཀོད་དགོས་པའི་བཙན་བཀའ་བཏང་ཡང་ནང་མི་ཚོས་རྒྱ་གཞུང་གི་ཁྲིམས་ཁང་ལ་ཁ་པར་བཏང་ནས་སྒྲོལ་མ་མཚོ་ལགས་དང་དངོས་སུ་ཐུག་འཕྲད་གནང་བཅུག་ཚེ་དངོས་གནས་གང་ཡིན་ཤེས་རྟོགས་ཐུབ་པས་དེ་ལྟར་ཡོང་བར་རེ་འདུན་བཏོན་འདུག་ཀྱང་དེ་དོན་བྱུང་མེད་པ་རེད། འོན་ཀྱང་རྒྱ་གཞུང་གི་བཙོན་སྲུང་བས་ཁོ་མོར་ནད་གཞི་ཞིག་ཕོག་ཡོད་པས་དེ་བཤག་བཅོས་གཏོང་དགོས་སྐོར་བཙན་སྐུལ་བྱེད་བཞིན་ཡོད་པ་ཁོང་གིས་ནང་མི་དང་སྐར་མ་ལྔ་རིང་གི་ཁ་པར་གཏོང་བའི་བརྒྱུད་གསུངས་པ་དང་སྦྲགས་ཏེ་དེར་ངོས་ལེན་མ་བྱེད་རོགས་ཞེས་འབོད་སྐུལ་ཞུས་འདུག  གཞི་རྩའི་སྒྲོལ་མ་མཚོ་ལགས་ནི་རྔ་བ་རྫོང་རྨེའུ་རུ་མའི་དགེ་ཚང་ནས་ཡིན་ཞིང་། ཕ་མིང་ལ་དགེ་རིག་དང་མ་དོན་ཁོ་ཟེར་གྱི་ཡོད་འདུག  ཁོང་ལ་ལོ་ ༡༤ ཅན་གྱི་བོུ་ཚུལ་ཁྲིམས་སྒྲོལ་མ་ཟེར་བ་ཞིག་ཡོད་པ་རེད། དུས་མཚུངས་སུ་དཀོན་མཆོག་བློས་གྲོས་སམ་ཀུན་མེད་ལགས་བཙོན་གྲོལ་ཐོབ་པ་ཤེས་རྟོགས་བྱུང་ཡང་ད་ལྟའི་ཆར་ཁོང་གི་གཟུགས་གཞི་གནས་སྟངས་ཇི་ཆགས་ཁ་གསལ་ཐུབ་ཀྱི་མི་འདུག ཤེས་རྟོགས་བྱུང་བར་གཞིགས་ན།  སྒྲོལ་མ་ཚོ་དེ་སྔ་བཙོན་ལ་མ་བཅུག་གོང་སྤྱིར་གཟུགས་གཞི་གནས་སྟངས་ལེགས་པོ་ཡོད་པ་དང་ཁོ་མོར་དམིགས་བསལ་ནད་གཞི་རིགས་གང་ཡང་མེད་ཀྱང་། རྒྱ་གཞུང་གིས་བཙོན་འཇུག་འོག་ཁོ་མོར་མི་སྤྱོད་ལས་འདས་པའི་སྡུག་སྦྱོར་མནར་གཅོད་ཚད་མེད་གཏོང་པར་བརྟེན་སྐུ་གཟུགས་གནས་སྟངས་ཆེས་ཞན་པོ་གྱུར་ཡོད་སྟབས། ནང་མི་ཉེ་འབྲེལ་རྣམས་ནས་སེམས་ཚབས་ཆེན་པོ་གནང་བཞིན་ཡོད་པ་རེད་འདུག གཞན་ཡང་དེ་མཚུངས་རྒྱ་གཞུང་གིས་བོད་མི་ཆབ་སྲིད་བཙོན་པ་དཀོན་མཆོག་བློ་གྲོས་ལགས་ཀྱང་གོང་ཚེས་ཉིན་ཀློད་གྲོལ་བཏང་ཡོད་པ་རེད་འདུག རྩ་བའི་རྨིའུ་རུ་མ་ཡུལ་ཚོང་ནང་དེ་སྔ་རྒྱལ་གཅེས་པ་དཀོན་མཆོག་ཚེ་བརྟན་དམ་པ་དེ་ཉིད་ཀྱིས་རང་ལུས་མེར་བསྲེགས་གནང་པའི་དོན་རྐྱེན་དེ་བྱུང་བའི་རྗེས་ནས་ཁྲོམ་གཞུང་གི་ས་གནས་གང་སར་རྒྱ་གཞུང་གི་དམག་མི་དང་དྲག་ཆས་ཉེན་རྟོག་པ་སླང་ལྷག་འགྲེམས་འཇོག་དང་ ཁྲོམ་གཞུང་གི་ཚོང་ཁང་དང་ཟ་ཁང་མང་པོ་སྒོ་རྒྱབ་དགོས་པའི་གནས་སྟངས་ཆགས་ཡོད་པ་མ་ཟད། མང་ཚོགས་ཀྱི་འགྲོ་སྡོད་སྤྱོད་གསུམ་ལ་དམ་དྲག་ཤུགས་ཆེ་བྱས་པ་དང་ཆབས་ཅིག  སྐབས་དེར་རྒྱ་གཞུང་གིས་མི་བསད་པའི་ཉེས་མིང་འོག་རྔ་པ་རྨེའུ་རུ་མའི་སྒྲོལ་མ་མཚོ་ལགས་དང་ལྷན་དུ་ཀུན་མེད་ལགས་ལའང་ལོ་ ༣ རིང་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་འདི་བཞིན་དགེ་འཕེལ་ལགས་ལ་ལོ་ ༢ དང་། གཞན་ཡང་ས་གནས་བོད་མི་ཁྱོན་ ༢༠ ཙམ་ལ་གང་བྱུང་འཛིན་བཟུང་གིས་ཉེས་ཆད་འདྲ་མིན་བཏང་ཡོད་པ་རེད།

བོད་ནས་ཕེབས་མཁན་རྣམས་སེམས་ཕྱེད་ཀ་དགའ་བ་དང་སེམས་ཕྱེད་ཀ་སྐྱོ་གདུང་འོག་ཕར་ལོག་གི་འདུག་ཅེས་གསུངས་སོང་།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་ཐེངས་ ༣༤ བཀྲིན་བསྩལ་ལ་ཉེ་བའི་དུས་མཚམས་འདིར་རྒྱ་ནག་གཞུང་གིས་བོད་ནས་རྒྱ་གར་ལ་ཕེབས་མཁན་བོད་མི་རྣམས་ལ་དམ་བསྒྲགས་ཆེན་པོའི་འོག་དུས་འཁོར་དབང་ཆེན་ཞུ་མི་བཅུག་པར་དུས་བཀག་ནང་ཚུད་ཕར་པ་ལོག་དགོས་པའི་ཉེན་བརྡ་བཏང་ཡོད་པ་ལྟར། བོད་ནས་ཕེབས་མཁན་བོད་མི་ཁག་ཅིག་བཞུགས་སྒར་ནས་སེམས་ཕྱེད་ཀ་དགའ་བ་དང་ཕྱེད་ཀ་སྐྱོ་གདུང་འོག་ཐོན་དང་ཐོན་བཞིན་པ་རེད་འདུག དེ་ཡང་གསར་འགོད་པར་མིང་མངོན་གསལ་གནང་འདོད་མེད་པ་བོད་ནས་ཕེབས་མཁན་ཁག་ཅིག་གིས་གསུངས་པར་སེམས་ཕྱེད་ཀ་དགའ་དགོས་པ་ནི་འདིར་ང་ཚོ་ལ་རིན་པོ་ཆེའི་ཞལ་མཇལ་རྩ་ཆེན་དེ་འདྲ་ཞིག་ཐོབ་པ་དེ་ཡིན་པ་དང་། སེམས་ཕྱེད་ཀ་སྐྱོ་དགོས་དོན་ནི་རྒྱ་གཞུང་གི་ཉེན་བརྡའི་འོག་གནས་མཆོག་ཁྱད་པར་བ་རྡོ་རྗེ་གདན་དུ་ཡིད་བཞིན་ནོར་བུའི་༸སྐུ་མདུན་ནས་དུས་འཁོར་དབང་ཆེན་དེ་འདྲ་ཞིག་ཞུ་རྒྱུའི་གོ་སྐབས་མ་ཐོབ་པའི་རྐྱེན་གྱིས་ཡིན་པ་གསུངས་སོང་། གནས་ཚུལ་རྒྱུས་ལོན་བྱེད་པའི་ཁྲོད་དེ་རིང་སང་ཉིན་བོད་ནས་འབྱོར་དང་འབྱོར་བཞིན་པ་ཙམ་དུ་མ་ཟད། འདས་པའི་ཟླ་བ་གཅིག་ཙམ་ནས་རྒྱ་གར་ལ་ཕེབས་མཁན་རྣམས་ལ་རྒྱ་ནག་གཞུང་ནས་ཆོག་མཆན་པ་སེ་སྤྲད་ཡོད་ནའང་། མང་ཆེ་བ་ལ་ཕྱི་ཟླ་ ༡༢ ཚེས་ ༢༠ ནང་ཚུད་དེ་དུས་འཁོར་དབང་ཆེན་གྱི་སྔོན་ལ་ཕར་ལོག་ཚར་བ་དགོས་ཀྱི་འདུག གལ་ཏེ་དུས་བཀག་ནང་ཚུད་ཕར་མ་འབྱོར་ན། གྲྭ་པ་ཡིན་ན་དགོན་པ་ནས་ཕྱིར་ཕུད་དང་མང་ཚོགས་དཀྱུས་མ་ཡིན་ན་གཞུང་གི་རོགས་དངུལ་དང་ས་ཞིང་ཐོབ་ཐང་། ཕྲུ་གུའི་ཤེས་ཡོན་དང་ལས་ཞུགས་གོ་སྐབས་མེད་པ་བཟོ་རྒྱུ་མ་ཟད། ཁག་ཐེག་པ་བོད་རིགས་རྒྱ་གཞུང་གི་ལས་བྱེད་དེ་ཉིད་གནས་དབྱུང་གཏང་རྒྱུ་དང་། ལྷག་པར་དུ་བཙོན་འཇུག་སོགས་ཉེན་ཚབས་ཆེན་པོ་འཕྲད་སྲིད་པའི་ཐོ་གཞུང་ནག་པོར་མིང་འགོད་བྱ་རྒྱུའི་ཉེས་ཚད་སྐྱེལ་རྒྱུ་ཡིན་པ་སོགས་རྡིག་ར་སྐུལ་འདུག ད་དུང་ཤེས་རྟོགས་བྱུང་བར་རྒྱ་གཞུང་ནས་དེ་སྔ་ཆོག་མཆན་ཐོབ་ཟིན་པའི་བོད་མི་ཁག་ཅིག་གི་པ་སེ་ཕྱིར་བསྡུ་བྱས་དང་བྱེད་མུས་ཡིན་པ་དང་། འགའ་ཞིག་ལ་གནམ་ཐང་རང་ནས་ཆོག་མཆན་པ་སི་རས་ཡོད་པའི་གནས་ཚུལ་ཡང་བྱུང་འདུག རྒྱ་ནག་གཞུང་ནས་བོད་ནས་རྒྱ་གར་དུ་ཕེབས་མཁན་རྣམས་ལ་ཉེན་བརྡ་དང་རྡིག་ར་དེ་འདྲ་སྐུལ་བའི་ཁྲོད་མང་ཆེ་བ་ཕར་ལོག་འགྲོ་གི་ཡོད་ཀྱང་། འགའ་ཞིག་གིས་མཇུག་འབྲས་ག་འདྲ་ཞིག་ལ་གདོང་ལེན་བྱ་དགོས་བྱུང་རུང་དུས་འཁོར་དབང་ཆེན་ཞུ་ཐུབ་པ་བྱེད་ཀྱི་ཡིན་གསུང་མཁན་ཡང་འདུག བོད་ནས་ཉིན་ཤས་གོང་འབྱོར་བ་བགྲེས་སོང་ཞིག་གིས་སྐྱོ་གདུང་གི་འཚོར་ཤུགས་ཆེན་པོ་དང་བཅས་གསུངས་པར། ཁོང་ད་ལྟ་རང་ལོ་ ༦༠ སླེབས་ཡོད་པ་དང་མི་ཚེ་རྫོགས་ལ་ཉེ་བ་ཡིན། ཡང་བསྐྱར་རྒྱ་གར་ལ་ཡོང་ནས་དྲིན་ཅན་རྩ་བའི་བླ་མའི་མཇལ་ཁ་ཐོབ་རྒྱུའི་རེ་བ་བྲལ་སྟབས། ད་རེས་ལོ་རྒན་འཆི་ཁ་མའི་མི་ཚེའི་རེ་བ་མཐའ་མ་དང་བཅས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཇལ་ཁ་ཙམ་དུ་མ་ཟད། གནས་མཆོག་ཁྱད་པར་བ་རྡོ་རྗེ་གདན་དུ་ཁོང་གི་སྐུ་མདུན་ནས་དུས་འཁོར་དབང་ཆེན་ཞིག་ཞུ་ཆེད་དུ་སླེབས་པ་ཡིན་ཅེས་གསུངས་སོང་། བཞུགས་སྒར་དུ་བོད་ནས་ཕེབས་མཁན་རྣམས་ལ་སྣེ་ལེན་རོགས་པ་ཞུ་མཁན་ཚོགས་པའི་མིང་གསུང་འདོད་མཁན་གྱི་ལས་བྱེད་གཅིག་གིས་འདི་ག་རླུང་འཕྲིན་ཁང་ལ་བོད་ནས་ཕེབས་མཁན་ཚང་མ་དུས་འཁོར་དབང་ཆེན་ཞུ་མ་ཐུབ་པའི་བློ་ཕམ་ཆེན་པོ་ཡོད་ནའང། ད་ལྟར་རྒྱ་གར་ནང་འབྱོར་ཡོད་པ་ཁག་ཅིག་ལ་ཉིན་རེའི་ཟས་སོང་གཏང་རྒྱུ་མེད་པའི་དངུལ་བརྗེའི་ཛ་དྲག་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པ་གསུངས་ཀྱི་འདུག ཁོང་གི་རེ་བར་བོད་མིའི་ཚོགས་པ་སྒྲིག་འཛུགས་ཁག་དང་ལྷག་པར་དུ་བཙན་བྱོལ་ནང་གི་མི་རེ་ངོ་རེས་ཛ་དྲག་དཀའ་ངལ་དེ་སེལ་རྒྱུ་འགན་ལེན་དགོས་ཀྱི་འདུག་ཅེས་གསུངས་སོང་། ད་རེས་བོད་ནས་ཕེབས་མཁན་རྣམས་རྒྱ་གཞུང་གིས་དམ་བསྒྲགས་ཤུགས་ཆེ་འོག་དུས་འཁོར་དབང་ཆེན་ཞུ་ཐུབ་ཀྱི་མེད་སྟབས། ཁ་ཉིན་རེས་གཟའ་ལྷག་པའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་དབང་དུ་བཅར་མི་ཐུབ་མཁན་རྣམས་ཀྱི་ཆེད་དམིགས་བསལ་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀྲིན་བསྩལ་ཡོད་པ་རེད། སྐབས་དེར་༸གོང་ས་མཆོག་གིས་གཞིས་ལུས་རྒྱ་ཆེ་མང་ཚོགས་ནི་བོད་ཀྱི་དོན་གྱི་བདག་པོ་ཡིན་པ་དང་ཁྱད་པར་དུ་འདས་པའི་ལོ་ ༦༠ ཙམ་གྱི་རིང་ལ་བོད་མི་རིགས་འདི་ལྟར་འཚོ་ཐུབ་ཡག་དེ་གཙོ་ཆེ་ཁོང་རྣམ་པའི་ལྷག་བསམ་དང་སྙིང་སྟོབས་ལ་བརྟེན་ནས་བྱུང་ཡོད་སྟབས། གཞིས་ལུས་མང་ཚོགས་ནས་ད་དུང་སེམས་ཤུགས་མུ་མཐུད་བསྐྱེད་ནས་རྒྱ་མི་རིགས་དང་མཉམ་དུ་མཆམ་པོ་བྱེད་དགོས་པའི་ལམ་སྟོན་བཀྲིན་བསྩལ་ཡོད་པ་རེད།

རྒྱ་གཞུང་གིས་བོད་པའི་བཙུན་མ་རྣམས་ལ་རྒྱལ་ཞེན་གྱི་འཁྲབ་བསྟོན་བྱེད་བཅུག་པར་སྐྱོན་བརྗོད་ཤུགས་ཆེ་གནང་པ།

ཟླ་ ༡༢ ཚེས་ ༡ ཉིན་ནས་བཟུང་རྒྱ་ནག་ནང་བཅའ་བཞུགས་བོད་ཀྱི་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་དང་ཨ་རིའི་ Columbia གཙུག་ལག་སློབ་གྲྭ་ཆེན་མོའི་བོད་རིག་པའི་མཁས་དབང་སྐུ་ཞབས་ Robert Barnett ལགས་རྣམ་གཉིས་ཀྱིས་རང་ཉིད་ཀྱི་ངོ་དེབ་ཐོག རྒྱ་གཞུང་གིས་ཀོང་པོ་རྒྱ་མདའ་རྫོང་ཁུལ་དུ་བོད་པའི་བཙུན་མ་རྣམས་ལ་རྒྱ་ནག་གཞུང་འབྲེལ་གྱི་མཛད་སྒོར་ལུས་ལ་གྲྭ་ཆས་གྱོན་བཅུག་ནས་རྒྱ་ནག་དམར་ཤོག་ཚོགས་པ་དང་དེའི་འགོ་ཁྲིད་རྣམས་ལ་ཆེ་བསྟོད་ཡོད་པའི་རྒྱ་ནག་རྒྱལ་ཞན་གྱི་འཁྲབ་གཞུང་ཁག་ཅིག་འཁྲབ་ཞུས་བཅུག་པའི་བརྙན་ཐུང་སྐར་མ་གཉིས་ཅན་ཞིག་ཕྱི་འགྱར་བྱས་འདུག བརྙན་པར་དེའི་ནང་བཙུན་མ་རྣམས་ནས་འཁྲབ་བཞིན་པའི་གླུ་གཞས་ནི་དེ་སྔ་སྤྱི་ལོ་ ༡༩༥༩ ལོ་དུས་ཙམ་ནས་རྒྱ་ནག་དམར་ཤོག་ཚོགས་པའི་མི་སེར་རྣམས་ནས་དམར་ཤོག་གི་དུས་སྟོན་ཆེ་ཁག་ཐོག་ཚོགས་པ་དེའི་འགོ་ཁྲིད་ Mao Zedong སོགས་ལ་ཆེ་བསྟོད་བླངས་སྲོལ་ཡོད་པ་ཞིག་རེད་འདུག རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་དང་སྐུ་ཞབས་ Robert Barnett ལགས་གཉིས་ཀྱིས་ཕྱིར་འགྱར་ཞུས་པའི་བརྙན་ཐུང་གི་མཆན་འགྲེལ་ལ་གཞིགས་ན། བརྙན་ཐུང་དེ་ནི་ཉེ་ཆར་ཟླ་བ་སྔོན་མའི་ཕྱི་ཚེས་ ༡༠ ཉིན་རྒྱ་ནག་གཞུང་གིས་ཀོང་པོ་རྒྱ་མདའ་རྫོང་ཁུལ་གྱི་དམག་སྦྱོང་དང་ཆབ་སྲིད་སློབ་གསོའི་སློབ་མ་རྣམས་སློབ་མཐར་སོན་སྐབས་དམར་ཤོག་གི་མཛད་སྒོའི་ཐོག་བོད་པའི་བཙུན་མ་རྣམས་ལ་བཙན་དབང་གིས་འཁྲབ་སྟོན་ཞུས་བཅུག་པ་ཞིག་ཡིན་སྐོར་གསལ་འདུག ལྷག་པར་དུ་སྐུ་ཞབས་ Robert Barnett ལགས་ཀྱིས་རྒྱ་གཞུང་གིས་བཙུན་མ་རྣམས་ལ་བཙན་དབང་གིས་མང་ཚོགས་མདུན་དུ་གླུ་གཞས་འཁྲབ་སྟོན་ཞུས་བཅུག་པ་དེ་ནི་བཙུན་རྣམས་པའི་སྡོམ་པ་དོར་བཅུག་རྒྱུ་དང་། ཁོང་རྣམས་མང་ཚོགས་མདུན་དུ་ངོ་ཚ་བཟོ་བཞིན་ཡོད་སྐོར་སོགས་འགྲེལ་བརྗོད་གནང་འདུག དེའི་ཁྲོད་དབྱིན་ཡུལ་བཅའ་བཞུགས་རྩོམ་པ་པོ་ Lsabel Losada ལགས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པའི་བྱ་སྤྱོད་དེས་འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་ལ་རྒྱ་ནག་དམར་ཤོག་ཚོགས་པའི་ལས་དོན་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་ཕྱིན་མེད་པ་མངོན་བསལ་རེད་ཅེས་གསུངས་འདུག་པ་དང་། དྲ་མིང་ལ་ Sharon Hom ཞུ་བ་སོགས་གཞན་ཁག་ཅིག་གིས་ཀྱང་བྱ་སྤྱོད་དེས་ཆོས་དད་རང་དབང་དང་འགལ་བ་མ་ཟད། བཙུན་མ་དེ་དག་ལ་གནའ་གནོན་བྱས་པ་དེས་རྒྱལ་སྤྱིའི་ཁྲིམས་དང་འགལ་སྐོར་འགྲེལ་བརྗོད་གནང་འདུག བརྙན་ཐུང་དེ་སྤྱི་ཚོགས་དྲ་ལམ་ཐོག་ཏུ་ཁྱབ་སྤེལ་ཤུགས་ཆེ་བྱུང་རྗེས་བོད་མི་དང་རྒྱལ་སྤྱིའི་མང་ཚོགས་ཁྲོད་ནས་རང་ཉིད་སོ་སོའི་ངོ་དེབ་བརྒྱུད་རྒྱ་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་གནང་མུས་དང་གཞིས་བཞུགས་བཙུམ་མ་རྣམས་ལ་སེམས་ཤུགས་ནམ་ཡང་མ་ཆག་པར་བཞུགས་དགོས་གལ་ཡིན་པའི་སེམས་གསོའི་མཆན་བཀོད་མངོན་རྒྱུ་འདུག་པ་དང་། རྒྱ་གཞུང་གིས་བོད་རྩ་མེད་གཏོང་ཐབས་བྱེད་བཞིན་ཡོད་ཀྱང་བོད་མི་ཚོའི་སྙིང་སྟོབས་དང་སེམས་ཤུགས་ལ་འགྱུར་བ་ནམ་ཡང་ཐེབས་ཀྱི་མ་རེད་ཅེས་སོགས་བཀོད་ནས་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བཏོན་ཡོད་པ་རེད། གཞན་ཡང་ཨ་རི་ནས་ཡིན་པའི་བདེ་སྐྱིད་ཆོས་སྒྲོན་ལགས་ནས་སྐྱོ་སྣང་ཆེན་པོས་གསུངས་པར་ངའི་བརྙན་ཐུང་དེའི་ནང་ཡ་ང་བའི་བཙུན་མ་རྣམས་ཀྱིས་རྒྱ་གཞུང་གི་བཙན་དབང་འོག་དམར་ཤོག་གི་གླུ་གཞས་འཁྲབ་སྟོན་གནང་བཞིན་པ་མཐོང་ཚེ་རང་དབང་མེད་པར་མིག་ཆུ་ཤོར་སོང་། དེ་ནི་རྒྱ་གཞུང་གིས་བཙན་བཤད་བྱེད་པ་རང་རེད། འོན་ཏང་བཙུན་མ་རྣམས་པའི་ཆོད་སེམས་དང་སྙིང་སྟོབས་ནམ་ཡང་དོར་མི་སྲིད་ཅེས་སོགས་བཀོད་འདུག གཞི་རྩའི་ད་རེས་རྒྱ་གཞུང་གིས་བཙུན་མ་རྣམས་ལ་དམར་ཤོག་ཚོགས་པའི་རྒྱལ་ཞེན་གྱི་གླུ་གཞས་འཁྲབ་སྟོན་བྱེད་བཅུག་པ་ཡོད་པ་དང་། དེ་མཚུངས་སུ་བཙུན་མ་ཁག་ཅིག་ལ་དམག་ཆས་གཡོག་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་བ་མ་ཟད། བོད་རྒྱ་གཉིས་ཨ་མ་གཅིག་གི་ཕྲུ་གུ་ཡིན་ཅེས་ཀྲུང་ཀོ་གུང་བྲན་ཏང་གི་ལྟ་བ་དྲིལ་བསྒྲགས་བྱེད་པའི་བརྙན་ཐུང་ཞིག་ཀྱང་ཕྱིར་འགྱར་བྱུང་ཡོད་པ་རེད། བོད་མི་མང་ཚོགས་ཁྲོད་ནས་བཙུན་མ་དེ་དག་གསེར་རྟ་བླ་རུང་ཆོས་སྒར་ནས་ཕྱིར་ཕུད་བཏང་པའི་བཙུན་མ་ཁག་ཡིན་པར་ཚོད་དཔག་གནང་བཞིན་འདུག

རྒྱ་གཞུང་གིས་བོད་ཁུལ་དུ་ལྟ་རྟོག་དོ་དམ་གྱི་ལས་དོན་ལོ་དྲུག་པར་ཕར་འགྱངས།

ཕྱི་ལོ་ ༢༠༠༨ ལོའི་བོད་ས་ཁྱོན་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོའི་སྒེར་ལངས་བྱུང་བའི་རྗེས་སུ་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་དམ་བསྒྲགས་དང་དྲག་གནོན་ཤུགས་ཆེ་རུ་གཏོང་བཞིན་པའི་ཁྲོད། ཕྱི་ལོ་ ༢༠༡༡ ལོ་ནས་འགོ་འཛུགས་ཀྱིས་བོད་ཀྱི་ས་ཁུལ་ཁག་ཏུ་ཏང་ཡོན་ལས་བྱེད་པ་སྟོང་ཕྲག་མང་པོ་ཆེད་གཏོང་ཐོག་བོད་མིར་དམ་བསྒྲགས་ཀྱི་ལས་དོན་ལོ་དྲུག་པར་ཕར་འགྱངས་བྱས་འདུག དེ་ཡང་ཉེ་ལམ་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཕྱི་ཟླ་ ༡༡ ཚེས་ ༢༥ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཚོགས་འདུ་ཞིག་བསྐོང་ཚོགས་ཀྱིས་བོད་མིའི་ཉིན་རེའི་བྱེད་སྒོ་དང་བསམ་བློ་གཏོང་སྟངས་སོགས་ལ་རྟ་རྟོག་དོ་དམ་ཡོང་ཆེད་གྲོང་ཚོ་རིམ་པའི་ནང་དུ་བཅའ་སྡོད་ལས་བྱེད་ཆེད་གཏོང་བྱ་རྒྱུའི་ལས་གཞི་ཞིག་ཕྱི་ལོ་ ༢༠༡༡ ལོ་ནས་དངོས་སུ་ལག་བསྟར་བྱས་ཡོད་པ་ལྟར། ལོ་རིམ་དྲུག་པའི་ནང་མུ་མཐུད་སྤེལ་རྒྱུའི་ཐག་གཅོད་བྱེད་པ་དང་འབྲེལ་ཏེ་ཚོགས་འདུ་དེའི་ཐོག་གྲོང་ཚོ་བཅའ་སྡོད་རུ་ཁག་སྐོར་དྲུག་པའི་འདེམས་གཏོང་གསལ་བསྒྲགས་དང་སྐབས་ལྔ་པའི་ལས་དོན་གྲུབ་འབྲས་ལེགས་སོན་ཅན་ལ་བྱ་དགའ་སྤྲད་ཡོད་པ་རེད། གྲོང་ཚོ་བཅའ་སྡོད་རུ་ཁག་སྐོར་དྲུག་པ་འདིའི་ཐོག་དམར་ཤོག་ཚོགས་པའི་ལས་བྱེད་པ་ཁྱོན་ ༢༢༠༠༠ ཙམ་ཆེད་གཏོང་བྱ་རྒྱུ་ཡིན་པ་འཁོད་འདུག དེའི་ཁོངས་ནས་ཞིང་ཆེན་རིམ་པའི་ལས་བྱེད་པ་ ༢༤༠༨ དང་ཁུལ་རིམ་པའི་ལས་བྱེད་པ་ ༥༥ ནས་བཅའ་སྡོད་ལས་བྱེད་གཞན་རྣམས་ལ་སྣེ་ཁྲིད་བྱ་རྒྱུ་ཡིན་འདུག ལས་བྱེད་དེ་དག་བོད་ཁུལ་གྱི་གྲོང་ཚོ་ཁྱོན་ ༥༤༠༠ ལྷག་ཙམ་དང་དེའི་ཉེ་འདབས་ཀྱི་ས་ཁུལ་དུ་གནས་སྡོད་ཀྱིས་བོད་མི་མང་ཚོགས་རྣམས་ལ་ལྟ་རྟོག་དོ་དམ་སྔར་ལྷག་ཤུགས་ཆེ་བྱ་གཏན་འཁེལ་འདུག བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཁ་སང་གནས་ཚུལ་སྤེལ་བར་གཞིགས་ཚེ་རྒྱ་གཞུང་གིས་ལས་དོན་དེའི་འོག་བོད་ཀྱི་ཞི་རིམ་ས་ཁུལ་ནང་དུ་ཆུ་མ་ཡོང་གོང་གི་རགས་ཞེས་བོད་ནང་སླར་ཡང་ ༢༠༠༨ ལྟར་བོད་མིའི་ཁྲོད་ནས་སྒེར་ལངས་མི་ཡོང་སླད་དོགས་ཡོད་ཅན་རྣམས་ལ་ལྟ་རྟོག་དོ་ནན་བྱ་རྒྱུའི་ཆེད་དུ་ཡིན་པ་དང་། དེའང་ཐོག་མའི་འཆར་ལོ་གསུམ་རིང་གི་ལས་དོན་སྤེལ་རྒྱུ་ཡིན་པ་བརྗོད་ཡོད་ཀྱང་། རྗེས་སུ་ཕྱི་ལོ་ ༢༠༡༤ ལོར་བོད་རང་སྐྱོང་ལྗོངས་ཀྱི་ལས་བྱེད་པ་རྣམས་ནས་ལས་དོན་དེ་གཟེངས་ཐོན་བྱས་པར་བརྟེན་ལས་གཞི་དེ་རྒྱ་བསྐྱེད་གཏོང་ཕྱིར་དུས་ཚོད་ངེས་མེད་རིང་ཕར་འགྱངས་བྱ་རྒྱུའི་གསལ་བསྒྲགས་སྤེལ་བའི་ཁྲོད་ད་རེས་སྐབས་དྲུག་པ་འགོ་འཛུགས་ཡོད་པ་དང་། ལས་དོན་དེའི་བརྒྱུད་རྒྱ་གཞུང་གིས་བོད་མིའི་ཐོག་ཉིན་རེའི་བྱེད་སྒོ་གཙོས་འགྲོ་སྡོད་སྤྱོད་གསུམ་ལ་ཚོད་འཛིན་དོ་ནན་བྱེད་བཞིན་ཡོད་སྟབས་དེ་དག་གི་རང་དབང་མེད་པ་བཟོས་པ་མ་ཟད། དེར་དང་ལེན་མི་བྱེད་མཁན་རྣམས་ལ་ཐོ་གཞུང་ནག་པོའི་ནང་མིང་བཀོད་རྒྱུའི་འཇིག་སྐུལ་བྱེད་པར་བརྟེན་བོད་ཁྲོད་ནས་རྒྱ་གཞུང་ལ་མི་དགའ་བའི་རྣམ་པ་ཆེས་ཤུགས་ཆེ་རུ་གཏོང་ཡོད་པ་མངོན་གསལ་ཆགས་ཡོད་པ་གསུངས་འདུག འདི་ག་རླུང་འཕྲིན་ཁང་ལ་ལས་ཁུངས་དེའི་ཉམས་ཞིབ་པ་པདྨ་ཆོས་མགྲོན་ལགས་ཀྱི་གསུངས་པར་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཙམ་མ་ཟད། ཟི་ཁྲོན་ཞིང་ཆེན་དང་། མཚོ་སྔོན། ཀན་ལྷོ་སོགས་བོད་ཀྱི་ས་ཁུལ་གཞན་ཁག་དང་དེ་མིན་ཤིན་ཅང་དུའང་བརྟན་ལྷིང་དང་བདེ་འཇགས་ཞེས་པའི་མིང་བྱང་འོག དྲ་མིག་ཅན་སྤྱི་ཚོགས་དོ་དམ་ལམ་ལུགས་དང་དམངས་བདེ་ཉེན་རྟོག་ས་ཚིགས། དགོན་པར་བཅའ་བསྡོད་ལས་དོན་རུ་ཁག གྲོང་ཚོར་བཅའ་སྡོན་རུ་ཁག རྨང་བརྟན་མང་ཕན་ལས་འགུལ། དུས་སྤྲེལ་དོ་དམ་ཞེས་ལས་དོན་ཆེ་ཁག་མང་དག་ཅིག་སྤེལ་བཞིན་ཡོད་སྐོར་ཡང་གསུངས་སོང་།

བླ་རུང་སྒར་ནས་ཕྱིར་ཕུད་བཏང་བའི་བཙུན་མ་རྣམས་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་བཞིན་འདུག

ཡང་ཉེ་ཆར་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་བཙན་བྱོལ་ནང་གི་བོད་མི་ཞིག་གིས་བོད་ནས་འབྱོར་བའི་བརྙན་ཐུང་གཅིག་འདོན་སྤེལ་གནང་པ་དང་སྦྲགས། བོད་ནང་གི་ད་ལྟའི་ཡིད་སྐྱོ་བའི་གནས་སྟངས་ཇི་འདྲ་ཡོད་མེད་དངརྒྱ་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་རྣམས་རིམ་བཞིན་རྩ་མེད་གཏོང་བཞིན་ཡོད་པ་མངོན་གསལ་གནང་འདུག ད་དུང་བོད་མི་དེས་བརྙན་ཐུང་གཟིགས་མཁན་ཚོས་སྨོན་ལམ་གང་མང་གསོག་སྒྲུབ་དང་བརྙན་ཐུང་དེ་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་བརྒྱུད་བསྒྲགས་རྒྱ་གང་ཆེ་གནང་དགོས་པར་འབོད་སྐུལ་ཞུས་འདུག བརྙན་ཐུང་དེའི་ནང་དུ་བཙུན་མ་རྣམས་ལ་རྒྱ་གཞུང་གི་དམག་ཆས་གྱོན་བཅུག་པ་དང་ཁོང་རྣམས་ལ་བོད་སྐད་ཐོག་བོད་རྒྱ་གཉིས་ཨ་མ་གཅིག་གི་ཕྲུ་གུ་ཡིན་ཅེས་པའི་གླུ་གཞས་བཏང་བཅུག་པ་མངོན་རྒྱུ་འདུག་པ་དང་འདི་བཞིན་བཙུན་མ་ཚོར་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤྲོད་པའི་བརྒྱུད་དམག་གི་སྦྱོང་བརྡར་གནང་བཅུག་ཡོད་འདུག འདི་ག་རླུང་འཕྲིན་ཁང་གིས་བརྙན་ཐུང་དེ་ས་གནས་གང་ནས་བརྙན་ལེན་པ་དང་དུས་ཚོད་སོགས་གང་ཡིན་ཞིབ་རྟོག་བྱས་ཀྱང་ད་ལྟའི་ཆར་ཤེས་རྟོགས་གང་ཡང་བྱུང་མ་སོང་། ཡང་དེའི་བར་ན་ཁ་ཉིན་ཕྱི་ཚེས་ ༢༨ ཉིན་ཨ་རིའི་ NewYorkTimes གསར་ཁང་གི་དྲ་གནས་ཐོག་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་དུ་བཅའ་བཞུགས་གསར་ཁང་དེའི་རྩོམ་སྒྲིག་པ་ EdwardWong ལགས་ཀྱིས་ད པྱད་རྩོམ་ཞིག་འདོན་སྤེལ་གནང་འདུག་པ་དང། སྐུ་ཞབས་ EdwardWong ལགས་ཀྱིས་འདི་ལོ་ཟླ་ ༧ ཚེས་ ༢༠ ནས་བླ་རུང་སྒར་དུ་རྒྱ་གཞུང་གིས་གྲྭ་ཤག་གཏོར་བཤིག་གི་ལས་དོན་མགོ་བཙུགས་དང་འབྲེལ། ཁུལ་དེེའི་གཡས་ཡོན་དུ་ཉེན་རྟོག་པའི་དགག་སྒོ་བཟོས་སྟེ་ཕྱི་རྒྱལ་མི་སྣ་སུ་ཞིག་ནང་དུ་གཏང་གི་མེད་པ་ལྟར། ཉེ་ཆར་ཕྱི་ཟླ་ ༡༠ ཚེས་ ༨ ཉིན་ཁོང་དང་ཁོང་གི་ཕྱག་རོགས་ཞིག་ཉེན་རྟོག་མི་སྣ་མེད་པ་དང་བསྟུན་དགག་སྒོ་བརྒྱུད་ནས་བླ་རུང་སྒར་དུ་ཆེད་ཕེབས་གནང་འདུག ཁོང་གཉིས་ནས་བླ་རུང་སྒར་དུ་རྒྱ་གཞུང་གིས་གྲྭ་ཤག་གཏོར་བཤིག་གཏོང་བཞིན་པ་དང། དགོན་པའི་གྲྭ་བཙུན་རྣམས་ཀྱིས་གཏོར་བཤིགས་ཟིན་པའི་རང་ཉིད་ཀྱི་དངོས་ཆས་རྣམས་འཁྱེར་ནས་ས་གནས་གཞན་དུ་བསྐྱོད་སྒྲིག་གནང་བཞིན་པ་སོགས་ཀྱི་འདྲ་པར་དང་བརྙན་པར་ཁག་ཅིག་བླངས་པ་མ་ཟད། ཁུལ་དེར་ཡོད་པའི་མི་སྣ་ཁག་ཅིག་ལ་བཅར་འདྲི་ཞུ་རྒྱུའི་གོ་སྐབས་ཀྱང་ཐོབ་འདུག འདི་ལོའི་ཕྱི་ཟླ་ ༦ པའི་ནང་རྒྱ་ནག་གཞུང་འབྲེལ་དྲ་གནས་ཐོག་གནས་ཚུལ་སྤེལ་བར་ལྟ་ན། ས་གནས་དམར་ཤོག་ཚོགས་པའི་ལས་བྱེད་པ་ HuaKe ཟེར་བ་ཞིག་གིས་རྒྱ་གཞུང་གིས་མི་འབོར་ཧ་ཅང་ཆེན་པོ་ཡོད་པའི་བླ་རུང་སྒར་དུ་མེ་སྐྱོན་སོགས་ཀྱི་དཀའ་ངལ་མི་ཡོང་སླད་ལམ་ཁ་བཟོ་བསྐྲུན་སོགས་ཆ་རྐྱེན་ཡར་རྒྱས་གཏང་འཆར་གྱི་ལས་གཞིས་སྤེལ་བཞིན་པ་ལས། གྲྭ་ཤག་གཏོར་བཤིག་གཏོང་རྩིས་མེད་ལུགས་བརྗོད་ཡོད།  NewYork གསར་ཤོག་ཐོག་ལ་ཕྱི་ཟླ་ ༧ པའི་ཟླ་མཇུག་ནས་རྒྱ་གཞུང་གིས་གྲྭ་ཤག་གཏོར་བཤིག་དང་གྲྭ་བཙུན་ཕྱིར་ཕུད་གཏོང་མགོ་བཙུགས་དོན་ལྟར། འདི་ལོའི་ཕྱི་ཟླ་ ༡༠ པའི་བར་གྲྭ་བཙུན་ ༡༠༠༠ ཙམ་ཕྱིར་ཕུད་བཏང་ཟིན་ཡོད་པ་མ་ཟད། བླ་རུང་སྒར་ནས་ཕྱིར་ཕུད་བཏང་བའི་གྲྭ་བཙུན་རྣམས་ལ་༼བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་སློབ་གསོའི་སྒོ་ནས་རང་ཡུལ་མངགས་པའི་ཇོ་སེར་རྣམས་ཀྱི་དམ་བཅའ་ཡི་གེ་༽ ཞེས་བོད་རྒྱ་གཉིས་ཀྱི་ཐོག་ལ་འཁོད་པའི་དམ་བཅའ་བའི་ཡི་གེ་ཞིག་སྟེང་དུ་སླར་བླ་རུང་སྒར་དུ་ཕྱིར་ལོག་གནང་རྒྱུ་མིན་ཅེས་པའི་མཚན་རྟགས་བཀོད་བཅུག་ཡོད་པ་རེད། དེ་བཞིན་བླ་རུང་སྒར་དུ་གནས་བསྡོད་བྱེད་མཁན་གྲྭ་བཙུན་ཁག་ཅིག་གིས་རང་གི་གྲྭ་ཤག་གཏོར་བཤིག་གཏང་རྒྱུ་ཡིན་པའི་ཐད་ལ་སེམས་འཚབ་ཆེན་པོ་གནང་བཞིན་འདུག རྩ་བའི་ བླ་རུང་སྒར་ནས་ཕྱིར་ཕུད་བཏང་བའི་གྲྭ་བཙུན་རྣམས་ལ་༼བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་སློབ་གསོའི་སྒོ་ནས་རང་ཡུལ་མངགས་པའི་ཇོ་སེར་རྣམས་ཀྱི་དམ་བཅའ་ཡི་གེ་༽ ཞེས་བོད་རྒྱ་གཉིས་ཀྱི་ཐོག་ལ་འཁོད་པའི་དམ་བཅའ་བའི་ཡི་གེ་ཞིག་སྟེང་དུ་སླར་བླ་རུང་སྒར་དུ་ཕྱིར་ལོག་གནང་རྒྱུ་མིན་ཅེས་པའི་མཚན་རྟགས་བཀོད་བཅུག་ཡོད་པ་དང་།  དམ་བཅའ་བའི་ཡི་གེ་དེའི་ནང་འཁོད་དོན། གསེར་རྟ་རྫོང་ལྔ་རིག་ནང་བསྟན་སློབ་གླིང་གི་དྲིལ་བསྒྲགས་སྒྲིག་བཅོས་ལས་དོན་གྱི་བླང་བྱ་ལྟར། ང་རང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དང་ཁ་བྲལ་ཏེ་ཕ་ཡུལ་དུ་སླེབས་རྗེས། སྔར་ལྟར་རྒྱལ་གཅེས་ཆོས་གཅེས་དང། སྡོམ་སྲུང་། ཁྲིམས་བརྩི་བྱེད་པ་མ་ཟད། ཕྱིར་བླ་རུང་སྔ་རིག་ནང་བསྟན་སློབ་གླིང་དུ་འོང་ནས་གཏན་སྡོད་མི་བྱེད་པའི་དམ་བཅའ་བཞག་འདུག ཁོང་རྣམས་རང་སོ་སོའི་ཕ་ཡུལ་དུ་འབྱོར་སྐབས་སུའང་རྒྱ་གཞུང་ཉེན་རྟོག་པས་བཀག་ཉར་བྱེད་བཞིན་ཡོད་པ་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤྲོད་པ་དེར་དང་ལེན་མ་བྱེད་ཚེ་ལོ་ ༥ བར་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད་རྒྱུའི་ཉེན་བརྡ་བཏང་པའི་གནས་ཚུལ་ཐོན་ཡོད་པ་རེད།

རྒྱ་གཞུང་གིས་བདེ་ཆེན་རྫོང་ནས་བོད་མི་ཞི་རྒོལ་བ་ ༢༠ འཛིན་བཟུང་བྱས་པ།

ཡུན་ནན་ཞིང་ཆེན་བདེ་ཆེན་རྫོང་ས་གནས་བོད་མི་ཚོས་རྒྱ་གཞུང་གིས་རྒྱ་ལམ་ལས་གཞི་སྤེལ་བཞིན་པ་ལ་ཞི་རྒོལ་གནང་པར་བརྟེན་དྲག་ཆས་ཉེན་རྟོག་པ་ཡོང་སྟེ་བོད་མི་དེ་དག་ལ་གཅར་རྡུང་དྲག་པོ་བཏང་པ་དང་། བོད་མི་ ༢༠ འཛིན་བཟུང་གིས་བཀག་བསྐྱིལ་བྱས་འདུག དེའང་བོད་ནས་གནས་ཚུལ་འབྱོར་བར་གཞིགས་ན། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཅེས་ནོར་དུ་ངོས་འཛིན་པའི་ཤིང་ནགས་དང་རྒྱུག་ཆུ་སོགས་རང་འབྱུང་ཁོར་ཡུག་གི་མཛེས་སྡུག་ལྡན་པའི་ཡུན་ནན་བོད་རིགས་རང་སྐྱོང་ཁུལ་བྱི་བདེ་ཆེན་རྫོང་དབྱངས་འགྲོ་ཡུལ་ཚོའི་ནང་དུ་རྒྱ་གཞུང་གིས་རྒྱ་ལམ་བཟོ་སྐྲུན་གྱི་ལས་གཞི་སྤེལ་བཞིན་ཡོད་པ་དེས་ས་གནས་མང་ཚོགས་ཀྱི་འཐུང་ཆུ་ལ་འབག་བཙོག་དང་བོད་མིའི་ས་གཞིང་འཕྲོ་བརླག་གཏོང་བཞིན་ཡོད་སྟབས། ས་གནས་བོད་མི་མང་ཚོགས་ཀྱིས་ལས་གཞི་དེར་ཞི་རྒོལ་གནང་པར་ས་གནས་དང་རྫོང་། དེ་བཞིན་ཞིང་ཆེན་གྱི་རྒྱ་གཞུང་ཉེན་རྟོག་མི་སྣ་ཕོན་ཆེ་སླེབས་ནས་བོད་མི་ཞི་རྒོལ་བར་གཅར་རྡུང་དང་འཛིན་བཟུང་བྱས་ཡོད་པ་རེད་འདུག ད་ལྟའི་ཆར་བརྒྱུད་ལམ་གཞན་ཁག་ཏུ་གནས་ཚུལ་ཐོན་པར། བདེ་ཆེན་རྫོང་དུ་རྒྱ་གཞུང་གིས་གཏེར་འདོན་གྱི་ལས་གཞིར་ས་གནས་བོད་མི་རྣམས་ཀྱིས་ཞི་རྒོལ་གནང་པར་རྒྱ་གཞུང་ཉེན་རྟོག་པས་གཅར་རྡུང་དང་འཛིན་བཟུང་བྱས་སྐོར་ཐོན་འདུག་པ་དང་། ཡང་གཞན་ཁག་ཅིག་ཏུ་ཁུལ་དེའི་ཡང་མིན་གྲོང་སྡེ་ནང་དུ་འབྲི་ཆུ་བཀག་ནས་གློག་གི་ཆུ་མཛོད་མཁོ་འདོན་བྱེད་བཞིན་ཡོད་པའི་གནས་ཚུལ་ཡང་ཐོན་བཞིན་ཡོད་འདུག

བལ་ཡུལ་གཞུང་གིས་བོད་མི་གཉིས་མུ་མཐུད་འཛིན་བཟུང་གིས་བཀག་བསྐྱིལ་བྱས་འདུག

ཉེ་སྔོན་བལ་ཡུལ་ཉེན་རྟོག་པས་ཚེས་ ༡༤ ཉིན་བོད་ནས་གསར་དུ་འབྱོར་བའི་བོད་མི་སྐྱ་སེར་ཁྱོན་ ༤༡ སྐོར་ཞིག་བལ་ཡུལ་དང་རྒྱ་གར་གཉིས་ཀྱི་ས་མཚམས་ Kailali ས་ཁུལ་གྱི་ Dhangadhi དགག་སྒོ་ནས་འཛིན་བཟུང་བྱས་པའི་བོད་མི་ ༣༩ གློད་གྲོལ་བཏང་ཡོད་ཀྱང་། བོད་མི་གཉིས་མུ་མཐུད་བཀག་བསྐྱིལ་བྱས་འདུག བོད་མི་དེ་དག་བལ་ཡུལ་གྱི་རྒྱལ་ས་ Kathmandu ནང་དུ་འབྱོར་སྐབས་བལ་ཡུལ་ཕྱི་མི་ཞིབ་བཤེར་ལས་ཁུངས་ཀྱིས་རྟོག་ཞིབ་གནང་པའི་བརྒྱུད་བོད་མི་དེ་དག་དང་བལ་པའི་ཉེན་རྟོག་པའི་དབར་སྐད་ཀྱི་གོ་བརྡ་མ་འཕྲོད་པར་བརྟེན་འཛིན་བཟུང་བྱས་པ་ཞིག་ཆགས་ཡོད་པ་དང་། བོད་མི་ ༤༡ ཡོད་པ་ལས་བོད་མི་ ༣༩ རྣམས་བོད་ཆོལ་གསུམ་མདོ་སྟོད་སྨད་ནས་ཡིན་ཞིང་ཁོང་རྣམས་ལ་རྒྱ་གཞུང་གི་ཕྱིར་བསྐྱོད་ལག་འཁྱེར་ཡོད་པ་མ་ཟད། བལ་ཡུལ་གཞུང་གི་ཕྱི་མི་ཞིབ་བཤེར་ལས་ཁུངས་སུ་ཐོ་འགོད་ཀྱང་གནང་ཟིན་ཡོད་སྟབས། ཁ་སང་ཚེས་ ༡༦ ཉིན་ཕྱི་དྲོ་ཚོུད་ ༥།༠༠ ཡས་མས་ཤིག་ལ་གློད་གྲོལ་བཏང་ཡོད་པ་རེད་འདུག འདི་ག་རླུང་འཕྲིན་ཁང་གིས་བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་འབྲེལ་མཐུད་པ་བཟང་པོ་ལགས་སུ་རྒྱ་གར་ལྷོ་ཕྱོགས་ནས་ཡིན་པའི་བོད་མི་གཉིས་པོའི་གནས་སྟངས་ཇི་ཡིན་ཐད་བཅར་འདྲི་ཞུས་པས་ཁོང་གིས་བོད་མི་གཉིས་ལས་གཅིག་གིས་རྒྱ་གར་གྱི་ Adhaar Card དང་། Pan Card བཅས་ངོ་སྤྲོད་ལག་འཁྱེར་གཉིས་བསྟན་ཡོད་སྟབས། ད་ལྟའི་ཆར་བལ་ཡུལ་ནང་གི་རྒྱ་གར་གཞུང་ཚབ་བརྒྱུད་ཁོང་གཉིས་ཀྱི་ཡིག་ཆ་དེ་དག་ངོ་མ་ཡིན་མིན་ཐོག་ཞིབ་བཤེར་གནང་མུས་ཡིན་སྐོར་གསུངས་པ་དང་སྦྲགས། ཁོང་གཉིས་ཉིན་གཅིག་གཉིས་རིང་མུ་མཐུད་བཀག་བསྐྱིལ་གནང་སྲིད་ཀྱང་དམིགས་བསལ་ཉེན་ཚབས་ཆེ་བ་གང་ཡང་མེད་སྐོར་སོགས་གསུངས་སོང་། ལྷག་དོན་ཁོང་གིས་བལ་ཡུལ་གཞུང་གིས་བོད་མི་རྣམས་སྐྱབས་བཅོལ་བར་ངོས་འཛིན་གྱིས་རྒྱ་གར་གྱི་མི་སེར་གཞན་ལྟར་ངོ་སྤྲོད་ལག་འཁྱེར་མི་འགྲིག་ཚུལ་བརྗོད་ནས་རྙོག་གླེང་བྱུང་ཚེ། འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ངོས་ནས་བལ་ཡུལ་གྱི་ཁྲིམས་ཁང་དུ་གནད་དོན་དེའི་སྐོར་ཞུ་གཏུག་གནང་འཆར་ཡོད་པ་ཅེས་སོགས་གསུངས་སོང་།

Latest news